རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་བབས་ཀྱི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོག་པའི་བཅའ་བཤམ་བྱ་ཚུལ་མཐོང་བས་དོན་རྟོགས།

From Khyentse Lineage - A Tsadra Foundation Project
JKW-KABAB-01-KA-004
Wylie title rdzong sar 'jam dbyangs mkhyen brtse dbang po'i bka' babs kyi smin grol dkyus gcig tu 'bog pa'i bca' bsham bya tshul mthong bas don rtogs JKW-KABAB-01-KA-004.pdf
Location mkhyen brtse'i bka' babs
Volume 1, Text 4, Pages 321-378 (Folios 1a to 29b6)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Citation Phun tshogs rnam rgyal. rdzong sar 'jam dbyangs mkhyen brtse dbang po'i bka' babs kyi smin grol dkyus gcig tu 'bog pa'i bca' bsham bya tshul mthong bas don rtogs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 321-378. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Empowerment Ritual - dbang chog - dbang skur  ·  Ritual and Liturgical Texts - cho ga phyag len
Karchag page JKW-KABAB-Volume-01-KA-Karchag
Colophon

ཅེས་པའང་བཀའ་བབས་སྐོར་གྱི་སྨིན་བྱེད་མཐར་ཆགས་སུ་སྦྱིན་པ་དག་ལ་ཉེར་མཁོའི་ཆེད་དུ་གཏེར་མཛོད་བཅས་བཤམ་དུ་བཞུགས་རིགས་ཁོལ་དུ་ཕྱུངས། དེར་མི་བཞུགས་པ་གསབ་སྟེ་ཕུན་ཚོགས་རྣམ་རྒྱལ་པས་བསྡེབས་པ་དགེ་ལེགས་འཕེལ།།

ces pa'ang bka' babs skor gyi smin byed mthar chags su sbyin pa dag la nyer mkho'i ched du gter mdzod bcas bsham du bzhugs rigs khol du phyungs/__der mi bzhugs pa gsab ste phun tshogs rnam rgyal pas bsdebs pa dge legs 'phel

[edit]
༄༅། །རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་བབས་ཀྱི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོག་པའི་བཅའ་བཤམ་བྱ་ཚུལ་མཐོང་བས་དོན་རྟོགས་ཞེས་བྱ་བ་བཞུགས་སོ། །འཕོ་ཆེན་ཡེ་ཤེས་སྐུ་ཅན་པདྨ་སྐྱེས། །སྙིགས་མའི་འགྲོ་བའི་སྐྱབས་མཆོག་མཚུངས་པ་མེད། །དཔལ་ལྡན་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང༌། །འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དཔལ་ཨོ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་ཀཱ་རས་བྱིན་གྱིས་རླབས་པ་ལ་བརྟེན་ནས། འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ངོ་མཚར་བའི་བཀའ་བབས་བདུན་བཞུགས་པའི་ནང་ཚན། ཟབ་གཏེར་སྐོར་གྱི་སྨིན་གྲོལ་དཀྱུས་གཅིག་ཏུ་འབོགས་པའི་སྐབས་ཀྱི་བཅས་བཤམ་གྱི་རིམ་པ་མདོར་བསྡུས་སུ་བཀོད་པ་ལ་གསུམ། སྤྱིར་ཇི་ལྟར་བྱ་བའི་ལག་ལེན། ཉེར་མཁོའི་ཡོ་བྱད་སྟ་གོན། བྱེ་བྲག་དབང་རྣམས་ཀྱི་གཤམ་བཀོད་བསྟན་པའོ། །དང་པོ་ནི། འདི་ཉིད་ཀྱི་སྨིན་གྲོལ་བགྱིད་པར་བརྩམ་པ་ན། སློབ་དཔོན་གྱིས་རང་གི་རྩ་བའི་ཡི་དམ་མམ་དཀྱིལ་འཁོར་སྤྱིའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལྟ་བུའི་བསྙེན་པ་ཁ་གསོ་ཞག་བདུན་གྱིས་ཉུང་མཐར་བྱས་ཏེ་གནང་བ་སྩོལ་བའི་གསོལ་བ་གདབ། ཞུ་བ་པོའི་སློབ་མ་དད་པ་དམ་ཚིག་ཐུབ་ངེས་ཉམས་ལེན་དང་འཆད་སྤེལ་ནུས་པ་ཧ་ཅང་མང་པོ་མ་ཡིན་པ་དགོས་ཏེ། ཞི་ཁྲོ་རྩ་གསུམ་གུ་རུ་ཞི་བ་ཐུགས་རྗེ་ཆེན་པོ་སོགས་ཁྱབ་གདལ་དུ་བསྐུར་ཆོག་ཀྱང་ཞུ་མཁན་ཧ་ཅང་མང་ན་ལྕོགས་ཐབས་མེད་པ་དང༌། ཟབ་གཉན་ཆེ་བའི་རིགས་མང་པོ་ལ་བསྐུར་མི་རུང་བ་འགའ་ཞིག་བརྒྱུད་འཛིན་གཅིག་གམ་གསུམ་ལས་མི་སྤེལ་བར་གསུངས་པས་དབྱེ་བསལ་ཐོག་མ་ནས་ཕྱེད་པ་གལ་ཆེའོ། །དེ་ནས་དབང་ཁྲིད་མ་ཚུགས་པའི་སྔ་རོལ་དུ། དཔོན་སློབ་ཐུན་མོང་ནས་རྩ་བ་གསུམ་ལ་ཚོགས་སྐོང་དང་སྡིག་སྒྲིབ་ཉམས་ཆགས་སྦྱོང་བ་ཡིག་བརྒྱའི་བསྒོམ་བཟླས་སོགས་གནང་བ་ཞུ་ཞིང་དགེ་བའི་དཔུང་བསྐྱེད་ཅི་འགྲུབ་ཏུ་བྱས་པས་གནས་སྐབས་བར་ཆད་མི་འབྱུང་བ་དང་ཕྱིན་ཆད་བཀྲ་ཤིས་པའི་རྟེན་འབྲེལ་དུ་འགྱུར་རོ། །ལག་ལེན་དངོས་ལ་རྒྱས་པ་སྒྲུབ་ཆེན་གྱི་ཁོང་དུ་བཏང་བ་དང༌། བསྡུས་པ་སྒྲུབ་ཆེན་མི་སྤེལ་བའི་ལུགས་གཉིས་བླ་སློབ་འཁོས་དང་ལོངས་སྐབས་ཀྱིས་གང་ལྕོགས་བྱ་ཆོག་ཅིང་གང་ལྟར་ཡང་གཟའ་སྐར་དུས་ཚེས་བཟང་པོ་ཞིག་ལ་དབུ་བཙུགས། དང་པོ་ལྟར་ན། འབྲེལ་དང་དགོས་པའི་གནད་ཤིན་ཏུ་ཆེ་བའི་དབང་གིས་རིགས་ཀུན་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཀའ་གཏེར་ཟུང་འཇུག་སྨིན་ལུགས་ཉིད་ཀྱིས་ཁོག་དབུབ་དགོས་པས། དེའི་སྒྲུབ་ཁོག་རྣམ་གྲོལ་སྙེ་མ་ནས་ཇི་ལྟར་འབྱུང་བ་བཞིན། ཉིན་དང་པོའི་སྔ་དྲོ་ས་ཆོག་ནས་མཚམས་གཅོད་རྗེས་འབྲེལ་བཅས། ཕྱི་དྲོ་ལྷ་སྟ་གོན་དང་རྒྱན་བཀོད། ཉིན་གཉིས་པར་རྡོར་སེམས་སྒྲུབ་མཆོད་རྒྱས་པ་ཛབ་བཟླས་ཉུལ་ལེ་སྐྲོད་ཅིང་བྱིན་དབབ་པས་མཚོན་སྒྲུབ་ཆེན་གྱི་ཆིངས་ཇི་ལྟ་བར་བྱ། དགོང་མོར་གྲུབ་ཐོབ་བཀའ་བརྒྱད་ཀྱི་སྟ་གོན་གྲུབ་པར་བྱ། འདི་ཕྱིན་ཆད་བསྙེན་རྒྱུན་འཁྱོལ་དཀའ་ཡང་རྡོར་སེམས་སྒྲུབ་མཆོད་མ་ཆགས་པ་དགོས་མོད་བླ་མས་ལོངས་ཁྱབ་མེད་ཅིང་མི་ལྕོགས་ན་གཞན་པའི་བླ་གྲྭ་ཁ་ཤས་ལ་ཉིན་རེ་བཞིན་གོང་ལྟར་བསྒྲུབ་བཅོལ། འདི་ནས་བརྩམས་མཇུག་མ་གྲུབ་ཀྱི་བར་དངོས་རོལ་རྗེས་འབྲང་གཏེར་སྲུང་རྣམས་ཀྱི་གཏོར་འབུལ་ཉིན་རེ་ཚར་རེ་འདོན་མཁན་ཟུར་དུ་ཡོད་ན་ལེགས། དངོས་རོལ་མ་གྲུབ་ན་དམ་ཅན་སྤྱི་གཏོར་གྱིས་གོ་བཅད། སྒྲུབ་གཞི་ཡོད་པའི་གནས་དེར་གོ་ཡུལ་དོགས་ན་ཁང་པ་གཞན་དུ་མཆོད་གཏོར་རྒྱས་བསྡུས་གང་ལྕོགས་ལ་བརྟེན་ནས་འདོན་ཆོག་གོ། དགོངས་མོ་ནས་བཀའ་བརྒྱད་དབང་ཆས་བཤམས་ལ། ཉིན་གསུམ་པར་དངོས་གཞིའི་དབང་རྫོགས་པར་བསྐུར། ཉིན་བཞི་པར་རྩ་གསུམ་བདེ་གཤེགས་འདུས་པའི་དབང་བསྐུར་བ་ནས་བརྩམ་གྲངས་གང་ཐོན་བྱ་བ་ལས་སྤར་བཀབ་མེད། དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་དབང་རྗེས་སུ་བཞག །དབང་ཁྲིད་ཡོངས་རྫོགས་གྲུབ་པའི་ཉིན་རྡོར་སེམས་ཆོ་ག་རྒྱས་པར་བཏང་ཞིང་སྒྲུབ་པའི་དངོས་གྲུབ་བླང་བའི་ཚེ་སློབ་དཔོན་གཞན་གྱིས་མཆོག་གི་སྦྱིན་སྲེག་བྱ་ཞིང༌། དེ་ནས་རྡོར་སེམས་ཀྱི་དབང་རྫོགས་པར་བྱས་ལ་གཏོར་མ་བཏང་བ་སོགས་རྗེས་རིམ་རྣམས་བྱ། འཆི་མེད་འཕགས་མའི་སྙིང་ཐིག་གི་དབང་ཆས་བཤམ་ནས་ལས་བྱང་གིས་བསྒྲུབས་ལ་ཚེ་དབང་རྒྱས་བསྡུས་རྣམས་ཀྱིས་མཐར་དགེ་བྱས་ཏེ་དེའི་རྗེས་ཆོག་དང༌། སྒྲུབ་པའི་ཐོ་འགྲོལ་སོགས་སྒྲུབ་ཁོག་ལས་འབྱུང་བ་ལྟར་མཐའ་རྒྱས་སུ་བྱ་བ་ཡིན་ནོ། །གཉིས་པ་སྤྲོས་འབྱོར་ལོངས་ཁོམས་མེད་པ་དག་གིས་སྒྲུབ་ཆེན་དང་མི་སྦྲེལ་བར་བསྐུར་ན། ཐོག་མར་དགོངས་གཏེར་གྲུབ་ཐོབ་བཀའ་བརྒྱད་ཀྱི་དབང་ཆེན་དངོས་སྟ་ཕྱེས་ཏེ་ཉིན་གཉིས་ལ་རྫོགས་པར་བསྐུར། དེ་ནས་སྨིན་གླིང་རྡོར་སེམས་ཀྱི་དབང༌། མཇུག་སྲིད་པ་མ་མོའི་གནད་ཏིག་གི་དབང་གྲུབ་ཀྱི་བར་ཉིན་རེ་བཞིན་དབང་རྒྱས་བསྡུས་དང་བསྟུན་པའི་གང་འགྲོ་སྔ་དྲོ་སྒྲུབ་ཅིང་ཕྱི་དྲོ་བསྐུར། དབང་སྒྲུབ་ཐམས་ཅད་ལའང་བསྙེན་བཟླས་བརྒྱ་རྩ་ལས་མི་ཉུང་བ་དང༌། བུམ་བཟླས་ཟུར་དུ་དགོས་རིགས་ལའང་དེ་ལྟར་བྱ། གཏེར་སྲུང་སྒོས་མཆོད་ཡོད་རིགས་སོ་སོའི་ཐད་ཀར་སྦྱར། དམིགས་བསལ་མེད་པ་ལ་ལས་བྱང་རྗེས་མ་དང་འབྲེལ་བར་དམ་ཅན་སྤྱི་གཏོར་གཏེར་གཞི་བཅས་ཚར་རེ་མ་བཏང་ཐབས་མེད་པས་དེ་ཀས་འཐུས་པར་བྱེད། བདག་འཇུག་རེ་རེ་བཞིན་མི་ལྕོགས་པས་ཏིང་འཛིན་དབང་ལེན་སོགས་དམིགས་བསལ་བཤད་པ་རྣམས་དེ་ཀས་འཐུས་ཤིང༌། སྤྱི་ལ་རིག་པའི་མེ་ཏོག་དོར། གང་ལའང་སློབ་མ་གཞུག་པར་གནང་བ་ཞུ་བ་མ་ཆད་པ་གལ་ཆེ། ཆོས་སྐྱོང་སྲོག་གཏད་རྣམས་དམ་ལྡན་གཏོར་འབུལ་སོགས་མ་ཆགས་པ་བྱེད་མཁན་མ་གཏོགས་ཁྱབ་བརྡལ་དུ་སྤེལ་མི་རུང༌། ཁྲིད་ནི་སོ་སོའི་དབང་བསྐུར་གྲུབ་པའི་རྗེས་སུ་བཤད་དགོས་པ་རྣམས་དབང་གྲུབ་རྗེས་མཚམས་སྦྱོར་བཅས་མཎྜལ་ཕུལ་ལ་ཁྲིད་ཡིག་ཉིད་དལ་བུས་གོ་བརྡ་འཕྲོད་པར་བཀླག་ནས་དགེ་བསྔོ་སོགས་བྱ། འདི་ལ་བཤར་ཁྲིད་དམ་ཁྲིད་ལུང་སྦྲགས་མ་ཟེར། བཤད་མི་ཤེས་མཁན་ནས་ཉབ་ཉོབ་མང་པོ་བཤད་ན་དོན་འབྲས་མེད་ཅིང་ཉི་མ་འཕུལ། བཤད་ཤེས་མཁན་ཡིན་ཀྱང་དོན་རྩ་ཁྲིད་ཡིག་ནང་མ་འདུས་པ་མེད་ཅིང་རྣམས་གྲངས་མང་པོ་རྫོགས་ཐབས་མེད་པས་འདི་ཡིས་གོ་ཆོད་པར་བྱེད། སྤྱིར་ཁ་བཤད་དཔེ་ཀློག་གང་བྱེད་ཀྱང་སྒོམ་དོན་ཡིད་ལ་ངེས་ཤིང་གོ་བརྡ་འཕྲོད་པ་ཁྲིད་ཀྱི་མཚན་ཉིད། ཚིག་དོན་རེ་རེ་བཞིན་ཡིད་ལ་ཟིན་མི་དགོས་པར་སྒྲ་ཐོས་ཀྱི་ཤེས་འཇུག་བར་མ་ཆད་པ་ཙམ་ལུང་གི་མཚན་ཉིད་ཡིན་པ་ཆོས་སྤྱན་ལྡན་པའི་བླ་མ་དག་བཞེད་པས་དེ་དག་གི་གནད་ཀྱང་ཤེས་པར་བྱ་དགོས་སོ། །བཀླག་ལུང་ནི་དབང་གི་བར་བར་དུ་གྲུབ་ནའང་ལེགས་ཤིང་མི་ལྕོགས་ན་དབང་རྣམས་གྲུབ་ཟིན་པའི་རྗེས་སུ་དཀྱུས་གཅིག་ཏུ་བཀླགས་པས་ཆོག །གཉིས་པ་ཉེར་མཁོའི་ཡོ་བྱད་སྟ་གོན་ནི་འདིའི་སྐབས་སུ་ཉེ་བར་མཁོ་བའི་ཡོ་བྱད་སྔ་ཚགས་སུ་བྱ་དགོས་པ་ནི། དཀྱིལ་འཁོར་རྣམས་ཀྱི་རས་བྲིས་ཆ་ཚང་དང༌། ཙཀ་ལི་ཆ་ཚང་བཅས་མེད་ཐབས་མེད་པས་དེ་དག་ཚོགས་པ་གཞིར་བྱས། རྒྱུད་དང་གཞུང་པོད་ཀྱི་གླེགས་བམ་སོ་སོ་ལ་མཁོ་བ་འཛོམ་ན་རབ། མ་འཛོམ་ན་རྒྱུད་གསང་སྙིང་ཙམ་དང་སོ་སོའི་སྒྲུབ་ཐབས་ཀྱི་ཡི་གེ་དར་གྱིས་དྲིལ་བ། ཀློང་སྙིང་རིག་འཛིན་སྲོག་འཁོར། སིནྡྷུ་ར། ལི་ཁྲི། ཆོས་སྨན། རྩ་བརྒྱད་སྟོང་སྦྱར་དང༌། རཀྟ་སོ་ལྔ། གཏོར་མའི་སྤོད་སྨན་བཟང་དྲུག་སོགས་སྨན་སྣ། ཚེ་རྫས་ཕུར་མ། བྱིན་འབེབས་སྦྱར་སྤོས། སྟ་གོན་རྫས་སོ་ཤིང༌། དེ་དོར་བའི་གདན་རས་བྲིས་པདྨ་འདབ་བརྒྱད་དང༌། ཀུ་ཤ། དཔུང་སྐུད་ཁ་དོག་སོ་སོ་ལས་འབྱུང་བ་ལྟར་དང༌། ཅོད་པཎ་ཁ་དོག་ལྔ་པ་དང་མིག་དར་སློབ་མའི་གྲངས་མཉམ། ཅོད་པཎ་དོར་བའི་གཞི་རས་ལ་ཕྱོགས་བཞི་དབུས་ལྔར་ཕྱག་རྒྱ་བྲིས་པ། མིག་ཐུར། ཕྱག་ཤིང༌། བུམ་པ་ཁ་རྒྱན་མགུལ་ཆིངས་ལྡན་པ་བཅུ་ལས་མི་ཉུང་བ། གཟུངས་རྡོར། དུང་ཆོས་གཉིས་གསུམ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་ལྷན་ཅིག་བཅིངས་པ། མེ་ལོང་ཁ་ཤས། ཤེལ་རྡོ་སྟེགས་ཅན་ཆེ་ཆུང་གཉིས་གསུམ། བྷནྡྷ་མཚན་ལྡན་ཁ་ཤས་དང་མོ་ཐོད་གཅིག་ཙམ། དར་ཁ་དོག་སྣ་ཚོགས་གང་འཛོམ། དབང་ཕྲེང་དུང་ངམ་ཤེལ། པད་རཱག །རཀྴའམ་ཐོད་ཕྲེང༌། གདབ་ཕུར་ཆེ་ཆུང༌། གྲི་གུག །ལྕགས་ཧོམ། བྱ་འུག་གི་སྒྲོ། ཐོ་བ་སྒྲོལ་གྲི་གཏུན་ཁུང་སོགས་བསྒྲལ་ཆས་ཚང་བ། ཐུན་རྫས་སྣ་ཚོགས། ཟློག་འཁོར་སྤྱི་འགྲོ། འཚེ་ཡུངས་རྩང་སོགས་ཟོར་ཆས། རྗེས་གནང་ལ་མཁོ་བའི་གདུགས་དང་ཕྱག་ཤིང་འཁོར་ལོ། གཡབ་དར། དགང་གཟར་བླུགས་དང་སྦྱིན་སྲེག་རྫས། རྡུལ་ཚོན། གུ་གུལ། ཡུངས་ཀར། ཏིལ་ནག །སྒྲུབ་ཆེན་དང་སྦྲེལ་ན་དེའི་ཆས་སྒབ་སྐོར་རལ་གྲི་བཞི་མདའ་བཞི་ཕུར་བུ་བཅུ་བཞི་སྟེགས་བཅས་རྒྱལ་ཐོ་སོགས་དང༌། མི་སྦྲེལ་ཡང་དཀྱིལ་འཁོར་གྱི་རྒྱན་རྒྱལ་མཚན་བཞི་དར་ཕན་བཞི་སོགས་བཀོད་ན་ལེགས་པས་གང་འཛོམ། སྨན་རཀ་དང་ཞི་མཆོད་དྲག་མཆོད་སྣོད་སྦྲེང་ཐུར་བཅས། ཆང་ཕུད། ཡོལ་བ། ཚེ་བུམ། ཚེ་མདའ། དབང་སྐབས་ཉེར་མཁོའི་སྨན་རཀ་གཏོར་གསུམ་ཆུང་ངུ་སྣོད་གཅིག་ཏུ་བཞག་པ། ཕྱི་མཆོད་རྣམ་བདུན་གཅིག་ཏུ་བསྒྲིགས་པ། སྟེགས་ཁེབས་ཆེ་ཆུང༌། ཌཱ་དྲིལ་རྔ་གླིང༌། རོལ་ཆས་སོགས་མདོར་ན་འོག་ཏུ་དགོས་པ་རྣམས་ཐད་ཀར་བབ་དུས་མི་ཤོལ་བར་ཞིབ་པར་བསྒྲིག །དགོས་ཆས་འདང་ངེས་ཀྱི་མཆོད་ཕྱེ་གཙང་མ། མར། མཆོད་འབྲུ། མར་མེ། སྤོས་རེང་ངམ་སྤོས་ཕྱེ་དྲི་ལྡན། དཀར་གསུམ། མངར་གསུམ། ཟས་སྣ། གོས་སྣ། ཆང་ཕུད། ཕྱུགས་ལྟ་བུ་རང་བཞིན་གྱིས་ཤི་བའི་གཏོར་ཤ་གཙང་མ་རྣམས་ཀྱང་ཚོགས་པར་བྱའོ། །གསུམ་པ་བྱེ་བྲག་སོ་སོའི་གཤོམ་བཀོད་བཤད་པ་ལའང༌། ཐོག་མར་དབང་བསྐུར་ཚུགས་ཉེ་བའི་ཉིན་སྔ་མ་རྣམས་སུ་བཀའ་བརྒྱད་ཀྱིས་མཚོན་པའི་གཏོར་མ་འོག་ཏུ་དགོས་པ་རྣམས་ལས་ཐོག་མར་མཁོ་བ་རྣམས་དང༌། རྩ་གསུམ་སྤྱི་དང་ཁྱད་པར་ཆོས་སྲུང་གཏེར་སྲུང་རྣམས་རེ་རེ་བཞིན་འཕྲལ་འཕྲལ་གཤོམ་པ་མ་ལྕོགས་ན། བླ་མ་ཡི་དམ་མཁའ་འགྲོ། ཆོས་སྐྱོང་དངོས་གྲུབ་རོལ་མཚོ་རྗེས་འབྲང་དང་བཅས་པའམ་བསྡུ་ན་དམ་ཅན་སྤྱིའི་གཏོར་མ་ལེགས་པར་བཞེངས། ལས་བྱང་ལ་དགོས་པའི་མཆོད་གཏོར་རིགས་ཚང་བར་གལ་ཆེ། དངོས་གཞི་ཚུགས་པའི་ཐོག་མར་གནས་ཁང་ཕྱགས་དར་བྱ། རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་རྣམས་དང༌། ཆོས་སྐྱོང་གི་རྟེན་སོགས་བཀྲམ། བླ་བྲེ་དར་འཕན་སོགས་རྒྱན་གྱི་བཀོད་པས་མཛེས་པར་བྱ། སྒྲུབ་ཆེན་དང་སྦྲེལ་ན་དཀྱིལ་འཁོར་ལྡིང་ཁྲི་བརྩེགས་མར་བྱས་པའི་འོག་ཏུ་རྡོར་སེམས་དཀྱིལ་འཁོར་རྒྱུན་བཞག་གི་མཐའ་བསྐོར་དུ་ཕྱི་ནང་མཆོད་པ་བརྒྱ་རྩ་སོགས་བསྒྲིག །སྟེང་མར་སྐབས་སོ་སོའི་དཀྱིལ་འཁོར་དབང་རྫས་རྣམས་རེས་མོས་སུ་བཤམ། སྒབ་སྐོར་སོགས་ཀྱི་ཆས་རྣམས་སྤྱི་ལྟར་བྱ་བ་ཡིན་ལ། སྒྲུབ་ཆེན་དང་མ་འབྲེལ་ན་སྟེགས་བུ་རྒྱ་ཆེ་བ་ཁེབས་བཟང་པོས་བཀབ་ཅིང༌། དབང་མང་པོ་སྦྲེལ་སྐབས་དཀྱིལ་འཁོར་དང་དབང་རྫས་རྣམས་ཤོང་ངེས་པའི་ཟུར་བཞི་ན་རྒྱལ་མཚན་དང༌། ལོགས་བཞིར་འཕན་གཟུག །སྟེང་དུ་བླ་བྲེ་དར་གདངས་ཀྱིས་མཛེས་པར་བརྒྱན། དེ་སྟེང་དཀྱིལ་འཁོར་གང་ཡིན་བཀྲམ་པའི་དབུས་སུ་བུམ་གཏོར་བརྩེགས་མར་འགོད་དགོས་པའི་རིགས་ལ་འཕྲུལ་སྟེགས་རིམ་པ་གཉིས་པ་བླང་བཞག་བདེ་བ་དང༌། བུམ་གཏོར་གང་རུང་འཇོག་དགོས་པ་སྤྱི་དང༌། སྐུ་ཚབ་བཞུགས་གདན་སོགས་རྐང་གསུམ་འཇོག་དགོས་པས་དེའང་གྲངས་ཀ་མང་དུ་བསྡོགས། གལ་ཏེ་དཀྱིལ་འཁོར་རས་བྲིས་མི་འཛོམས་པའི་དབང་བྱིན་རླབས་ཆུང་ངུའི་རིགས་ལ་མཎྜལ་སྟེང་ཚོམ་བུ་ལྷ་གྲངས་བཀོད་ཀྱང་ཆོག་མོད། ཚོམ་བུའང་ཚོན་གྱིས་ཁ་བསྒྱུར་བའི་འབྲས་ལ་མར་གྱི་སྙིང་པོ་བྱས་ཏེ་ལྷ་མདོག་དང་མཚུངས་པར་གྲུབ་ན་ལེགས། བུམ་པ་ལ་གསར་མའི་ལུགས་སུ་གོས་བཟང་པོ་དང་སྲད་བུ་སོགས་ཀྱིས་དཀྲི་བ་ལས་དམིགས་སུ་མ་གསུངས་ཀྱང༌། རྙིང་མ་གཏེར་མའི་ཕྱོགས་ཕལ་མོ་ཆེར་མགུལ་ཆིངས་དམིགས་གསལ་དུ་བཤད་ཅིང་ད་ལྟ་ཕྱག་ལེན་དུའང་མཛད་པས། འདི་མན་ཆད་དམིགས་སུ་མ་བཤད་པ་རྣམས་ལ་མགུལ་ཆིངས་ལྷ་གཙོ་བོའི་སྐུ་མདོག་དང་མཐུན་པར་བཅིངས། བུམ་རྫས་ཀྱང་སྤྱི་ཁྱབ་ཐམས་ཅད་བླ་མེད་ཁོ་ན་ཡིན་པས་སོ་ལྔ་འབའ་ཞིག་དང་དྲི་བཟང་གི་ཆུ་སྦྱར། སོ་སོའི་སྐབས་སྨོས་པ་བཞིན་དམིགས་བསལ་དག་ལ་ཉེར་ལྔ་དང་སྦྱར། བྱིན་རླབས་ཀྱི་རིགས་སོགས་ཀྱི་ཐོད་པའི་བདུད་རྩི་ཆང་དང་བདུད་རྩི་ཆོས་སྨན་སྦྱར། རིག་ཙཀ་ཡོད་པའི་དབང་བཞིའི་རིགས་རྣམས་ལ་དེ་སྟེང་མངར་གསུམ་རོ་བྲོ་ངེས་པར་བྱ། ཚེ་དབང་གི་རིགས་ལ་ཚེ་རིལ་ཚེ་ཆང་མངར་གསུམ་དང་སྦྱར་ཞིང༌། ཡོད་ན་ཚེ་རྫས་ཕུར་མའང་འདེབས། དབང་གི་བགེགས་བསྐྲད་ལ་གུ་གུལ། བྱིན་འབེབས་ལ་འཛོམ་ན་འབེབས་རྫས། མེད་ན་སྦྱར་སྤོས་དྲི་ཞིམ་པོས་བདུག་པ་སོགས་མ་ཆད་པར་བྱའོ། །མིག་དར་མེ་ཏོག་སོགས་ཀྱང་བླང་བཞག་བདེ་བར་བྱས་ཏེ་ནམ་དགོས་ཀྱི་སྐབས་མཎྜལ་མེ་ཏོག་བཀྲམ་སྡུད་དང་ལྷན་ཅིག་གཏད་ཆོག་པར་བྱ། བཀའ་བརྒྱད་ལྟ་བུའི་དབང་ཆེན་མཚམས་སྦྱར་ཡོད་རིགས་ལ་དེ་དག་བླ་མས་བརྡ་སྤྲད་པ་དང་མཉམ་དུ་འགྱེད་དགོས། སྤྱིར་འདི་དག་གི་སྐབས་སུ་ལས་རྡོར་བསླབ་ཤེས་གོ་བ་ཕྱག་ལེན་ཞིབ་པ་ཞིག་གིས་བཤམ་བཀོད་རྣམས་སྔ་མ་གྲུབ་བསྟུན་དེའི་ཆས་རྣམས་བསྡུ་ཞིང༌། ཕྱི་མ་རྣམས་འཕྲལ་འཕྲལ་མི་ཤོལ་བ་བསྒྲིགས་ཐུབ་པ་དགོས། མཆོད་གཡོག་ལག་བདེ་ཞིག་གིས་ཉིན་རེའི་མཆོད་གཏོར་དཀར་བགེགས། ཆོས་སྲུང་རྒྱུན་འབུལ་གཏེར་གཞི། ལས་བྱང་རེ་རེ་བཞིན་གཏོར་གསོས་ཐེབས་ཀྱུ། ཞལ་ཟས། ཚོགས། ཆད་བརྟན་སོགས་སྤྱི་དང༌། བྱེ་བྲག་གང་དགོས་རྣམས་བཅའོ། །ལག་ལེན་རྒྱས་བསྡུས་གཉིས་ཀ་ལའང་གནས་ཁང་གོ་ཡུལ་ཡངས་ན་སྒྲུབ་དཀྱིལ་དང་བར་མཚམས་བྱེ་བའི་རྒྱབ་ཕྱོགས་སུ་སྟེགས་བུ་རིམ་པ་གསུམ་པ་བསྟར་དང་པོ་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཕོ་མོ་ནོར་ལྷ་ཕྱི་རྒྱུད་བཅས་ཀྱི་གཏོར་མ་བདུན་ཚར། གཡས་གཡོན་དུ་སྨན་རཀ་ཕབ་ལྡན། གཉིས་པར་དངོས་རོལ་རྗེས་འབྲང་ཆད་བརྟན་རྒྱུན་བཞག་བཅས། གསུམ་པར་ཞི་མཆོད་དྲག་མཆོད་མཇུག་སྤྲོད་དུ་བཤམས་པའི་བར་དུ་མཉྫི་ལ་ཆོས་སྐྱོང་གཏོར་སྤུངས་རྒྱུན་འབུལ་བཀོད། འདི་དག་ནི་མཆོད་གཏོར་སྤྱི་ཁྱབ་པ་ཡིན་པས་གཏོར་འབུལ་ནམ་བྱེད་ལ་ཐེབས་ཀྱུ་སོགས་ཀྱིས་གསོ་བ་དང༌། མཆོད་པ་ཉིན་རེ་བཞིན་བརྗེ། ལས་བྱང་སྔ་ཕྱིའི་བར་མཚམས་ལྟ་བུ་ལ་ཁ་གསོ། གོ་ཡུལ་གྱིས་འདི་ལྟར་མ་ཤོང་ནའང་དཀྱིལ་འཁོར་སྒེར་མཆོད་དང་གཏོར་མ་བཤམ་དགོས་པས་དེ་ཀས་འཐུས་སོ། ༈ །དེ་ནས་དབང་བསྐུར་སོ་སོ་དང་འབྲེལ་བའི་བཤོམ་བཀོད་ལག་ལེན་དངོས་ཀྱི་དང་པོ་གྲུབ་ཐོབ་བཀའ་བརྒྱད་ཀྱི་དབང་ལ། ཁྱོར་ཆུ། སོ་ཤིང༌། དཔུང་སྐུད། ཀུ་ཤ་སྟེ་སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་དབུས་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་ལྡན་པ། རྡོར་སེམས་དཔལ་དགུ་བྱ་ཁྱུང་དཔལ་མགོན་མ་ནིང་བཅས་ཀྱི་ཙཀ་ལི་བཅུ་གཉིས་ཁ་རྒྱན་གསེབ་ཏུ་བཀོད་པ་ཡིན་ཀྱང་མི་བདེ་ན་མདུན་དུ་བཞག །དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྡོར་དྲིལ། སྔགས་བྱང༌། གནམ་ལྕགས་རྡོ་རྗེ་རྣམས་དང༌། གཡས་ཕྱོགས་སུ་སྨན་གྱི་ཕོ་བྲང་གཡོན་ཕྱོགས་སུ་སྒྲུབ་ཕུར་མདུན་ངོས་སུ་ཐོད་པའི་ནང་ཟན་ཀོང་སྡོང་བུ་དགུ་བཙུག་པའི་མར་མེ། དེའི་གཡས་སུ་ཁྲུས་ཀྱི་བུམ་པ་ཉེར་ལྔའི་བཅུད་ལྡན་ཆིངས་དཀར་ཁ་རྒྱན་དང་བཅས་པ། གཡོན་དུ་བམ་ཕྱག་ལེན་ལྟར་བཅས་པ། །གང་བདེར་ནུས་དབང་ཆས་པུསྟི། ཕྲེང་བ། དུང་དཀར། ཕྱག་ཤིང༌། ཁྲི་གདུགས་སོགས་ཀྱི་ཙཀ་ལི་སོ་སོ་བ། བཟའ་བཏུང་འགྱེད་བདེ། རྒྱབ་མདུན་གང་བདེར་ཟངས་ལྕགས་སྣོད་དུ་དམར་གཏོར་གཉིས་ལ་འཁོར་གཏོར་ཆུང་ངམ་ཐེབ་ཀྱུ་སུམ་ཅུ་དང་བཅོ་བརྒྱད་ཀྱིས་བསྐོར་བ་ལ་འཛོམ་ན་དྲེགས་པའི་སྡེ་དཔོན་དང་དྲེགས་པ་བཅོ་བརྒྱད་ཀྱི་གཙོ་བོའི་ཙཀ་ལི་བཙུགས་པ་ལ་དར་གདུགས་དང་ཤ་ཁྲག་གིས་བརྒྱན་པ་དང༌། སྲུང་མའི་འཁོར་ལོ། ལས་ཕུར། ཐུན་རྫས་རི་རབ་མེ་ཧོམ་ཟོར་གཏོར་རྣམས་ཕྱོགས་བསྡུས། ཚེ་འབྲང༌། ཚེ་རིལ་ཆང༌། གསང་ཐོད། བདུད་རྩི་རིག་ཙཀ །ཤེལ་རྡོ་རྣམས་བཀོད་ལེགས་སུ་བཀྲམ། ལྕགས་ཧོམ། ལིང་ག །རལ་གྲི་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། མིག་དར་མེ་ཏོག་ཆུ་ནན་ཕྱག་ཤིང་ལས་བུམ་རྣམས་དབང་ཕལ་མོ་ཆེར་སྤྱི་འགྲོ་ཡིན་པས་ལོགས་སུ་མ་སྨོས་པས་ཤེས་དགོས། འདི་ཡི་དབང་དཔེ་པོད། བ༽པར་བཞུགས། ༈ །དེ་ནས་ཐོག་མར་སྨིན་གླིང་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལ། རས་བྲིས་སམ་མཎྜལ་ལ་ཚོམ་བུ་གཅིག་པའི་སྟེང་ཁྲིའུར་བུམ་པ། ཐོད་པའི་བདུད་རྩི། སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་ལྟེ་བར་མཱུྃ་ཡིག་བྲིས་པ་དང་ཤེལ་རྡོ་སྟེགས་ལྡན་རྣམས་བརྩེགས་མར་འཇོག ༈ །ས་གཏེར་སྐོར་ལས་རྩ་གསུམ་བདེ་གཤེགས་འདུས་པ་ལ་རས་བྲིས། མཉྫིའི་ཁར་རྣམ་བུམ་དང་ཐོད་པའི་བདུད་རྩི། རིག་ཙག །རྩ་གསུམ་སྤྱི་འགྲོའི་གཏོར་མ་བཅས། ༈ །ཐུགས་ཆེན་སེམས་ཉིད་ངལ་གསོ་ལ། རས་བྲིས། མཉྫཱི་ཁར་རྣམ་རྒྱལ་བུམ་པ་བཅུད་ལྡན་གྱི་ཁར་བྷཉྫ་བདུད་རྩིའི་གཏམས། མེ་ལོང་སིནྡྷཱུ་ར་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར། ཧྲཱིཿམ། ཧ་རི་ནི་ས། ར་ཙ་ཧྲི་ཡ་ས་བོན་མཇུག་སྤྲོད་ཞལ་སྦྱོར་གྱི་ཚུལ་དུ་བཀོད་པ་དར་དམར་གྱིས་བཀབ། དེ་སྟེང་རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བརྩེགས་མར་བཤམས། དཀྱིལ་འཁོར་ཤར་དུ་ཁྲུས་བུམ་མགུལ་ཆིངས་དམར་པོ། ལྷོར་ཚེ་བུམ། ཚེ་རིལ་ཆང་བཅས། ནུབ་ཏུ་ཐོད་པར་མྱོང་གྲོལ་རིལ་བུ། མྱོས་བྱེད་ལ་སིནྡྷཱུ་ར་བཏབ་པས་བཀང་ཞིང་དར་དམར་བཀབ། བྱང་དུ་དཔལ་གཏོར་དམར་པོ་དར་གདུགས་རྟ་མགྲིན་གྱི་སྐུ་ཙཀ་ཅན་དང༌། ཟ་མ་ཏོག་རིལ་བུའི་བཀང་བ་བུམ་པའི་རྒྱབ་ཏུ་བཞག །གཞན་ཡང་ཆུ་ནན། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། མེ་ལོང་རྡོ་རྗེ། ཞི་ཆས། སྣ་ཚོགས་རྡོ་རྗེ། སྒོམ་དབང་རྟེན་དཀྱིལ་འཁོར། ཉན་དབང་གླེགས་བམ། སྒྲུབ་དབང་ཕྲེང་བ་བཅས། ༈ །ཕྱི་སྒྲུབ་བར་ཆད་ཀུན་སེལ་དབང་རྒྱས་པ་འདིར་མི་བཞུགས། ༈ །འབྲིང་བསྡུས་ལ་རས་བྲིས་སམ་ཚོམ་བུ་ལྷ་གྲངས་མཉྫིའི་ཁར་རྣམ་བུམ་དང་ཐོད་པའི་བདུད་རྩི་མེ་ལོང་སིནྡྷུ་རའི་ཐིག་ལེ་ཧྲཱིཿཡིག་བྲིས་པ་བརྩེགས་མར་བཀོད། གཡས་སུ་གཏོར་མ་རིན་ཆེན་ཟུར་བརྒྱད་མ། གཡོན་དུ་གུ་རུའི་སྐུ་ཚབ། དབུས་སོགས་སུ་ལྷ་ཙཀ་ཚང་བ། དབང་ཕྲེང༌། མེ་ལོང༌། མཐའ་རྟེན་ཚེ་དབང་བསྐུར་ན་ཚེ་བུམ་ཚེ་རིལ་ཆང་མདའ་དར་བཅས། ༈ །ཐུགས་སྒྲུབ་བླ་མ་ནོར་ལྷ་ལ་དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་དབུས་སུ་གཙོ་འཁོར་དགུ། གྲྭ་བཞི་དང་སྒོ་བཞིར་བཞི་རེ་བཀོད་པའི་དབུས་སྟེང་ཁྲིའུར་འཛོམ་ན་གཞུང་མཐུན་བཅའ་སྒྲུབ་བྱས་པའི་གཏེར་བུམ་དང་མ་འཛོམ་ན་གཏོར་མ་གཞུང་མཐུན། གཡས་སུ་རིན་པོ་ཆེའི་སྣོད་དུ་མངར་གསུམ་སྦྱར་བའི་ཆང༌། གཡོན་དུ་ཟས་སྣ་གོས་སྣ། རྒྱབ་ཏུ་མདའ་དང༌། སྐུ་གསུང་ཐུགས་དབང་སྦྱོར་ན་ལྷ་ཙཀ་བཅུ་བདུན། སྔགས་བྱང༌། མེ་ལོང༌། རྫས་རྟགས་སྣ་བདུན་བཅས་བཀོད། ༈ །ཐུགས་སྒྲུབ་རཀྴ་ཐོད་ཕྲེང་ལ་མཎྜལ་ཚོམ་བུ་དབུས་སུ་གཅིག་འཁོར་བཅུས་བསྐོར་བའི་སྟེང་རྣམ་བུམ། མདུན་དུ་དཔལ་གཏོར། སྐུ་ཙཀ །སྔགས་བྱང་ངམ་ཐོད་ཕྲེང༌། ཕྱག་མཚན་རྡོ་རྗེ་ཐོད་པའི་ཙཀ་ལི་བཅས། ༈ །ཐུགས་སྒྲུབ་སྒྲོལ་ལྗང་འཇིགས་པ་ཀུན་སེལ་ལ་རས་བྲིས་སམ་མཎྜལ་ཚོམ་བུ་ཉེར་གཅིག་པའི་དབུས་སུ་རྣམ་བུམ། མདུན་དུ་དབང་གཏོར་ཅོག་ཟླུམ་དཀར་པོ་རྒྱན་ལྡན། སྐུ་བརྙན། ཤེལ་ཕྲེང༌། ཕྱག་མཚན་ཨུཏྤལ་ལྗང་གུ་རྣམས་ཇི་ལྟར་བདེ་བ་བཀོད། ༈ །ནང་སྒྲུབ་ཡིད་བཞིན་ནོར་བུའམ་བསམ་ལྷུན་དབང་རྒྱས་པ་ལ་རས་བྲིས་སྟེགས་ཁར་རྣམ་བུམ་ཐོད་ཆང་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་བཾ་ཧ་རི་ནི་སས་མཚན་པ་གུ་རུའི་སྐུ་འབག་རྣམས་བརྩེགས། ལྷ་ཙཀ །སྔགས་བྱང་ཚང་མ། མེ་ལོང༌། ལྷ་གནས་ཐད་ཀར་དངོས་གྲུབ་ཀྱི་རྫས་བཅུ་གསུམ་དངོས་སམ་ཙཀ་ལི། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་གོང་མཚུངས་རིག་ཙཀ་མཐའ་རྟེན་ཚེ་དབང་བསྐུར་ན་དེའི་ཆས་གོང་མཚུངས་རྣམས་བཀོད། ༈ །རྩ་དབང་འབྲིང་པོ་ལ་དངོས་གྲུབ་རྫས་བཅུ་གསུམ་དང་རིག་ཙཀ་མི་དགོས་གཞན་དབང་ཆེན་དང་འདྲ། གཏོར་ཆེན་མདུན་དུ་བཀོད། ༈ །གཏོར་དབང་ལ་མཎྜལ་སྟེང་གཏོར་ཆེན་ཁོ་ན་བཞག ༈ །ཚེ་དབང་ཟུང་འབྲེལ་དུ་བྱེད་ན་མཎྜལ་ལ་དེའི་ཆས་རྣམས་བསྒྲིག ༈ །གཏེར་གསར་འཁོར་བ་དོང་སྤྲུགས་ལ། པདྨ་འདབ་བརྒྱད་ལྟེ་བར་ཧྲཱིཿདམར་བྲིས་པའི་སྟེང་རྣམ་བུམ་ཐོད་ཆང་མེ་ལོང་ཧྲཱིཿདམར་བྲིས་པ་རྣམས་བརྩེགས་ལ་དར་དམར་གྱིས་བཀབ། མདུན་དུ་མྱང་གྲོལ་དབང་རིལ་བུ་བུམ་པ། རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་བཞག ༈ །རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེ་བཙུན་སྒྲོལ་མ་ལ། རས་བྲིས། གཏོར་མ་དཀར་ཟླུམ། མཉྫིའི་ཁར་བུམ་པ་ཐོད་ཆང༌། མེ་ལོང་ལ་སིནྡྷུ་རར་སྔགས་ཕྲེང་གིས་བསྐོར་བ། ཤེལ་རྡོ། དབུ་རྒྱན། རྡོར་དྲིལ། སྐུ་ཙཀ །སྔགས་ཕྲེང༌། མེ་ལོང༌། བཀྲ་ཤིས་རྫས་རྟགས་སྣ་བདུན་སོ་སོར་ཕྱོགས་བསྡུས་བཅས། ༈ །རྩ་གསུམ་སྤྱི་འདུས་ལ། རས་བྲིས་སམ་འབྲུ་ཚོམ་གཙོ་བོ་གསུམ། དེ་རྒྱབ་སྒོ་བ་བཞི་བཅས་བཀོད་པའི་སྟེང་དུ་ཁྲིའུར་རྣམ་བུམ། མདུན་དུ་ལྷ་ཙཀ་བཞི། གཡས་སུ་གསང་ཐོད། གཡོན་དུ་ཤེལ་རྡོ་མེ་ལོང་དབང་ཕྲེང༌། རྒྱབ་ཏུ་ཚེ་འབྲང༌། ཚེ་རིལ་ཆང་མདའ་དར་བཅས་བཀོད། ༈ །རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལ། རས་བྲིས། དེ་སྟེང་ཁྲིའུ་ལ་གཏེར་བུམ་མམ་མ་འབྱོར་ན། བུམ་པ་ཉེར་ལྔའི་རྫས་ལྡན་ཆིངས་སེར་ཁ་རྒྱན་ཅན་བཀོད། དབུས་སུ་གཙོ་བོའི་སྐུ་རྟེན། གཡས་སུ་སྔགས་བྱང་གསེར་བྲིས། རྒྱབ་ཏུ་ཕྱག་མཚན་བི་ཛ་པུ་ར་དང་འབྲས་སྙེ། གཡོན་དུ་རིན་ཆེན་དར་གོས་དང༌། བཀྲ་ཤིས་རྫས་རྟགས་ཟས་སྣ་ཚོགས། གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་སེར་པོ། དར་གདུགས་སེར་པོས་སྤྲས་ཤིང་ཟས་སྣ་བཟང་པོས་བསྐོར་བ་བཅས། ༈ །ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ལ་སྟེགས་བུར་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་བླ་གཏོར་དམར་ཟླུམ་རྒྱན་ལྡན་དར་གདུགས་བཅས་པ། མདུན་དུ་ཚེ་འབྲང༌། གཡས་གཡོན་ཚེ་རིལ་ཆང་བཅས། ༈ །ཉི་མ་སེང་གེའི་པདྨ་རྒྱལ་པོ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སྟེང་རྣམ་བུམ་ཆིངས་དམར་ཅན་གྱི་ཁར་ཐོད་ཆང་སིནྡྷུ་རའི་མེ་ལོང་ལ་ཡིག་བདུན་བྲིས་པས་བཀབ། དེའི་སྟེང་འཕྲུལ་སྟེགས་ལ་བླ་མའི་གཏོར་ཆེན། མདུན་སོགས་སུ་མྱོང་གྲོལ་རིལ་བུམ། དབུ་རྒྱན། རྡོར་དྲིལ་མིང་དབང༌། ལྷ་ཙཀ་ཚང་བ། ཕྲེང་དམར། མེ་ལོང༌། རྒྱ་གྲམ་བཅས་བཀོད། ༈ །དོན་དབང་ལ། དཀྱིལ་འཁོར་དབུས་སུ་བུམ་པ། གཡས་གཡོན་དུ་རིལ་བུམ་དང༌། བླ་གཏོར། མདུན་དུ་ཐོད་ཆང་དང་མེ་ལོང་བཞག །རྩ་དབང་དང་སྦྲེལ་སྐབས་བཤམ་བཀོད་ཟུར་དུ་མི་དགོས། ༈ །དེའི་ཚེ་དབང་ལ་དཀྱིལ་འཁོར་རམ་ཚོམ་བུ་དམར་པོ་ལྷ་གྲངས་ཀྱི་དབུས་སུ་རྣམ་བུམ་ཆིངས་དམར་ཚེ་རྫས་ཀྱི་བཅུད་ལྡན། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། མདུན་དུ་ཚེ་འབྲང༌། རྒྱབ་ཏུ་ཚེ་མདའ་བཀོད་ལ་གཟུངས་ཐག་གིས་སྦྲེལ། ༈ །རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ་རྩ་དབང་ལ། དཀྱིལ་འཁོར་རས་བྲིས་དབུས་རྣམ་བུམ། དེའི་དོན་དབང་ལ། རས་བྲིས་སམ་ཚོམ་བུ་ལྷ་གྲངས་སྟེང་རྣམ་བུམ། གཡས་གཡོན་དུ་གསང་ཐོད། རིག་ཙཀ །ཤེལ་རྡོ། མདུན་རྒྱབ་གང་བདེར་ཚེ་འབྲང༌། ཚེ་རིལ་ཆང༌། མདའ་དར། དབང་ཕྲེང་བཀོད། ༈ །རོང་ཟོམ་ཆོས་བཟང་མཁའ་འགྲོ་མ་རིག་བྱེད་རྩལ་ལ་དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་བུམ་པ་ཆིངས་དམར་དབང་གི་རིལ་བུའི་རྫས་ལྡན་ཁར་བྷནྡྷ་བདུད་རྩིས་བཀང་བ་ལ། སིནྡྷུ་རའི་མེ་ལོང་ཆོས་འབྱུང་གི་དབུས་ཧྲཱིཿདང་ཕྱོགས་བཞིར་ཧ་རི་ནི་ས་བྲིས་པས་བཀབ། དར་དམར་གྱི་གུར་ཕུབ། ༈ །ཨོ་རྒྱན་གླིང་པའི་བཀའ་འདུས་དོན་དབང་ལ། རས་བྲིས་སྟེང་དབུས་འབྲུ་ལྔ༌། ཤར་སྨན་ལྔ། ལྷོར་རིན་ཆེན་ལྔ། ནུབ་དྲི་ལྔ། བྱང་སྙིང་པོ་ལྔ་རྣམས་ཀྱི་བུམ་པ་སྣོད་གཅིག་ཏུ་བཞག་པ། མདུན་དུ་ཞི་བ་རྡོར་འཆང་དང༌། གཙོ་བོ་ཉེར་གཅིག་གི་ཙཀ་ལི། བགྲང་ཕྲེང༌། གཡས་སུ་ཤ་ལྔ་བདུད་རྩི་ལྔ་སོ་སོར་སྦྱར་བའི་ཐོད་པ་ལྔ་སྣོད་གཅིག་ཏུ་བཞག་པ། གཡོན་དུ་རིག་མའི་གཟུགས་དཀར་སེར་དམར་ལྗང་མཐིང་ལྔ། འཇའ་ཤེལ། རྒྱབ་ཕྱོགས་སུ་དཔལ་གཏོར་རྒྱན་ལྡན་བཞག །བསྡུ་ན་བུམ་ཐོད་རིག་ཙཀ་རྣམས་གཅིག་ལ་བསྡུ་ཞིང་ལྷ་དབང་ལ་སྦྱར་ཡང་ཆོག ༈ །མཁའ་འགྲོ་གསང་བ་ཀུན་འདུས་རྩ་དབང་ལ། དཀྱིལ་འཁོར་རས་བྲིས་དབུས་མཉྫིའི་ཁར་ཐོད་པ་མཚན་ལྡན་ཆང་ལ་བདུད་རྩི་ལྔ་སྦྱར་བས་བཀང་བའི་ཁར། སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་བྃ། མཐའ་བསྐོར་དུ་ཐུགས་གསུང་སྐུའི་སྔགས་རིམ་པ་གསུམ་དུ་བསྐོར་བས་བཀབ་པའི་སྟེང་དུ་ཤེལ་རྡོ། མདུན་དུ་གཙོ་འཁོར་སོ་བདུན་གྱི་ལྷ་ཙཀ །ཕྱོགས་གང་བདེར་གསང་དབང་ཐོད་པའི་བདུད་རྩི། དཔལ་འབར། མེ་ལོང་གསལ་བ། གཙོ་མོའི་སྐུ་ཙཀ །མདའ་གཞུ། མར་མེ། རིག་ཙཀ་རྣམས་དང་རྗེས་གནང་ཆས། ཕྲེང་བ། དུང༌། གླེགས་བམ། དུར་ཁྲོད་ཆས་བརྒྱད་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་ཐོད་ཆང་དུ་བླུགས་པའམ་མ་འཛོམ་ན་གཟུགས་བརྙན་བྲིས་པ་བཅས་བཀོད། བཀའ་སྲུང་བཀའ་གཏད་ལ་གཏོར་མ་ཟུར་གསུམ་གཙོ་འཁོར་གསུམ་པ་དར་གདུགས་ཅན་ཡང་བཀོད། ༈ །གཏོར་དབང་ལ་གཏོར་མ་གཞུང་གསལ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་དཀྱིལ་འཁོར་ཀྱི་དབུས་སུ་བཀོད། སྔ་མའི་ཞར་བྱུང་བྱེད་ན་དཀྱིལ་འཁོར་རྒྱབ་ཕྱོགས་ལྟ་བུར་བཞག །གཉིས་ཀ་ལའང་སློབ་མ་ལ་སྦྱིན་རྒྱུ་ཟས་སྣ་དང་ཐོད་ཆང་ལྷན་ཅིག་ཏུ་བཀོད་དོ། ༈ །རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་སོགས་བཞི་ལ། འཛོམ་ན་རས་བྲིས་དཀྱིལ་འཁོར། མ་འཛོམ་ན་མཁའ་འགྲོ་བཞི་ལ་རིམ་བཞིན་ཚོམ་བུ་ལྷ་མདོག་བཀོད་པའི་སྟེང་སོ་སོའི་དབང་རྫས་བཤམ་དགོས་པས། འདི་ལ་ཚོམ་བུ་དཀར་པོ་གཅིག །དེ་སྟེང་ཚེ་འབྲང༌། གཡས་གཡོན་དུ་ཚེ་རིལ་ཆང་དང་མདའ་དར་བཀོད། ༈ །རིན་ཆེན་མཁའ་འགྲོའི་ནོར་སྒྲུབ་ལ། གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ནོར་བུ་མིག་གསུམ་མང་པོས་མཛེས་པར་བསྐོར་བ་རྒྱན་སྤྲོས་དར་གདུགས་སེར་པོ་ཅན། གཡས་སུ་ཐོད་པའི་བདུད་རྩི། གཡོན་དུ་ཐོད་པ་མཚན་ལྡན་འཁོར་ལོ་གཞུང་གསལ་དང་གཡང་རྫས་སྣ་ཚོགས་པས་བཀང་བ་བཞག ༈ །པདྨ་མཁའ་འགྲོའི་དབང་སྡུད་ལ། སྐུ་རྟེན་བྲིས་སྐུ། གསུང་རྟེན་སྲོག་འཁོར། ཐུགས་རྟེན་བྷནྡྷར་དབང་གི་རིལ་བུས་བཀང་བ་རྣམས་གཞུང་མཐུན་བྱས་ལ་གཡས་གཡོན་མདུན་གསུམ་དུ་བཀོད། དབང་གི་མེ་ཐབ། ཡམ་ཤིང༌། མར་ཁུ། མངར་གསུམ་ལ་རྫས་སྦྱར་གྱི་རིལ་བུ། མེ་ཏོག་དམར་པོ་ཆང་གིས་སྦགས་པ། ལན་ཚྭ་བཅས་སྲེག་རྫས་རྣམས་དང༌། དགང་བླུགས། གསེར་སྐྱེམས་མཆོད་པ་བཅས་འདུ་བྱ། ༈ །ལས་ཀྱི་མཁའ་འགྲོའི་ཟོར་དབང་ལ། ཟངས་ལྕགས་ཀྱི་སྣོད་དུ་ཟོར་གཏོར་ཁྲོ་མོའི་ཞལ་ཅན་གཏོར་ཆུང་ལྷ་གྲངས་ཉེར་གཉིས་ཀྱིས་བསྐོར་བ། དེ་རྒྱབ་ཟོར་ཀོང་ཟུར་གསུམ་བརྒྱད་ལ། ཤར་དུ་ཡུངས་ཀར། ལྷོར་རྩང༌། ནུབ་ཏུ་དུག །བྱང་དུ་རྡོ། ཤར་ལྷོར་མེ། ལྷོ་ནུབ་དུག་ཁྲག །ནུབ་བྱང་མདའ། བྱང་ཤར་ཕུང་སའི་ཟོར་རྣམས་བཀོད། འཚེ་ཉུངས་ཤ་ཁྲག་གིས་བརྒྱན་ཅིང༌། དར་ནག་གི་གདུགས་ཕུབ་ལ། གཡས་གཡོན་དུ། སྔགས་བྱང་དང༌། གནམ་ལྕགས་རྡོ་རྗེ་བཞག །ཕྱག་རྒྱ་བཞིའི་ཆས། ཧོམ་དང་ལིངྒ། བྱད་ཐག །དུག་ཁྲག །བསྒྲལ་ཕུར། རྩེ་གསུམ། གྲི་གུག །ཐོད་ངན་དུ་ཁྲག་ཐུན་སྦྱར་བ་རྣམས་ཉེ་བར་བསྡོག་གོ། ༈ །དག་སྣང་དྲང་སྲོང་དྲི་མེད་ལ་མཎྜལ་པད་འདབ་བཞི་ཚོམ་བུ་གཅིག་པའི་ཁར་རྣམ་བུམ། སྐུ་ཙཀ །གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། མདུན་དུ་འབུལ་གཏོར་དཀར་ཟླུམ་ཤིང་ཏོག་དཀར་མངར་གྱིས་བརྒྱན་པ། ༈ །ར་མོ་ཤེལ་སྨན་གྱི་ཡང་གཏེར་རྡོ་རྗེ་བདུད་རྩིའི་བླ་མའི་གཏོར་དབང་ལ་མཎྜལ་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་མཉྫིའི་ཁར་བླ་གཏོར་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་བཅས་བཀོད། ༈ །རྡོ་རྗེ་བདུད་རྩིའི་དབང་ལ་སྟ་གོན་རྫས་བཞི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྣམ་བུམ་ཆིངས་ལྗང་ཅན་གྱི་ཁར་ཐོད་པ་བདུད་རྩིས་བཀང་བ་ལ་སིནྡྷུ་རའི་མེ་ལོང་དགའ་འཁྱིལ་བྃ་ཡིག་གིས་མཚན་པས་བཀབ་ལ་དར་གུར་དབུབ། མདུན་སོགས་སུ་དབུ་རྒྱན། རྡོ་རྗེའི་དྲིལ་བུ། རྡོར་དྲིལ། ཐོད་ཆང་རྣམས་དང༌། ཤར་དུ་ཁྲུས་བུམ། ལྷོར་བདུག་པ། ནུབ་ཏུ་མ་ད་ན་བཏབ་པའི་ཆང༌། བྱང་དུ་ཐོད་པར་བདུད་རྩི་རིལ་བུ་བཅས་སྔར་ནས་སོ་སོའི་སྒྲུབ་པ་ཐེམས་པ་ཅན་བཀོད། སིནྡྷུ་ར་དང་ཞུན་མར་དགང་བླུགས་དུང་དཀར་དྲིལ་བུ་གླེགས་བམ་རྣམས་ཀྱང་བསྡོག ༈ །དཔལ་རྡོ་རྗེ་བདུད་རྩི་ཡན་ལག་ལྷ་གསུམ་གྱི་རྗེས་གནང་རྩ་དབང་དང་སྦྲེལ་སྐབས་བཅའ་བཤམ་ལོགས་སུ་མི་དགོས། ༈ །གཏེར་བདག་སྔགས་སྲུང་མའི་སྲོག་གཏད་ལ་ཆོས་འབྱུང་འཁོར་ལོ་མཐིང་ནག་རྩིབས་བཞི་པ། མེ་རི་ཕྲག་མཚོས་བསྐོར་བའི་ལྟེ་བར་ཐིག་ལེ་མཐིང་ནག་རྩིབས་བཞི་དཀར་སེར་དམར་ལྗང་བཀོད་པའི་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་དུ་རྟེན་གཏོར་སྐུ་གཟུགས་དར་གདུགས་ཀྱིས་སྤྲས་པ་དང་སྔགས་བྱང་བཀོད། ༈ །སྨན་བླ་ལོངས་སྐུའི་གཏོར་དབང་ལ་འབྲུ་ཚོམ་ལྔའི་སྟེང་དཔལ་གཏོར། གཡས་གཡོན་དུ་དཀར་གཏོར་དམར་གཏོར་བཅས་སོ། ༈ །ཨོ་རྒྱན་དྲི་མེད་ཀུན་དགའི་ཡང་གཏེར་རྒྱལ་བ་རྒྱ་མཚོ་ལ། སྟ་གོན་རྫས་བཞི། དཀྱིལ་འཁོར་རས་བྲིས་སམ་འབྲུ་ཚོམ་ལྷ་གྲངས་དབུས་སུ་ཁྲིའུའི་ཁར་ཐོད་པ་མཚན་ལྡན་མྱང་གྲོལ་རིལ་བུས་ཕྱུར་བུར་བཀང་བ་དར་དམར་གྱིས་བཀབ་པའི་སྟེང༌། སིནྡྷུ་རའི་མེ་ལོང་སྔགས་བྱང་བྲིས་པ་བཞག་མདུན་སོགས་ཕྱོགས་མཚམས་རྣམས་སུ་རྣམ་བུམ། དབུ་རྒྱན། རྡོར་དྲིལ། གཙོ་འཁོར་རྣམས་ཀྱི་ལྷ་ཙཀ་དགུ། སྔགས་བྱང་ཕྲེང་དམར། མེ་ལོང༌། དར་དང་རིན་པོ་ཆེའི་རྒྱན། སྣ་ཚོགས་རྡོ་རྗེ། གླེགས་བམ། ཕྲིན་ལས་བཞིའི་འབྲང་རྒྱས་སྣོད་གཅིག་བསྡུས། གསང་ཐོད། རིག་ཙཀ་རྣམས་བཀོད། རིལ་བུ་དང་བྱང་སེམས་དཀར་དམར་སིནྡྷུ་ར་རྣམས་སྦྱར་བའི་ཐིག་ལེ་བཀོད་རྒྱུ་དང༌། མགུལ་ལ་བཏགས་རྒྱུ་མྱང་གྲོལ་ཐུམ་བུ་སློབ་མའི་གྲངས་མཉམ་སོགས་བསྡོག་གོ། ༈ །དྲི་མེད་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལ། དཀྱིལ་འཁོར་དབུས་སུ་བུམ་པ་ཆིང་སྔོན་ཅན། མདུན་དུ་ལྷ་ཙཀ་བརྒྱད། གཡས་གཡོན་དུ་བླ་མའི་སྐུ་འབག་དང་གཏོར་མ་རིན་ཆེན་ཟུར་བརྒྱད། གསང་ཐོད། རིག་ཙཀ །དབང་ཕྲེང༌། མེ་ལོང་རྡོ་རྗེ། ཚེ་འབྲང༌། ཚེ་རིལ་ཆང་བཅས་བཀོད། ༈ །ཡང་གཏེར་བླ་མ་བདེ་མཆོག་འཁོར་ལོ་ལ་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་དང་བཅས་པ་བཀོད། མདུན་དུ་གཙོ་འཁོར་ལྷ་ཙཀ་བདུན། དབང་ཕྲེང་དམར་པོ། མེ་ལོང༌། རྒྱབ་ཏུ་གསང་དབང་ཐོད་ཆང་དང་རིག་ཙཀ །གཡས་སུ་སྨན་གྱི་ཕོ་བྲང་ཆས་ལྡན། གཡོན་དུ་ཚེ་འབྲང་དང་ཐོད་སྣོད་དུ་ཚེ་ཆང༌། ཚེ་རིལ་རྣམས་བཀོད། ༈ །ཞི་བྱེད་སྐོར་བདུན་ལ་ཐུན་མོང་དུ། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དཀར་པོ་ཅན་གྱི་སྟེང་དུ་བུམ་པ་ཆིངས་དཀར་ཉེར་ལྔའི་བཅུད་ལྡན། འདུན་རྒྱབ་གང་བདེར་ཟླུམ་གཏོར་དར་གདུགས་དཀར་པོས་སྤྲས་པ། སོ་སོའི་སྐུ་ཙཀ་དང༌། ཕྱག་མཚན། ཤེལ་ཕྲེང༌། དར་དང་རིན་པོ་ཆེའི་རྒྱན། རྫས་བརྒྱད་བཅས། སྐོར་བདུན་དུས་གཅིག་སྒྲུབ་བསྐུར་བྱེད་ན་དེ་འདྲ་ཚར་བདུན་བཤམ། མི་འདྲ་བའི་ཁྱད་པར་དང་པོ་སྤྱན་མ་ལ་རིལ་བུ་ཚད་ལྡན་བསྒྲུབས་པའམ་མེད་ན་ཨ་རུ་ར་སློབ་མའི་གྲངས་མཉམ་དང་ཁྲུས་ཆས། ༈ །གཉིས་པ་ལོ་མ་ཅན་ལ་དེའི་སྨན་རིལ་ལམ། སྤྲུ་ནག་ཤུ་དག་གུ་གུལ་ལ་སྔགས་བཏབ་པ། ༈ །གསུམ་པ་འོད་ཟེར་ཅན་མ་ལ་སིང་ལྡེང་དབྱུག་པ་རྡོ་རྗེ་ཏོག་ཅན། ༈ །བཞི་པ་གཙུག་ཏོར་ལ་ཕུར་བུ་བྱད་དཀྲོལ་ཆས། ཚོན་སྐུད། གྲི་གསར་པ། ཡུངས་དཀར། མེ་ཧོམ། ཁྲུས་ཆས། གླུད་གཏོར་སོགས་བསྡོག ༈ །ལྔ་པ་ཤེར་ཕྱིན་དཀར་མོར་བསྒྲུབས་པའི་སྨན་མར་རམ། ཤུ་དག་དཀར་པོ་སྔགས་བཟླས། ༈ །དྲུག་པ་སྒྲོལ་དཀར་ལ། ཕྱག་རྒྱ་བཅིངས་པས་ཆོག ༈ །བདུན་པ་རྨ་བྱ་ཆེན་མོར། ཚེ་འབྲང་རིལ་ཆང་རྣམས་བཀོད། འཆི་བསླུའི་གླུད་ཆངས་བུ་བཅས་པ་དང་ཁྲུས་ཆས་ཀྱང་ཉེར་བསྡོགས་བྱའོ། ༈ །བལ་པོ་ཨཱཿཧཱུྃ་ཛཾ་ནག་ལ་དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་བཞི་བཀོད་པའི་དབུས་སུ་ཐུགས་རྟེན་ཐོད་པ་དུམ་གསུམ་ཉེར་ལྔ་སོགས་ཀྱི་བཅུད་ལྡན་ནང་གསུང་རྟེན་སྲོག་འཁོར་དར་གྱིས་དྲིལ་བའི་རྒྱབ་ཏུ་སྐུ་རྟེན་བཅས་བཞུགས། སྟེང་དུ་བུམ་པ་ཆིངས་སྔོན་ཅན། གཡས་སུ་རིན་ཆེན་སྣོད་དུ་གཏོར་མ་རིན་ཆེན་འབར་བ་ཟས་སྣ་བཅས། གཡོན་དུ་རིན་ཆེན་དར་གོས། གཡང་རྫས་སྣ་ཚོགས། རྒྱབ་ཏུ་མདའ་དར། ཚེ་འབྲང༌། རིལ་ཆང༌། རྫས་རྟགས་རྒྱལ་སྲིད་བཅས་བཞག ༈ །མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་དཔའ་གཅིག་ལ་མཎྜལ་ཚོམ་བུ་དམར་པོ་གཅིག་གི་སྟེང་སེང་ལྡེང་དབྱུག་ཏོ་ཐོད་སྐམ་རྡོ་རྗེས་མཚན་པ་གཟུངས་ལྡན། གཡས་གཡོན་དུ་མེ་ཞགས་དང་མེ་ལོང༌། དཔལ་འབར་དམར་པོ་རྩེ་གསུམ་བཅས། ༈ །གཡག་ཕྱར་སྔོན་མོའི་སྒྲོལ་ལྗང་ལ་མཎྜལ་ཚོམ་བུ་ལྗང་གུ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་ཉེར་ལྔའི་རྫས་དང་ཆིངས་ལྗང་ཅན། མདུན་དུ་དབང་གཏོར་དཀར་ཟླུམ། སྐུ་ཙཀ །སྔགས་ཕྲེང༌། ཨུཏྤལ་ལྗང་གུའི་ཙཀ་ལི་བཅས་བཀོད། ༈ །དབུ་རུ་སྟོན་ཤཱཀ་ཀྱི་རྡོ་རྗེ་མེ་འབར་ལ། མཎྜལ་ཚོམ་བུ་སྔོ་ནག་གཅིག་པའི་སྟེང་རྣམ་བུམ། མདུན་དུ་གཙོ་འཁོར་བཞིའི་ཙཀ་ལི། གཡས་སུ་རཀྴའི་ཕྲེང་བ། གཡོན་དུ་དཔལ་གཏོར་དར་གདུགས་བཅས། ༈ །བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལ། རས་བྲིས་སྟེང་མཉྫི་ལ་བུམ་པ་རྫས་སོ་ལྔ་ཅན། ཤར་དུ་དཔལ་གཏོར་གཙོ་འཁོར་དགུ་དང་སྨན་རག །དཔལ་གྱི་ལྷ་ཙཀ་ཚང་བ། ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ། དུར་ཁྲོད་དཔལ་ཆས། བྱང་དུ་ཐོད་ཆང༌། རིག་ཙཀ །ཤེལ་རྡོ། ལས་ཕུར་བཅས། ༈ །ཕག་དཀར་ཡེ་ཤེས་འཁོར་ལོ་ལ། སྐུ་མཚན་མའི་དཀྱིལ་འཁོར་གཞུང་མཐུན་བྲིས་པའམ། མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་ཁྲིའུ་ལ་གསུང་བདུད་རྩིའི་དཀྱིལ་འཁོར་ཀ་པཱ་ལ་ཨ་མྲྀ་ཏའི་བཅུད་ལྡན་གྱི་ཁར། ཐུགས་མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿགྲུ་བཞིར་དགའ་འཁྱིལ་རེ་རེ་བྲིས་པས་དགབ། མདུན་དུ་སྐུ་ཙཀ །ཤེལ་ཕྲེང༌། ཁ་ཊྭཱྃ། སྒྲུབ་ཡིག །སྣ་ཚོགས་རྡོ་རྗེ་དང་བདུད་རྩི། གཡས་སུ་ཐོད་པ་མཚན་ལྡན་གཞུང་མཐུན་ཚེ་རིལ་གྱིས་བཀང་བའི་ཁ་དར་དམར་གྱིས་བཀབ་པ་དང་ཚེ་འབྲང་དཀར་མངར་བཟའ་བཏུང༌། གཡོན་དུ་བདུད་རྩི་རིལ་བུས་བཀང་བའི་སྨན་གྱི་ཕོ་བྲང༌། སྐོང་ཆོག་དབང་རྟེན་མར་མེ་རྣམས་བཀོད། ༈ །མི་འགྱུར་ལས་གླིང་པདྨ་གཏུམ་པོ་ལ་ཚོམ་བུ་གཅིག་སྟེང་བུམ་པ་ཆིངས་དམར་ཁ་རྒྱན་སྐུ་ཙཀ་གིས་བརྒྱན་པ། མདུན་དུ་དཔལ་གཏོར། གཡས་སུ་མེ་ལོང་ལ་བསྙེན་སྔགས་མཚལ་བྲིས་ཅན། གཡོན་དུ་རྡོ་རྗེ། རྒྱབ་ཏུ་ལྕགས་ཀྱུ་ཕུར་པ་རྣམས་བཤམ། བསྒྲལ་དབང་བྱེད་ན་ལིང་ག་གདབ་ཕུར་སོགས་ཀྱང་བསྡོག ༈ །ར་ཞི་པད་འཛིན་ཁྱུང་ཁྲ་ལ་དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ་པའི་སྟེང་རྣམ་བུམ། གཡས་སུ་ཐོད་ཆང༌། གཡོན་དུ་མེ་ལོང༌། རྒྱབ་ཏུ་ཁྱུང་ལྔའི་རིལ་བུ་སློབ་མའི་གྲངས་མཉམ་སྦྱིན་རྒྱུ་དང་རྐེ་ལ་འདོགས་རྒྱུའི་ཐུམ་པོ་བཅས། ༈ །གཏེར་སྟོན་དབོན་གསས་ཁྱུང་ཐོག་རྩལ་གྱི་ཡང་གཏེར། རྫོགས་ཆེན་ཀུན་བཟང་སྙིང་ཐིག་ལས། ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གི་དབང་ལ་དཀྱིལ་འཁོར་རམ་མཎྜལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་དང་ཆས་ལྡན། མདུན་དུ་ཚེ་འབྲང༌། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་མདའ་དར་བཅས་བཀོད། ༈ །རྟའུ་རོག་རྗེ་གླིང་པའི་རྟ་མགྲིན་ཡིད་བཞིན་འབར་བའི་ཚེ་སྒྲུབ་གསང་བ་རྨད་བྱུང་ལ། ཞི་དཀྱིལ་ལམ་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཚེ་བུམ་བྲིས་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས། མདུན་དུ་དཔལ་གཏོར་རྟ་མགྲིན་གྱི་སྐུ་ཙཀ་བཙུགས་པ། བུམ་པའི་གཡས་གཡོན་དུ་ཚེ་རིལ། ཚེ་ཆང༌། གཏོར་མའི་གཡས་གཡོན་དུ་ཕྲེང་བ། རྡོ་རྗེ་བཞག ༈ །ཉང་གཏེར་མཚོ་སྐྱེས་རྡོ་རྗེ་ལ། རས་བྲིས་ཀྱི་དཀྱིལ་འཁོར་རམ་མ་འཛོམ་ན་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་རིན་པོ་ཆེའི་བུམ་པ་ཆས་བཅུད་ལྡན་པའི་ཁར་ཐོད་པ་བདུད་རྩིས་གང་བར་གཞུང་གསལ་ཚེ་རྫས་སུམ་ཅུའི་རིལ་བུ་གཏབ་པའི་ཁར་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་གཉིས་བརྩེགས་ཀྱི་དབུས་སུ་ཧྲཱིཿལ་རྩ་སྔགས་དང་བཛྲ་གུ་རུས་བསྐོར་བ་དང༌། ཆོས་འབྱུང་གི་ཟུར་དྲུག་ལ་གཡུང་དྲུང་རེ་བྲིས་པས་བཀབ་པའི་སྟེང་དུ་དར་དམར་པོའི་གུར་ཕུབ་པ་ལ་གཟུངས་ཐག་རྡོ་རྗེ་བཏགས་པ་དང་དེའི་གཡས་སུ་ཚེ་རྒྱས་རིན་པོ་ཆེ་ཟུར་བརྒྱད་པའི་རྣམ་པ་ཅན་རིལ་བུས་བསྐོར་བ་དང༌། གཡོན་དུ་དཔལ་གཏོར་རིན་པོ་ཆེ་འབར་བའི་རྣམ་པ་ཅན་པདྨ་འདབ་བཞིས་བསྐོར་བ་རྣམས་བཀོད། དབང་བསྐུར་བའི་འཁོར་ལོ་གཞུང་གསལ་བྲིས་ནས་བལྟེབས་ཆིངས་གཡོགས་བཅས་བྱས་པ་འཛོམ་ན་སློབ་མའི་གྲངས་མཉམ་པ་དབུས་ཀྱི་བུམ་པ་ལ་བརྟེན་ཏེ་དགོད། གཞན་ཡང་ཚེ་རིལ་ཆང༌། ཚེ་མདའ། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱང་དགོད། ༈ །ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལ། སྟ་གོན་རྫས་བཞི། ཁྲུས་དབང་ལ་མཎྜལ་མེ་ཏོག་གི་ཚོམ་བུ་བཀོད་པའི་ཁར་བུམ་པ་དྲི་ཆབ་ཉེར་ལྔའི་རྫས་དང་ཆུ་ཤེལ་གྱི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་རིགས་ལྔའི་ཕྱག་མཚན་དང་བཅས་པ་བཀོད། བཀྲ་ཤིས་རྟགས་བརྒྱད། རྒྱལ་པོ་སོགས་རིན་ཆེན་བརྒྱད་ཀྱི་ཙཀ་ལིའང་བཞག །དངོས་བཞི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་ཁྲིའུ་རྣམ་བུམ་ཉེར་ལྔའི་རྫས་དང་ཆིངས་དཀར་ཅན་བཞག །དེའི་ཁར་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀ་ཏས་བཀང་བའི་སྟེང་མེ་ལོང་ལ་མཚལ་ལམ་སིནྡྷུ་རས་ཡིག་དྲུག་བྲིས་པས་བཀབ། ནང་དབང་རྫས། དབུ་རྒྱན། ཅོད་པན། རྡོ་རྗེ། དྲིལ་བུ། ཤེལ་ཕྲེང༌། སྦ་ལྕགས་ཚིགས་གསུམ། ཁྱད་པར་རྫས། ལྷ་ཙཀ་ཉེར་གཉིས། དངུལ་གྱིས་བྲིས་པའི་ཡིག་དྲུག །པུསྟི། ཁྲི་གདུགས་ཙཀ་ལི་རྣམས་ཅི་བདེར་བཀོད། ཕྲིན་ལས་བཞིའི་དབང་རྫས་ཤར་དུ་དངུལ་བུམ་ནང་དྲི་སྨན་རིན་པོ་ཆེ་ཆུ་སྣ་འོ་མས་བཀང་བ་ཆུ་ཤེལ་དང་བཅས་པ། མགུལ་ཆིངས་དཀར་པོ་ཁ་རྒྱན་མེ་ལོང་ལྡན་པ། ལྷོར་ཚོགས་གཏོར། དཀར་གསུམ། མངར་གསུམ་ཁུར་བ། ཤ་བཙོས་སྲེགས་རློན་པ་དང་བཅས་པ། ནུབ་ཏུ་ཟངས་གཞོང་དུ་དབང་གཏོར་ཟླ་གམ་དམར་པོ་རྒྱ་སྐྱེག་དང་སིནྡྷུ་རས་བྱུགས་ཤིག་ཆང་དང་སྨན་སྣ་བཅས་པ། བྱང་དུ་ཟངས་སམ་སེང་ལྡེང་ཕུར་པ་རྟ་ཞལ་ཅན། མདུན་ངོས་སུ་ཚེ་བུམ་མགུལ་ཆིངས་དམར་པོ་དྲི་ཆབ་དང་སོ་ལྔས་བཀང་བའི་ཁར་ཚེའི་འབྲང་རྒྱས་བཞག་པ་དང་ཚེ་རིལ་ཚེ་ཆང༌། རྒྱབ་ཏུ་སྨན་གྱི་ཕོ་བྲང་རྣམས་ཀྱང་དེ་དག་གི་དབང་བསྐུར་ཆེད་དུ་བཀོད། ལས་བྱང་ནས་བཤད་པའི་ལས་བཞིའི་འབུལ་གཏོར་སོགས་ཚོགས་པར་བྱའོ། ༈ །སྤྲུལ་སྐུ་ར་ཤག་ཆེན་པོའི་མ་མོ་སྒང་ཤར་ལ་སྟ་གོན་རྫས་བཞི་དང་མཆོད་པ་ལྔ༌། རས་བྲིས་ཀྱི་དཀྱིལ་འཁོར་སྟེང་ཕྱོགས་བཞི་དབུས་ལྔར་ཐོད་པ་ཆང་གིས་བཀང་བ་ལྔའི་ནང་དུ་བདུད་རྩི་ལྔའི་རིལ་བུ་སོ་སོ་ཡོད་ན་དབང་གཞུང་ལྟར་སོ་སོར་བཏབ། མེད་ན་ཐམས་ཅད་ལ་ཆོས་སྨན་བཏབ་པ་བཀོད། མདུན་དུ་གཙོ་འཁོར་བདུན་ཅུ་རྩ་དྲུག་གི་ལྷ་ཙཀ་ཚང་བ། ཕྱག་མཚན། ཐོད་པའི་བདུད་རྩི། ཤ་ཆེན། ཐོད་རྔ། མདའ་གཞུ། ཕུར་པ། རལ་གྲི་མཚོན་ཆའི་འཁོར་ལོ་རྣམས་དངོས་སམ་ཕྱོགས་བསྡུས་ཀྱི་ཙཀ་ལི། གཡས་སུ་དབུ་རྒྱན་ཅོད་པན་རྒྱབ་ཏུ་རྡོ་རྗེ་རྩེ་དགུ། དེའི་གཡོན་དུ་དྲིལ་བུ། བར་མཚམས་སུ་གསང་ཐོད་མངར་གསུམ་སྨན་སྦྱར། རིག་ཙཀ །དུར་ཁྲོད་ཆས་ཙཀ །རྗེས་གནང་མེ་ལོང༌། རལ་གྲི་ནས་འཁོར་ལོའི་བར་ཕྱག་མཚན་ལྔ༌། རྐང་གླིང་བཅས་བཞག་གོ། ༈ །བྱང་གླིང་ཀུན་བཟང་ཐུགས་གཏེར་གྱི་བླ་སྒྲུབ་རྩ་དབང་ལ། སྟ་གོན་རྫས་བཞི། ཏིལ་སྦྱོང༌། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་བཞི། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་རྣམ་བུམ་ཆིངས་སྔོན། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ། སློབ་དཔོན་དབང་ཆས་དུང་འཁོར་ལོ་སོགས་མདོར་བསྡུས། གསང་ཐོད། མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན། ཁ་ཊྭཱྃ་ཌཱར་དྲིལ་བཅས་བཀོད། ༈ །དོན་དབང་ལ་ཚོམ་བུའི་སྟེང་བླ་གཏོར། གཡས་གཡོན་དུ་ཐོད་པའི་བདུད་རྩི། སིནྡྷུ་རའི་མེ་ལོང་བཅས། ༈ །རྩ་དབང་མཇུག་གི་སྤུ་གྲི་མཆེད་གསུམ་དམར་གཏོར་གསུམ་དར་གདུགས་ཅན། དམ་ཅན་གཏོར་མ་མཁར་ཐབས་ཅན་སྤྱི་འགྲོ་བཀོད། ༈ །བྱང་གླིང་ཞི་ཁྲོ་ཕུར་གསུམ་ལ། སྟ་གོན་རྫས་བཞི། མཆོད་པ་བཞི་བསྣོལ། དཀྱིལ་འཁོར་རམ་ཚོམ་བུ་དབུས་དང་མདུན་དུ་ཆེ་ཆུང་གཉིས་བཀོད་པའི་སྟེང་མཉྫིའི་ཁར་འབྲུ་སྣོད་དུ་ཡང་དག་ཐོད་སྐུ། དེའི་གཡས་གཡོན་དུ་རུ་ལུའི་སྔགས་བྱང༌། མར་མེ་རྣམས་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་ཆིངས་སྔོན་ཁ་རྒྱན་བཅས། མཐའ་བསྐོར་དུ། ཞི་བའི་ཕན་དབང་ཆས་ལ། ཀུན་བཟང་ཡབ་ཡུམ། ཞི་ལྷ་ཚང་བའམ་རིགས་ལྔ་ཡབ་ཡུམ། དཔའ་བོ་འབྲུ་ལྔ། དབུ་རྒྱན། རྣམ་བུམ། རིན་ཆེན་ཕྲེང༌། དར་དམར་མཐིང་ཅོད་པན། རྡོ་རྗེའི་གོ་ཁྲབ་རྒྱལ་མཚན། གདུགས། བཟའ་བཅའ་བཏུང་བ་རྣམས་དང༌། ནུས་དབང་ཆས་གླེགས་བམ། ཕྲེང་བ། རྒྱ་གྲམ། དུང་ཕྱག་ཤིང༌། འཁོར་ལོ། རིགས་ལྔའི་ཕྱག་མཚན་ཕྱོགས་བསྡུས། ཁྲོ་དབང་ཆས་ཐོད་སྐམ་དབུ་རྒྱན། རྡོར་དྲིལ། ཁ་ཊྭཱྃ་རྔེའུ་ཆུང༌། ཐོད་ཁྲག །རྒྱུ་ཞགས། ཁྱུང༌། ཁྲག་ཞག་ཐལ་གསུམ། ཐོད་པ་ཚར་གསུམ། སྦྲུལ་ཆུན། གླང་ཞིང་སྟག་ལྤགས། རྡོ་རྗེའི་གཤོག་པ། རལ་མཐིང༌། མེ་ཕུང༌། ཁྲག་འཐུང་རིགས་ལྔ། ཐོད་པ་བདུད་རྩི་ལྔས་བཀང་བ། མདུན་དུ་སྲས་མཆོག །ཕུར་བུ། ཉུངས་གུར་རཀྟ། ཕྲེང་བ་དང་འདོད་ཡོན་ལྔ། ལྕགས་ཀྱུ་ཞགས་པ་རལ་གྲི་མནན་སྲེག་འཕང་ཆས། རིགས་ལྔའི་ཕྱག་མཚན་དྲིལ་བུ་བཅས་ཕྱོགས་བསྡུས། རྒྱབ་སོགས་སུ་གསང་ཐོད། རིག་ཙཀ་མགོན་པོ་དང་ལྷ་མོའི་གཏོར་མ་དར་གདུགས་མཐིང་ནག་ཅན་བཀོད། ༈ །དེའི་ཆ་ལག་ཚེ་སྒྲུབ་སྨན་མར་གྱི་དབང་ལ། དཀྱིལ་འཁོར་ཅི་རིགས་དབུས་བུམ་པའི་ཁར་ཐོད་པ་བཅུད་ལེན་སྨན་མར་རིལ་བུས་བཀང་བ་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པ་བཞག་གོ། ༈ །གྲུ་གུ་ཡང་དབང་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ལ། དཀྱིལ་འཁོར་སྟེང་ཕུར་བུ་རྟ་ཞལ་ཅན། ཡུངས་ཀར་དང་ཅོད་པན་གདགས་པ་ཕུར་སྟེགས་ལ་གཟུག །དེ་སྟེང་འཕྲུལ་སྟེགས་ལ་བུམ་པ་ཆིངས་དམར་ཁ་རྒྱན་ལ་གཙོ་བོ་ཡབ་ཡུམ་དང་ཁྱུང་ཙཀ་བཅས་པ། དེ་སྟེང་ཐོད་པའི་བདུད་རྩི་དར་དམར་གྱི་ཁེབས་ལྡན། མདུན་སོགས་སུ་ལྷ་ཙཀ་ཆ་ཚང༌། རིགས་ལྔའི་དབུ་རྒྱན། རིག་ཙཀ །བུདྡྷ་ཧེ་རུ་ཀ །འབྲུ་གསུམ་དཀར་དམར་མཐིང་གསུམ། མེ་ལོང༌། ཤེལ་རྡོ་མེ་ཕུང༌། དུར་ཁྲོད་ཆས་སོ་སོ་བ། རྫས་རྒོད་དོང་བུ། རྡོར་དྲིལ། ཐོད་རྔ། རྐང་གླིང༌། སྨན་རཀ་གཏོར་གསུམ། གཞུང་པོད་བཅས། ༈ །དྲེགས་པ་བཅོ་བརྒྱད་རྗེས་གནང་ལ། དཀྱིལ་འཁོར་དབུས་སུ་སྟེགས་བུར་དཔལ་ཆེན་པོའི་སྐུ་དང་བུམ་པ། ཤར་དུ་དཔལ་གཏོར། ལྷོར་རྭ་སྲུང༌། ནུབ་ཏུ་མཐིང་ཤོག་ལ་སྔགས་བྱང་ལི་ཁྲིས་བྲིས་པ། བྱང་དུ་ཕུར་པ་ཁྲོ་ཞལ་ཅན། རིགས་ལྔའི་དབུ་རྒྱན་དང་མེ་ཏོག་ཕྲེང་བ། དྲེགས་པ་བཅོ་བརྒྱད་ཀྱི་སྐུ་ཙཀ །གཏོར་ཆུང་ཟུར་གསུམ་དེ་གྲངས། དྲེགས་པའི་གཏོར་ཆེན་ཀྱང་གཞི་མདུན་བཀོད། ༈ །རྡོར་གླིང་བླ་མ་བཀའ་བརྒྱད་འདུས་པ་ལ། སོ་ཤིང༌། སྲུང་སྐུད་སྣ་ལྔ། ཀུ་ཤ་རྣམས་བསྡོགས། དཀྱིལ་འཁོར་སྒོ་རྫོགས་སམ་བླ་མའི་ཕོ་བྲང་གནམ་འབབ་མའི་མཎྜལ་གྱི་དབུས་སུ་རྣམ་རྒྱལ་བུམ་པའི་ཁ་རྒྱན་ལ་ཐོད་ཕྲེང་རྩལ་དང་རྟ་ཕག་ཡབ་ཡུམ་གྱི་སྐུ་ཙཀ་གིས་བརྒྱན་པ་དང༌། དེ་མཉམ་ཐོད་ཕྲེང་སྡེ་ལྔ་དང་མཁའ་འགྲོ་རིགས་ལྔ་ཡབ་ཡུམ་ཕྱོགས་བསྡུས་ཀྱི་ཙཀླི་བཞག །དེ་ལྟར་འཕྲུལ་སྟེགས་ལ་བྷན་དྷ་མཚན་བཟང་དུམ་གཅིག་པ་འབྲུ་སྨན་གྱིས་བཀང་བའི་ནང་དུ་གསང་འདུས་ཡབ་ཡུམ་གྱི་སྐུ་བཞག །དེ་སྟེང་མཉྫི་ལ་གཏོར་མ་རིན་ཆེན་ཟུར་བརྒྱད་དར་གདུགས་ཀྱིས་སྤྲས་པ་བཀོད། ཤར་དུ་དཔལ་གཏོར་གུ་རུ་ཟ་ཧོར་མའི་སྐུ། ལྷོར་ཐོད་པའི་སྣོད་དུ་དཔལ་གཏོར་དང༌། བློ་ལྡན་མཆོག་སྲེད། ནུབ་ཏུ་རྨ་བྱའི་སྒྲོ། མར་མེ། ཉི་མ་འོད་ཟེར། བྱང་དུ་ཀ་པཱའ་ལ་ཆང་གིས་བཀང་བ། མེ་ལོང་དང༌། སེང་གེ་སྒྲ་སྒྲོག །ཤར་ལྷོར་ཐོད་ཆང་དང་པདྨ་སམྦྷ། ལྷོ་ནུབ་ཏུ་མེ་ལོང་དང་པདྨ་རྒྱལ་པོ། །ནུབ་བྱང་དུ་རྡོར་དྲིལ་དང་ཤཱཀྱ་སེང་གེ། །བྱང་ཤར་དུ་སེང་ལྡེང་ཕུར་པ། ཨོ་རྒྱན་དང༌། རྡོ་རྗེ་གྲོ་ལོད་རྣམས་ཀྱི་སྐུ་ཙཀ །མདུན་དུ་མེ་ལོང༌། གཏོར་མ་ལ་སྐུ་ཙཀ་དར་གདུགས་ཅན་དང༌། ཕུར་པ། རལ་གྲི་རྣམས་བཞག །གཞན་གང་བདེར་གསང་རྫས་ཐོད་ཆང༌། རིག་ཙཀ །ཆོས་བཀའ་འདི་ཉིད་ཀྱི་གླེགས་བམ་དང་ཅོད་པན། མར་མེ། བུར་ཆང༌། པདྨ་འདབ་དྲུག་སྟེང་མཆོད་རྟེན་བང་རིམ་དགུ་པ། རྒྱལ་སྲིད་དང་རྟགས་བརྒྱད་སོ་སོར་བྲིས་པ་རྣམས་ཀྱང་བཀོད། ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་དྲག་མཆོད། ནུབ་ཏུ་སྨན་གཏོར་རཀྟ། བྱང་དུ་ཚོགས་ཀྱི་ཡོ་བྱད་རྣམས་བཤམ། ༈ །དོན་དབང་ལ་དཀྱིལ་འཁོར་དབུས་ཁྲིའུའི་སྟེང་རྣམ་བུམ་མགུལ་ཆིངས་བཅུད་དང་ལྡན་པའི་ཁར་ཐོད་པ་བདུད་རྩི་ལ་ཨ་མྲྀ་ཏས་བཀང་བ་བཞག་ལ་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པས་བཀབ། དེ་སྟེང་ཤེལ་རྡོ་དང་གུ་རུའི་སྐུ་ཚབ་བཞུགས་སུ་གསོལ། མདུན་རྒྱབ་གང་བདེར་གཏོར་མ་རིན་ཆེན་ཟུར་བརྒྱད་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། ༈ །རྡོར་གླིང་ཧཱུྃ་སྐོར་སྙིང་ཐིག་གི་ཕོ་སྒྲུབ་དང་འབྲེལ་བ་བུམ་པའི་དབང་ལ། མཎྜལ་པདྨ་འདབ་བཞི་འཇའ་རིས་མུ་ཁྱུད་ལྔ་ལྡན་གྱིས་བསྐོར་བའི་དབུས་སུ་བུམ་པ་སོ་ལྔའི་རྫས་དང་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ། པད་འདབ་ཤར་དུ་ཏིང་ཕོར་ཆུས་བཀང་བ། ལྷོར་ས་གྲུ་བཞི། ནུབ་ཏུ་མར་མེ། བྱང་དུ་རླུང་གཡབ་རྣམས་བཞག །དེའི་རྒྱབ་ཕྱོགས་བླ་མའི་གཏོར་ཆེན་བཤམ། སྔོན་འགྲོ་སྦྱིན་སྲེག་ལ་ཞི་བའི་མེ་ཐབ་སྤྱི་འགྲེ་བྲིས་པའམ་ཐབ་སྟེགས་དཀར་ཟླུམ་འབྲུ་ཚོམ་དཀར་པོ་གཙོ་འཁོར་ལྔ་བཀོད་པའི་ཁར་བུད་ཤིང་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡོན་ཕྱོགས་སུ་འབུལ་གཏོར་དཀར་ཟླུམ་དང་སྨན་རཀ་ཆུ་གཉིས་ཉེར་སྤྱོད། གཡས་ཕྱོགས་སུ་བ་ལུ་སོགས་ཀྱི་ཡམ་ཤིང་བདུན་ནམ་ཉེར་གཅིག །མར་ཁུ། ཏིལ་དང་ཡུངས་ཀར་རྣམས་བཀོད། ༈ །གཉིས་པ་ཟུང་འཇུག་དང་འབྲེལ་བར་གསང་དབང་ལ། དཀྱིལ་འཁོར་སྒོ་རྫོགས་སམ་ཕྱོགས་མདོག་གི་ཐིག་ལེ་ལྔ་ཚོམ་རེ་རེ་བཞིན་འཇའ་རིས་ཀྱི་མུ་ཁྱུད་ལྔ་དང་མཐའ་བསྐོར་མུ་ཁྱུད་འཇའ་རིས་སྣ་ལྔས་བསྐོར་བའི་དབུས་སུ། བུམ་པ་སོ་ལྔ་དང་སྦྲང་ཆང་གི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དཀར་པོས་སྤྲས་པ། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན་འབར་བ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་དང༌། རིགས་ལྔ་ཡབ་ཡུམ་གྱི་ཙཀ་ལི། བགྲང་ཕྲེང༌། དབྱངས་གསལ་དང༌། འཁོར་བ་དོང་སྤྲུགས་ཀྱི་སྔགས་བྱང་རྣམས་བཞག །རྒྱབ་ཕྱོགས་སུ་ཡི་དམ་གྱི་གཏོར་ཆེན་བཤམ། ༈ །གསུམ་པ་མོ་སྒྲུབ་དང་འབྲེལ་བར་ཤེར་དབང་ལ། མཎྜལ་པདྨ་འདབ་བཞིའི་སྟེང་དུ་ཐོད་པའི་བདུད་རྩི་ཆོས་སྨན་མངར་གསུམ་སྦྱར་བ་དང་རྡོར་དྲིལ། རྟ་མགྲིན་ཧེ་རུ་ཀའི་སྐུ་ཙཀ་དང་རྒྱབ་ངོས་མཁའ་འགྲོའི་གཏོར་མ་བཤམ། ༈ །བཞི་པ་ཚིག་དབང་ལ། དཀྱིལ་འཁོར་འཇའ་རིས་ཀྱི་ཐིག་ལེ་ཉི་ཤུ་རྩ་ལྔའི་མཐར་མུ་ཁྱུད་འཇའ་ཚོན་གྱིས་བསྐོར་བའི་དབུས་སུ་ཤེལ་རྡོ་དང་རྨ་བྱའི་མདོངས་བཞག ༈ །ལྔ་པ་གདམས་གཏད་དབང་ལ་བཤམ་བཀོད་ཟུར་དུ་མི་དགོས། བུམ་པ་སོགས་དབང་ཆས་རྣམས་སྣོད་གཅིག་ཏུ་བསྡུ་དགོས་པ་དང་གཞུང་པོད་གླེགས་བམ་གཏོད་རྒྱུར་འཇོག ༈ །རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ནི་མཚན་མའི་དབང་རྫས་ལ་མི་ལྟོས་ཀྱང་མཚོན་བྱེད་ཙམ་དུ་མཎྜལ་པདྨ་འདབ་བརྒྱད་མཛེས་ཚོན་འཇའ་རིས་སྣ་ལྔས་བསྐོར་བའི་དབུས་སུ་ཁྲིའུའི་སྟེང་རིན་པོ་ཆེའི་བུམ་པ་ལྔ་ཚན་ལྔའི་བཅུད་དང་མགུལ་ཆིངས་མཐིང་ག །ཁ་རྒྱན་ཤིང་ལོ་མེ་ཏོག་འབྲས་བུ་དང་བཅས་པ་གཟུག །མདུན་དུ་མེ་ལོང་གཡའ་མེད་པའི་སྟེང་ཤེལ་སྒོང་ཟུར་བརྒྱད་དང་རྨ་བྱའི་སྒྲོ་མདོངས་བཞག ༈ །མངའ་རིས་གྲུབ་ཆེན་གྱི་ཡིག་དྲུག་གསོལ་འདེབས་ཀྱི་རིག་གཏད་ལ་མཎྜལ་པདྨ་འདབ་མ་དྲུག་པའི་སྟེང་ཁྲིའུར་འགྲོ་འདུལ་སྐུ་བརྙན། འདབ་དྲུག་ལ་མ་ཎི་འབྲུ་དྲུག་གི་ཙཀ་ལི། གཡས་སུ་བུམ་པ་ཆིངས་དཀར། གཡོན་དུ་ཤེལ་ཕྲེང་དང་པད་དཀར་ཙཀ་ལི་བཀོད། ༈ །འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ་ལ་དབང་གི་རྣམས་གྲངས་བདུན་ལས། དང་པོ་ཁྲུས་དབང་ལ། སྟེགས་བུའི་དབུས་སུ་རྣམ་བུམ་མགུལ་ཆིངས་དཀར་པོ་དང་ལས་བུམ་དམར་པོ་ཅན། ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གྱིས་སྤྲས་པ་བཞག །གཉིས་པ་བགེགས་སྦྱོང་སྟ་གོན་དབང་ལ། དཀྱིལ་འཁོར་གཞུང་གསལ་གྱི་དབུས་དང་ཕྱོགས་བཞིར་དཔལ་གཏོར་ལྔ་ལ་བུདྡྷ་སོགས་རྟ་མགྲིན་རིགས་ལྔའི་ཙཀ་ལི་བཙུགས་པ་དང༌། ཤར་དུ་དབང་བུམ། བྱང་དུ་ཁྲུས་བུམ་བཀོད། ཕྱི་མཆོད་བསྐོར་བཤམ། དཔུང་སྐུད་ཚོན་སྣ་ལྔ་བསྒྲིམ་མམ་གང་འབྱོར། ཀུ་ཤའི་ཆུན་པོ། ལྕགས་སྣོད་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རིས་བསྐོར་བའི་སྟེང་དུ་སྐྱེར་པ་སོགས་དྲག་ཤིང་གྲུ་གསུམ་དུ་བརྩེགས་པ། མཆོད་རྫས་སྨན་རཀ་གཏོར་མ། མེ་རྫས་དུག་ཁྲག་མུ་ཟི་གུ་གུལ་ནག་པོ་རྟ་སྦང་ཕྱེ་རྣམས་མར་ནག་གམ་ཨ་རག་གིས་ངར་བཏགས་པ་དང༌། སྤྱི་མཐུན་ཉེར་མཁོའི་ཡོ་བྱད་དུ་བྱ། གསུམ་པ་བུམ་དབང་ལ། དཀྱིལ་འཁོར་གཞུང་གསལ་དབུས་ཁྲིའུའི་སྟེང་རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཅན་གྱི་ཁར་འོད་དཔག་མེད་དང་སྤྱན་རས་གཟིགས་རིགས་ལྔའི་ཙཀ་ལི་བཀོད། ཤར་དུ་རྡོར་དྲིལ། ལྷོར་དབང་གཏོར། ནུབ་ཏུ་ཐོད་ཁྲག །བྱང་དུ་སྨན་ཐོད། པད་འདབ་བརྒྱད་ལ་ཞལ་ཟས་བརྒྱད་བཀོད་པ་ལ་ཤར་དུ་ལྷ་དབང་སོགས་ཐུབ་དྲུག་ཙཀ་ལི་གཡས་བསྐོར་དུ་བཙུགས། བྱང་དང་བྱང་ཤར་གཉིས་ལ་མི་དགོས། སྒོ་བཞིར་དཔལ་གཏོར་བཞི་ལ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། འཁྱིལ་བ་བཞིའི་ཙཀ་ལི་བཙུགས། རྒྱལ་སྲིད་དང་རྟགས་བརྒྱད་སོ་སོ་བ། འདིའི་རྒྱལ་སྲིད་ལ་འཁོར་ལོའི་ཚབ་ཏུ་རྒྱལ་པོ་རིན་ཆེན་ཕྱག་ན་གསེར་འཁོར་བསྣམས་པ་དགོས། འདི་མཚུངས་རྡོར་གླིང་སོགས་གཏེར་རྙིང་གཞན་ལའང་སྣང་བས་དཀྱུས་འགྲེས་ཁྱད་གསོད་མི་རུང་བ་འདྲ། བྱང་དུ་དམ་ཆུ། ཤར་དུ་ཁྲུས་བུམ་བཅས་བཤམ། བཞི་པ་གསང་དབང་ལ། དཀྱིལ་འཁོར་དབུས་མཉྫིའི་སྟེང་རྣམ་བུམ་དུ་སོ་ལྔའི་རྫས་ལ་ཡིག་བདུན་བཟླས་པས་བྱིན་གྱིས་བརླབས་པའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་ལྡན་པ་དང༌། ཨོཾ་དཀར་པོ་ལ་ཡིག་དྲུག་གིས་བསྐོར་བའི་གསུང་དཀྱིལ་བཀོད། དེ་རྒྱབ་འདབ་བཞིའི་ཤར་ནས་བརྩམ་ཧཱུྃ་སྔོན་པོ། ཏྲཱྃ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞི་ལ་རེ་རེ་བཞིན་ཡིག་དྲུག་གིས་བསྐོར་བའི་གསུང་དཀྱིལ་བཞི་བཀོད། ཡིག་དྲུག་ཀྱང་ཨོཾ་དཀར་པོ་སོགས་ཐུབ་དྲུག་སོ་སོའི་སྐུ་མདོག་ལྟར་བྲི་བར་གསུངས་པ་གྲུབ་ན་ལེགས། དེ་རྒྱབ་འདབ་བརྒྱད་ལ་ཕྱོགས་བཞིར་བུམ་པ་མཐིང་སེར་དམར་ལྗང་གི་དར་ཆིངས་ཅན་བྱང་སེམས་དཀར་པོ་དང༌། དཀར་གསུམ་བཅུད་ལྡན། མཚམས་གཞིར་ཐོད་པ་མཚན་ལྡན་བཞི་ཆང་དང་བྱང་སེམས་དམར་པོ་མངར་གསུམ་སྦྱར་བས་བཀང་བ་བཞག །ལྔ་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དཀྱིལ་འཁོར་གཞུང་མཐུན་བྲིས་པའི་ཟླ་གམ་དཀར་པོ་ལ། ཕོ་ཐོད་ནང་འཁོར་ལོ་རྩིབས་བཞིའི་དབུས་དང་རྩིབས་ལ་རིགས་ལྔའི་ས་བོན་བྲིས་པའི་ནང་དུ་བྱང་སེམས་དཀར་པོ་དང་དཀར་གསུམ་བྱུགས་ལ་དར་དཀར་གྱིས་བཀབ་པ་བཞག །ཟླ་གམ་དམར་པོར་མོ་ཐོད་ནང་པདྨ་འདབ་བཞིའི་དབུས་དང་འདབ་ལྔར་ཡབ་ཡུམ་ལྔའི་ས་བོན་བྲིས་པའི་ནང་དུ་བྱང་སེམས་དམར་པོ་དང་མངར་གསུམ་བླུགས་ལ་དར་དམར་གྱིས་བཀབ་པ་བཞག །དེ་རྒྱབ་འདབ་བཞིའི་ཤར་དུ་རྣམ་བུམ། ལྷོར་དབུ་རྒྱན། ནུབ་ཏུ་དབང་གཏོར། བྱང་དུ་རྡོར་དྲིལ་དང་ཁྲུས་བུམ། གཞན་ཡང་དཔའ་བོ་དང་རིག་མའི་ཙཀ་ལི་འདུ་བྱ། དྲུག་པ་ཚིག་དབང་རིན་པོ་ཆེ་ལ། དཀྱིལ་འཁོར་དབུས་དང་ཕྱོགས་བཞིར་མཆོད་རྟེན་དཀར་མཐིང་སེར་དམར་ལྗང་གུ་ལྔ་དང་མེ་ལོང་རེ་རེ་བཞག །བདུན་པ་རིག་པའི་རྩལ་དབང་ལ། དཀྱིལ་འཁོར་དབུས་སུ་སྤྱན་རས་གཟིགས་ཀྱི་སྐུ་རིན་པོ་ཆེ་ལས་གྲུབ་པ་བཞག །མཐར་དར་ཁ་དོག་ལྔ་སོ་སོར་བཏིང་བའི་སྟེང་དུ་ཁ་དོག་སྣ་ཚོགས་པའི་སྣོད་རྣམས་སུ་ཆུ་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་ལྟ་བུའི་བཅུད་ཀྱང་དེ་མཚུངས་བླུགས་པ་དང༌། ཤེལ་རྡོ་མེ་ལོང་བཀོད། ༈ །མཆོག་ལྡན་མགོན་པོའི་གཉེན་པོ་ལྷ་ལྔ་ལ་དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་གཅིག་པའི་སྟེང་དུ་བུམ་པ་ཆིངས་ནག་ཅན། མདུན་དུ་ལྷ་ལྔའི་ཙཀ་ལི་དང་རྟ་མགོ་ལྗང་ཞུར་རྔོག་མ་དམར་སེར་མར་ཟན་ལ་བཅོས་པ། གཡས་སུ་ཁྱུང་ལྔའི་རིལ་བུ་དང་ཐོད་ཕྲེང༌། རྒྱབ་ཏུ་ཚེ་འབྲང་རིལ་ཆང་བཅས་པ་དང༌། གནམ་ལྕགས་རྡོ་རྗེ། གཡོན་དུ་མེ་ལོང༌། གདབ་ཕུར་སྟེགས་ལ་གཟུག ༈ །ཚེ་གཡང་འགུགས་པ་ལ། གཏེར་བུམ། གཏོར་མ་རིན་ཆེན་འབར་བ་སེར་པོ་ ཁ་ཟས་བཟང་རྒུས་བསྐོར་བ། ཚེ་འབྲང་རིལ་ཆང༌། ཕྱེ་མར། མདའ་དར། གཡང་ཆང་བཅས། ༈ །གྲོལ་ཏིག་ཞི་ཁྲོ་ལ་དཀྱིལ་འཁོར་སྟེང་བུམ་པ་གསང་ཐོད་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་ཤེལ་རྡོ་རྣམས་བརྩེགས་ནས་བཀོད། ཞི་ཁྲོའི་ལྷ་ཙཀ་ཚང་བར་བཅས། ༈ །འཆི་མེད་མཚོ་སྐྱེས་སྙིང་ཏིག་གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ་ལ་རས་བྲིས་སམ་མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། གཡས་སུ་གསང་ཐོད། གཡོན་དུ་མེ་ལོང་དྭངས་པ་དང་རྟ་ཕག་ཡབ་ཡུམ་གྱི་ཙཀ་ལི། རྒྱབ་ཏུ་བླ་གཏོར་རྣམས་བཀོད། ༈ །འཆི་མེད་འཕགས་མའི་སྙིང་ཐིག་དབང་ཐམས་ཅད་ཀྱི་མཇུག་ཏུ་བཞག་ཡོད། ༈ །འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ལ་མཚན་ཉིད་ལྡན་པའི་གནས་ཁང་གཙང་མ་རྒྱན་གྱིས་སྤྲས་པའི་དབུས་སུ་སྟེགས་བུ་ལ་དཀྱིལ་འཁོར་གཞི་མཐིང་ག་ལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཙོ་བོའི་སྐུའམ་ཕྱག་མཚན་བྲིས་པའི་མཐའ་བསྐོར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ། དེའི་དབུས་འཕྲུལ་སྟེགས་ལ་བུམ་པ་མགུལ་ཆིངས་དཀར་པོ་སོ་ལྔའི་བཅུ་ལྡན་གྱི་སྟེང་དུ་ཀཱ་པ་ལ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷཱུ་ར་བརྡལ་བའི་ལྟེ་བར་ཨ། དེ་རྒྱབ་སྔགས་འཁོར་བྲིས་པས་བཀབ། དེ་སྟེང་འཇའ་ཤེལ་བཅས་བརྩེགས་མར་བཀོད། མདུན་དུ་རིག་འཛིན་གསུམ་དང༌། ཀུན་བཟང་དང་ཆེ་མཆོག་གི་ཙཀླི། ཁྲི་གདུགས་རྡོར་དྲིལ་སོགས་སློབ་དཔོན་ཆས། གཡས་སུ་སྨན་གྱི་ཕོ་བྲང༌། གཡོན་དུ་ཚེ་འབྲང༌། ཚེ་ཆང༌། ཚེ་རིལ། རྒྱབ་ཏུ་ཚེ་མདའ་བཅས། སྨན་རག་གཏོར་གསུམ་ཕྱི་མཆོད་སོགས་ལག་ལེན་ལྟར་བཤམ། ལས་བུམ། མིག་དར། མེ་ཏོག སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ་སོགས་ལས་བྱང་ལ་དགོས་པ་རྣམས་ཀྱང་ཚོགས་པར་བྱའོ། ༈ །གྲུབ་ཐོབ་ཐུགས་ཏིག་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ། མདུན་སོགས་སུ་གྲུབ་ཆེན་ཐང་རྒྱལ་སྐུའམ་ཙཀ་ལི། ཨཱ་ལི་ཀཱ་ལིའི་སྔགས་བྱང༌། གསང་ཐོད། མཁའ་འགྲོ་སྡེ་ལྔ་དང་རིག་ཙཀ །ཤེལ་རྡོ་འཇའ་རིས། ཁ་ཊྭཱྃ་ཅང་ཏེའུ་ཐོད་པ། རྒྱབ་ཕྱོགས་བླ་གཏོར་རྒྱན་ལྡན་བཀོད། ཚེ་དབང་ལ། བུམ་པ། ཐོད་ཆང༌། ཚེ་རིལ། ཤེལ་རྡོ་མེ་ལོང་བཅས་ཕལ་ཆེར་སྔ་མས་འཐུས་པར་བྱས་ཀྱང་ཆོག ༈ །གྲུབ་ཐོབ་ཐུགས་ཐིག་གི་སྒྲུབས་ཐབས་སྐོར་ལྔ་ལ། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པ་འོག་མ་རྣམས་ལའང་འགྲེ། བླ་མ་ཞི་བ་ལ་དཀྱིལ་འཁོར་དབུས་རྐང་གསུམ་སྟེང་རྣམ་བུམ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་བཅས། ཁ་རྒྱན་གསེབ་བམ་མདུན་དུ་གུ་རུ་ཟ་ཧོར་མའི་སྐུ་ཙཀ །གཡས་གཡོན་མདུན་རྒྱབ་རྣམས་སུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། རྒྱུད་ཀྱི་གླེགས་བམ། མེ་ལོང༌། ཆོས་གོས་རྣམ་གསུམ། རིན་ཆེན་རུས་རྒྱན་ཕྱོགས་བསྡུས་ཀྱི་ཙཀ་ལི། གསང་ཐོད་བདུད་རྩི། རིག་ཙཀ །རྒྱབ་ཕྱོགས་སུ་བླ་མའི་གཏོར་ཆེན། སློབ་མར་བཀྱེ་རྒྱུའི་དངོས་གྲུབ་རྫས། མདུན་དུ་ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། རྫས་རྟགས་དང་རྒྱལ་སྲིད་ཙཀ་ལི། སྟེགས་ཟུར་པ་ལྟ་བུར་གར་བདེར་སྒོ་འབྱེད་ཁྲུས་བུམ། མར་མེ། ཆུ་བུམ། རྡོ་རྗེ། ལྷུང་བཟེད་ཆོས་གོས་གླེགས་བམ་ཕྱོགས་བསྡུས། རྟེན་འབྲེལ་བཅུ་གཉིས་གཟུགས་རིས་རྣམས་བཀོད། ཏིལ་སྦྱོང་སོགས་ཉེར་མཁོ་རྣམས་ཀྱང་བསྡོགས། ༈ །གུར་དྲག་ལ་དཀྱིལ་འཁོར་དབུས་སུ་བུམ་པ་ཆིངས་དམར། གུར་དྲག་གཙོ་བོའི་སྐུ། སྔགས་བྱང༌། ཕྱག་མཚན་རྡོ་རྗེའམ་མེ་ལོང༌། རྒྱབ་ངོས་སུ་དཔལ་གཏོར་དར་གདུགས་ཅན། ལས་ཕུར་རྣམས་བཀོད། ལྕགས་ཧོམ། ལིང་ག །བསྒྲལ་ཆས་རྣམས་འདུ་བྱ། ༈ །ཐུགས་རྗེ་ཆེན་པོ་ལ་དཀྱིལ་འཁོར་དབུས་བུམ་པ་ཆིངས་དཀར། འགྲོ་འདུལ་ཕྱག་བཞི་པ་ཡུམ་ཅན་སྐུ་ཙཀ །ཤེལ་ཕྲེང་སྔགས་བྱང༌། ཕྱག་མཚན་ཕྲེང་བ་པད་དཀར། མདུན་ངོས་མྱོང་གྲོལ་རིལ་བུམ་རྒྱབ་ཏུ་ཞི་གཏོར་དར་གདུགས་ཀྱིས་སྤྲས་པ་བཀོད། ༈ །རྟ་མགྲིན་ལ། དཀྱིལ་འཁོར་དབུས་རྣམ་བུམ་བཅུད་ལྡན་ཆིངས་དམར་ཅན། རྟ་མགྲིན་གཙོ་བོའི་སྐུ། སྔགས་བྱང་དང་རཀྴའི་ཕྲེང་བ། ཕྱག་མཚན་རྡོ་རྗེ་ཁ་ཊྭཱྃ་རལ་གྲི་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་ཕྱོགས་གཅིག་བྲིས་པ། རྒྱབ་ཏུ་དཔལ་གཏོར་རྟ་ཞལ་ཅན། གདབ་ཕུར། ལྕགས་ཧོམ་ལིང་ག །བསྒྲལ་ཆས། མེ་ཧོམ། གཏོར་ཟོར་སོགས་འདུ་བྱ། ༈ །ཕག་མོ་ལ། དཀྱིལ་འཁོར་དབུས་ཁྲིའུ་ལ་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་ཁར་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་བྃ་ཡིག་སྔགས་བྱང་གིས་བསྐོར་བས་བཅད་ལ། དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །གཙོ་མོའི་སྐུ། སྔགས་བྱང་ཐོད་ཕུར། མེ་ལོང༌། གཡས་སུ་བྷནྡྷ་ཁ་སྦྱོར་བདུད་རྩི་རིལ་བུས་བཀང་བ་ཆས་ལྡན། གཡོན་དུ་སྨན་གཏོར་རཀྟ་མར་མེ་རྣམས་སྣོད་གཅིག་ཏུ་བཞག་པ་རྣམས་བཀོད། ༈ །རྩ་གསུམ་འོད་གསལ་སྙིང་ཏིག་ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་ལ། སྟ་གོན་ཚོམ་བུ། རྫས་བཞི། དངོས་གཞི་ལ་རས་བྲིས་སྟེང་དུ་མཉྫིའི་ཁར་བུམ་པ། ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་དྲིལ་བུ། བྱང་དུ་རྡོ་དྲིལ་ལྷན་ཅིག་པ། དབུས་སུ་ཀུན་བཟང༌། བཀའ་བབ་རིག་འཛིན་བརྒྱད། བཀའ་བརྒྱད་དཔལ་དགུ། ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད་བཅས་ཀྱི་ལྷ་ཙཀ་ལྷ་དབང་ཡེ་ཤེས་ཆར་འབེབས་ལྟར། མཚམས་རྣམས་སུ་གསང་དབང་ཐོད་པ་ཆང་དང་ཨ་མྲྀ་ཏ་མངར་གསུམ་སྦྱར་བས་བཀང་བ། རིག་ཙཀ །མེ་ལོང༌། ཤེལ་རྡོ། སྒྲུབ་པོད། དུང་དཀར། དྲིལ་བུ། འཁོར་ལོ། སེང་ཁྲི་སོགས་སློབ་མ་མངའ་གསོལ་ཆས། དབང་གཏོར་རི་རབ་རིན་ཆེན་ཟུར་བརྒྱད་ཉི་ཟླའི་སྟེང་བླ་གཏོར་རྒྱན་སྤྲོས་ཙཀ་གདུགས་ཅན་བཅས། ༈ །རྩ་གསུམ་འོད་གསལ་སྙིང་ཐིག་གི་བྱིན་རླབས་བརྡ་ཡི་དབང་བཞི་ལ། རྩ་དབང་དང་སྦྲེལ་སྐབས་བཤམས་བཀོད་དང་དབང་སྒྲུབ་ལོགས་སུ་མི་དགོས། ༈ །གཏོར་དབང་བྱིན་རླབས་དཔལ་སྟེར་རྩ་དབང་དང་སྦྲེལ་སྐབས་བཤམས་བཀོད་དང་དབང་སྒྲུབ་ལོགས་སུ་མི་དགོས། ༈ །ཚེ་སྒྲུབ་འཆི་མེད་དྲྭ་བའི་དབང་བཞི་ཡེ་ཤེས་སྙིང་པོ་ལ། དཀྱིལ་འཁོར་རས་བྲིས་ཀྱི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་མདུན་དུ་ལྷ་ཙཀ་ཡོངས་རྫོགས། དེའི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང༌། གསང་ཐོད། རིག་ཙཀ མེ་ལོང༌། ཤེལ་རྡོ། དབང་གཏོར། བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་ཙཀླི། མདའ་དར་བཅས། ༈ །བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཀྱི་དབང་ལ། རས་བྲིས་སྟེང་འཕྲུལ་སྟེགས་ལ་འོག་ཏུ་རྣམ་རྒྱལ་བུམ་པ་བཅུད་ལྡན། སྟེང་དུ་བྷནྡྷ་ཁ་སྦྱོར་ནང་ཚུལ་བཞིན་སྒྲུབ་པའི་ཨ་མྲྀ་ཏས་བཀང་བ་དར་སྣ་ལྔས་གཡོགས་ཤིང་དབུ་རྒྱན་དང༌། གཡས་གཡོན་དུ་རྡོར་དྲིལ་བཅིངས་པའི་སྨན་གྱི་ཕོ་བྲང་དང༌། སྔགས་ཕྲེང་མེ་ལོང༌། དཔལ་གྱི་གཏོར་མ་གདུགས་མཐིང་བཅས། ༈ །རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབང་ལ། དཀྱིལ་འཁོར་དབུས་སུ་མཉྫི་ལ་ཞི་བྱེད་བདུད་རྩིའི་བུམ་པ་མགུལ་ཆིངས་དཀར་པོ་ཅན། ནང་བཅུད་སོ་ལྔའི་རྫས་ཀྱིས་གཏམས་པ། དེའི་མདུན་དུ་རྣམ་རྒྱལ་བུམ་པ། དཔལ་གཏོར་དར་གདུགས་དཀར་པོ། སྔགས་ཕྲེང་མེ་ལོང་བཅས། ༈ །རཏྣ་ཐོད་ཕྲེང་རྩལ་གྱི་དབང་ལ། རས་བྲིས་སྟེང་མཉྫི་ལ་རྣམ་བུམ་དང༌། བནྡྷ་གསེར་མདོག་རྒྱས་པའི་ལས་ལ་འོས་པ་འབྲུ་སྨན་དཀར་མངར་གྱི་ཟས་དང་བདུད་རྩི་ཆོས་སྨན་གྱིས་བཀང་བ་ལ་སྔགས་བྱང་གསེར་གྱིས་བྲིས་པའི་གཟུངས་བསྒྲིལ་ཀྱང་བཞག །དཔལ་གཏོར་དར་གདུགས་སེར་པོ། མདའ་དར། སྔགས་ཕྲེང༌། མེ་ལོང་བཅས། ༈ །པདྨ་ཐོད་ཕྲེང་རྩལ་གྱི་དབང་ལ། རས་བྲིས་སྟེང་མཉྫི་ལ་བུམ་པ། དཔལ་གཏོར་དར་གདུགས་དམར་པོ། སྔགས་ཕྲེང༌། མེ་ལོང༌། དགང་གཟར་བླུག་བཅས། ༈ །ཀརྨ་ཐོད་ཕྲེང་རྩལ་ལ་རས་བྲིས་བཀྲམ་པའི་སྟེང་ཟོར་གཏོར་ཐོག་མདེལ་གྱི་དབྱིབས་ཅན། གཙོ་བོས་སུམ་ཆ་ལས་དམའ་བའི་འཁོར་རང་འདྲ་བཞི། དེ་ལས་སུམ་ཆ་ཁྲི་བའི་དེ་རྒྱབ་བཞི་བཅས་ཕྱོགས་བཞིར་བཀོད། བར་རྣམས་མཐེབ་ཀྱུ་ཁྲག་སྐོང་གིས་ལྟེམས་ཤིང་ཐམས་ཅད་ཁ་དོག་ནག་པོ་འབའ་ཞིག་བྱ། སྤྲོ་ན་གཙོ་བོ་སྲིན་ཞལ་ཕྱུངས་ལེགས་དར་གདུགས་མཐིང་ག་ལ་གཞུང་མཐུན་སྐུ་ཙག་དང་ནང་ཁྲོལ། བ་སུ་ཏས་བརྒྱན། མཚེ་རྩང་སོགས་བཙུགས། བྱང་ཤར་ནས་གཡས་བསྐོར་གྱིས་དྲག་པོའི་ཉེར་སྤྱོད་མཆོད་པས་བསྐོར། གཡས་གཡོན་དུ་སྨན་རཀ ཐུན་གཏོར། གཏོར་ཆུང༌། རྣམ་བུམ། དཔལ་གཏོར་དར་གདུགས་ནག་པོ། མདའ་དར། སྔགས་ཕྲེང༌། མེ་ལོང༌། ལྕགས་ཧོམ་དུ་ལིངྒ། ཕུར་བུ། གསེར་སྐྱེམས་ཀྱི་སྣོད་བཅས། ༈ །ནང་སྒྲུབ་བླ་མ་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་དབང་ལ། དཀྱིལ་འཁོར་སྟེང་མཉྫི་ལ་རྣམ་རྒྱལ་བུམ་པ། ལྷ་ཙཀ་ཡོངས་རྫོགས། མེ་ལོང༌། གསང་ཐོད། རིག་ཙཀ ཤེལ་རྡོ། སྒྲུབ་སྐོར་གྱི་གླེགས་བམ། དབང་གཏོར་བཅས། ༈ །གསང་སྒྲུབ་བླ་མ་ཆོས་སྐུ་འོད་དཔག་མེད་ཀྱི་སྒྲུབ་ཐབས་འོད་གསལ་དྲྭ་བའི་སྨིན་བྱེདལ། རས་བྲིས་སྟེང་མཉྫིའི་ཁར་རྣམ་རྒྱལ་བུམ་པ། གསང་ཐོད་བདུད་རྩིའི་སྦག་པའི་མ་ད་ན། རིག་ཙཀ །ཤེལ་རྡོ། ལྷ་ཙཀ་ཚང་བ། མེ་ལོང༌། སྒྲུབ་པོད་བཅས། ༈ །གསང་སྒྲུབ་བླ་མ་ཆོས་སྐུ་འོད་དཔག་མེད་ཀྱི་སྒྲུབ་ཐབས་འོད་གསལ་དྲྭ་བའི་སྨིན་བྱེད་ལ། རས་བྲིས་ཀྱི་སྟེང་མཉྫིའི་ཁར་རྣམ་རྒྱལ་བུམ་པ་ཆས་ལྡན་བཅུད་ཀྱིས་སུམ་གཉིས་བཀང་བ། གསང་ཐོད་བདུད་རྩིའི་སྦག་པའི་མ་ད་ན། རིག་ཙཀ །ཤེལ་རྡོ། ལྷ་ཙཀ །མེ་ལོང༌། སྒྲུབ་པོད་བཅས། ༈ །ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས་ཀྱི་སྨིན་བྱེད་ལ། རས་བྲིས་ཀྱི་སྟེང་མཉྫིའི་ཁར་རྣམ་བུམ། གསང་དབང་གི་རྫས། བདུད་རྩི་བྷནྡྷ། རིག་ཙཀ །ཤེལ་རྡོ། སྒྲུབ་གཞུང་གི་གླེགས་བུ། ལྷ་ཙཀ །མེ་ལོང་བཅས། ༈ །འཇམ་དཔལ་དྲག་པོ་གཤིན་རྗེ་དམར་པོ་འཆི་བདག་ཟིལ་གནོན་གྱྀ་དབང་ལ། སྟེགས་བུར་མཎྜལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫིའི་སྟེང་བུམ་པ་བཅུད་ལྡན། དུར་ཁྲོད་དཔལ་ཆས་ཀྱི་ཙཀ་ལི། སྔགས་བྱང༌། ཐོད་དབྱུག་དང་དུང་ཁྲག་ཕུར་པ་རྣམས་དངོས་སཾ་ཙཀླི་གང་འབྱོར་བཅས། ༈ །རྟ་མགྲིན་འཆི་མེད་དབང་ཆེན་འདུས་པའི་ཡེ་ཤེས་སྒོ་འབྱེད་བྱིན་རླབས་སྣང་བ་ལ། རས་བྲིས་བཀྲམ་པའི་སྟེང་བུམ་པ། སྔགས་བྱང༌། རྡོ་རྗེའི་ཁ་ཊྭཱྃ་རལ་གྲི་བྷནྡྷ་མདུང་ཐུང་ཞགས་པ་བཅས་ཕྱག་མཚན་ཕྱོགས་བསྡུས། ཚེ་རིལ། ཚེ་ཆང༌། སྒྲོལ་ཕུར། ཤེལ་རྡོ་མེ་ལོང༌། དཔལ་གཏོར་སྨན་རག །བསྒྲལ་དབང་རྒྱས་པ་སྤྲོ་ན་ལྕགས་ཧོམ་དུ་ལིང་ག་སོགས་འདུ་བྱ། ༈ །རྣམ་པར་འཇོམས་པའི་དབང་བསྐུར་ལ། དཀྱིལ་འཁོར་བཀྲམ་པའི་སྟེང་མཉྫིའི་ཁར་བུམ་པ་རྫས་ལྡན་དབང་ཁྲུས་སྦྲག་མ་བྱེད་ན་བུམ་རྫས་ཉེར་ལྔའི་སྟེང༌། ཤེལ། རྡོ་རྗེ་ཕ་ལམ། ཨུཏྤལ་སྔོན་པོ། ཤུ་དག །གི་ཝྃ། ག་བུར་བཅས་སྦྱར་ཤིང་ཁྲུས་རྫས་བླུགས། སྔགས་ཕྲེང༌། ཕྱག་མཚན་རྡོ་རྗེ། ཤེལ་དང་མེ་ལོང༌། དབང་གཏོར་དཀར་ཟླུམ་རྣམས་དང༌། ཁྲུས་བླུད་བྱེད་ན་གཏོར་སྣོད་དུ་ཟན་གྱི་གྲུ་བཞི། ཟླུམ་པོ། ཟླ་གམ། གྲུ་གསུམ་གྱི་དབྱིབས་ཅན་གྱི་བཤོས་བུ་བཞི་རྒྱན་ལྡན་དང་དེའི་མདུན་དུ། སྐུ་གླུད་སེར་པོ། དཀར་པོ། དམར་པོ། ལྗང་གུ་བཅས་ལ་ཆང་བུ་ཏིང་ལོ་ནམ་རྒྱང་མཐའ་འཕང་འབྲུ་སྨན་དར་རས་རིན་ཆེན་སོགས་མཐུན་རྫས་ཀྱིས་གཏམས་པ་བཅས། ༈ །ཡང་ཕུར་སྦྲགས་མ་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ། རས་བྲིས་དབུས་སུ་མཚན་དང་ལྡན་པའི་བྷནྡྷའི་ནང་རོ་རས་ཀྱིས་དཀྲིས་པའི་སྡོང་བུ་དགུ་པའི་ཞུན་ཆེན་གྱི་མར་མེ་བྱས་པ་བཞག་ཏེ་མདུན་དུ་བླ་མའི་གཏོར་ཆེན་བཅས་ལ་སྨན་རཀ་དང་ཉེར་སྤྱོད་ཀྱིས་བསྐོར། ཕུར་པ་བཅས། ༈ །ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ། རས་བྲིས་བཀྲམ་པའི་ལྟེ་བར་ཕུར་གདན་ལ་ལྕགས་སམ་དྲག་པོའི་ཤིང་གི་སྒྲུབ་ཕུར་མཚན་ཉིད་དང་ལྡན་པ་དར་མཐིང་གའི་ཅོད་པན་ཅན་བཙུགས། མདུན་དུ་བླ་མའི་གཏོར་ཆེན། ལས་ཕུར་བཅས། ༈ །ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ལ། རས་བྲིས་སྟེང་མཉྫི་ལ་བུམ་པ་རྒྱན་ལྡན་བཅུད་ཀྱི་སུམ་གཉིས་བཀང་བ། སྐུ་ཙཀ །སྔགས་བྱང༌། རྡོར་སེམས་སྐུ་ཙཀ །དུར་ཁྲོད་དཔལ་ཆས། རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། ཁ་ཊྭཱྃ། མེ་ཕུང༌། ཕུར་པ་སྟེ་ཕྱག་མཚན་ཕྱོགས་བསྡུས་ཀྱི་ཙཀ་ལི། གསང་ཐོད། རིག་ཙཀ །གདབ་ཕུར། ལྕགས་ཧོམ་དུ་ལིངྒ། གཡབ་དར། མེ་ཧོམ། ཟོར་ཆས་ཕྱོགས་བསྡུས་མནན་ཆས་བཅས། ༈ །ཕག་དཀར་ཡེ་ཤེས་གསལ་བྱེད་ཀྱི་བྱིན་རླབས་ལ། རས་བྲིས་ཀྱི་ཆོས་འབྱུང་དཀར་པོ་བསྣོལ་མ་དུར་ཁྲོད་རྡོ་ར་མེ་རི་དང་བཅས་པའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྃ་ཡིག་གིས་མཚན་པ་དང༌། འདབ་མ་བཞི་ལ་ཐུགས་སྲོག་ཧ་རི་ནི་ས་ཞེས་པ་དགོད། དེའི་དབུས་སུ་མཉྫིའི་སྟེང་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོས་སྤྲས་པ་བཞག །དེ་སྟེང་ཐོད་པ་མཚན་ལྡན་བདུད་རྩིས་གཏམས་པའི་ཁར་སིནྡྷཱུ་རའི་མེ་ལོང་ཆོས་འབྱུང་བྃ་ཡིག་སྔགས་ཕྲེང་གིས་བརྒྱན་པ་བཅས། ༈ །རྡོ་རྗེ་ཕག་མོ་བདེ་ཆེན་དཀར་མོའི་ཚེ་སྤེལ་བའི་བྱིན་རླབས་ལ། དཀྱིལ་འཁོར་དབུས་སུ་ཚེ་འབྲང་ཐབས་ཤེས་ཀྱི་རྫས་ཚེ་རིལ་ཆང་གཡས་གཡོན་དུ་བཀོད། མདའ་དར་བཅས། ༈ །བཀའ་སྲུང་ལྕམ་དྲལ་དྲིལ་སྒྲུབ་ཀྱི་སྲོག་དབང་ལ། དྲག་པོའི་དཀྱིལ་འཁོར་སྤྱི་འགྲོའམ་མཎྜལ་འབྲུ་ནག་གི་ཚོམ་བུ་གསུམ་ཕྲེང་ཚར་དུ་བཀོད་པའི་སྟེང་གཏོར་མ་དཔུང་རོང་གྲུ་གསུམ། གཡས་སུ་གྲུ་གསུམ་གཡས་དཀྱུས། གཡོན་དུ་དམར་གཏོར་རྩེ་བཅད་བཅས་ལ་ཐེབས་སྐྱུ་ཤ་ཁྲག་ཤས་སྣས་བརྒྱན་ཅིང༌། དར་གདུགས་སྐུ་ཙག་གིས་སྤྲས་པ་དང༌། མགོན་པོ་མ་ནིང༌། གཟའ། སྔགས་སྲུང་གི་སྐུ་ཙཀ །སྔགས་བྱང༌། ཕྱག་མཚན་རྣམས་དང་བཅས། ༈ །ལྕེ་བཙུན་སྙིང་ཐིག་ལ། འོད་ལྔའི་དཀྱིལ་འཁོར་སྟེང་རྣམ་བུམ་ཨ་དཀར་གྱིས་མཚན་པའི་ཁར་ཐོད་ཆང༌། དེ་སྟེང་ཤེལ་རྡོ་བཞག ༈ །རྗེས་དྲན་བེ་རོའི་ཐུགས་ཏིག་ཚེ་སྒྲུབ་ཟབ་རྒྱ་ཅན་ལ། མཎྜལ་དཀྱིལ་འཁོར་སྟེང་ཚེའི་འབྲང་རྒྱས། གཡས་གཡོན་དུ་ཚེ་ཆང༌། ཚེ་རིལ་དཀར་མངར་བཟའ་བཏུང་བཅས་བཤམ། ༈ །དག་སྣང་ཙཎྜ་ལི་ལ་མཎྜལ་ཚོམ་བུ་དམར་པོ་གཅིག་པའི་སྟེང་རྣམ་བུམ། མདུན་དུ་ཚེ་འབྲང༌། ཐོད་ཆང་དང་བཅུད་ལེན་རིལ་བུ་གཡས་གཡོན་དུ་བཀོད། ༈ །མི་ཏྲའི་ཚེ་དཀར་ཕྱི་སྒྲུབ་ཀྱི་ཚེ་དབང་ལ་མེ་ཏོག་གི་ཚོམ་བུ་བཀོད་པའམ་རྒྱས་པར་སྤྲོ་ན་པདྨ་འདབ་མ་བརྒྱད་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་སྐུ་ཙག་གི་བརྒྱན་པ། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་ཚེ་མདའ་བཅས་སོ། ༈ །མི་ཏྲའི་ཚེ་དཀར་ནང་སྒྲུབ་ཀྱི་ཚེ་དབང་ལ་སྟེགས་ཀྱི་ཁར་རྒྱས་པར་སྤྲོ་ན་གཞལ་ཡས་སྤྱི་ལྟར་གྱི་དབུས་སུ་ཟླ་གམ་སྒོ་གཅིག་དམར་པོ་ལྟེ་བར་ལྷ་མཚན་ཅན་ནམ་ཚོམ་བུ་ལྔ་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་སྐུ་ཙག་གིས་བརྒྱན་པ། མདུན་དུ་གཏོར་མ། གཡས་སུ་གསང་རྫས། རྒྱབ་ཏུ་རིག་ཙག །གཡོན་དུ་མེ་ལོང་ཤེལ་རྡོ་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང༌། ཅི་བདེ་བར་ཚེ་རིལ། ཚེ་ཆང༌། ཚེ་མདའ་བཅས་སོ། ༈ །བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ལ། སྟེགས་བུའི་ཁར་འབྲུ་ཚོམ་དམར་པོའི་སྟེང་དུ་བྷནྡྷ་བདུད་རྩིས་བཀང་བ་དང་རྡོ་རྗེ་སེམས་དཔའི་མེ་ལོང་བཅས། ༈ །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་ལ། རས་བྲིས་ཀྱི་སྟེང་དུ་མཉྫིའི་ཁར་བུམ་པ་ཐོད་པའི་བདུད་རྩི་མེ་ལོང་སིནྡྷཱུ་ར་ལ་ཆོས་འབྱུང་མཚན་སྔགས་ཤེལ་རྡོ་བཅས། ༈ །བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལ། མཎྜལ་ཚོམ་བུ་ལྔ་པའི་ཁར་ཁྲིའུར་བྷནྡྷ་དུམ་གསུམ་ཆོས་སྨན་འབྲུ་ཡིས་བཀང་བའི་ནང་རིག་འཛིན་འདུས་པའི་སྲོག་འཁོར་བཅུག་པ་ལ་དར་གུར་ཕུབ། གཡས་སུ་རྣམ་བུམ། མདུན་དུ་བླ་མའི་སྐུ་བརྙན། གཡོན་དུ་གསང་ཐོད་རིག་ཙཀ་ཌཱ་རུ་ཁ་ཊྭཱྃ་རུས་རྒྱན་རྣམས་ཀྱི་ཙཀ་ལི། རྒྱབ་ཏུ་ཤེལ་རྡོ་དང་སྙིང་ཏིག་ཆེན་མོ་མ་བུ་གང་རུང་གི་གླེགས་བམ་རྣམས་བཞག ༈ །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པ་ལ། རས་བྲིས་ཀྱི་སྟེང་ཁྲིའུའི་ཁར་སྐུ་བུམ་པ། གསུང་བདུད་རྩི། ཐུགས་མེ་ལོང་སིནྡྷཱུ་ར། ཡེ་ཤེས་རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བཞི་བརྩེགས་ཀྱི་ཚུལ་དུ་བཤམ། ༈ །གྲུབ་ཐོབ་ཐུགས་ཏིག་གི་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་གོང་དུ་གྲུབ་ཟིན། ༈ །སྐུ་གསུམ་རིགས་འདུས་ཟབ་ཏིག་དབང་རྒྱས་ལ། རས་བྲིས་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་མདུན་དུ་རྡོར་དྲིལ་བསྣོལ་མ། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ་དང༌། གཞུང་མཐུན་ལྷ་ཙཀ་རྣམས་དང༌། གསང་ཐོད། རིག་ཙཀ །ཤེལ་རྡོ། སྔགས་ཕྲེང༌། མེ་ལོང་བར་དོ་དྲུག་གི་ངོ་སྤྲོད་ཀྱི་ཆས་པདྨའི་མྱུ་གུའི་སྐུའམ། ཞི་ཁྲོའི་ལྷ་ཙཀ་གཅིག་བསྡུས། མར་མེ། ཐིག་ལེ་དམར་པོ་ཧྲཱིཿས་མཚན་པ། ཨ་ཡིག་དཀར་པོ། རྡོར་སེམས་ལྟ་བུའི་སྐུ། དེའི་སྔགས་བྱང༌། ཕྱག་མཚན་གྱི་ཙཀ་ལི་རྣམས་དང༌། ཚེ་འབྲང༌། ཚེ་རིལ་ཆང༌། ཆོས་སྲུང་གི་གཏོར་སྤུངས་བཅས་དང༌། ཆོས་འབྱུང་བསྣོལ་མའི་སྟེང་དཔལ་གཏོར་རྒྱན་སྤྲོས་དར་གདུགས་ཅན་དང༌། ༈ །སྐུ་གསུམ་རིགས་འདུས་ཟབ་ཏིག་གཏོར་དབང་ལ་དབང་རྒྱས་དང་སྦྲེལ་སྐབས་བཅའ་བཤམ་ཟུར་དུ་མི་དགོས། ༈ །སྙན་བརྒྱུད་གཤིན་རྗེའི་ཐུགས་ཏིག་ལ། རས་བྲིས་སམ་མཎྜལ་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་སྟེང་ཐོད་པའི་སྣོད་དུ་བམ་ལག་ལེན་ལྟར་བཅོས་པ། གཡས་སུ་རྣམ་བུམ་ཆིངས་སྔོན་ཅན། མདུན་དུ་ཞི་ཁྲོ་གཉིས་ཀྱི་སྐུ་ཙཀ །དུར་ཁྲོད་ཆས། ཕྱག་མཚན་དྲུག་པོ་གཡས་གཡོན་སོ་སོར་བྱས་པ། སྔགས་བྱང་བཅས་ཙཀ་ལི་དྲུག ཐོད་ཕྲེང༌། གཡོན་དུ་མཆོད་རྟེན། རྒྱབ་ཏུ་གསང་ཐོད་རིག་ཙཀ་ཤེལ་རྡོ། ཚེ་འབྲང་ཚེ་རིལ་འགྱེད་བདེས་བསྐོར་བ། མདུན་ངོས་དྲེགས་པའི་དམར་གཏོར་ཐེབས་ཀྱུས་བསྐོར་བ་རྣམས་བཀོད། ༈ །སྙན་བརྒྱུད་རྟ་མཆོག་ལ། སྟེགས་ཀྱི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བཀྲམ། མེད་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དམར་པོ་གཅིག་བཀོད་པའི་དབུས་སུ་ཁྲིའུའི་ཁར་རྟ་ཞལ་ལྗང་གུ་རྔོག་མ་དམར་སེར་ནང་གཞུག་སྙིང་པོའི་སྔགས་ལྡན་སྐུ་རྟེན་ཙཀླི་བཅས་བཀོད། གཡས་སུ་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་འགུལ་ཆིངས་དམར་པོ་བཅས་པ། གཡོན་དུ་དཔལ་གཏོར་རྟ་ཞལ་ཅན་དར་གདུགས་དམར་པོ་མདུན་དུ་གསང་ཐོད་ཆང་དང་མངར་གསུམ་སྦྱར་བ་དང་རིག་ཙཀ །དབང་ཕྲེང་དམར་པོ། རྒྱབ་ཏུ་སྙིང་པོ་ལྔ་དང་ཚེ་གལ་བསྡེབ་པའི་ཚེ་འབྲང་རྟ་ཞལ་ཅན་གྱི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང་རྣམས་དང༌། སྨན་རག་གཏོར་གསུམ། ཕྱི་མཆོད། མདའ་དར།ལས་བུམ། བགེགས་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་ཉེར་མཁོ་རྣམས་འདུ་བྱའོ། ༈ །སྙན་བརྒྱུད་ཡང་དག་ཟབ་ཏིག་ལ་མཎྜལ་ཚོམ་བུ་གཅིག་པར་ཐོད་སྐུ། གཡས་བུམ་པ། གཡོན་ཐོད་ཆང་རིག་ཙཀ །མདུན་དུ་མར་མེ་དང་སྨན་གྱི་ཕོ་བྲང༌། ཤེལ་རྡོ། རྒྱབ་ཏུ་ཚེ་འབྲང་རིལ་ཆང་བཅས་བཤམ། ༈ །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་ལ། སྟེགས་བུའི་དབུས་སུ་ཨེ་ཁྲོམ་ལ་སྒྲུབ་ཕུར་ཚད་ལྡན་དར་མཐིང་ནག་གི་ཅོད་པན་ཅན་གཟུག་པའི་སྟེང་དུ་འཕྲུལ་སྟེགས་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ལ་རྒྱན་གྱིས་སྤྲས་པ་དང༌། དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། གཡས་གཡོན་ཏུ་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བ་དང༌། རིག་ཙཀ །ལས་བུམ། ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། མདའ་དར་རྣམས་ཅི་བདེར་བཀྲམ། བསྒྲལ་དབང་ཆས་ལས་ཕུར། དབྱེ་རྫས་བྱ་འུག་སྒྲོ། ཡུངས་དཀར། བྱད་ཐག །དུག་ཁྲག །སྒྲོལ་གྲི། ཐོ་བ། ཧོམ་གཟར། ལྕགས་ཧོམ་དུ་ལིངྒ། གསེར་སྐྱེམས་ཆས། གཏོར་ཟོར་གྲུ་གསུམ་མཚེ་ཡུངས་ཀྱིས་བརྒྱན་པ་བཅས། ༈ །སྙན་བརྒྱུད་བདུད་རྩིའི་མཆོག་ཏིག་གི་དབང་ལ། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ་མ་འཛོམ་ན་མཎྜལ་དབུས་སུ་གཙོ་བོ་ཚོམ་བུ་མཐིང་ནག་འཁོར་བརྒྱད་ཀྱིས་བསྐོར་བར་བཞག །དེ་སྟེང་ཁྲིའུའི་ཁར་ཐོད་པ་མཚན་ལྡན་ཨ་མྲྀ་ཏས་བཀང་བ། གཡས་སུ་སྨན་གྱི་ཕོ་བྲང༌། གཡོན་དུ་མར་མེ། མདུན་སོགས་སུ་སྐུ་ཙཀ །སྔགས་བྱང་དང་ཕྲེང་བ། དུར་ཁྲོད་ཆས་བརྒྱད། དཀྱིལ་འཁོར་ཙཀླི། ཤ་ལྔ། བདུད་རྩི་ལྔ། རྩ་བརྒྱད་སྟོང་སྦྱར་རྣམས་རིལ་བུའམ་ཕྱེ་མར་སྦྱར་བས་སྣོད་སོ་སོར་བཞགས། བཏགས་བཙགས་སྦོལ་ཞིང་གཞལ་བའི་ཡོ་བྱད་ཕབ་རྣམས་རི་མོ་བྲིས་པ་སོགས་གང་བདེར་ཕྱོགས་བསྡུས། རྒྱབ་ཏུ་སྙིང་པོ་ལྔ་ཆང་གིས་སྦྲུས་པའི་ཚེ་འབྲང་ནང་དུ་བཟླ་བྱའི་སྔགས་ཀྱི་ཤོག་དྲིལ་བཅུག་པའི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང་བཅས་བཀོད། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་ལྟར། ལས་བུམ། མདའ་དར། ཚོགས་དང་གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པའི་རིགས་རྣམས་ཚོགས་པར་བྱ། ༈ །སྙན་བརྒྱུད་ཕུར་པའི་གནད་ཏིག་ལ། རས་བྲིས་སམ་ཚོམ་བུ་དབུས་སུ་གཙོ་ཕུར་དང་རྣམ་བུམ་བརྩེགས་པའམ་མདུན་རྒྱབ་ཏུ་བཞག །སྐུ་ཙཀ །སྔགས་བྱང༌། དུར་ཁྲོད་དཔལ་ཆས་གཅིག་བསྡུས། གསང་ཐོད་རིག་ཙཀ་གདབ་ཕུར་ཚེ་འབྲང་བྲུབ་ཁུང་ཉ་བོ་རྣམས་སྤྱི་ལྟར་བཀོད། ༈ །སྲིད་པ་མ་མོའི་གནད་ཏིག་ལ། རས་བྲིས་ཀྱི་སྟེང་དུ་ཁྲིའུར་ཁར་གསང་བུམ་ཐོད་པ་མཚན་ལྡན་ལ་ཨ་མྲྀ་ཏས་བཀང་བ་དར་མཐིང་ནག་གིས་བཀབ། མདུན་ངོས་སོགས་སུ། ཐོད་སྐུ། སྔགས་བྱང་དང་ཕྲེང་བ། ཤེལ་རྡོའམ་ཙིཏྟ། བདུད་རྩི་ཆོས་སྨན། གཏོར་སྣོད་དུ་རི་རབ་བང་རིམ་བཞིའི་སྟེང་དུ་དཔལ་བཤོས། གཡས་གཡོན་ཏུ་སྨན་རཀ །རྒྱབ་ངོས་སུ་ནམ་མཁའ་བཙུགས་པའི་མདོས་གཏོར་རྣམས་དང༌། རྒྱབ་མདུན་གང་བདེར་ཚེ་འབྲང༌། ཚེ་ཆང་ཚེ་རིལ་བཅས། ༈ །འཕགས་མའི་སྙིང་ཐིག་གི་རྩ་དབང་ལ། སྟ་གོན་རྫས་བཞི། སློབ་མ་མཆོད་པ་བསྡོགས། རས་བྲིས་ཀྱི་དཀྱིལ་འཁོར་དབུས་ཁྲིའུ་ལ། རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། གཙོ་འཁོར་ལྷ་ཙཀ་བཅུ་གཅིག །ཤེལ་ཕྲེང་མེ་ལོང༌། གསང་ཐོད། རིག་ཙཀ །ཤེལ་རྡོ་རྣམས་སྤྱི་ལྟར་བཀོད། རྗེ་གནང་ཆས་དུང༌། དྲིལ་བུ། སྒྲུབ་པོད། གླེགས་བམ། གདུགས་རྣམས་ཀྱང་ཟུར་དུ་འཇོག ༈ །ཡང་ཟབ་བྱིན་རླབས་ལ། རས་བྲིས་དབུས་སུ་ཐོད་པར་བཅུད་ལེན་རིལ་བུ། གཡས་སུ་རྣམ་བུམ། གཡོན་དུ་ཚེ་འབྲང༌། ༈ ཐུན་མོང་རྗེས་གནང་ལ་དཀྱིལ་འཁོར་དབུས་སུ་བུམ་པ། གཡས་སུ་ཐོད་ཆང༌། གཡོན་དུ་ཚེ་འབྲང༌། མདུན་དུ་ཚེ་རིལ་རྣམས་བཞག་པ་བཅས་སོ། །ཐུབ་བསྟན་ལུང་རྟོགས་ཡངས་པའི་ཁྱོན་དུ་བརྡལ། །གསང་ཆེན་སྨིན་གྲོལ་སྲིད་པའི་མཐའ་རུ་འབར། །མི་དང་མིན་བསམ་སྤྱོད་དགེ་ལ་ཕྱོགས། །བཀྲ་ཤིས་མྀ་ནུབ་ས་གསུམ་ཀུན་ཁྱབ་ཤོག །ཅེས་པའང་བཀའ་བབས་སྐོར་གྱི་སྨིན་བྱེད་མཐར་ཆགས་སུ་སྦྱིན་པ་དག་ལ་ཉེར་མཁོའི་ཆེད་དུ་གཏེར་མཛོད་བཅས་བཤམ་དུ་བཞུགས་རིགས་ཁོལ་དུ་ཕྱུངས། དེར་མི་བཞུགས་པ་གསབ་སྟེ་ཕུན་ཚོགས་རྣམ་རྒྱལ་པས་བསྡེབས་པ་དགེ་ལེགས་འཕེལ།། །།

Footnotes

Other Information