དགའ་ལྡན་ལྷ་བརྒྱའི་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-009
Wylie title dga' ldan lha brgya'i zin bris JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 9, Pages 151-155 (Folios 76a1 to 78a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. dga' ldan lha brgya'i zin bris. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 151-155. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris
Cycle དགའ་ལྡན་ལྷ་བརྒྱ་ (dga' ldan lha brgya)

1 Texts in this Section (sde tshan or chos tshan)

[edit]
དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་འཁྲིད་ལ། །ཁྲིད་ཡིག་དངོས་གཞི་འཇམ་དབྱངས་བདེ་བའི་རྡོ་རྗེས་མཛད་པ་དེ་སོར་བཞག་ནས། ཞལ་ཤེས་ཀྱི་སྐོར་ཟུར་དུ་འབྲི་བ་ལ། སྐྱབས་འགྲོའི་སྐབས་བདུད་རྩི་འབེབས་སྦྱང་ལམ་ཁྲིད་ལྟར། མཐར་གནང་བ་བྱིན་ནས་སྨིན་མཚམས་ནས་རང་ལ་ཐིམ་པར་བསམ། མཆོད་པ་བྱིན་རླབས་བླ་མཆོད་ལྟར་རམ། བདེན་སྟོབས་ཀྱི་སྒོ་ནས་བྱ། བྱམས་མགོན་གྱི་ཞིང་དང་སྐུ་དང་ཤེར་མདོའི་ཆོས་དངོས་སུ་གསུངས་སྙམ་པ་དང་བཅས་གསལ་བཏབ། སྤྱན་འདྲེན་པའི་ཚེ་རྗེ་ཡབ་སྲས་གསུམ་གྱིས་མངོན་སུམ་དུ་གསན། ཕན་ཚུན་རང་ཉིད་སྨིན་གྲོལ་ལ་འགོད་པའི་གསུང་གླེང་དང་བཅས་ཏེ་བྱོན་པར་བསམ། དེ་དག་སྐྱབས་གནས་ཀུན་འདུས་ནོར་བུ་ལུགས་སུ་བྱེད་པ་དང་། འོད་ཟེར་གྱི་སྣེ་ལས་བརྒྱུད་པ་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ་གང་ཡང་རུང་། གང་ལྟར་ཡང་རྗེ་བླ་མ་སྲིད་ཞི་ཀུན་ཁྱབ། བརྟན་གཡོ་ཀུན་གྱི་རང་བཞིན་ཡེ་ཤེས་ཀྱི་སྐུ་ཅན་དུ་གསལ་བ་ནི་ཤིན་ཏུ་གལ་ཆེ། ཕྱི་མཆོད་སོགས་གང་གི་ཚེའང་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས་ཤིང་སྟོང་ཉིད་ལ་ཞུགས་པར་བསམ་པ་ནི་སྔགས་དང་། མདོ་ཆོག་ཏུ་ཐུགས་རྒྱུད་མཉེས་པ་ཙམ་བསམ་གསུངས། བཤགས་པའི་སྐབས་འོད་ཟེར་འཕྲོ་བས་ལུས་ལ་ཐིམ་པ་དང་། ཆོས་འཁོར་བསྐོར་བའི་ཚེ་ཞལ་གྱིས་བཞེས་པ་དང་། བསྔོ་བའི་ཚེ་དེ་དག་གི་རྒྱུར་བསྔོས་ཤིང་བྱིན་གྱིས་བརླབ་པར་བསམ། རྒྱས་པར་ན་དཔལ་ལྡན་ས་གསུམ་མ་བཏོན་ནས། མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། ཞེས་པའི་མཚམས་དམིགས་བརྩེ་མ་བཟླ། དེ་ཡང་དོན་དྲན་བཞིན་པས་འདོན་དགོས། དོན་དྲན་ཚུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་གསུམ་མགོན་པོར་འདུས་ཤིང་དེའི་ཡོན་ཏན་ཀྱང་མཁྱེན་བརྩེ་ནུས་གསུམ་ལ་འདུས། དེ་ཐམས་ཅད་རྗེ་བླ་མ་ལ་ཚང་ཞིང་། རྗེ་ཉིད་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་ཚུལ་བཀའ་གདམས་གླེགས་བམ་གྱི་ལུང་དང་། ཡུམ་གྱི་མནལ་ལྟས་སུ་ལྕང་ལོ་ཅན་ནས་རྡོ་རྗེ་འཕང་པ་དང་། བལྟམས་པའི་དུས་སུ་བཙུན་པ་མང་པོས་སྤྱན་རས་གཟིགས་ལ་བསུ་བ་བྱེད་ཟེར་བ་སོགས་མ་མཐའ་འང་འདི་ཙམ་དྲན་དགོས། དེ་ཡང་བཞི་སྐོར་བྱེད་པའི་ལུགས་ཏེ། ལྔ་སྐོར་ལ། བསྟན་པའི་བདག་པོ་ཐུབ་དབང་བཅོམ་ལྡན་འདས། ཞེས་དང་། དྲུག་སྐོར་ལ། རིགས་བརྒྱའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། ཞེས་དེ་འོག་ཏུ་བསྣན་པ་ལྟར་དང་། ཡང་ན། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། ཞེས་དང་། དགུ་སྐོར་བྱེད་ན། རྗེ་རིན་པོ་ཆེའི་དཔྲལ་བར་སྤྱན་རས་གཟིགས་ཕྱི་སྒྲུབ་ཕྱག་བཞི་པ། དེའི་ཐུགས་ཀར་ནང་སྒྲུབ་རྡོ་རྗེ་ཆོས་འོག །དེའི་ཐུགས་ཀར་བླ་མེད་ནས་བཤད་པའི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། མགྲིན་པར་འཇམ་དབྱངས་ཕྱི་ནང་གསང་གསུམ་འཇམ་དབྱངས་ཆོས་སྐོར་ལྟར་དང་། ཐུགས་ཀར་ཕྱག་རྡོར་གོས་སྔོན་ཅན། གཏུམ་པོ། འཁོར་ཆེན་རྣམས་གསལ་བཏབ་པ་ན་སྐུ་ནོར་བུ་མཛོད་འཛིན། གསུང་ཉི་མ་སྣང་བྱེད། ཐུགས་གསང་བ་མཛོད་འཛིན། ཡང་ན་རྗེའི་ཐུགས་ཀར་འཇམ་དབྱངས། རྒྱལ་ཚབ་རྗེའི་ཐུགས་ཀར་སྤྱན་རས་གཟིགས། མཁས་གྲུབ་རྗེའི་ཐུགས་ཀར་ཕྱག་རྡོར་བསྒོམས་ཀྱང་རུང་། འཆད་རྩོད་རྩོམ་གསུམ་གྱི་ཞལ་ཤེས་ལ། བདུད་རྩི་འབེབས་སྦྱང་འདྲ། རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་ལུས་གང་བར་བསམ་པ་དང་། འཆད་པ་དངོས་ཀྱི་ཚེ། རང་གི་སྤྱི་བོར་རྗེ་བླ་མ་བསྒོམས་ལ། བདུད་རྩི་འབེབས་སྦྱང་དང་། ཁྱད་པར་རང་གི་ལྕེ་སྟེང་སྣ་ཚོགས་རྡོ་རྗེ་རེ་རེ་བསྒོམ། སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩིས་སློབ་མའི་ལུས་ཀྱང་སྣ་ཚོགས་རྡོ་རྗེ་གང་བར་བསྒོམས་པས་ཕན་ཐོགས་ཆེ་གསུང་། རྩོད་ཚེ་རང་གི་ལྕེ་སྟེང་དུ་གཞུང་གི་འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བས་ཕྱིར་རྒོལ་གྱི་ལྕེ་དུམ་བུར་བཅད་པར་བསམ། འོན་ཀྱང་ཕྲན་ཚེགས་ལ་གཞུང་གི་དེ་གས་འཐུས། རྩོམ་པ་ལ་གླེགས་བམ་རྣམས་གང་བརྩམ་རྒྱུའི་བརྗོད་བྱ་ཅན་གྱི་ཚིག་དོན་ཕུན་ཚོགས་པར་གསལ་འདེབས། བདུད་རྩི་འབེབས་སྦྱང་སྤྱི་གཙུག་ནས་ཡར་གཞལ་བའི་སོར་བཞི་ཙམ་གྱི་མཚམས་ནས་སྦུ་གུ་གསུམ་འདྲེས་པར་བྱེད་ཅིང་། མཐར་སྦུ་གུ་ཡང་རང་ལ་ཐིམ་པ་ཡིན། མཇུག་ཏུ་དཔལ་ལྡན་རྩ་བའི་བླ་མ་ཚར་གསུམ་བརྗོད་པ། གཅིག་བརྗོད་པའི་ཕྱི་མ་གཞུང་ལྟར། དང་པོ་བདག་གི་སྤྱི་བོར་ཞེས་པའི་སྐབས་ཡབ་སྲས་གཅིག་ཏུ་གྱུར། གཉིས་པའི་སྐབས་རང་གི་སྤྱི་བོར་བྱོན། གསུམ་པའི། བདག་གི་སྙིང་གར་ཞེས་བརྗོད་པ་ན་སྙིང་ག་ཡན་གྱི་དབུ་མ་གསལ་འདེབས། སྙིང་གའི་རྩེ་མོར་རྡོ་རྗེའི་དབུས་ཧྲཱིཿཧཱུྃ་གང་རུང་གསལ་བཏབ་སྟེ། བདུད་རྩི་འབེབས་སྦྱང་ཞི་ཁྲོ་སྦྲགས་སྒྲུབ་ལྟར་དང་། སྙིང་གི་སྟེང་དུ་ཨ་ར་པ་ཙ་གཡས་སྐོར་དང་། དམིགས་བརྩེ་མས་གཡོན་དུ་དཀྲི་བ་དང་། དབུ་མའི་ཕྱི་ལ་ཡང་སྔགས་དང་དམིགས་བརྩེ་མས་དཀྲི། དེང་ནས་བརྩམས་ཏེ་སོགས་སྨོན་ལམ་གྱིས་མཐའ་བརྒྱན་ཅིང་། ཐུན་མཚམས་ཀྱི་སྐབས་སུ་ཟས་གོས་སོགས་སྙིང་གའི་བླ་མ་དང་རང་སེམས་དབྱེར་མེད་ལ་ཕུལ་བ་སོགས་བློ་དང་འཚམས་པར་སྤྱད། འདི་ལ་ཐུན་བཞི་སོགས་ཆིག་དྲིལ་དུ་བྱེད་ན། དང་པོ་གསུམ་གྱི་ཚེ་རང་འདྲ་གཉིས་པ་རེ་ཆད་ནས་ཐིམ་པའི་དམིགས་པ་བྱེད། དེའི་ཚེ་སྙིང་གི་པདྨ་བུམ་སྐུའི་ཁ་ལྷོད་ཀྱིས་གྲོལ་ནས་སྔར་ཡོད་ལ་ཐིམ། སླར་ཁ་བསྡུ། རྗེས་མ་རྣམས་ལ་ཡན་ལག་བདུན་པ་སོགས་ཐུན་དང་པོ་ལྟར་དགོས། གསར་དུ་སྤྱན་དྲངས་པ་རྣམས་སྔར་ཡོད་ལ་བསྟིམ། ལས་ཚོགས་བཅུ་གཅིག་སོགས་སྒྲུབ་པ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་ལྔའམ་གསུམ་དང་མ་མཐའ་ཡང་འབུམ་ཕྲག་གཅིག་དགོས་ཀྱང་། ཤེས་རབ་དང་ཚེ་སྒྲུབ་པ་སོགས་གྱི་དམིགས་པ་དང་པོ་ནས་བྱས་ན་ཆོག །སྤྱིར་ཤེས་རབ་ལ། ཕྱག་གི་གླེགས་བམ་དབུ་ཕར་སོགས་གང་འདོད་ཡི་གེའི་རང་སྒྲ་སྒྲོགས་པ་འོད་ཟེར་གྱི་རང་བཞིན་དུ་གསལ་བཏབ། ཚེ་སྒྲུབ་ལ་གཡས་ཆོས་འཆད། གཡོན་མཉམ་བཞག་ཚེ་བུམ། དེ་ལས་བདུད་རྩི་བབས། སྤྱི་བོ་ནས་ཞུགས། ཚེའི་བར་ཆད་དང་། །འཆི་མེད་ཐོབ་པར་བསམ། བུམ་ནང་དུ་ཟླ་བ་ལ་སྔགས་ཕྲེང་བཀོད་དེ་ཚེ་གཟུངས་དང་དམིགས་བརྩེ་མ་སྤེལ་ནས་བཟླ། ནོར་སྒྲུབ་ལ་གཡས་མཆོག་སྦྱིན། གཡོན་མཉམ་བཞག་རིན་ཆེན། དེ་ལས་འདོད་དགུའི་ཆར་འབེབས་པ། མངོན་སྤྱོད་ལ་སྐུ་ལས་མེ་དཔུང་སྤྲོས་པས་བསྲེགས་པ་དང་། ཁྲོ་བོ་སྤྲོ་བ་སོགས་བྱ། སྐུ་ལུས་སྤྲོས་པའི་རྡོ་རྗེའི་མེ་རེ་ཁཱ་ཕྲ་མོ་སྤྲོས་ཏེ་ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲུང་། མདོར་ན། ཞི་བ་དཀར་པོ་པད་དཀར་འཛིན། སོགས་རྒྱས་སེར་རལ་གྲི་གླེགས་བམ་དང་། སོགས། དབང་དམར་ཚེ་བུམ་དམར་པོ་དང་། སོགས་འཇམ་དབྱངས་ཆོས་སྐོར་ལས་འབྱུང་བའི་མན་ངག་རྣམས་ཀྱང་འདིར་བྱའོ། །ཤུབྷཾ།། །། ༈

Footnotes

Other Information