ཞོ་འོད་གསང་སྔགས་དར་རྒྱས་གླིང་གི་བཅའ་ཡིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-065
Wylie title zho 'od gsang sngags dar rgyas gling gi bca' yig JKCL-KABUM-10-THA-065.pdf
Location chos kyi blo gros bka' 'bum
Volume 10, Text 65, Pages 541-545 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zho 'od gsang sngags dar rgyas gling gi bca' yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 541-545. Bir, H.P.: Khyentse Labrang, 2012.
Genre Monastics Regulations - bca' yig
Colophon

།ཅེས་པའང་སྔགས་ཆེན་བཀྲ་ཤིས་དཔལ་ལྡན་ནས་ལྷ་རྫས་བཅས་གསུང་བསྐུལ་ལྟར་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། དིལ་མཁྱེན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཟུང་ནས་སྡེ་དགེ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཙུག་ལག་ཁང་ནས་སྤེལ་བ་དགེ་ལེགས་ཀྱི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/ces pa'ang sngags chen bkra shis dpal ldan nas lha rdzas bcas gsung bskul ltar 'jam dbyangs mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros dang /__dil mkhyen 'jigs med mkhyen brtse'i 'od zer zung nas sde dge rdzong sar bkra shis lha rtse'i gtsug lag khang nas spel ba dge legs kyi pad+mo mchog tu rgyas pa'i rgyur gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། ཕྱོགས་དུས་རྒྱལ་བའི་མཁྱེན་བརྩེའི་རྫོགས་ལྡན་སྤྲིན། །དགེ་ལེགས་ཕན་བདེའི་གྲུ་ཆར་འབུམ་འཇོ་བས། །ས་གསུམ་སྲིད་ཞིའི་གདུང་སེལ་བླ་མ་རྗེ། །མཚོ་སྐྱེས་རྡོ་རྗེས་ཤིས་པའི་མེ་ཏོག་སྩོལ། །གདན་གསུམ་ཡོངས་རྫོགས་སྒྱུ་འཕྲུལ་དྲྭ་བའི་གཟུགས། །བྱིན་བརླབས་དངོས་གྲུབ་ཕྲིན་ལས་ཟློས་གར་གྱིས། །དོན་གཉིས་འདོད་དགུའི་དགའ་སྟོན་སྤེལ་མཛད་པ། །རབ་འབྱམས་རྩ་གསུམ་ལྷ་ཚོགས་རྒྱལ་གྱུར་ཅིག །ཟབ་གསང་འདོད་དགུའི་དབྱིག་གི་གཟི་བྱིན་ལས། །སྨིན་གྲོལ་ནོར་བུའི་གྲུ་ཆར་མི་ཟད་པས། །གངས་ཅན་ཀུན་དགའི་མཆོག་སྦྱིན་གཏེར་ཆེན་རྗེ། །ཨོ་རྒྱན་མཆོག་གྱུར་གླིང་པ་གྲགས་གང་རྒྱལ། །རིས་མེད་བསྟན་པའི་མངའ་བདག་མཁྱེན་བརྩེའི་དབང་། །བཀའ་གཏེར་མཛོད་ལྔའི་སྲོལ་འབྱེད་བློ་མཐའ་ཡས། །ལུང་རིག་སེང་གེའི་སྒྲ་འབྱིན་མི་ཕམ་པའི། །རྣམ་ཐར་རབ་དྭངས་ཡིད་ཀྱིས་ལན་བརྒྱར་བསྔགས། །རྡོ་རྗེ་ཐེག་པའི་གསེང་ལམ་རྨད་བྱུང་བའི། །སྙིང་པོ་བསྙེན་སྒྲུབ་ཡན་ལག་བཞིའི་ཤིང་རྟས། །གྲུབ་གཉིས་འབྱོར་པས་མི་ཟད་འཕེལ་བའི་ལམ། །ཚུལ་བཞིན་བརྩོན་པ་དོན་ལྡན་བགྱི་བ་ཉིད། །ཞེས་ཤིས་པར་བརྗོད་པའི་སྙན་ཚིག་གི་སྦྱོར་བས་དགེ་ལེགས་ཀྱི་ལམ་སྲོལ་ཡངས་པར་ཕྱེས་ཏེ་དེང་གི་དུས་འདིར། གངས་ཅན་བསྟན་འགྲོའི་ཕན་བདེའི་བཙས་དང་། ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་ཕྱོགས་ཀུན་ཏུ་འཕེལ་རྒྱས་སུ་བྱ་བའི་ཐུགས་བསྐྱེད་སྟོན་ཟླ་ལྟར་དཀར་ཞིང་། དད་དང་གཏོང་བ་ནུས་པ་མཁྱེན་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་སྔགས་ཆེན་བླ་མ་བཀྲ་ཤིས་དཔལ་ལྡན་ནས་འབད་རྩོལ་ཆེན་པོས་བྱང་ཕྱོགས་སྔ་འགྱུར་བསྟན་པའི་ལྕགས་རི། སྤྱན་རས་གཟིགས་དངོས་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གདན་ས། ཞོ་འོད་གསང་སྔགས་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་། གནས་དུས་གདུལ་བྱ་འདི་ལ་དགོངས་ཏེ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་གསུམ་གྱི་བཀའ་དྲིན་ལས་བྱོན་པའི་བླ་མའི་ཐུགས་སྒྲུབ་རྣམ་གཉིས་དང་། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་རྣམས་ཆིག་དྲིལ་གྱི་སྒྲུབ་ཆེན་གསར་དུ་བཙུགས་པའི་རྟེན་འབྱུང་དང་པོ་ཤར་བ་དང་ངོས་ནས་སྒྲུབ་པའི་རྟེན་གྱི་སྐུ་གསུང་ཐུགས་རྟེན་བྱིན་ལྡན་མང་དུ་བསྲིངས་པ་དང་། བསམ་སྦྱོར་འཕེལ་རྒྱས་སུ་འབྱུང་བའི་དམིགས་འདུན་སྐྱབས་སྲུང་བགྱིས་ཤིང་། ༧འཇམ་མགོན་མཁྱེན་བརྩེའི་ཟློས་གར་དིས་མགོན་མཁྱེན་སྤྲུལ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་ཚང་བར་སྩལ་ཞིང་སྒྲུབ་པའི་ཕྱག་ལེན་ཞིབ་བསླབ་བགྱིས་པ་བཞིན། སྒྲུབ་པའི་སྟ་གོན་ནས་བརྩམས་ཐ་མར་དགེ་བ་གྲོལ་དབང་གི་བར་སྔགས་སྡེ་དེའི་ཁོངས་སུ་གཏོགས་པའི་སྔགས་པ་མཆོག་དམན་ཆེ་ཆུང་ཐམས་ཅད་འདུ་དགོས་པ་དང་། རྡོ་རྗེ་སློབ་དཔོན་དབུ་མཛད། ཆོས་ཁྲིམས་སོགས་རང་རང་གི་ལས་སྐལ་བཞིན་བྱང་ཆུབ་པ་བསླབ་ཤིང་མཐར་ཕྱིན་པ་དང་། རྡོ་རྗེ་སློབ་དཔོན་རྒྱལ་ཚབ་རྒྱལ་ཐེབས་རྣམས་ནས་ཐུགས་སྒྲུབ་རྣམ་པ་གཉིས་ཀའམ། ཐ་ན་གང་རུང་རེའི་བསྙེན་བཟླས་ཚད་དུ་འཁྱོལ་བ་དང་། གྲལ་དབུ་འཛིན་ནས་བཟུང་སྒྲུབ་པ་མ་གྲོལ་བར་ཚོགས་ཁང་དུ་སྡོད་རྒྱུ་ལས་ཁྱིམ་དུ་མི་འགྲོ། སྔགས་གྲྭ་ཀུན་གྱིས་ཞྭ། ཟླ་གམ། རྡོར་དྲིལ་སོགས་འཚོགས་པའི་ཡོ་བྱད་རིགས་རེ་རེ་བཞིན་ཚང་བ་དང་། ཆོས་ཐོག་འདིའི་ཆེད་དུ་སེམས་ཅན་གྱི་སྲོག་བཅད་པ་དང་། སྔགས་པ་རྣམས་ཀྱིས་གྲི་སོགས་འཚོན་ཆ་འཆང་བ་དང་། ཆང་དང་ཁ་སྣའི་དུད་པ་འཐེན་མི་ཆོག །ཕན་ཚུན་ཁོང་ཁྲོ་འཐབ་རྩོད་ཀྱི་རིགས་མི་བྱ། ཚོགས་ཁང་གི་སྒོར་སོན་པ་ནས་རལ་པ་ཕབ་སྟེ་བག་ཡོད་པས་གྲལ་དུ་འཁོད། གདངས་དབྱངས་རོལ་མོ་རྣམས་ཕྱག་ལེན་བཞིན་མ་ནོར་བ་དང་། ཚོགས་དང་མཆོད་པ་གཏོར་མའི་རིགས་ལ་གཙང་སྦྲ། ཉིན་མཚན་གྱི་བསྙེན་རྒྱུན་བར་མ་ཆད་པ་བཅས་ཞིབ་པར་ཆོས་ཁྲིམས་ནས་བཀའ་བཀོད་འབྱུང་བ་ལྟར་ལེགས་པར་ཞི་དུལ་བག་ཡོད་དང་བ་འདྲེན་པ་བཅས་བྱས་ནས། གནས་སྐབས་དད་ལྡན་སྦྱིན་བདག་ཀྱི་ཚོགས་རྫོགས། སྣོད་བཅུད་ཀྱི་དགེ་མཚན་རྒྱས། སྙིགས་མའི་རྒུད་པ་ཞི། མཐར་ཐུག་རིག་འཛིན་བཞིས་ལམ་མཐར་སོན་པས་དངོས་གྲུབ་རྣམ་གཉིས་འབད་མེད་དུ་ཐོབ་པ་རྡོ་རྗེའི་ལུང་ལས་གསུང་པ་ལྟར་ངེས་པས་ཀུན་གྱི་ཐུགས་ལ་གཞུག་པར་ཞུ། རྨད་བྱུང་ཐུགས་བསྐྱེད་ཆུ་གཏེར་ལས་འོང་ཞིང་། །ཚོགས་གཉིས་ཆ་ཤས་ཡོངས་རྫོགས་ནམ་མཁའི་ནོར། །ཕན་བདེའི་འོད་ཟེར་རབ་འབྱམས་ཞིང་བརྡལ་བའི། །སངས་རྒྱས་གཉིས་པས་དུས་ཀུན་སྲུང་གྱུར་ཅིག །སྦྱངས་གཞི་འོད་གསལ་ཡེ་ཤེས་སྙིང་པོའི་ཁམས། །བདེ་མྱུར་སྔགས་ཀྱི་ཐེག་པས་ལེགས་སྦྱངས་ནས། །རིག་འཛིན་རྣམ་བཞིའི་འབྲས་བུ་གཡུར་ཟ་བའི། །ངོ་མཚར་དགའ་སྟོན་ལྗོངས་དེར་འཆར་བར་ཤོག །སྒྲུབ་པ་མཆོག་འདིར་འབྲེལ་བའི་སྐྱེ་བོ་ཀུན། །ཚེ་འདིར་མི་མཐུན་འགལ་རྐྱེན་མཐའ་དག་ཞི། །མ་ཧཱ་གུ་རུའི་མངོན་སུམ་རྗེས་བཟུང་ནས། །ཚོམས་བུ་གཅིག་ཏུ་མངོན་པར་བྱང་ཆུབ་ཤོག །ཅེས་པའང་སྔགས་ཆེན་བཀྲ་ཤིས་དཔལ་ལྡན་ནས་ལྷ་རྫས་བཅས་གསུང་བསྐུལ་ལྟར་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། དིལ་མཁྱེན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཟུང་ནས་སྡེ་དགེ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཙུག་ལག་ཁང་ནས་སྤེལ་བ་དགེ་ལེགས་ཀྱི་པདྨོ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information