ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་དངོས་གྲུབ་འབྱུང་གཏེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-011
Wylie title ye shes mgon po phyag bzhi pa'i phrin las dngos grub 'byung gter JKCL-KABUM-11-DA-011.pdf
Location chos kyi blo gros bka' 'bum
Volume 11, Text 11, Pages 77-87 (Folios 1a to 6a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ye shes mgon po phyag bzhi pa'i phrin las dngos grub 'byung gter. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 77-87. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang  ·  Protector Rituals - gsol mchod
Deity nag po chen po
Colophon

།ཅེས་པའང་མེ་བྱ་ལོར་རྡོ་རྗེ་གདན་གནས་མཇལ་ཐེང་གཉིས་པ་འགྲོ་སྐབས་བཛྲ་ཨ་པ་ན་མཆོད་འབུལ་ཟླ་༩ཚེས་༢༥ལ་བགྱིད་སྐབས་རྨི་ལམ་གྱི་ཉིད་འཁྲུལ་ཅུང་ཟད་ལ་བརྟེན་ཚེས་དྲུག་ལ་རིག་དབྱིངས་ཇི་ལྟར་ཐོན་བཞིན་བྲིས་པ་བསྟན་སྲུང་དགྱེས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།

/ces pa'ang me bya lor rdo rje gdan gnas mjal theng gnyis pa 'gro skabs badz+ra a pa na mchod 'bul zla 9tshes 25la bgyid skabs rmi lam gyi nyid 'khrul cung zad la brten tshes drug la rig dbyings ji ltar thon bzhin bris pa bstan srung dgyes pa'i rgyur gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་དངོས་གྲུབ་འབྱུང་གཏེར་བཞུགས་སོ། ། ན་མ་ཤྲཱི་ཧེ་རུ་ཀ་ཡ། རྒྱལ་བའི་བསྟན་སྲུངས་ཡོངས་ཀྱི་གཙོ། །ཡེ་ཤེས་མགོན་པོ་ནག་པོ་ཆེར། །གསོལ་མཆོད་དམ་ཅན་དགྱེས་སྐོང་ནི། །ཉུང་ངུའི་ཚུལ་གྱིས་རྣམ་པར་དབྱེ། །དེ་ལ་དབང་ཐོབ་ཅིང་དམ་ཚིག་ལྡན་པས་གནས་དབེན་པར་ཕྱི་ནང་མཆོད་གཏོར་ཚོགས་པར་བཤམས་ལ། རང་ཧེ་རུ་ཀའི་ང་རྒྱལ་ལ་གནས་པས། ཨ་མྲྀ་ཏ་ཀུནྜ་ལིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྲག་རྒྱན་གྱི། །བཀོད་པ་ཕུན་སུམ་ཚོགས་པ་རུ། །ཨ་ལས་བྷཉྫའི་སྣོད་ཡངས་པར། །ཕྱི་ནང་གསང་བའི་མཆོད་གཏོར་རྣམས། །དྭངས་ཤིང་ཐོགས་པ་མེད་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཀེཾ་ནི་རི་ཏི་ཏ་ན་ག་ཎ་མ་ཧཱ་པཱུ་ཙ་ཧོཿརྣམས་ཀྱིས་བྱིན་གྱིས་བརླབས། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་དབུས། །རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར། །དྲག་པོའི་གཞལ་ཡས་མཚན་རྫོགས་དབུས། །བྲག་ཆེན་པདྨ་ཉི་མ་དང་། །དྲེགས་པ་བྱི་ཆིངས་བསྣོལ་བའི་སྟེང་། །གནམ་ལྕགས་ཙཀྲ་རྩིབས་བཞིའི་ལྟེར། །རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན། །སྤྲོ་བསྡུས་ནག་པོ་ཆེན་པོ་ནི། །ཞལ་གཅིག་པ་ལ་ཕྱག་བཞི་པ། །འཇིགས་རུངས་རྡོ་རྗེ་སྲིན་པོའི་གཟུགས། །སྦོམ་ཐུང་ལྟོ་བ་ཡན་ལག་རགས། །སྦྲུལ་ཆུན་རུས་རྒྱན་རྐམ་རློན་ཕྲེང་། །སྟག་གི་ལྤགས་པའི་ཤམ་ཐབས་དང་། །གླང་ཀོས་སྟོད་གཡོགས་ཞིང་ལྤགས་དཀྲིས། །དཔའ་བོའི་དར་དཔྱངས་རིང་དུ་འཕུར། །ཕྱག་བཞིས་དང་པོས་གྲི་ཐོད་དང་། །འོག་མས་རལ་གྲི་ཁ་ཊྭཱྃ་བསྣམས། །ཞབས་གཉིས་དཔའ་བོ་རོལ་པའི་སྟབས། །བར་དུ་ཨེ་ཀ་ཙ་ཏྲི་སྔོ། །ཁ་ཊྭཱྃ་ཐོད་ཁྲག་བསྣམ་པས་འཁྱུད། །ཤར་དུ་མགོན་པོ་གྲི་གུག་མཐིང་། །གྲི་ཐོད་མཆན་གཡོན་བིང་ཆེན་བསྣམས། །ལྷོ་རུ་གཟའ་བདུད་དབུ་དགུ་པ། །དུད་ཁ་ཕྱག་བཞི་ཆུ་སྲིན་གྱི། །རྒྱལ་མཚན་སྦྲུལ་ཞགས་མདའ་གཞུ་འགེངས། །ནུབ་ཏུ་སྟག་ཞོན་ནག་པོ་ནི། །བིང་ངར་ལྕགས་པར་དར་ནག་གསོལ། །བྱང་དུ་ལས་མགོན་སེང་གེའི་གདོང་། །མདུང་དར་དམར་གཏོར་རྟ་ནག་ཞོན། །གཙོ་བོའི་མདུན་དུ་བྱ་རོག་གདོང་། །མཐིང་ནག་རལ་གྲི་ཐོད་པའི་ནང་། །གློ་སྙིང་འཛིན་ཅིང་དོར་སྟབས་ཀྱིས། །སྤྲུལ་པ་དཔག་མེད་འགྱེད་ཅིང་བཞུགས། །ཕྱི་ཁྱམས་ཕྲ་མེན་གདོང་ཅན་བརྒྱད། །གར་སྟབས་ཕྱག་མཚན་མ་ངེས་འཛིན། །སྦྲུལ་དར་མགོ་ཕྲེང་རུས་པས་བརྒྱན། །དེ་རྒྱབ་མཁའ་འགྲོ་གིང་ལངྐ། །འབར་མ་དབང་ཕྱུག་ལ་སོགས་དང་། །དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས། །མངོན་སུམ་བཞིན་དུ་བཞུགས་པ་ཡི། །གནས་གསུམ་ཡི་གེ་འབྲུ་གསུམ་དང་། །ཐུགས་ཀའི་ཧཱུྃ་འོད་ཀྱིས་བསྐུལ་བས། །འོག་མིན་གནས་དང་རྡོ་རྗེ་གདན། །བསིལ་བའི་ཚལ་སོགས་གར་བཞུགས་ཀྱི། །གནས་ནས་སྐད་ཅིག་ཉིད་ལ་གཤེགས། །ཧཱུྃ། དད་པ་དང་ནི་དམ་ཚིག་གི །སྔོན་གྱི་ཐུགས་དམ་རྗེས་སུ་དགོངས། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །ད་ལྟ་ཉིད་དུ་སྤྱན་འདྲེན་གཤེགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿས་སྤྱན་དྲངས། ཧཱུྃ། རབ་འཇིགས་དུར་ཁྲོད་གཞལ་མེད་ཁང་། །དྲེགས་པ་པད་ཉིའི་གདན་སྟེང་དུ། །དཔའ་བོ་ཆེན་པོ་དགྱེས་པར་བཞུགས། །པདྨ་ཙཎྜ་སུཪྻ་ཏིཥྛ་བཾ། ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པ་ལས། །ནག་པོ་རྔམས་པའི་གཟུགས་སྟོན་པ། །རྡོ་རྗེ་སྲིན་པོ་འཁོར་བཅས་ལ། །རབ་གུས་བརྡ་ཡིས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿཧཱུྃ། ཕྱི་མཆོད་ཞི་བའི་ཉེར་སྤྱོད་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གཞལ་མེད་ཁང་བཟང་ལ་སོགས་པ། །ངོ་མཚར་རྣམ་མང་མཆོད་པ་བཞེས། །སརྦ་པཱུ་ཛ་ས་མ་ཡ་ཧོཿཧཱུྃ། དམར་ཆེན་ཁྲག་གི་མཆོད་ཡོན་དང་། །དུག་ཆུའི་ཞབས་བསིལ་དབང་པོ་ལྔའི། །མེ་ཏོག་ཕྲེང་བ་ཚར་དུ་དངར། །ཚིལ་ཆེན་སྤོས་ཀྱི་དུད་སྤྲིན་འཐུལ། །མཁྲིས་པའི་དྲི་ཆབ་སྦུ་ཕྲེང་གཡོ། །དགྲ་བགེགས་ཤ་རུས་ཞལ་ཟས་དང་། །རྐང་གླིང་ཐོད་རྔའི་རོལ་མོ་འཁྲོལ། །མགོན་པོ་འཁོར་དང་བཅས་པ་ཡི། །ཟག་མེད་རྡོ་རྗེའི་དབང་པོ་ལྔར། །དགྱེས་བར་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་ཤ་མ་ཤ་ན་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཧཱུྃ། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྒྱུ་དྲུག་བསྒྲལ་བའི་རཀྟ་དང་། །འདོད་ཡོན་ལྔ་ལྡན་བ་ལིཾ་ཏ། །སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་དང་། །མཆོད་བྱ་མཆོད་བྱེད་གཉིས་མེད་མཆོད། །མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཏ་ན་གྷ་ཎ་མ་ཧཱ་པུ་ཙ་དྷརྨ་དྷཱ་ཏུ་ཨཏྨ་ཀོ྅་ཧཾ། ཧཱུྃ། འཇིགས་རུངས་སྐུ་ནི་མི་སྡུག་སྲིན་པོའི་གཟུགས། །བདུད་དང་ལོག་འདྲེན་ཀླད་པ་འགེམ་མཛད་ཅིང་། །ཧ་ཧ་ཧཱུྃ་ཕཊ་ང་རོ་འབྲུག་ལྟར་སྒྲོགས། །སྙིང་རྗེའི་ཐུགས་ལྡན་ནག་པོ་ཆེན་པོར་བསྟོད། །ཆོས་ཉིད་གཅིག་ལས་དུ་མའི་ཉམས་འབར་བས། །གསང་བའི་ཡུམ་མཆོག་ཨེ་ཀ་ཙ་ཏྲི་དང་། །གྲི་གུག་གཟའ་བདུད་སྟག་ཞོན་སེང་གདོང་དང་། །ལས་མགོན་བྱ་རོག་གདོང་ཅན་བསྟོད་པར་བགྱི། །གཞན་ཡང་ཧེ་རུ་ཀ་ཡི་སྤྲུལ་པའི་འཁོར། །ཕྲ་མེན་བརྒྱད་དང་འབར་མ་གིང་ལངྐ། །དབང་ཕྱུག་ཉེར་བརྒྱད་གཙང་རིས་མགོན་པོ་སོགས། །ནག་པོ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བཟླས་བ་ནི། གཙོ་བོའི་ཐུགས་ཀར་ཧེ་རུ་ཀ །མཐིང་གསལ་རྡོ་རྗེ་དྲིལ་བུ་བསྣོལ། །ཞི་མ་ཁྲོ་ཡི་ཉམས་ལྡན་གྱི། །ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེར། །ཉི་སྟེང་ཧཱུྃ་སྔོན་འབར་བ་ལས། །སྔགས་ཀྱི་ཕྲེང་བ་རབ་སྤྲོས་པས། །རྒྱལ་མཆོད་བྱིན་བསྡུས་བདག་བྱིན་བརླབས། །སླར་ཡང་སྣོད་བཅུད་ཐམས་ཅད་ནི། །ཧེ་རུ་ཀ་དཔལ་ནག་པོ་ཆེའི། །དཀྱིལ་འཁོར་གཅིག་ཏུ་བྱིན་གྱིས་བརླབས། །སྔགས་ཕྲེང་སྐུ་དང་མེ་འོད་དང་། །མཚོན་ཆ་སྐར་ལྟར་འཁྲུགས་པ་ཡི། །སྡེ་བརྒྱད་དྲེགས་ཚོགས་དབང་དུ་བསྡུས། །མ་རུངས་འབྱུང་པོ་རྡུལ་དུ་བརླག །རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྲུན། །དྲག་པོའི་ལས་ཆེན་རྩལ་རྫོགས་བསམ། །ཨོཾ་བཛྲ་མ་ཧཱ་ཀ་ལ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏྲི་གུ་ཎ་ཧྲཱི་ད་ཧཱུྃ་ཕཊཿཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀ་ཝུ་ཝ་རཱུ་པ་ཙིཏྟ་སརྦ་དུཥྚན་མ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ཙ་ཏུ་ར་མུ་ཁ་ཀ་ཀ་ཨུ་ལུ་ཀ་ཤྭ་ན་སུ་ཀ་ར་ཡ་མ་དི་དྷི་ཡ་མ་དུ་ཏི་དཥྟི་མ་ཐ་ན་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྤྱི་སྔགས་ཤཱ་ས་ན་བཟླའོ། །བསྙེན་མཐར་མཆོད་བསྟོད་གསོལ་བསྐངས་བྱ། ཡི་དམ་ཚོགས་འཁོར་གཞུང་ལྟར་དང་། བསྐང་བཤགས་ནི། བསྐང་རྫས་རྣམས་ལ་དམིགས་ནས། ཨ་མྲྀ་ཏ་དང་། སྭ་བྷཱ་ཝས་སྦྱངས། སྐོང་བའི་གནས་མཆོག་འོག་མིན་ཞིང་། །ཕྱི་ནང་གསང་བའི་རྟེན་རྫས་རྣམས། །ས་དང་བར་སྣང་ཀུན་ཁྱབ་སྟེ། །ཀུན་བཟང་བདེ་སྟོང་སྤྲིན་དུ་གྱུར། ནམ་མཁའ་མཛོད་སྔགས་ལན་གསུམ་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་ཨ་བརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ། གིས་སྤེལ། ཧཱུྃ། ཆོས་དབྱིངས་ངང་ལས་ཁྲོས་པའི་སྐུ། །སྙིང་རྗེའི་གར་གྱིས་རོལ་མཛད་པ། །ནག་པོ་ཆེན་པོ་ཕྱག་བཞི་པ། །ཚུར་གཤེགས་ཚུར་གཤེགས་གནས་འདིར་གཤེགས། །ཧཱུྃ། འབར་བ་ཆེན་པོའི་དཀྱིལ་འཁོར་ན། །དུར་ཁྲོད་གསར་རྙིང་ཐང་མར་བརྡལ། །ཁྲག་མཚོ་དུག་ཆུ་ཁོལ་མ་འཁྲུགས། །རྡོ་རྗེ་ཅན་ཡང་འཇིགས་པའི་གནས། །ནག་པོ་ཆེན་པོ་ཕྱག་བཞི་པ། །ཧེ་རུ་ཀ་ཡི་སྤྲུལ་པ་སྟེ། །མི་བསྲུན་རྔམས་པའི་སྐུ་འཆང་བ། །ཡུམ་མཆོག་ཨེ་ཀ་ཙ་ཏི་དང་། །ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཅན་དང་རཱ་ཧུ་ལ། །སྟག་ཞོན་ཞིང་སྐྱོང་སེངྒེའི་གདོང་། །འཁོར་གྱི་གདོང་བརྙན་ཕྲ་མེན་ཚོགས། །འབར་མ་གིང་ལང་དབང་ཕྱུག་དང་། །གཙང་རིས་དཔལ་མགོན་འཁོར་བཅས་སོགས། །རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས། །གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་རྣམས། །ཧཱུྃ། ཐུགས་དམ་བསྐང་བའི་དམ་ཚིག་རྫས། །སྲིད་ཞིའི་ཁམས་ཀྱི་དཔལ་འབྱོར་རྣམས། །ཇི་སྙེད་བློ་ཡི་བླངས་བྱས་ནས། །རང་རང་མཐུན་པའི་རྫས་སུ་འབུལ། །རྟ་ནག་གཡག་ནག་ལུག་ནག་དང་། །བྱ་ནག་ཁྱི་ནག་སྟག་སེང་ཁྱུང་། །དོམ་དང་དྲེད་མོ་འདུར་ཞིང་རྒྱུགས། །འཕར་སྤྱང་དུག་སྦྲུལ་ཁ་རླངས་འཚུབས། །དྲེའུ་བོང་བུ་གླང་པོ་ཆེ། །སྤུ་སྡུག་མཛེས་པའི་རི་དྭགས་ཚོགས། །རྨ་བྱ་ངང་ངུར་བཞད་ཁྲུང་ཁྲུང་། །ཀཾ་ཀ་ལ་སོགས་བྱ་རིགས་ཚོགས། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་ལ་སོགས། །སྟག་གཟིག་ལྤགས་ཤུན་གོས་དར་དང་། །ཞྭ་ནག་བེར་ཕོད་རུས་པའི་རྒྱན། །མི་མགོ་སྐམ་རློན་ཕྲེང་བ་དང་། །ནོར་བུ་རིན་ཆེན་རྒྱན་ཕྲེང་མཛེས། །ཀེང་རུས་བརྩེགས་པའི་ཐོད་པའི་མཁར། །མི་རོའི་རྒྱལ་མཚན་ཞིང་ཆེན་གདུགས། །འཕན་དང་དར་དཔྱངས་ལ་སོགས་པ། །རྔམས་བརྗིད་འཇིགས་རུང་གཞལ་མེད་ཁང་། །བཀོད་པ་རྣམ་མང་བསམ་ཡས་ཀྱི། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཁྱད་པར་བྲིས་འབུར་སྐུ་ཡི་རྟེན། །སྲོག་སྔགས་ཡི་གེ་གསུང་གི་རྟེན། །ཕྱག་མཚན་འབར་བ་ཐུགས་ཀྱི་རྟེན། །ཐོད་པ་བུམ་བཟང་ཡོན་ཏན་རྟེན། །དྲག་པོའི་རྫས་རྣམས་ཕྲིན་ལས་རྟེན། །ཕྱི་རོལ་རྒྱུད་གསུམ་དྲེགས་ཚོགས་རྣམས། །ནང་དུ་རྩ་ཐིག་རླུང་གི་ཚོགས། །སེམས་ཉིད་སྐྱེ་མེད་གཉུག་མའི་གཤིས། །སྟོང་གསལ་ཝ་ལེ་ཤར་པ་འདི། །མི་འབྲལ་གསང་བའི་རྟེན་དུ་བཅས། །ཡེ་ཤེས་མགོན་པོ་འཁོར་བཅས་རྣམས། །ནམ་ཡང་མི་འབྲལ་ཐུགས་དམ་བསྐང་། །དམར་ཆེན་གཏོར་མ་རི་ལྟར་སྤུངས། །སྨན་ཕུད་བདུད་རྩི་ཆར་ལྟར་འབབ། །དམར་ཆེན་ཁྲག་མཚོའི་སྦུ་ཕྲེང་གཡོ། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡུམ་མཆོག་ཨེ་ཀ་ཙ་ཏི་དང་། །ལས་མགོན་བྱ་རོག་གདོང་པ་ཅན། །ཐུགས་མགོན་མ་ཧཱ་ཀ་ལ་དང་། །གཟའ་དང་སྟག་ཞོན་ཞིང་སྐྱོངས་སོགས། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཕྲ་མེན་གདོང་ཅན་ཆེན་མོ་བརྒྱད། །གིང་ལང་འབར་མ་དབང་ཕྱུག་ཆེ། །གཙང་རིས་དཔལ་མགོན་བདུན་ཅུ་སོགས། །ཐམས་ཅད་ཐུགས་དམ་གཉན་པོ་བསྐང་། །བསྐང་ངོ་བསྐལ་པའི་བར་དུ་བསྐང་། །གཡར་དམ་གཉེན་པོ་སོར་ཆུད་ཅིག །མི་མཐུན་རྐྱེན་ངན་ཐམས་ཅད་བཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བདག་ནི་མི་ཤེས་གཏི་མུག་པས། །བཅས་དང་རང་བཞིན་ཉེས་ལྟུང་རྣམས། །མི་འཆབ་མི་སྦེད་སྙིང་ནས་བཤགས། །ཁྱད་པར་སྐུ་གསུང་ཐུགས་དམ་འགལ། །བསྙེན་སྒྲུབ་གཡེལ་ཞིང་མཆོད་གཏོར་ཆག །རྟེན་རྫས་མ་འཛོམས་ལེ་ལོས་གཡེལ། །ཆོས་སྐྱོང་ཐུགས་དང་འགལ་བ་རྣམས། །མི་འཆབ་མི་སྦེད་སྙིང་ནས་བཤགས། །ཀློང་ཡངས་ཆེན་པོར་བཟོད་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཧེ་རུ་ཀའི་ཡིག་བརྒྱ་བརྗོད། དེ་ནས་ཚོགས་ལ་རོལ་ཞིང་ལྷག་གཏོར་གཏོང་། རིག་འཛིན་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་མཛད་པའི་བསྟོད་པ་དང་། ཁྱད་པར་རྐང་བརྒྱད་ཀྱི་བསྟོད་བ་བྱ། དྲག་པོའི་ལས་གཙོར་འདོན་ན་བསྐུལ་བཟློག་སོགས་གཞན་དུ་ཤེས། རྗེས་གཏོར་མ་འབུལ་བ་ནི། གཏོར་མ་རཀྟ་བྲན་ལ་གཏོར་འགུགས་དང་། ཤཱ་ས་ནའི་མཐར། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བྃ་ཧོ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབས། ཤཱ་ས་ན་ལན་གསུམ་གྱིས་བསྔོས། ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །སོགས་དངོས་རོལ་ལྟར་གཏོར་མ་བསྟབ། མཆོད་བསྟོད་སོགས་རྗེས་རིམ་དངོས་རོལ་ལྟར་བྱའོ། །འདི་སྦྱར་དགེ་ཚོགས་ཅི་མཆིས་པ། །བསྟན་པ་སྲུངས་ཤིང་རྒྱས་ཕྱིར་བསྔོ། །སྐྱེ་དང་ཚེ་རབས་ཐམས་ཅད་དུ། །བླ་མ་མགོན་པོས་རྗེས་འཛིན་ཤོག །ཅེས་པའང་མེ་བྱ་ལོར་རྡོ་རྗེ་གདན་གནས་མཇལ་ཐེང་གཉིས་པ་འགྲོ་སྐབས་བཛྲ་ཨ་པ་ན་མཆོད་འབུལ་ཟླ་༩ཚེས་༢༥ལ་བགྱིད་སྐབས་རྨི་ལམ་གྱི་ཉིད་འཁྲུལ་ཅུང་ཟད་ལ་བརྟེན་ཚེས་དྲུག་ལ་རིག་དབྱིངས་ཇི་ལྟར་ཐོན་བཞིན་བྲིས་པ་བསྟན་སྲུང་དགྱེས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

Footnotes

Other Information