ཡུལ་སྐྱོང་ཆེན་པོ་ཙམ་རྨིག་ཐིའི་གཏོར་འབུལ་ཕྲིན་ལས་གློག་ཞགས།

From Khyentse Lineage - A Tsadra Foundation Project
Wylie title yul skyong chen po tsam rmig thi'i gtor 'bul phrin las glog zhags JKCL-KABUM-11-DA-091.pdf
Location chos kyi blo gros bka' 'bum
Volume 11, Text 91, Pages 467-470 (Folios 1a1 to 2b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. yul skyong chen po tsam rmig thi'i gtor 'bul phrin las glog zhags. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 467-470. Bir, H.P.: Khyentse Labrang, 2012.
Genre Torma-offering Rituals - gtor chog
Colophon

།ཅེས་པའང་གསེར་ལྗོངས་དགོན་གྱི་མཁན་པོ་བླ་མ་ལྔ་རིག་སྨྲ་བའི་དབང་ཕྱུག་འཇམ་དབྱངས་དགེ་ལེགས་ནས་གསུང་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་བསྐུལ་བ་པོས་བྲིས་པ་འདིས་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ།།

/ces pa'ang gser ljongs dgon gyi mkhan po bla ma lnga rig smra ba'i dbang phyug 'jam dbyangs dge legs nas gsung bskul ngor mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros pas smras rim bzhin bskul ba pos bris pa 'dis dge legs rgya chen po 'byung ba'i rgyur gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ཡུལ་སྐྱོང་ཆེན་པོ་ཙམ་རྨིག་ཐིའི་གཏོར་འབུལ་ཕྲིན་ལས་གློག་ཞགས་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རབ་དམར་བྱེ་རུའི་མདོག་འཆང་བ། །ཁྲོ་བོ་ཀུན་གྱི་ཆེ་བཙན་རྒྱལ། །དབང་ཆེན་རྟ་ཡི་མགྲིན་པ་ལ། །གུས་བཏུད་ཡུལ་སྐྱོང་གཏོར་ཆོག་སྤེལ། དེ་ལ་རི་དབང་སྤུན་དགུའི་ཡ་གྱལ་དགེ་བསྙེན་ཆེན་པོ་རྡོ་རྗེ་ཆེ་ཡག་ལ་གསོལ་མཆོད་བྱ་བར་འདོད་པས་བདུད་རྩིས་སྦགས་པའི་གཏོར་མ་ཟླུམ་པོ་གཤོག་པ་ཅན་པད་རྐྱང་དང་ཐེབ་ཀྱུས་བསྐོར་བ་སྨུག་རྩིས་བྱུགས་པ་དང་། མདུན་དུ་དཀར་གཏོར་ཐེབ་རིལ་ཅན་དང་། སྐྱེམས་ཕུད་བཤམས་ལ། ཆུ་ཆང་གིས་བྲན་ཏེ། རྃ་ཡྃ་ཁྃ། གཏོར་མའི་ཉེས་སྐྱོན་མ་དག་འབགས་བཙོག་ཀུན། །ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས། །གཏོར་སྣོད་རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །གཏོར་རྫས་ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརླབས། རང་གི་ཐུགས་ནས་འོད་ཟེར་འཕྲོས་པ་ཡིས། །ལྕང་ལོ་ཅན་དང་རི་རབ་བྱང་ཕྱོགས་དང་། །ཡུལ་སྐྱོང་དགྱེས་པའི་དགའ་ཚལ་ཆེན་པོ་ནས། །རྡོ་རྗེ་ལས་རབ་འཁོར་བཅས་འདིར་གཤེགས་ཤིག །སྔོན་གྱི་དམ་ཚིག་གཉན་པོ་དགྱེས་དགོངས་ལ། །རང་རང་མཐུན་པའི་གདན་ལ་བཞུགས་སུ་གསོལ། །ལོ་ཀ་པཱ་ལ་བཛྲ་ས་མ་ཛཿས་མ་ཡ་ཏིཥྛ་ལྷན། ཨོཾ། གཙང་མར་སྦྱར་བའི་མཆོད་རྫས་སྣ་ཚོགས་དང་། །འབྲུ་བཅུད་སྟོང་སྦྱར་ཛ་གད་བདུད་རྩིའི་ཕུད། །དམར་ཆེན་རཀྟའི་སྦུ་ཕྲེང་ཆིལ་ཆིལ་གཡོ། །རོ་བརྒྱ་ལྡན་པའི་གཏོར་མ་ཆེན་པོ་ལ། །ཞལ་ཟས་བདའ་དགུ་བཟང་པོས་བསྐོར་བ་ལས། །འདོད་པའི་ཡོན་ཏན་རྣམ་ལྔའི་སྤྲིན་ཕུང་འཕྲོ། །བཟའ་བཅའ་བཏུང་བ་བལྡག་གཞིབ་བསམ་མི་ཁྱབ། །གཞན་ཡང་དགྱེས་པའི་མཐུན་རྫས་སྣ་ཚོགས་ནི། །བྱ་རྟ་གཡག་ལུག་རི་དྭགས་རྣམ་མང་དང་། །སྟག་གཟིག་དོམ་དྲེད་མང་པོ་འདུར་ཞིང་རྒྱུག །མདའ་འདུང་རལ་གྲི་སྒྱོགས་སོགས་མཚོན་ཆའི་རིགས། །གོ་ཁྲབ་གོས་དང་གསེར་དངུལ་རིན་ཆེན་ཚོགས། །འབྲུ་སྣའི་ཕུང་པོ་རི་རབ་ལྟར་སྤུངས་ཤིང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་བདུན་དང་། །གཞལ་མེད་ཁང་བཟང་གདུགས་འཕན་རྒྱལ་མཚན་མཛེས། །མི་ཟད་གཏེར་གྱི་བུམ་བཟང་ལ་སོགས་པ། །སྲིད་ཞིའི་འབྱོར་ཚོགས་ནམ་མཁའ་གང་བ་ཡིས། །ལྷ་གཉན་ཆེན་པོ་རྨིག་ཐི་ཞེས་གྲགས་པ། །གསང་བའི་མཚན་ནི་རྡོ་རྗེ་ལས་རབ་དང་། །རྡོ་རྗེ་ཡེ་ཤེས་རྡོ་རྗེ་ཆེ་ཡག་སོགས། །སྐུ་གཅིག་མཚན་གྱི་རྣམ་གྲངས་མཐའ་ཡས་ཤིང་། །དོན་ལ་དཔལ་ཆེན་རྟ་མགྲིན་ཧེ་རུ་ཀས། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དབང་བསྐུར་བ། །བདུད་པོ་རེ་ཏི་མགོ་ཡག་ཐོད་ཕྲེང་རྩལ། །བདུད་དམག་བྱེ་བ་འབུམ་སྡེའི་སྡེ་དཔོན་དང་། །གསང་ཡུམ་གཡུ་མཚོའི་རྒྱལ་མོ་ལ་སོགས་པ། །སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །དགྱེས་ཞལ་ཟླ་བ་ལྟར་དཀར་ངོམ་བཞིན་དུ། །བྱམས་པའི་སྤྱན་གྱི་བདག་ཅག་འཁོར་བཅས་སྐྱོངས། །ཧཱུྃ་ཧྲཱིཿལྷ་གཉན་ཆེན་པོ་འཁོར་བཅས་རྣམས། །དགྱེས་པའི་མཆོད་སྤྲིན་འདི་བཞེས་ལ། །ཐུགས་དང་འགལ་བ་ཐམས་ཅད་བཤགས། དམེ་མནོལ་གྲིབ་ཀྱིས་ཕོག་པ་སངས། །མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ། །སྤྱན་གཟིགས་འདོད་ཡོན་སྣ་ཚོགས་ཀྱིས། །ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །པད་འབྱུང་རྡོ་རྗེ་ཐོད་ཕྲེང་གིས། །བཀའ་བསྒོས་དམ་བཞག་དྲན་གྱིས་ལ། །སངས་རྒྱས་བསྟན་པ་རིན་ཆེན་དང་། །དེ་འཛིན་སྐྱོང་རྣམས་དབུ་འཕང་བསྟོད། །ཆོས་ལྡན་མངའ་རིས་རྒྱལ་ཁམས་རྣམས། །ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང་། །ལོ་ཕྱུགས་ལེགས་ཤིང་འབྲུ་རྣམས་འཕེལ། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་དགུ་འགྲུབ་པར་མཛོད། །བསྟན་འགྲོའི་ཕན་བདེ་ལ་འཁུ་པའི། །མི་དང་མི་མིན་གནོད་སེམས་ཅན། །བསམ་སྦྱོར་ངན་པའི་སྡེ་རིས་རྣམས། །རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །འབྱུང་པོ་གདུག་པའི་སྒྱུ་འཕྲུལ་དང་། །ལྷ་མིན་ཀླ་ཀློའི་རྒྱུ་ལམ་ཆོད། །དཀར་ཕྱོགས་བསྟན་པའི་རུ་མཚོན་སྒྲེངས། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་ཆེ། །སྲིད་ཞིའི་བླ་ན་མཐོ་བ་དང་། །ཁྱད་པར་རིགས་པའི་འབྱུང་གནས་ནི། །ཀུ་ཀུག་སྙན་པའི་སྒྲ་འབྱུང་བའི། །ཚེ་རིང་དཔལ་གྱི་ལྗོངས་འདི་ཡི། །བསྟན་དགོན་སྡེ་རིས་བཅས་པ་རྣམས། །ཁྱེད་ལ་གཉེར་གཏད་སྲུངས་སྐྱོབས་དང་། །བྱད་ཕུར་རྦོད་གཏོང་གནོད་པ་ཟློག །ཕས་རྒོལ་གཡུལ་ལས་རྣམ་རྒྱལ་ཞིང་། །སྙན་གྲགས་སྐྱེ་ལྔའི་སྒྲ་དབྱངས་ཀྱིས། །ཕྱོགས་ཀྱི་ཁོར་ཡུག་ཁྱབ་པ་དང་། །གཞི་བྱེས་ལམ་གསུམ་གར་འགྲོ་ཡང་། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །ཅེས་ཕྲིན་ལས་བཅོལ་ཞིང་འདི་ཉིད་སྒེར་རྐྱང་དུ་བྱས་ན་གཏོར་མ་སྐྱེམས་ཕུད་རྣམས་ཕྱི་རོལ་དུ་མཆོད་དོ། །ཅེས་པའང་གསེར་ལྗོངས་དགོན་གྱི་མཁན་པོ་བླ་མ་ལྔ་རིག་སྨྲ་བའི་དབང་ཕྱུག་འཇམ་དབྱངས་དགེ་ལེགས་ནས་གསུང་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་བསྐུལ་བ་པོས་བྲིས་པ་འདིས་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[edit]

yul skyong chen po tsam rmig thi'i gtor 'bul phrin las glog zhags ces bya ba bzhugs so/__/oM swasti/__rab dmar bye ru'i mdog 'chang ba/__/khro bo kun gyi che btsan rgyal/__/dbang chen rta yi mgrin pa la/__/gus btud yul skyong gtor chog spel/__de la ri dbang spun dgu'i ya gyal dge bsnyen chen po rdo rje che yag la gsol mchod bya bar 'dod pas bdud rtsis sbags pa'i gtor ma zlum po gshog pa can pad rkyang dang theb kyus bskor ba smug rtsis byugs pa dang /__mdun du dkar gtor theb ril can dang /__skyems phud bshams la/__chu chang gis bran te/__ra~M ya~M kha~M/__gtor ma'i nyes skyon ma dag 'bags btsog kun/__/ye shes me rlung chu yis bsregs gtor bkrus/__/gtor snod rin chen snod mchog yangs pa'i nang /__/gtor rdzas zag med ye shes bdud rtsir gyur/__/oM AHhU~M ha ho hrIHlan gsum brlabs/__rang gi thugs nas 'od zer 'phros pa yis/__/lcang lo can dang ri rab byang phyogs dang /__/yul skyong dgyes pa'i dga' tshal chen po nas/__/rdo rje las rab 'khor bcas 'dir gshegs shig__/sngon gyi dam tshig gnyan po dgyes dgongs la/__/rang rang mthun pa'i gdan la bzhugs su gsol/__/lo ka pA la badz+ra sa ma dzaHsa ma ya tiSh+Tha lhan/__oM/__gtsang mar sbyar ba'i mchod rdzas sna tshogs dang /__/'bru bcud stong sbyar dza gad bdud rtsi'i phud/__/dmar chen rak+ta'i sbu phreng chil chil g.yo/__/ro brgya ldan pa'i gtor ma chen po la/__/zhal zas bda' dgu bzang pos bskor ba las/__/'dod pa'i yon tan rnam lnga'i sprin phung 'phro/__/bza' bca' btung ba bldag gzhib bsam mi khyab/__/gzhan yang dgyes pa'i mthun rdzas sna tshogs ni/__/bya rta g.yag lug ri dwags rnam mang dang /__/stag gzig dom dred mang po 'dur zhing rgyug__/mda' 'dung ral gri sgyogs sogs mtshon cha'i rigs/__/go khrab gos dang gser dngul rin chen tshogs/__/'bru sna'i phung po ri rab ltar spungs shing /__/bkra shis rdzas rtags rin chen rnam bdun dang /__/gzhal med khang bzang gdugs 'phan rgyal mtshan mdzes/__/mi zad gter gyi bum bzang la sogs pa/__/srid zhi'i 'byor tshogs nam mkha' gang ba yis/__/lha gnyan chen po rmig thi zhes grags pa/__/gsang ba'i mtshan ni rdo rje las rab dang /__/rdo rje ye shes rdo rje che yag sogs/__/sku gcig mtshan gyi rnam grangs mtha' yas shing /__/don la dpal chen rta mgrin he ru kas/__/mchod bstod dregs pa'i dkyil 'khor dbang bskur ba/__/bdud po re ti mgo yag thod phreng rtsal/__/bdud dmag bye ba 'bum sde'i sde dpon dang /__/gsang yum g.yu mtsho'i rgyal mo la sogs pa/__/sras 'khor sprul pa yang sprul bcas pa rnams/__/dgyes zhal zla ba ltar dkar ngom bzhin du/__/byams pa'i spyan gyi bdag cag 'khor bcas skyongs/__/hU~M hrIHlha gnyan chen po 'khor bcas rnams/__/dgyes pa'i mchod sprin 'di bzhes la/__/thugs dang 'gal ba thams cad bshags/__dme mnol grib kyis phog pa sangs/__/mchod cing bstod do mnga' gsol lo/__/spyan gzigs 'dod yon sna tshogs kyis/__/thugs dam gnyan po dgyes par bskang /__/pad 'byung rdo rje thod phreng gis/__/bka' bsgos dam bzhag dran gyis la/__/sangs rgyas bstan pa rin chen dang /__/de 'dzin skyong rnams dbu 'phang bstod/__/chos ldan mnga' ris rgyal khams rnams/__/nad mug 'khrugs rtsod kun zhi zhing /__/lo phyugs legs shing 'bru rnams 'phel/__/tshe ring nad med dpal 'byor rgyas/__/yid la bsam dgu 'grub par mdzod/__/bstan 'gro'i phan bde la 'khu pa'i/__/mi dang mi min gnod sems can/__/bsam sbyor ngan pa'i sde ris rnams/__/rdul du brlag pa'i phrin las mdzod/__/'byung po gdug pa'i sgyu 'phrul dang /__/lha min kla klo'i rgyu lam chod/__/dkar phyogs bstan pa'i ru mtshon sgrengs/__/phyogs las rnam rgyal rgyal mtshan che/__/srid zhi'i bla na mtho ba dang /__/khyad par rigs pa'i 'byung gnas ni/__/ku kug snyan pa'i sgra 'byung ba'i/__/tshe ring dpal gyi ljongs 'di yi/__/bstan dgon sde ris bcas pa rnams/__/khyed la gnyer gtad srungs skyobs dang /__/byad phur rbod gtong gnod pa zlog__/phas rgol g.yul las rnam rgyal zhing /__/snyan grags skye lnga'i sgra dbyangs kyis/__/phyogs kyi khor yug khyab pa dang /__/gzhi byes lam gsum gar 'gro yang /__/rtag tu kha 'dzin sdong grogs mdzod/__/ces phrin las bcol zhing 'di nyid sger rkyang du byas na gtor ma skyems phud rnams phyi rol du mchod do/__/ces pa'ang gser ljongs dgon gyi mkhan po bla ma lnga rig smra ba'i dbang phyug 'jam dbyangs dge legs nas gsung bskul ngor mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros pas smras rim bzhin bskul ba pos bris pa 'dis dge legs rgya chen po 'byung ba'i rgyur gyur cig__/mang+ga laM//__//

Footnotes

Other Information