བཅའ་ཡིག་ཕན་བདེའི་ས་བོན།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-066
Wylie title bca' yig phan bde'i sa bon JKCL-KABUM-10-THA-066.pdf
Location chos kyi blo gros bka' 'bum
Volume 10, Text 66, Pages 547-553 (Folios 1a to 4a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bca' yig phan bde'i sa bon. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 547-553. Bir, H.P.: Khyentse Labrang, 2012.
Genre Monastics Regulations - bca' yig
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/seed-of-benefit-and-happiness
Colophon

།ཅེས་དམ་པ་གོང་མ་རྣམས་ཀྱི་གསུང་དང་མཐུན་པར་དགེ་འདུན་འདུས་པའི་སྡེ་ལ་བསླབ་བྱའི་བཅའ་ཡིག་འདི་ཡང་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་གི་བསྙད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།།

/ces dam pa gong ma rnams kyi gsung dang mthun par dge 'dun 'dus pa'i sde la bslab bya'i bca' yig 'di yang 'jam dbyangs mkhyen brtse'i sprul ming gi bsnyad pa 'jam dbyangs chos kyi blo gros ris med bstan pa'i rgyal mtshan dpal bzang pos spel ba dge legs su gyur cig__/sarba mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བཅའ་ཡིག་ཕན་བདེའི་ས་བོན་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། མཆོག་གསུམ་ཉི་མ་བརྒྱ་པའི་སྣང་བ་ཡི། །སྒྲིབ་གཉིས་མུན་པ་མ་ལུས་ཀུན་བཅོམ་སྟེ། །རྣམ་གྲོལ་ཐར་པ་དམ་པའི་སྣང་བ་ནི། །སྦྱིན་མཛད་སྟོན་པ་མཆོག་དེས་ཤིས་པ་སྩོལ། །དེ་ཡང་ཕུན་སུམ་ཚོགས་པའི་དགེ་འདུན་པ་འགྲོ་བ་ལྷ་མིར་བཅས་པ་རྣམས་ཀྱི་ཕྱག་བྱ་བའི་འོས་སུ་གྱུར་ཅིང་། བསོད་ནམས་ཀྱི་དཔལ་དམ་པར་བཞུགས་པས་བསྟན་འགྲོའི་རྒུད་པ་ཞི་ཞིང་། ཕན་བདེའི་ལེགས་ཚོགས་གོང་འཕེལ་དུ་གྱུར་པའི་རྩ་ལག་དམ་པ་ཡིན་པས་ཚུལ་དང་མཐུན་པའི་མཛད་འཕྲིན་བཟང་པོས་བསྟན་པ་རིན་པོ་ཆེའི་རྗེས་སུ་བསླབ་པ་ལ། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་དགོས་ཤིང་། དེའང་དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་ལོ་བཅོ་ལྔ་མན་ཆད་ལ་ངེས་པར་ཐོབ་ནས་ཆེ་བ་དང་ཡོན་ཏན་ཀུན་གྱི་རྩ་བ་ཡིག་གེའི་ཕྱི་མོ་སློབ་པ་ནས་བཟུང་ཆོས་སྤྱོད་སོགས་བློ་འཛིན་དང་། དཀྱིལ་འཁོར་གྱི་ལས་རིམ་ཐིག་རྡུལ་ཚོན། གཏོར་བཟོ་གར་འཆམས། འབུད་བརྡུང་བཀྲོལ་གསུམ་སོགས་རང་རང་ལ་དགོས་པའི་ཡོན་ཏན་རྣམས་སྦྱངས་བརྡར་རྒྱུས་ཐོན་དང་། བློ་མཆོག་ཏུ་གྱུར་པ་རྣམས་ཀྱིས་ཕྱི་ནང་གི་རིག་གནས་ལ་བསླབ་སྦྱང་བྱ་ཞིང་། མ་མཐའ་ཡང་སྤྱོད་འཇུག་སྡོམ་གསུམ་ཙམ་མི་ཤེས་ཀ་མེད་དང་། ལོ་ཉི་ཤུ་ལོན་ནས་སྡོམ་པའི་མཆོག་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ལེགས་པར་བསྒྲུབ་ནས་བསླབ་བྱའི་རྩ་བ་ཕམ་ལྷག་གི་མ་གོས་པ་དང་། ཁྱད་པར་དགེ་ཚུལ་སློང་ཡིན་ཕྱིན་ཕམ་པ་བཞི་ཆང་དང་ལྔ་པོ་ལ་བསྲུང་བསྡོམ་བྱ་བ་ཁྲིམས་ཀྱི་རྩ་བ་ཡིན་པས། རྒྱུན་དུ་མོ་ཁྲིམས་དང་ཆང་ཁྲིམས། དུད་འགྲོ་གསོད་པ་དང་། བཤས་ཚོང་བྱེད་པ་རྣམས་ལེགས་པར་ཁྲིམས་སུ་བཅའ་བ་དང་། འགལ་བ་བྱུང་ན་ཉེས་ཆད་ལུགས་གཉིས་ཀྱི་ཚུལ་དང་མཐུན་པ་གནང་འོས་དང་། དེའང་ཇི་སྐད་དུ། གལ་ཏེ་ཐོས་པ་མང་གྱུར་ཀྱང་། །ཚུལ་ཁྲིམས་ལེགས་པར་མི་བསྡམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །དེ་ཡི་ཐོས་པ་ཕུན་ཚོགས་མིན། །ཅེས་དང་། །ཚུལ་ཁྲིམས་འཆལ་བ་དེ་ནི་ངན་འགྲོར་འགྲོ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་གསུངས་པ་ལྟར་རོ། །དུས་དང་རྒྱུན་དུ་བག་ཡོད་དང་ཁྲེལ་ངོ་ཚའི་རྟེན་གཟན་ཤམ་དང་མི་འབྲལ་བ་དང་། དྲན་ཤེས་བག་ཡོད་ཀྱིས་རང་ལས་རྒན་པ་ལ་བསྐུར་བསྟི་དང་། འོག་མ་ལ་བྱམས་བརྩེ། མཉམ་པ་ལ་འགྲན་སེམས་དང་ཕྲག་དོག་སོགས་སྤངས་ནས་སེམས་ཞི་དུལ་དང་ལྡན་པས་དགེ་སྦྱོང་གི་ཆོས་བཞི་དང་མི་འབྲལ་ཞིང་། ཀུན་ལ་དག་སྣང་སྦྱངས་བ་གལ་ཆེ་བ་དང་། བསྟན་པའི་གཞི་མའམ་སྙིང་པོ་ནི་གསོ་སྦྱོང་། དབྱར་གནས། དགག་དབྱེ་སྟེ་འདུལ་བ་རྒྱ་མཚོའི་སྙིང་པོ་གཞི་གསུམ་པོ་འདི་ཡིན་པས་རྒྱུན་ལྡན་དུ་ཡོད་ན། སྟོན་པ་རིན་པོ་ཆེ་བཀའ་དྲིན་རྗེས་སུ་བསམས་པ་དང་། རང་གི་ཁས་བླངས་པའི་ཉེས་ལྟུང་ཐམས་ཅད་འགོགས་པ་དང་། བསླབ་པ་གསུམ་གོང་ནས་གོང་དུ་འཕེལ། བག་མེད་པའི་གནས་ལས་ལྡོག་ཅིང་སེམས་ཅན་རྣམས་གནོད་འཚེ་ལས་སྐྱོབས། དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པ་དང་། ས་ཕྱོགས་ཀུན་ཏུ་བཀྲ་ཤིས་ཀྱི་དཔལ་འཕེལ་བར་འགྱུར་བ་སོགས་ཕན་ཡོན་དང་དགོས་པ་བསམ་གྱིས་མི་ཁྱབ་པས་བརྩོན་པ་དགུ་འགྱུར་དུ་བསྐྱེད་དེ་གཞི་གསུམ་ཕྱག་ལེན་ཚད་ལྡན་དང་། དབྱར་གནས་ཀྱི་སྐབས་སུ་སོར་མདོའམ། སྡོམ་གསུམ་ལྟ་བུའི་ཆོས་འཆད་ཉན་གྱི་བྱ་བས་དུས་འདའ་བ་གལ་ཆེ། དུས་དང་རྒྱུན་དུ་ཚུལ་མིན་གྱི་སྤྱོད་པ་སྤྱི་དང་ཁྱད་པར་དམག་ཇག་གི་གཏམ། སྒྲུང་གླུ་བཞད་དང་། ཀུ་ཅོ་འཆོང་རྒྱུགས་སོགས་གཏན་ནས་སྤངས་ཤིང་། ཆོས་སྤྱོད་ཁ་ཏོན་དང་བསླབ་སྦྱང་བཟླས་བརྗོད་ལ་བརྩོན་པ་དང་། ཁྱད་པར་དུ་སོ་སོར་ཐར་པ་ལས། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་དང་། ཞི་བ་ལྷས། རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཅེས་སྨོན་ལམ་མཛད་པ་ལྟར། དགེ་འདུན་རྣམས་སྤྱོད་ལམ་ཀུན་ནས་གཅིག་སེམས་གཅིག་གིས་འཛིན་ཏེ། ཐུགས་མཐུན་ཁོ་ནས་སྙིགས་དུས་འདིར་ཤིན་ཏུ་གཅེས་པའི་ཁྲིམས་གལ་པོ་ཆེ་དང་། མདོར་ན་གསོན་གཤིན་གྱི་དཀོར་ལ་ལོངས་སྤྱོད་པ་རྣམས་ཀྱིས་སེམས་རྒྱུད་ཡང་དག་པར་སྡམ་པར་མ་བྱས་ན་ཉམས་ཉེས་པར་འགྱུར་ཏེ། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་བསྡམ་པ། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཅེས་པ་ལྟར། ཚུལ་ཁྲིམས་མི་ཉམས་པ་དང་། ཆོས་སྤྱོད་བཅུ་ལ་རྟག་ཏུ་བརྩོན་པར་བྱ་བ་ནི་སྟོན་པའི་རྗེས་སུ་ཞུགས་རྣམས་ཀྱི་ཉམས་ལེན་གྱི་མཐིལ་ཡིན་ཏེ། མ་ཕམ་པས། ཡི་གེ་འབྲི་མཆོད་སྤྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་ལྟར། ཀློག་པ་ཐོས་བསམ་དང་སྤངས་བ་བསམ་གཏན་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་འབད་པས་སྟོན་པའི་བསྟན་པ་འཛིན་པར་འགྱུར་བ་ཡིན་པས། བསླབ་པའི་གནས་ལ་བག་ཡོད་པར་སྒྲུབ་པའི་སེམས་དང་ལྡན་པས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་བྱ་བ་གཅེས་སོ། །སླར་སྨྲས་པ། ལྷག་པའི་ཚུལ་ཁྲིམས་གཙང་མའི་ནོར་གྱིས་ཕྱུག །བྱང་ཆུབ་སེམས་ཀྱི་བདུད་རྩིའི་ལུས་སྟོབས་རྒྱས། །རིམ་གཉིས་ཏིང་འཛིན་ཟབ་མོར་ལེགས་གནས་པའི། །འདུས་པའི་ཚོགས་ཀྱི་ས་སྟེང་ཀུན་ཁྱབ་ཤོག །ཅེས་དམ་པ་གོང་མ་རྣམས་ཀྱི་གསུང་དང་མཐུན་པར་དགེ་འདུན་འདུས་པའི་སྡེ་ལ་བསླབ་བྱའི་བཅའ་ཡིག་འདི་ཡང་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་གི་བསྙད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། །།

Footnotes

Other Information