རང་རིག་བློ་བྲལ་ངང་ནས་འདུད། གུ་རུ་ས་ར་ཧའི་སྒྲུབ་ཐབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-004
Wylie title rang rig blo bral ngang nas 'dud/ gu ru sa ra ha'i sgrub thabs JKCL-KABUM-10-THA-004.pdf
Location chos kyi blo gros bka' 'bum
Volume 10, Text 4, Pages 17-23 (Folios 1a1 to 4a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་ར་ཧ་ (Saraha)
Citation 'jam dbyangs mkhyen brtse chos kyi blo gros. rang rig blo bral ngang nas 'dud gu ru sa ra ha'i sgrub thabs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 17-23. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Colophon

།དེ་ལྟར་བླ་མ་སྒྲུབ་པའི་ཐབས། །ཟབ་པའི་མན་ངག་དང་བཅས་པ། །པདྨ་བདག་གི་ལེགས་པར་སྦྱར། །སྐལ་ལྡན་དཔལ་དུ་འགྱུར་བར་ཤོག །ས་མ་ཡ་རྒྱ།།

/de ltar bla ma sgrub pa'i thabs/__/zab pa'i man ngag dang bcas pa/__/pad+ma bdag gi legs par sbyar/__/skal ldan dpal du 'gyur bar shog__/sa ma ya rgya//

1 Texts in this Section (sde tshan or chos tshan)

[edit]
རང་རིག་བློ་བྲལ་ངང་ནས་འདུད། གུ་རུ་ས་ར་ཧའི་སྒྲུབ་ཐབས། དེ་ལ་སྦྱོར་དངོས་རྗེས་གསུམ་ཡོད། །སྦྱོར་བ་བླ་མའི་སྐུ་འབག་བཤམས། །དབེན་པར་བསྡད་ལ་ལུས་གནད་བསྲང་། ཨཿབློ་བྲལ་ཆོས་དབྱིངས་སྟོང་གསལ་དཀྱིལ་འཁོར་དུ། །རང་རིག་བླ་མ་གུ་རུ་ས་ར་ཧ། །རང་གྲོལ་འཛིན་མེད་ངང་ནས་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་བ་སྒྲོལ་བར་སེམས་བསྐྱེད་དོ། །བཀའ་བསྒོ་ཞིང་མཚམས་བཅད་ནི། གཉིས་འཛིན་ལྟར་སྣང་འཁྲུལ་པའི་བགེགས། །མི་ཤིག་གཉུག་མའི་ཕྱག་རྒྱར་དེངས། །རང་སྣང་སྲུང་བའི་གུར་ཁང་ལ། །མཚམས་ཀྱི་འདུ་འཕྲོ་ལྷུན་གྱིས་གྲུབ། བཛྲ་རཀྵ་བྷྲཱུྃ། མཆོད་པ་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་དང་མཉམ་སྣོད་ཡངས་སུ། །ཕྱི་ནང་གསང་བའི་མཆོད་པ་ནི། །ངོ་བོ་བཟང་ལ་གྱ་ནོམ་པ། །ཀུན་བཟང་རྣམ་འཕྲུལ་མཐའ་ཀླས་གྱུར། བྱིན་དབབ་པ་ནི། ཧཱུྃ་ཧྲཱིཿབདེ་ཆེན་འབར་བའི་ཕོ་བྲང་ནས། །ཧེ་རུ་ཀ་དཔལ་གཤེགས་སུ་གསོལ། །མི་ཤིག་དབུ་མའི་གྲོང་ཁྱེར་ནས། །དཔལ་མགོན་བླ་མ་གཤེགས་སུ་གསོལ། །གར་བཞུགས་དག་པའི་ཞིང་ཁམས་ནས། །གྲུབ་ཐོབ་ཆེན་པོ་གཤེགས་སུ་གསོལ། །གནས་ཁང་དག་པའི་ཞིང་དུ་བསྒྱུར། །མོས་པའི་བུ་ལ་བྱིན་ཆེན་ཕོབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་དྷ་ར་ས་ར་ཧ་པ་དཱ་ཨེ་ཨ་ར་ལི་ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་བྱིན་དབབ་བོ། །དངོས་གཞི་དམ་ཚིག་བསྐྱེད་པ་ནི། ཨཿགཟུང་འཛིན་མཚན་མ་དབྱིངས་སུ་དེངས། །གཞི་སྣང་རང་གདངས་ལྷུན་གྲུབ་ཏུ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །འཇའ་ཟེར་ཐིག་ལེ་བཀྲ་བའི་དབུས། །སེང་ཁྲི་པདྨ་ཉི་དཀྱིལ་སྟེང་། །སྲོག་བྲལ་བམ་ཆེན་བསྒྱེལ་བའི་སྟེང་། །རང་རིག་བླ་མ་ས་ར་ཧ། །གཞོན་ཚུལ་ཞི་མ་ཁྲོ་ཡི་ཉམས། །དབུ་སྐྲ་རལ་པའི་ཐོར་ཅོག་ཅན། །ལྷག་མ་སྐུ་རྒྱབ་སིལ་བུར་གྲོལ། །སྨ་ར་ཐུགས་ཀའི་གཞི་མདོར་སླེབས། །ཐོད་སྐམ་རུས་རྒྱན་སྟག་ཤམ་གསོལ། །ཞབས་གཉིས་དཔའ་བོ་རོལ་སྟབས་བཞུགས། །ཐབས་ཤེས་ཕྱག་གཉིས་མདའ་སྨྱུག་བསྲང་། །ཟུར་མིག་སྤྱན་གྱིས་དེ་ལ་གཟིགས། །སྐུ་ལུས་རྩ་གསུམ་ཞི་ཁྲོ་ཡི། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །མ་བསྐྱེད་ཡེ་རྫོགས་ཆེན་པོར་གསལ། །ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿགཉུག་མ་ཟང་ཐལ་བྲལ་བའི་དབྱིངས། །གཞོན་ནུ་བུམ་པ་སྐུ་ཡི་སྦུབས། །ཚོགས་བརྒྱད་དུར་ཁྲོད་རོལ་པའི་ཀློང་། །ཧེ་རུ་ཀ་དཔལ་གཤེགས་སུ་གསོལ། །སྟེང་ཕྱོགས་མེ་རི་འབར་བ་ཡི། །དུར་ཁྲོད་ཚང་ཚིང་འཁྲིགས་པ་ནས། །གྲུབ་ཐོབ་ཆེན་པོ་ས་ར་ཧ། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་གཤེགས། །སྣོད་བཅུད་ཡེ་ནས་རྣམ་པར་དག །འགྲོ་འོང་བྲལ་བའི་ཞིང་ཁམས་ནས། །གདོད་མའི་མགོན་པོ་ས་ར་ཧ། །བློ་བྲལ་ངང་ནས་གཤེགས་སུ་གསོལ། །གཞི་སྣང་ལྷུན་གྲུབ་ཏ་ལ་ལ། །སྐུ་དང་ཚོམ་བུ་ཤིགས་སེ་ཤིག །ཡེ་ཤེས་ཁྲོ་བོའི་སྟངས་སྟབས་ཀྱིས། །ཀྱཻ་འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོས་དབྱེར་མེད་བྱས། ཨ། གདོད་ནས་དམ་ཚིག་ཡེ་ཤེས་པ། །དུ་མ་སྣང་ཡང་རོ་གཅིག་ཏུ། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །མི་འབྲལ་རྟག་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ན་མོ། སྐྱེ་འགག་འགྲོ་འོང་ཐམས་ཅད་བྲལ། །རང་བྱུང་བྱང་ཆུབ་སེམས་ཀྱི་དབྱིངས། །བདེ་སྟོང་ཟུང་འཇུག་བླ་མ་རྗེར། །རང་རིག་བརྡ་ཡིས་ཕྱག་བགྱིའོ། །ན་མོ་ན་མ་མི། མཆོད་པ་ནི། ཨོཾ་ཨཱཿཧཱུྃ། དེ་བཞིན་དབྱིངས་ཉིད་བདེ་བ་ཆེན་པོའི་སྣོད། །རང་སྣང་ཚོགས་དྲུག་མ་འགགས་འདོད་ཡོན་རྒྱན། །རྡོ་རྗེའི་ལོངས་སྤྱོད་དག་པ་ཅི་མཆིས་པ། །མཉམ་ཉིད་རོ་མཉམ་ངང་ནས་མཆོད་པ་འབུལ། །ཨོཾ་སརྦ་པཉྩ་ཀ་མ་གུ་ཎ་ཏ་ན་ག་ན་གུ་ཧྱེ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ། བསྟོད་པ་ནི། ཨ། འཁོར་འདས་བྱེད་པོ་བྱང་ཆུབ་སེམས། །མ་བཅོས་ཐིག་ལེ་ཆེན་པོར་རྫོགས། །སྟོང་པའི་ཕྱག་རྒྱའི་ངོ་བོར་ཤར། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་འོང་འཕོ་བ་དབུ་མར་དེངས། །རླུང་ལྔ་ནཱ་ད་མི་ཤིག་པ། །སྟོང་ཆེན་ཆོས་ཀྱི་རང་སྒྲ་སྒྲོགས། །མ་འགགས་གསུང་ལ་ཕྱག་འཚལ་བསྟོད། །ནམ་མཁའ་ལྟ་བུར་མཐའ་དབུས་བྲལ། །འཕོ་འགྱུར་མཚན་མ་ཀུན་ལས་འདས། །རང་བྱུང་ཡེ་ཤེས་ཆེན་པོར་གསལ། །བརྗོད་བྲལ་ཐུགས་ལ་ཕྱག་འཚལ་བསྟོད། །ཨེ་མ་ཧོ། བརྗོད་མེད་བརྗོད་པ་ཀུན་ལས་འདས། །སྐྱེ་འཆི་བྲལ་བ་འོད་ཀྱི་ལུས། །རྡོ་རྗེ་མི་ཤིག་ཏི་ལ་ཀ །བདེ་སྟོང་ཆེན་པོར་ཕྱག་འཚལ་བསྟོད། །ཛབi་བཟླ་བ་ནི། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས། །པད་ཉི་རྡོ་རྗེ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་ཡིག་མཐིང་ཀས་མཚན། །མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་དག་པའི་སྐུ། །གཞོམ་བྲལ་སྔགས་ཀྱི་རང་སྒྲ་སྒྲོགས། །སྣང་སྲིད་འོག་མིན་ཆེན་པོར་རྫོགས། །ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་ས་ར་ཧཱ་ས་མ་ཡ་ཛཿཛཿསརྦ་སིདྡྷི་ཕཱ་ལ་ཧཱུྃ་ཨཱཿ བདུན་ཕྲག་གསུམ་དུ་བཟླ་བར་བྱ། །དངོས་ཉམས་རྨི་ལམ་ཅི་རིགས་སུ། །བླ་མ་ལྷ་ཡིས་རྗེས་སུ་འཛིན། །ཉམས་རྟོགས་ཡེ་ཤེས་ཡོན་ཏན་འཆར། །རྫོགས་རིམ་དུག་བསལ་ལུས་གནད་བསྲང་། །དབུ་མར་ཧཱུྃ་ཡིག་མཐིང་ཀ་ལས། །འོད་ཟེར་སྔོན་པོ་འཕྲོས་པ་ཡིས། །སྣང་སྲིད་ཐམས་ཅད་འུབས་ཀྱིས་བསྡུས། །སྤྱི་བོ་ནས་ཞུགས་ཧཱུྃ་ལ་ཐིམ། །ལུས་ནང་འོད་ཟེར་སྔོན་པོས་ཁྱབ། །སྒྲིབ་གཉིས་དྲི་མ་སངས་བར་བསམ། །ཧཱུྃ་ཡིག་གཙུག་ཏོར་རྩེ་མོར་སོན། །འོད་ཟེར་ལྔ་ལྡན་དྲྭ་བ་ཡིས། །ལུས་གཡོགས་དེ་དང་དབྱེར་མེད་འདྲེས། །ཧཱུྃ་ཐིམ་དེ་ཉིད་སྐར་མདའ་ལྟར། །འོག་མིན་བླ་མ་ཧེ་རུ་ཀའི། །ཐུགས་དང་དབྱེར་མེད་འདྲེས་པ་ལས། །བསམ་གྱིས་མི་ཁྱབ་རྫོགས་པ་ཆེ། །ཡེ་བབས་གཞི་ཡི་དགོངས་པ་དེ། །རྩོལ་མེད་ལམ་གྱི་བགྲོད་པ་ལས། །འབྲས་བུ་དེ་ཉིད་མངོན་དུ་འཆར། །སླར་ཡང་འགྲོ་ལ་རྗེས་ཆག་པའི། །སྤྲུལ་པ་སྒྱུ་མ་ལྟ་བུར་ལྡང་། །དེ་ལྟར་ཡང་ཡང་འབད་བྱས་ན། །རླུང་སེམས་གཉིས་མེད་ལྷ་སྐུར་འགྲུབ། །རྣམ་རྟོག་འོད་གསལ་དབྱིངས་སུ་དེང་། །རིག་པ་ཆོས་སྐུའི་རྒྱལ་ས་ཟིན། ། ༈ གསུམ་པ་རྗེས་ཀྱི་རིམ་པ་ལ། །ཚོགས་ཀྱི་མཆོད་པ་འབུལ་བ་ནི། ཨཿརང་བྱུང་བདེ་སྐྱོང་ཡངས་པའི་སྣོད། །ཚོགས་རྫས་རིགས་ལྔ་བདུད་རྩི་ལྔ། །མ་བཅོས་མ་བསླད་གཙང་སྨེ་བྲལ། །ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་གྱུར། །ཨོཾ་ཧཱུྃ་ཏྲྃ་ཧྲཱི་ཨ། ཨཿཕྱི་ནང་ཟང་ཐལ་སྒྲིབ་གཡོག་བྲལ། །ཞལ་ཕྱག་མཚན་མ་ཀུན་དག་པར། །དབྱིངས་ཡེ་ཟུང་འཇུག་ཚོགས་མཆོད་འབུལ། །བྱང་ཆུབ་སེམས་ཀྱི་དངོས་གྲུབ་སྩོལ། །འཁོར་ལོ་ལྔ་ཡི་གྲོང་ཁྱེར་ནང་། །བླ་མ་མཁའ་འགྲོའི་ཚོགས་བཅས་ལ། །བདེ་ཆེན་དགའ་བཞིའི་ཚོགས་མཆོད་འབུལ། །ཞུ་བདེ་སྟོང་པའི་དངོས་གྲུབ་སྩོལ། །ཙིཏྟ་འོད་ཀྱི་དྲྭ་བ་ན། །གདོད་མའི་མགོན་པོ་ས་ར་ཧ། །གཞི་སྣང་ལྷུན་གྲུབ་ཚོགས་མཆོད་འབུལ། །བྱིན་ཆེན་འཕྲོ་བའི་དངོས་གྲུབ་སྩོལ། །ཀུན་བརྟགས་ཉེས་པ་ཐམས་ཅད་བཤགས། །གཞན་དབང་མ་དག་བསྒྲལ་བ་ལས། །དག་པ་ཡོངས་གྲུབ་ཆེན་པོ་ཡི། །གོ་འཕང་དམ་པ་སྩལ་དུ་གསོལ། །ཚོགས་ལ་རོལ་ཞིང་སྨོན་ལམ་གདབ། ལྷག་མ་ལྷག་ལ་དབང་བར་སྦྱིན། དཔལ་ཆེན་པོ་ཡི་ཕ་འབབ་ལ། །རྟག་ཏུ་ལོངས་སྤྱོད་ལྷག་ལ་དབང་། །འདིར་གཤེགས་ལྷག་མའི་མཆོད་པ་བཞེས། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །སྲུང་མར་དམ་བསྒྲགས་གཏོར་མ་སྦྱིན། སྔོན་ཚེ་འོག་མིན་གསང་བ་ཆེར། །ཀུན་བཟང་ཧེ་རུ་ཀ་དཔལ་གྱི། །རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས། །གཏོར་མ་བཞེས་ལ་ཕྲིན་ལས་སྒྲུབས། །རིག་པ་ཤར་གྲོལ་ཆེན་པོ་ལ། །བར་གཅོད་ཀུན་རྟོག་ཚོགས་སྒྲོལ་ཅིག །གསུམ་པ་རྗེས་ཀྱི་རིམ་པ་ལ། དངོས་གྲུབ་བླང་བ་ནི། སྐུ་བཞིའི་ངོ་བོ་བླ་མ་རྡོ་རྗེ་འཆང་། །བདག་གི་སྤྱི་བོར་བྱོན་ནས་དབང་བཞི་བསྐུར། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཚེ་འདི་ཉིད་ལ་ཟུང་འཇུག་འགྲུབ་པར་ཤོག །བསྔོ་སྨོན་ཤིས་པ་བརྗོད་པ་ནི། དཔལ་མགོན་བླ་མ་བསྒྲུབས་པའི་འབྲས་བུ་ཡི། །བསོད་ནམས་གང་མཆིས་འགྲོ་བའི་རྒྱུད་ལ་བསྔོ། །ཀུན་ཀྱང་ཟུང་འཇུག་དམ་པ་མངོན་གྱུར་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །ཤིས་བརྗོད་ནི། བླ་མའི་བྱིན་རླབས་མཁའ་ལ་སྤྲིན་ལྟར་འཁྲིགས། །ཡི་དམ་ལྷ་ཡིས་རྟག་ཏུ་བྱིན་གྱིས་རློབ། །ཆོས་སྐྱོང་སྲུང་མས་བར་ཆད་ཐམས་ཅད་བསལ། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །དེ་ལྟར་བླ་མ་སྒྲུབ་པའི་ཐབས། །ཟབ་པའི་མན་ངག་དང་བཅས་པ། །པདྨ་བདག་གི་ལེགས་པར་སྦྱར། །སྐལ་ལྡན་དཔལ་དུ་འགྱུར་བར་ཤོག །ས་མ་ཡ་རྒྱ།། །།

Footnotes

Other Information