བྱང་གཏེར་སྔོན་འགྲོའི་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-008
Wylie title byang gter sngon 'gro'i zin bris JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 8, Pages 147-151 (Folios 74a1 to 76a1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rig 'dzin rgod kyi ldem 'phru can)
Citation 'jam dbyangs mkhyen brtse'i dbang po. byang gter sngon 'gro'i zin bris. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 147-151. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris  ·  Preliminary Practices - sngon 'gro
Cycle བྱང་གཏེར་ (byang gter)

1 Texts in this Section (sde tshan or chos tshan)

[edit]
བྱང་གཏེར་སྔོན་འགྲོ་གཟེར་ལྔ་སྦྱངས་སྐབས། རྒྱལ་ཆེན་ཐོ་འཛུག་སོགས་བསྙེན་སྒྲུབ་ལྟ་བུའི་སྤྲོས་པ་མ་དགོས་རུང་། མིའི་རྒྱུ་འགྲུལ་བཅད་པ་སོགས་དབེན་པའི་སླད་སྒོ་རྩར་མཚམས་ཐོ་དཀྱུས་འགྲེ་བཙུག །ཐུན་བཞིའི་རིམ་པས་དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྦྲགས་མ་འབུམ་ཐེར་སྐབས། ཐུན་གྱི་སྔོན་འགྲོ་ལུས་ངག་ཡིད་གསུམ་རྣལ་དུ་དབབ། སྐྱབས་སེམས་མདོར་བསྡུས། བདག་དང་ཁམས་གསུམ་སོགས་ལན་གསུམ། བླ་མ་ལ་གསོལ་བ་གདབ་ཅིང་རང་ལ་བསྟིམ། སྐྱབས་ཡུལ་དང་། སྐྱབས་སུ་འགྲོ་མཁན། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་རྣམས་གསལ་ལེགས་པར་གདབ་ལ། སྐྱབས་སེམས་མདོར་བསྟན། ཀྱེ་མ་ཁམས་གསུམ་སོགས་ལན་གསུམ། རྒྱས་པ། ཡོན་ཏན་ཀུན་འབྱུང་བརྒྱ་ཚར་ཙམ། དེ་ནས་མདོར་བསྟན་ཁམས་གསུམ་འཁོར་བར་སོགས་སུམ་བརྒྱ་ཙམ་གྱི་མཐར། འབུམ་ཐེར་གསོག་རྒྱུ་དེའམ། དེ་ལས་ཀྱང་བསྡུ་ན། བདག་དང་ཁམས་གསུམ་ཐུན་རེར་ཅི་ལྕོག་གིས་གྲངས་བཟུང་། ཐུན་བསྡུ་བ་ན་སྐྱབས་ཡུལ་མ་བསྡུས་པར་མཎྜལ་གྱི་རྟེན་དུ་བྱས་ནས། ཐོག་མར་མཎྜལ་རྒྱས་པ་སོ་བདུན་མ་ཡོངས་གྲགས་ཚར་གཅིག་ཕྱི་ནང་གསང་བའི་མཎྜལ་ཚར་གསུམ། ས་གཞི་སྤོས་བྱུགས་ཉེར་གཅིག་ཙམ་གྱི་མཐར། ཚོགས་ཞིང་བསྡུ་ཚུལ་སྐྱབས་སེམས་ལྟར།། །། ༈

རྡོར་སེམས་བསྒོམ་བཟླས་དམིགས་པ་ངག་འདོན་དཀྱུས་གསལ་ལྟར་ཡིག་བརྒྱ་ཉེར་གཅིག་ཙམ། ཡིག་བདུན་ཕྲེང་སྐོར་ཙམ་གང་ལྕོག་མཐར་མགོན་པོ་བདག་ནི་སོགས་བཤགས་སྡོམ་དང་བཅས་རྡོར་སེམས་རང་ལ་བསྟིམ། མི་རྟག་རྒྱུད་བསྐུལ་གསལ་ལེགས་པར་བཏབ་ལ་ཚར་གཅིག་གསུམ་སོགས་བློ་འཐུལ་ངེས་སུ་བརྗོད། བླ་མའི་རྣལ་འབྱོར་བརྒྱུད་འདེབས་ཁྲིད་བརྒྱུད་ཁ་སྐོང་བཅས་གཞུང་གསལ་མཐར། ཚིགས་བདུན་གསོལ་འདེབས་བརྒྱ་རྩའམ་ཉེར་གཅིག་ཙམ་གསོག །སྤྲོ་ན་ལེའུ་བདུན་མ་སོགས་གསོལ་འདེབས་གང་རུང་ཀྱང་བྱ། མཐར་བླ་མ་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་པ་དར་གཅིག་མཉམ་བཞག་རྗེས་རང་གི་གཞི་ལུས་སྟོང་པར་སྦྱངས། དེའི་ངང་ལས་ཧཱུྃ་ཧཱུྃ་ཞེས་སོགས་དཔའ་བོ་གཅིག་པའི་བདག་བསྐྱེད་བླངས་ལ་ཧཱུྃ་སུམ་བརྒྱ་ཉེར་གཅིག་གི་བཟླས་པའི་མཐར་བསྔོ་སྨོན་བཀྲ་ཤིས་བཅས་སྤྱོད་ལམ་ལ་འཇུག་གོ །རྒྱུན་དུ་ཆགས་མེད་སྐབས་སུའང་སྐྱབས་སེམས་ཉེར་གཅིག་ཙམ་གྱིས་ཆོག་པ་ལས་ངག་འདོན་འདི་སོར་བཞག་བྱ། དེ་ལྟར་ཐུན་བཞིའི་རིམ་པས་དང་པོ་སྐྱབས་སེམས་བསྡུས་པ་འབུམ་ཐེར་དང་ཁྲི་ཕྲག་ལྷག་བཅས་འགྲོ་ངེས་བྱ་བ་འབུ མ་ཐེར་དང་པོའོ།། །། ༈ མཎྜལ་སྐབས་སྐྱབས་སེམས་ཉེར་གཅིག་ཙམ་དང་། དངོས་གཞི་མཎྜལ་སོ་བདུན་མ་ཉེར་གཅིག་གམ་བདུན་སོགས། ཕྱི་ནང་གསང་བའི་མཎྜལ་བརྒྱ་རྩ་ལས་མི་ཉུང་བ། ས་གཞི་སྤོས་བྱུགས་ལ་གྲངས་བཟུང་ནས་ཐུན་རེར་གང་ཚར། རྡོར་སེམས་མཎྜལ་གང་ལྟར་ཤར་བསྒོམ། དེ་ལྟ་བུས་མཎྜལ་བསྡུས་པ་འབུམ་ཐེར་ཁ་སྐོང་བཅས་འགྲོ་ངེས་བྱ་བ་འབུམ་གཉིས་པ།། །། ༈ རྡོར་སེམས་སྐབས་ཀྱང་སྐྱབས་སེམས་མཎྜལ་མདོར་བསྡུས། རྡོར་སེམས་ཡིག་བརྒྱ་ཐུན་གྱི་དངོས་གཞི་དང་། ཐུན་མཐར་ཡིག་བདུན་གང་ལྕོགས་ཙམ། མཐར་བཤགས་སྡོམ་དང་བཅས་རང་ལ་བསྟིམ། དམིགས་པ་གཙོ་བོར་ངག་འདོན་དཀྱུས་གསལ་དང་། ཐུན་མཐར་དུག་ལྔ་གནས་སྦྱོང་གི་དམིགས་པའང་ནན་ཏན་དུ་བྱ། བླ་མའི་རྣལ་འབྱོར་མན་གོང་གསལ་ལྟར། མཚམས་ཀྱི་སྐབས་བཤགས་སྡོམ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་སོགས་དྲི་མེད་བཤགས་རྒྱུད་སྨྲེ་བཤགས་གྲུབ་ན་ལེགས། དེ་ལྟ་བུས་ཡིག་བརྒྱ་འབུམ་ཐེར་ཁ་སྐོང་བཅས་འགྲོ་ངེས་བྱ་བ་འབུམ་གསུམ།། །། ༈ ཕྱག་འབུམ་ཐེར་རྡོར་སེམས་ཀྱི་ཐུན་མཚམས་སུ་ན་རག་སྐོང་བཤགས་ཀྱི་ཕྱག་འཚལ་དང་། ཡིག་བརྒྱ། ལྟུང་བཤགས་བཅས་ངག་ཏུ་འདོན་ཅིང་གང་ལྕོག་བྱ་བའམ། ཡང་ན་ལོགས་སུ་མཚམས་བཅད་ནས་འབུམ་ཐེར་བྱུང་ནའང་ཆོག་པ་བཅས་འབུམ་བཞི།། །། ༈ བླ་མའི་རྣལ་འབྱོར་ལ་བརྒྱུད་འདེབས་ཚར་གསུམ་རེ་ཙམ། ལེའུ་བདུན་མ་ཚང་བའམ་འདོན་རེས། ཚིག་བདུན་གསོལ་འདེབས་འབུམ་ཐེར་ཁ་སྐོང་དང་བཅས་འགྲོ་ངེས་སུ་བྱས་ན་འབུམ་ལྔ་ཞེས་གྲགས་པའི་གྲངས་ཚང་བར་འགྱུར་རོ།། །། ༈ དེ་ནས་བདག་བསྐྱེད་དཔའ་བོ་གཅིག་པ་དང་འབྲེལ་བའི་ཧཱུྃ་བསྙེན་ལས་བཞི་བདུན་ཕྲག་བཞིས་བསྙེན་ཚད་གཅིག་རྫོགས་པ་སོགས་རིག་འཛིན་པད་ཕྲིན་བསྙེན་ཡིག་ལྟར་ཉམས་སུ་བླངས། འདི་སྐབས་རྒྱལ་ཆེན་ཐོ་འཛུགས་དང་། ནུབ་རེ་རེ་ཙམ་ལ་ལས་བྱང་འབྲིང་པོ་བཀའ་སྲུང་མཆོད་པ། ཚོགས་མཆོད་བཅས་བྱ་དགོས་པ་གཞིར་བཅས།། །། ༈

དེ་རྗེས་ཐུགས་རྗེ་ཆེན་པོ་མ་ཡིན་པའི་སྔོན་འགྲོའམ་སེམས་འཛིན་སྐུ་གསུང་ཐུགས་བཅས་ལ་སྦྱངས་པ་གང་ལྕོག་གི་ངོས་དངོས་གཞིའི་ཞི་གནས་སེམས་འཛིན། ལྷག་མཐོང་སེམས་འཚོལ། མཐར་ཞི་ལྷག་ཟུང་འཇུག་རང་ངོར་འཇོག་པ་སོགས་རིག་ཐོག་ཏུ་བརྡར་ཤ་བཅད་ནས་རིག་པ་ངོ་འཕྲོད་ཕན་ཆད་མཚམས་བྱས་མིན་ལ་མ་ལྟོས་པར་དྲན་ཤེས་ཀྱི་གསལ་འདེབས་བཅས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡིས། ཞེས་སོགས་གསུངས་པ་ལྟར་འགྱུ་བ་རང་ཐོག་ཏུ་བཞག །རིག་པའི་རང་ངོ་དང་བསྐྱང་བ་ཁོ་ན་ཉམས་ལེན་གྱི་སྙིང་པོ་དང་། མདོར་ན་མི་རྟག་ངེས་འབྱུང་། བྱང་ཆུབ་ཀྱི་སེམས། བླ་མའི་མོས་གུས། རིག་པ་མ་བཅོས་པར་མཉམ་པར་འཇོག་པ་བཞི་ལ་ཧྲིལ་གྱིས་དྲིལ་ནས། ལྷ་སྔགས་ཆོས་སྐུར་རྩལ་སྦྱོང་བ་ནི་ལམ་གྱི་སྙིང་པོ་ཁོ་ན་ཡིན་ནོ།། །། ༈

Footnotes

Other Information