བླ་མ་བདེ་མཆོག་འཁོར་ལོའི་བདག་འཇུག་ཡེ་ཤེས་སྣང་བ་མྱུར་འདྲེན།

From Khyentse Lineage - A Tsadra Foundation Project
JKW-KABAB-08-NYA-029
Wylie title bla ma bde mchog 'khor lo'i bdag 'jug ye shes snang ba myur 'dren JKW-KABAB-08-NYA-029.pdf
Location mkhyen brtse'i bka' babs
Volume 8, Text 29, Pages 591-598 (Folios 1a1 to 4b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön རྒྱ་སྟོན་པདྨ་དབང་ཕྱུག་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (rgya ston pad+ma dbang phyug, 'jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. bla ma bde mchog 'khor lo'i bdag 'jug ye shes snang ba myur 'dren. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 8: 591-598. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Self-Initiation - bdag 'jug
Cycle བླ་མ་བདེ་མཆོག་འཁོར་ལོ་ (bla ma bde mchog 'khor lo)
Karchag page JKW-KABAB-Volume-08-NYA-Karchag
Colophon

།ཞེས་པའང་ཚུལ་འདིའི་སྒྲུབ་ཆེན་རྒྱུན་འཛུགས་ལ་ཉེར་མཁོར་གྱུར་པས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་པདྨ་དབང་ཆེན་དགྱེས་པས་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་དུ་བྲིས་པ་འགྲོ་ཀུན་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་ངལ་འཚོ་ཐོབ་པའི་ཉེ་རྒྱུར་གྱུར་ཅིག།

zhes pa'ang tshul 'di'i sgrub chen rgyun 'dzugs la nyer mkhor gyur pas rig 'dzin gong ma'i phyag bzhes ltar pad+ma dbang chen dgyes pas spa gro skyer chu'i mtha' 'dul gyi gtsug lag khang du bris pa 'gro kun rdo rje bzhi yi dkyil 'khor du ngal 'tsho thob pa'i nye rgyur gyur cig

[edit]
བླ་མ་བདེ་མཆོག་འཁོར་ལོའི་བདག་འཇུག་ཡེ་ཤེས་སྣང་བ་མྱུར་འདྲེན་ཞེས་བྱ་བ་བཞུགས་སོ།། ངེས་པའི་གསང་བ་རྒྱལ་ཀུན་མཉམ་ཉིད་ཀྱང༌། །ཐུགས་རྗེའི་ཤིང་རྟའི་མཐུ་ལས་མཆོག་དངོས་དབྱིག །རྩོལ་མེད་སྟེར་མཛད་དཔལ་མགོན་བླ་མ་ཉིད། །བདེ་མཆོག་འཁོར་ལོས་ཤར་བས་བདག་སྐྱོངས་ཤིག །དབང་གིས་སློབ་མ་སྨིན་པར་བྱེད་པ་དང༌། སྒྲུབ་མཆོད་དང་སྒྲུབ་ཆེན་སྐབས་སུ་ཉེར་མཁོར་གྱུར་པའི་བདག་འཇུག་བྱ་བར་འདོད་པས། དཀྱིལ་འཁོར་དང་དབང་རྫས་གཞུང་མཐུན་ལྟར་ཚོགས་པར་བྱས་ལ། བདག་མདུན་གཞུང་བསྲངས་ལ་བཟླས་པ་དང༌། བུམ་བཟླས་ཀྱང་བྱས་མཐར་ལྷ་འོད་ཞུ་བྱ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། རྩ་སྔགས་དང་སུམྦྷ་ནིས་བགེགས་བསྐྲད། བཛྲ་ཀྲོ་དྷ་རཀྵས་སྲུང་འཁོར་བསྒོམས། མཎྜལ་འབུལ། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡས་མིག་དར་འཆིང༌། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་གཏད། དགའ་ཆེན་སྟོན་པ་ཧེ་རུ་ཀ །ཁྱབ་བདག་པདྨ་བཛྲ་རྩལ། །བདག་ལ་བརྩེ་བས་ཉེར་དགོངས་ནས། །སྨིན་གྲོལ་བྱིན་གྱི་བརླབ་ཏུ་གསོལ་ཀྱིས་གསོལ་བ་གདབ། བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ དམ་ཆུ་འཐུང༌། ན་མོ༔ བླ་མ་འཁོར་ལོ་བདེ་བའི་མཆོག༔ སོགས་སྐྱབས་འགྲོ། སེམས་བསྐྱེད་མཁའ་ཁྱབ་སོགས་སེམས་བསྐྱེད། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་བྱ། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ཅེས་སྡོམ་པ་བཟུང༌། ཡེ་ཤེས་པ་དབབ་པའི་ཕྱིར། སློབ་དཔོན་ཐུགས་ནས་བདེ་ཆེན་གྱི༔ འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས༔ སློབ་མའི་ལུས་ལ་རེག་པའི་མོད༔ རྣམ་སྨིན་ཕུང་པོ་སྟོང་པར་བསྲེགས༔ དྭངས་མ་རྡུལ་བྲལ་ཧཱུྃ་དམར་པོ༔ ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ༔ སྐད་ཅིག་ཁྲག་འཐུང་ཡབ་དང་ཡུམ༔ ལུས་དཀྱིལ་ལྷ་དང་བཅས་པ་གསལ༔ ཁ་ནས་ཕྱུང་སྟེ་ཤར་སྒོ་རུ༔ སེང་གེས་བཏེགས་པའི་རིན་ཆེན་དང་༔ པདྨ་ཉི་མའི་ཁྲི་ལ་འཁོད༔ གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་གི༔ འོད་ཟེར་ལྕགས་ཀྱུས་མཁའ་ཁྱབ་ཀྱི༔ ཡེ་ཤེས་གསང་གསུམ་ཕྱག་རྒྱར་དྲངས༔ སྤྱི་བོ་ནས་ཞུགས་སྙིང་གར་ཐིམ༔ བདེ་ཆེན་ཡེ་ཤེས་ཕེབས་པར་བསམ༔ སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ་ཚིག་བདུན་གསོལ་འདེབས་དང༌། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་ས་ཏྭ་ཨ་བེ་ཤ་ཡ༔ སྟྭཾ་བྷ་ཡ་སྟྭཾ་བྷ་ཡ༔ ར་ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་བརྗོད་དབབ། ཏིཥྛ་བཛྲས་བརྟན་པར་བྱ། རཏྣ་མཱ་ལ་པྲ་ཏཱིཙྪ་ཧོཿ མེ་ཏོག་དོར། པུཥྤེ་མཱ་ལ་གྷྲྀཧྞ་ཧོཿས་མེ་ཏོག་སྤྱི་བོར་བཞག །ཛྙཱ་ན་ཙཀྵུ་པྲ་བཻ་ཤ་ཡ་ཕཊ་ཀྱིས་མིག་དར་བསལ། ཡེ་ཤེས་དག་པའི་མིག་ཐོབ་པས་སློབ་དཔོན་དང་རང་གི་ལུས་ལ་གནས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་བཞིན་དུ་མཐོང་བར་མོས་མཛོད། མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་དེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐབས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་བརྗོད་ཅིང་མེ་ཏོག་གིས་ཆར་དབབ། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིགས་ཀྱི་ཡུམ་ལྔས་རྡོ་རྗེའི་བདུད་རྩིའི་ཆུས་བཀང་བའི་བུམ་པ་ཐོགས་ཏེ་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀྱིས༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ ཐ་མལ་སྣང་ཞེན་དག་པར་ཤོག༔ ཨོཾ་པདྨ་བཛྲ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ ཞེས་བུམ་ཆུ་འཐོར་འཐུང་བྱ། གཙོ་བོ་བདེ་མཆོག་པདྨ་བཛྲའི་སྐུ་དང༌། གནས་སོ་སོའི་ལྷ་ལས་གཉིས་པ་རེ་བྱོན། སློབ་མའི་ལུས་དང་གནས་སོ་སོར་ཐིམ་པས་སྣང་སྟོང་སྐུའི་ཡེ་ཤེས་བསྐྱེད་པར་མོས་ཤིག །ཙཀླི་རྣམས་གནས་སོ་སོར་བཞག །ཧཱུྃ༔ བདེ་མཆོག་འབར་བའི་ཕོ་བྲང་ནས༔ པདྨ་བཛྲ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ ཨོཾ་པདྨ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བྱིན་རླབས་ཀློང་ཡངས་ཕོ་བྲང་ནས༔ བླ་མ་རིག་འཛིན་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བཀོད་པ་ཚད་མེད་ཕོ་བྲང་ནས༔ ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉོན་མོངས་ཕུང་པོ་རང་གྲོལ་ཤོག །ཨོཾ་བཛྲ་གུ་རུ་ཐོད་ཕྲེང་རྩལ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ལྷ་དང་དབྱེར་མེད་ཕོ་བྲང་ནས༔ དཔལ་ཆེན་རིག་འཛིན་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚོགས་ཡུལ་རྟོག་པ་རང་གྲོལ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ཚད་མེད་བཞི་ལྡན་ཕོ་བྲང་ནས༔ བདེ་ཆེན་རིགས་བཞིའི་དྷཱ་ཀི་ནཱིས༔ རིགསཀྱི་བུ་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་དྷཱ་ཀི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ཉེར་བཞིའི་ཡུལ་གྱི་ཕོ་བྲང་ནས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་རྩལ་རྫོགས་དབང་ཐོབ་ཤོག༔ ཨོཾ་བཱི་ར་ཡོ་གི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ དུར་ཁྲོད་གནས་བརྒྱད་ཕོ་བྲང་ནས༔ སྒོ་མཚམས་སྦྱོར་བའི་ཕོ་ཉ་མོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་ཀརྨ་དྷཱ་ཀི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དེང་ཕྱིན་ཆད་ལྷ་སྐུ་ཕྱག་རྒྱའི་གཟེར་བརྟན་གཡོ་ཀུན་ལ་བཏབ་སྟེ་ཐ་མལ་གྱི་དངོས་པོ་ཐམས་ཅད་སྣང་སྟོང་ལྷ་ཡི་འཁོར་ལོར་འཆར་བ་ལ་བརྩོན་པར་གྱིས་ཤིག །སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱཿ ལྷ་སྔགས་དབྱེར་མེད་བཀོད་པ་དང་༔ བདེ་ཆེན་སྤྲོ་བསྡུས་བཟླས་པ་ཡིས༔ འགྱུ་བའི་རླུང་ཁམས་སྔགས་སུ་དག༔ གསུང་གི་ཡེ་ཤེས་འགྲུབ་པར་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་སྙིང་པོ་སྔགས་ཀྱི་གཟེར་དང་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་བརྟན་གཡོའི་སྒྲ་སྐད་ཀུན་ལ་བཏབ་སྟེ་ཐ་མལ་གྱི་སྒྲ་གྲགས་ཐམས་ཅད་གྲགས་སྟོང་གསུང་གི་འཁོར་ལོར་འཆར་བ་ལ་བརྩོན་པར་གྱིས་ཤིག །མེ་ལོང་བསྟན་ལ། ཧྲཱི༔ འདི་ལྟར་སྣང་ཞིང་གྲགས་པ་ཀུན༔ གསལ་སྟོང་མེ་ལོང་གཟུགས་བརྙན་ལྟར༔ ཆོས་ཉིད་དོན་གྱི་དབང་བསྐུར་བས༔ ཐུགས་ཀྱི་ཡེ་ཤེས་འགྲུབ་པར་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་དགོངས་པ་མི་འགྱུར་བའི་གཟེར་འཁོར་འདས་ཀྱི་རྟོག་ཚོགས་ཀུན་ལ་བཏབ་སྟེ་དྲན་རྟོག་རང་ག་མའི་འཕྲོ་འདུ་ཐམས་ཅད་རིག་སྟོང་ཐུགས་ཀྱི་འཁོར་ལོར་འཆར་བ་ལ་བརྩོན་པར་གྱིས་ཤིག །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་རང་ལ་ཐིམ་པས་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་དུ་འཕེལ་བར་གྱུར། ཡེ་དྷརྨ་དང་སུ་པྲ་ཏིཥྛས་མེ་ཏོག་འཐོར། དེ་ལྟར་བུམ་པའི་དབང་བསྐུར་བས༔ བརྟན་གཡོའི་སྣང་ཞེན་དྲི་མ་དག༔ ཕྱི་ནང་བསྐྱེད་རིམ་བསྒོམ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་མངོན་དུ་གྱུར༔ གསང་དབང་ནི། བླ་མ་བདེ་མཆོག་པདྨ་བཛྲ་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། ཐོད་པའི་བདུད་རྩི་ཐོགས་ལ། ཨཱཿ ཞུ་བདེས་དྲངས་པའི་བྱང་སེམས་ཧཱུྃ༔ དམར་གསལ་ཆགས་པའི་མདངས་འོད་འཚེར༔ རྩ་ཁམས་རླུང་ལ་དབྱེར་མེད་ཐིམ༔ མི་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄༔ ཨོཾ་ཨཱཿཧཱུྃ༔ བདུད་རྩི་མྱང༌། དེ་ལྟར་གསང་བའི་དབང་བསྐུར་བས༔ སྐུ་གང་རྟོག་པའི་དྲི་མ་དག༔ བདག་བྱིན་བརླབས་སོགས་བསྒོམ་ལ་དབང་༔ འབྲས་བུ་ལོངས་སྐུ་མངོན་དུ་གྱུར༔ ཤེར་དབང་ནི། རིགས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བའི་ཕྱག་རྒྱ་མོ་གཏད་པར་མོས་ཤིག་རིག་ཙཀ་གམ་དྲིལ་བུ་བླང་ལ། རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ནི༔ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས༔ སྙོམས་པར་འཇུག་པའི་སྦྱོར་བ་ཡིས༔ བདེ་བ་དམ་པ་མྱོང་བར་གྱིས༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ རང་དང་རིག་མ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་སྐྱེས་པར་གྱུར། དེ་ལྟར་གསུམ་པའི་དབང་བསྐུར་བས༔ ཟག་བཅས་ཐིག་ལེའི་དྲི་མ་དག༔ ཕོ་ཉའི་ཡེ་ཤེས་བསྒོམ་ལ་དབང་༔ འབྲས་བུ་ཆོས་སྐུ་མངོན་དུ་གྱུར༔ དབང་བཞི་པ་ནི། སྙིང་གའི་ཟླ་གདན་ལ་འཁོད་པའི་ཧཱུྃ་ལ་སེམས་གཏད་དེ། ཧོ༔ ཁམས་གསུམ་སྣོད་བཅུད་གཟུང་འཛིན་ཀུན༔ བསམ་མི་ཁྱབ་པའི་ཡེ་ཤེས་ངང་༔ སྤང་བླང་བསལ་བཞག་བྲལ་བར་བསྐྱངས༔ གཟུང་འཛིན་རྟོག་པའི་དྲི་མ་དག༔ ཡང་དག་ངེས་དོན་རྟོག་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ༔ ཧཱུྃ་ཡིག་སྟོང་ཉིད་ཀྱི་ངང་དུ་ཡལ་བར་མོས་ལ་མཉམ་པར་བཞག །དེ་ལྟར་བཞི་པའི་དབང་བསྐུར་བས༔ གཟུང་འཛིན་རྟོག་པའི་དྲི་མ་དག༔ བསམ་གྱིས་མི་ཁྱབ་བསྒོམ་ལ་དབང་༔ འབྲས་བུ་ཉིད་སྐུ་མངོན་དུ་བྱས༔ རྗེས། གཙོ་བོས་ཇི་ལྟར་སོགས། མཎྜལ། དེང་ནས་བརྩམ་སོགས་སྤྱི་ལྟར་དང༌། དབང་གིས་སྨིན་ཅིང་སོགས་ཚོགས་མཆོད་སོགས་ལས་བྱང་གི་རྗེས་རིམ་ལས་འཇུག་པར་བྱའོ། །ཞེས་པའང་ཚུལ་འདིའི་སྒྲུབ་ཆེན་རྒྱུན་འཛུགས་ལ་ཉེར་མཁོར་གྱུར་པས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་པདྨ་དབང་ཆེན་དགྱེས་པས་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་དུ་བྲིས་པ་འགྲོ་ཀུན་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་ངལ་འཚོ་ཐོབ་པའི་ཉེ་རྒྱུར་གྱུར་ཅིག། །།

Footnotes

Other Information