དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བརྗེད་འབོད་བསྟན་དགྲ་ཚར་གཅོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-040
Wylie title dpal rdo rje 'jigs byed kyi brjed 'bod bstan dgra tshar gcod JKCL-KABUM-07-JA-040.pdf
Location chos kyi blo gros bka' 'bum
Volume 7, Text 40, Pages 599-606 (Folios 1a1 to 4b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal rdo rje 'jigs byed kyi brjed 'bod bstan dgra tshar gcod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 599-606. Bir, H.P.: Khyentse Labrang, 2012.
Genre Averting or Dispelling Rites- zlog pa  ·  Torma-offering Rituals - gtor chog
Deity 'jigs byed
Colophon

།ཞེས་པ་འདི་སྔར་བྲག་ཡབ་དུ་འཇིགས་བྱེད་གཏོར་བཟློག་གློ་བུར་དུ་གནང་དགོས་ཀྱི་བཀའ་གནང་སྐབས། རྡོར་འཛིན་པས་དགོངས་གསོལ་ཐུགས་ལ་མ་ངེས་པའི་ཚེ། ༧འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་ཐོག་ནས་གནང་བའི་བྱིན་རླབས་ཅན་ཡིན་པར་གྲགས་སོ།།

/zhes pa 'di sngar brag yab du 'jigs byed gtor bzlog glo bur du gnang dgos kyi bka' gnang skabs/__rdor 'dzin pas dgongs gsol thugs la ma nges pa'i tshe/__7'jam mgon rdo rje 'chang nyid kyi thugs thog nas gnang ba'i byin rlabs can yin par grags so//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བརྗེད་འབོད་བསྟན་དགྲ་ཚར་གཅོད་བཞུགས་སོ། ། ཨོཾ་བཛྲ་ས་མ་ཏིཥྚ་ཞེས་བརྗོད། ཧོ་དགོངས་སུ་གསོལ་ལོ། །ལན་གསུམ། བདེ་ཆེན་ནམ་མཁའི་དབྱིངས་ནས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ཆོས་དབྱིངས་སྒྲིབ་གསལ་མེད་པའི་ཀློང་དཀྱིལ་ནས་ཡི་དམ་རྒྱལ་བ་སྲས་དང་བཅས་པ་རྣམས༴ཐབས་མཁས་གཤིན་རྗེ་རོལ་པའི་ཀློང་དཀྱིལ་ནས་འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས༴དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕོ་བྲང་ནས་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས༴གཞན་ཡང་གང་འདུལ་འགྲོ་བའི་དོན་དུ་ལྷ་མཆོག་འཇམ་པའི་རྡོ་རྗེ་ཁྲོ་བོ་བཞེངས་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཕྱོགས་སྐྱོང་བ་བཅུ། འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ། ཡབ་ཏི་ལ་སོགས་པའི་གཤེད་པོ་བཞི། ཀཱ་ལ་ར་ཏྲི་ལ་སོགས་པའི་མ་མོ་བཞི། བཀའ་ཉན་གྱི་གིང་ཆེན་པོ་བཞི་ལ་སོགས་ཏེ་སྤྲུལ་པ་འབུམ་སྡེ་མི་སྡུག་པའི་ཆ་བྱད་ཅན། འཁོར་ལྷ་སྲིན་སྡེ་བརྒྱད་ས་འོག་ས་སྟེང་ཐམས་ཅད་ཁྱབ་པའི་དྲག་རྩལ་ཅན་ཁྱེད་རྣམས་སྙན༴གཞན་ཡང་གཤིན་རྗེ་ཁྲག་མདོག་ཨེ་ཀ་ཛ་ཊཱི། གཤིན་རྗེ་མེ་རུ་རྩེ། སྲིན་པོ་མེ་རུ་རྩེ། བདུད་མེ་རུ་རྩེ། གནོད་སྦྱིན་མེ་རུ་རྩེ་ལ་སོགས་པ་རྣམས་སྙན༴གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཉན་ཆེན་པོ་བརྒྱད། ཞིང་སྐྱོང་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱལ་པོ་ཆེན་པོ་སྡེ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གཞན་ཡང་ས་ཕྱོགས་འདི་དག་ལ་གནས་པའི་ལྷ་ཀླུ་གཞི་བདག་དང་བཅས་པ་རྣམས་སྙན་གསན་ཅིང་༴རྣལ་འབྱོར་པ་བདག་ཅག་རྣམས་ཀྱིས་རྡོ་རྗེ་འཆང་གི་བཀའ་བཞིན་དུ་ཁྱེད་རྣམས་གཟུ་དང་དཔང་པོར་བཀོད་ཅིང་ཕྲིན་ལས་སུ་བཅོལ་བ་ནི། སྤྱིར་ཡང་དག་པ་རྫོགས་པའི་སངས་རྒྱས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འགྲོ་འདུལ་ཁ་ལོ་བསྒྱུར་བ། ཉག་གཅིག་སྐྱབས་ཀྱི་དམ་པ། བཅོམ་ལྡན་འདས་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས་དང་། བྱེ་བྲག་ཏུ་དུས་གསུམ་སངས་རྒྱས་འདུས་པའི་རང་བཞིན། རིགས་གསུམ་སེམས་དཔའ་ཆེན་པོའི་སྒྱུ་འཕྲུལ། ཐེག་གསུམ་བསྟན་པ་སྨྲ་བའི་སེངྒེ། འགྲོ་ཚོགས་སྲིད་ལས་སྒྲོལ་བའི་དེད་དཔོན་ཆེན་པོ་དཔལ་ས་སྐྱ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་ཡབ་སྲས་བརྒྱུད་པར་བཅས་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་རྣམས་དང་། ཐུབ་མཆོག་ལུང་གིས་ཟིན་པའི་སྐྱེས་བུ། རྩོད་ལྡན་དུས་ཀྱི་ཐམས་ཅད་མཁྱེན་པ། རྒྱལ་བསྟན་རིང་པོར་འཚོ་བའི་སྨན་པ། གསུང་རབ་དགོངས་པ་འགྲེལ་བའི་ཉི་མ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ལུགས་མཆོག་དྲི་མ་མེད་པའི་ཕྲིན་ལས་དང་། དེར་འཛིན་ཀྱི་སྐྱེས་བུ་དམ་པར་བཅས་པའི་སྐུ་ཚེ་འགྲོ་དོན་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས་དང་། སྙིགས་དུས་བསྟན་པའི་སྒྲོན་མེ། རིགས་གསུམ་སེམས་དཔའི་སྤྲུལ་པ། དཔལ་ས་སྐྱ་པའི་གདུང་སྲས་ཀྱི་ཕྲེང་བ་རིམ་པར་བྱོན་པའི་སྐུ་ཚེ། ཕྲིན་ལས་མངའ་ཐང་དང་བཅས་པ་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས་དང་། ལུང་རྟོགས་བསྟན་པ་རྒྱས་པའི་རྩ་ལག །བཤད་སྒྲུབ་སྒྲ་དབྱངས་སྙན་པའི་རྔ་གསང་། སྦྱིན་པ་དག་པའི་ཡོན་གནས་དམ་པ། ངུར་སྨྲིག་འཆང་བ་འདུས་པའི་ཆོས་གྲྭ་ཆེན་པོ། འདི་ཉིད་ཀྱི་མཚོན་པའི་རྒྱལ་བ་གཉིས་པ་རྗེ་བཙུན་ཨེ་ཝཾ་པའི། རིང་ལུགས་དྲི་མ་མེད་པའི་བཤད་སྒྲུབ་ཀྱི་རྣམ་པར་མཛེས་པའི་ཆོས་སྡེ་མཐའ་དག་གི་ཕྲིན་ལས། མངའ་ཐང་དཔལ་འབྱོར། གྲྭ་རིགས་མི་སྡེ་དང་བཅས་པ་ལ་སྡང་ཞིང་ཐོ་འཚམ་པའི་དམ་ཉམས་དགྲ་བགེགས་རྣམས་དང་། རྒྱལ་བའི་མྱུ་གུ་དམ་པ་རྒྱལ་བསྟན་སྐྱོང་བ་ཆེན་པོ། ཟླ་བྲལ་བསྟན་པའི་སྦྱིན་བདག་སྡེ་དགེ་ས་སྐྱོང་ཆེན་པོའི་རིགས་སྲས་སྡེ་དང་བཅས་པའི་སྐུ་ཚེ་ཕྲིན་ལས། ཆབ་སྲིད་མངའ་ཐང་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མའི་རིགས་གྱུར་གང་ཡིན་པ་དང་། གསང་ཆེན་རིག་པ་འཛིན་པའི་རྣལ་འབྱོར་པ། །བདག་ཅག་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་ཐོ་འཚམ་ཞིང་ཆོས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་གདུག་པ་ཅན་གྱི་རིགས་བསྒྲལ་བའི་ཞིང་དུ་གྱུར་པ། དེ་རྣམས་ལས་མཁན་རྣམས་ཀྱིས་མྱུར་དུ་གནས་གར་འདུག་ཀྱང་རང་དབང་མེད་པར་སྐད་ཅིག་ཉིད་ལ་ཁུག་ལ། འགོ་བའི་ལྷ་དང་ཕྱེས་ཅིག །སྐྱོབ་པའི་ལྷ་དང་ཕྱེས་ཅིག །སྲུང་བའི་ལྷ་དང་༴ཡི་དམ་གྱི་ལྷ་དང་༴ལེའུ་ལྷ་དང་༴ཞང་ལྷ་དང་༴ཕོ་ལྷ་དང་༴མོ་ལྷ་དང་༴ལྷན་ཅིག་སྐྱེས་པའི་ལྷ་ལ་སོགས་པ་སྲུང་སྐྱོབས་ཀྱི་ལྷ་ཐམས་ཅད་དང་ཕྱེས་ཅིག །ལིངྒ་འདི་ལ་ཁུག་ཅིག །ལྕགས་ཁང་ནག་པོ་གཏོར་མའི་རྣམ་པར་ཅན་གྱི་ནང་དུ་མ་ཤོར་མྱུར་དུ་ཁུག་ཅིག །འོ་གཟུ་དང་དཔང་དུ་བཞུགས་པ་ཁྱེད་རྣམས་བསྟན་པ་ཡོངས་ཀྱི་སྲུང་མ། ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། རིག་འཛིན་ཡོངས་ཀྱི་བཀའ་སྡོད། བདུད་རིགས་དམ་ཉམས་རྣམས་ཀྱི་གཉེན་པོ། བསྟན་དགྲ་དམ་ཉམས་ཀྱི་གཤེད་མ་ཡིན་པས་ཡིད་ལ་གནག་པའི་དགྲ་བོ་དེ་རྣམས་ལ་བཀའ་ཡི་ཆད་པ་དྲག་པོ་མྱུར་དུ་ཆོད་ཅིག །མདངས་ལེན་རྣམས་ཀྱིས་མདངས་འཕྲོག་ཅིག །དབུགས་ལེན་རྣམས་ཀྱིས་དབུགས་ལོངས་ཤིག །སྲོག་ལེན་རྣམས་ཀྱིས་སྲོག་ཆོད་ཅིག །ཤན་པ་རྣམས་ཀྱིས་ལྟོ་བ་ཁོས་ཤིག །ལས་མཁན་རྣམས་ཀྱིས་མགོ་ལུས་ལྷུ་གཟུགས་སོ་སོར་ཕྱེས་ཅིག །གསོལ་ཁ་བ་རྣམས་ཀྱི་ཞལ་དུ་སྟོབ་ཅིག །ཆོས་སྐྱོང་རྣམས་ཀྱི་ཞལ་དུ་ལྷག་མ་མེད་པར་བཞེས་ཤིག །ཟས་སྐལ་དགྲ་བོའི་ཤ་ཁྲག་ཡིན་པས། རྔམ་པའི་ཞལ་གདང་ཤིག །རྣོ་བའི་མཆེ་བ་བཙིགས་ཤིག །འཁྱུག་པའི་ལྗགས་བསྐྱོད་ཅིག །འཇིགས་པའི་ང་རོ་སྒྲོགས་ཤིག །དྲག་པོའི་རྐན་སྒྲ་བརྡོབ་ཅིག །དགྲ་བོའི་ཤ་ལ་ཧབ་ཧབ་དུ་ཟོ་ཅིག །དགྲ་བོའི་ཁྲག་ལ་ཧུབ་ཧུབ་དུ་འཐུངས་ཤིག །དགྲ་བོའི་རུས་པ་ཁྲམ་ཁྲུམ་དུ་མུར་ཅིག །དགྲ་བོའི་པགས་པ་ལྷབ་ལྷུབ་དུ་གྱོན་ཅིག །དགྲ་བོའི་རྒྱུ་མ་ནར་ནུར་དུ་དྲོངས་ཤིག །གཏོར་མ་འདི་དང་མཉམ་དུ་ལྷག་མ་མེད་པར་བཞེས་ཤིག །མ་ཤོར་ཅིག །སྐུ་མ་གཡེལ་ཅིག །གསུང་མ་གཡེལ་ཅིག །ཐུགས་མ་གཡེལ་ཅིག །ཡོན་ཏན་མ་གཡེལ་ཅིག །ཕྲིན་ལས་མ་གཡེལ་ཅིག །བསྐལ་པའི་བར་དུ་ཡང་མ་གཏོང་ཅིག ། ༈ དཔལ་རྡོ་རྗེ་འཇིགས་བྱེད་ཕྱོགས་སྐྱོང་བ་བཅུ། ལས་ཀྱི་གཤིན་རྗེ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་བཀའ་ཉན་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་ཁྱེད་རྣམས་དམ་ཉམས་དགྲ་བོའི་ཡུལ་དུ་རྒྱུག་ལ་ཕོ་བྲང་ཆོས་ཅིག །རོ་བྲོ་རྡུང་ཤིག །ལྟས་ངན་སྣ་ཚོགས་ཐོངས་ཤིག །ནད་ཀྱི་རྐྱལ་པ་ཁ་ཕྱེས་ཤིག །མཚོན་གྱི་ཆར་ཕོབ་ཅིག །སྙིང་ཁྲག་ཁ་ནས་ཕྱུངས་ཤིག །མགོ་ལ་ཐོག་རྒྱོབ་ཅིག །རིགས་རྒྱུད་རྩད་ནས་ཆོད་ཅིག །ཕོ་རིགས་རྣམས་ལ་མཛེ་ཐོངས་ཤིག །མོ་རིགས་རྣམས་ཀྱི་མངལ་སྐམ་ཅིག །ནོར་ལ་གོད་ཁ་ཐོངས་ཤིག །ཞིང་ལ་རྩ་སད་སེར་གསུམ་ཐོངས་ཤིག །བང་ཁང་སྦྲ་གཞིས་ས་ཞིང་མི་ནོར་བདུན་བརྒྱུད་དང་བཅས་པ་ཐམས་ཅད་ཟས་སྐལ་དུ་གཏད་དོ་ཟོ་ཅིག །འཐུང་སྐལ་དུ་གཏད་དོ་འཐུང་ཅིག །ནོར་སྐལ་དུ་གཏད་དོ་སྤྱོད་ཅིག །བསྒྲལ་སྐལ་དུ་གཏོད་དོ་སྒྲོལ་ཅིག །ཁྱེད་རྣམས་སྙན་མ་སྲ། བང་མ་བུལ། མཐུ་མ་ཆུང་། རྒྱུག་ལོག་མ་བྱེད་པར། སྲ་བའི་གོ་གྱོན། མགྱོགས་པའི་བང་ཐོངས་ཤིག །རྣོ་བའི་མཚོན་ཐོགས་ལ། དམ་ཉམས་པའི་དགྲ་བོ་མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །དམར་གྱི་གཏོར་མ་འདི་དང་མཉམ་དུ་ལྷག་མ་མེད་པར་བཞེས་ལ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས་ཤིག །ཅེས་བརྗོད། དེ་ནས་སློབ་དཔོན་གྱིས་ལྷའི་ང་རྒྱལ་དང་ལྡན་པས་གཏོར་མ་འཕངས། །ཞེས་པ་འདི་སྔར་བྲག་ཡབ་དུ་འཇིགས་བྱེད་གཏོར་བཟློག་གློ་བུར་དུ་གནང་དགོས་ཀྱི་བཀའ་གནང་སྐབས། རྡོར་འཛིན་པས་དགོངས་གསོལ་ཐུགས་ལ་མ་ངེས་པའི་ཚེ། ༧འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་ཐོག་ནས་གནང་བའི་བྱིན་རླབས་ཅན་ཡིན་པར་གྲགས་སོ།། །།
[edit]

@#/__/dpal rdo rje 'jigs byed kyi brjed 'bod bstan dgra tshar gcod bzhugs so/__/ oM badz+ra sa ma tiSh+Ta zhes brjod/__ho dgongs su gsol lo/__/lan gsum/__bde chen nam mkha'i dbyings nas rtsa ba dang brgyud par bcas pa'i dpal ldan bla ma dam pa rnams snyan gsan cing dgongs su gsol lo/__/chos dbyings sgrib gsal med pa'i klong dkyil nas yi dam rgyal ba sras dang bcas pa rnams=thabs mkhas gshin rje rol pa'i klong dkyil nas 'jam dpal gshin rje'i lha tshogs rnams=dam nyams dgra bgegs bsgral ba'i pho brang nas sprul pa yang sprul dang bcas pa rnams=gzhan yang gang 'dul 'gro ba'i don du lha mchog 'jam pa'i rdo rje khro bo bzhengs pa'i dpal rdo rje 'jigs byed phyogs skyong ba bcu/__'chi bdag las kyi gshin rje yab yum/__yab ti la sogs pa'i gshed po bzhi/__kA la ra tri la sogs pa'i ma mo bzhi/__bka' nyan gyi ging chen po bzhi la sogs te sprul pa 'bum sde mi sdug pa'i cha byad can/__'khor lha srin sde brgyad sa 'og sa steng thams cad khyab pa'i drag rtsal can khyed rnams snyan=gzhan yang gshin rje khrag mdog e ka dza TI/__gshin rje me ru rtse/__srin po me ru rtse/__bdud me ru rtse/__gnod sbyin me ru rtse la sogs pa rnams snyan=gzhan yang lha chen po brgyad/__klu chen po brgyad/__gnyan chen po brgyad/__zhing skyong chen po brgyad/__gza' chen po brgyad/__rgyal po chen po sde bzhi/__rgyu skar nyi shu rtsa brgyad/__gzhan yang sa phyogs 'di dag la gnas pa'i lha klu gzhi bdag dang bcas pa rnams snyan gsan cing =rnal 'byor pa bdag cag rnams kyis rdo rje 'chang gi bka' bzhin du khyed rnams gzu dang dpang por bkod cing phrin las su bcol ba ni/__spyir yang dag pa rdzogs pa'i sangs rgyas/__khams gsum chos kyi rgyal po/__'gro 'dul kha lo bsgyur ba/__nyag gcig skyabs kyi dam pa/__bcom ldan 'das shAkya seng+ge'i bstan pa rin po che la gnod cing 'tshe bar byed pa'i dgra bgegs rnams dang /__bye brag tu dus gsum sangs rgyas 'dus pa'i rang bzhin/__rigs gsum sems dpa' chen po'i sgyu 'phrul/__theg gsum bstan pa smra ba'i seng+ge/__'gro tshogs srid las sgrol ba'i ded dpon chen po dpal sa skya pa chen po zhes yongs su grags pa'i yab sras brgyud par bcas pa'i bstan pa rin po che dar zhing rgyas pa la bar du gcod par byed pa'i dgra bgegs rnams dang /__thub mchog lung gis zin pa'i skyes bu/__rtsod ldan dus kyi thams cad mkhyen pa/__rgyal bstan ring por 'tsho ba'i sman pa/__gsung rab dgongs pa 'grel ba'i nyi ma/__rdo rje 'chang kun dga' bzang po'i lugs mchog dri ma med pa'i phrin las dang /__der 'dzin kyi skyes bu dam par bcas pa'i sku tshe 'gro don dang bcas pa la gnod cing 'tshe bar byed pa'i dgra bgegs rnams dang /__snyigs dus bstan pa'i sgron me/__rigs gsum sems dpa'i sprul pa/__dpal sa skya pa'i gdung sras kyi phreng ba rim par byon pa'i sku tshe/__phrin las mnga' thang dang bcas pa pa la gnod cing 'tshe bar byed pa'i dgra bgegs rnams dang /__lung rtogs bstan pa rgyas pa'i rtsa lag__/bshad sgrub sgra dbyangs snyan pa'i rnga gsang /__sbyin pa dag pa'i yon gnas dam pa/__ngur smrig 'chang ba 'dus pa'i chos grwa chen po/__'di nyid kyi mtshon pa'i rgyal ba gnyis pa rje btsun e waM pa'i/__ring lugs dri ma med pa'i bshad sgrub kyi rnam par mdzes pa'i chos sde mtha' dag gi phrin las/__mnga' thang dpal 'byor/__grwa rigs mi sde dang bcas pa la sdang zhing tho 'tsham pa'i dam nyams dgra bgegs rnams dang /__rgyal ba'i myu gu dam pa rgyal bstan skyong ba chen po/__zla bral bstan pa'i sbyin bdag sde dge sa skyong chen po'i rigs sras sde dang bcas pa'i sku tshe phrin las/__chab srid mnga' thang dang bcas pa la gnod cing 'tshe bar byed pa'i dgra bgegs byad ma'i rigs gyur gang yin pa dang /__gsang chen rig pa 'dzin pa'i rnal 'byor pa/__/bdag cag sgrub pa po 'khor dang bcas pa la tho 'tsham zhing chos sgrub pa la bar du gcod par byed pa'i dgra bgegs gdug pa can gyi rigs bsgral ba'i zhing du gyur pa/__de rnams las mkhan rnams kyis myur du gnas gar 'dug kyang rang dbang med par skad cig nyid la khug la/__'go ba'i lha dang phyes cig__/skyob pa'i lha dang phyes cig__/srung ba'i lha dang =yi dam gyi lha dang =le'u lha dang =zhang lha dang =pho lha dang =mo lha dang =lhan cig skyes pa'i lha la sogs pa srung skyobs kyi lha thams cad dang phyes cig__/ling+ga 'di la khug cig__/lcags khang nag po gtor ma'i rnam par can gyi nang du ma shor myur du khug cig__/'o gzu dang dpang du bzhugs pa khyed rnams bstan pa yongs kyi srung ma/__chos 'khor yongs kyi srog shing /__rnal 'byor yongs kyi dgra lha/__rig 'dzin yongs kyi bka' sdod/__bdud rigs dam nyams rnams kyi gnyen po/__bstan dgra dam nyams kyi gshed ma yin pas yid la gnag pa'i dgra bo de rnams la bka' yi chad pa drag po myur du chod cig__/mdangs len rnams kyis mdangs 'phrog cig__/dbugs len rnams kyis dbugs longs shig__/srog len rnams kyis srog chod cig__/shan pa rnams kyis lto ba khos shig__/las mkhan rnams kyis mgo lus lhu gzugs so sor phyes cig__/gsol kha ba rnams kyi zhal du stob cig__/chos skyong rnams kyi zhal du lhag ma med par bzhes shig__/zas skal dgra bo'i sha khrag yin pas/__rngam pa'i zhal gdang shig__/rno ba'i mche ba btsigs shig__/'khyug pa'i ljags bskyod cig__/'jigs pa'i nga ro sgrogs shig__/drag po'i rkan sgra brdob cig__/dgra bo'i sha la hab hab du zo cig__/dgra bo'i khrag la hub hub du 'thungs shig__/dgra bo'i rus pa khram khrum du mur cig__/dgra bo'i pags pa lhab lhub du gyon cig__/dgra bo'i rgyu ma nar nur du drongs shig__/gtor ma 'di dang mnyam du lhag ma med par bzhes shig__/ma shor cig__/sku ma g.yel cig__/gsung ma g.yel cig__/thugs ma g.yel cig__/yon tan ma g.yel cig__/phrin las ma g.yel cig__/bskal pa'i bar du yang ma gtong cig___/__!_dpal rdo rje 'jigs byed phyogs skyong ba bcu/__las kyi gshin rje yab yum sprul pa yang sprul bka' nyan lha srin sde brgyad dang bcas pa khyed rnams dam nyams dgra bo'i yul du rgyug la pho brang chos cig__/ro bro rdung shig__/ltas ngan sna tshogs thongs shig__/nad kyi rkyal pa kha phyes shig__/mtshon gyi char phob cig__/snying khrag kha nas phyungs shig__/mgo la thog rgyob cig__/rigs rgyud rtsad nas chod cig__/pho rigs rnams la mdze thongs shig__/mo rigs rnams kyi mngal skam cig__/nor la god kha thongs shig__/zhing la rtsa sad ser gsum thongs shig__/bang khang sbra gzhis sa zhing mi nor bdun brgyud dang bcas pa thams cad zas skal du gtad do zo cig__/'thung skal du gtad do 'thung cig__/nor skal du gtad do spyod cig__/bsgral skal du gtod do sgrol cig__/khyed rnams snyan ma sra/__bang ma bul/__mthu ma chung /__rgyug log ma byed par/__sra ba'i go gyon/__mgyogs pa'i bang thongs shig__/rno ba'i mtshon thogs la/__dam nyams pa'i dgra bo myur du bsgral ba'i phrin las mdzod cig__/dmar gyi gtor ma 'di dang mnyam du lhag ma med par bzhes la rnam shes chos kyi dbyings su drongs shig__/ces brjod/__de nas slob dpon gyis lha'i nga rgyal dang ldan pas gtor ma 'phangs/__/zhes pa 'di sngar brag yab du 'jigs byed gtor bzlog glo bur du gnang dgos kyi bka' gnang skabs/__rdor 'dzin pas dgongs gsol thugs la ma nges pa'i tshe/__7'jam mgon rdo rje 'chang nyid kyi thugs thog nas gnang ba'i byin rlabs can yin par grags so//___//

Footnotes

Other Information