རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་མཁའ་སྤྱོད་ལམ་བཟང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-018
Wylie title rje btsun rdo rje rnal 'byor ma'i sgrub thabs snying por dril ba mkha' spyod lam bzang JKCL-KABUM-07-JA-018.pdf
Location chos kyi blo gros bka' 'bum
Volume 7, Text 18, Pages 373-385 (Folios 1a1 to 7a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rje btsun rdo rje rnal 'byor ma'i sgrub thabs snying por dril ba mkha' spyod lam bzang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 373-385. Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs
Deity rdo rje rnal 'byor ma
Colophon

།ཞེས་ནཱ་རོ་མཁའ་སྤྱོད་ཀྱི་རྒྱུན་ཁྱེར་ཐུན་མིན་ཀུན་མཁྱེན་བླ་མའི་གསུང་བཀླག་ཆོག་ཏུ་བཀོད་པ་འདིའང་། དགེ་ལེགས་རིན་ཆེན་ནས་རྒྱུན་ཁྱེར་ཞིག་བསྒྲིགས་དགོས་ཞེས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསར་རྩོམ་གྱི་དགོས་པ་ཆུང་བས་ནག་འགྲོས་སུ་སྡེབ་བའི་ཡི་གེའི་བྱེད་པོ་བཀྲ་ཤིས་དབང་ཕྱག་གིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །།།

/zhes nA ro mkha' spyod kyi rgyun khyer thun min kun mkhyen bla ma'i gsung bklag chog tu bkod pa 'di'ang /__dge legs rin chen nas rgyun khyer zhig bsgrigs dgos zhes bskul ngor chos kyi blo gros pas gsar rtsom gyi dgos pa chung bas nag 'gros su sdeb ba'i yi ge'i byed po bkra shis dbang phyag gis bgyis pa dge legs su gyur cig__///

1 Texts in this Section (sde tshan or chos tshan)

[edit]
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། ཟབ་ཁྲིད་ཐོབ་པ་རྣམས་ཀྱི་ཉམས་སུ་བླང་བར་བྱའོ། །བླ་མ་རྡོ་རྗེ་རྣལ་འབྱོར་མའི། །ཞབས་ཀྱི་པདྨོར་གུས་བཏུད་ནས། །གང་དེའི་མྱུར་ལམ་ལ་བརྟེན་ཏེ། །མཁའ་སྤྱོད་གོ་འཕང་ཐོབ་འདོད་ན། །འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི། །དབང་དང་བྱིན་རླབས་ཟབ་མོ་ཡིས། །རྒྱུད་སྨིན་དམ་ཚིག་སྡོམ་ལྡན་པས། །བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་གི། དང་པོ་ཉལ་བའི་རྣལ་འབྱོར་ནི། །རང་དང་སྣང་བ་ཐམས་ཅད་ཀུན། །ལྷར་སྣང་སྒྱུ་མ་ལྟ་བུའི་ངང་། །གཉིད་ཀྱི་འོད་གསལ་དབྱིངས་སུ་འཇུག །གཉིས་པ་ལྡང་བའི་རྣལ་འབྱོར་ནི། །དཔའ་བོ་ཌཱ་ཀིའི་སྔགས་ཀྱི་སྒྲས། །བསྐུལ་ནས་གཉིད་ལས་སད་པར་མོས། །བསྐྱེད་རིམ་གསལ་བའི་ངང་ནས་ལྡང་། །གསུམ་པ་བདུད་རྩི་མྱོང་བ་ནི། །དངོས་སམ་ཡིད་ཀྱིས་བདུད་རྩིའི་བཅུད། །ཨོཾ་ཨཱཿཧཱུྃ་གིས་མྱང་བ་ལས། །ཟག་མེད་བདེ་བས་ཚིམ་པར་བསམ། །བཞི་པ་ཚད་མེད་རྣལ་འབྱོར་ལ། །དང་པོ་སྐྱབས་སུ་འགྲོ་བ་ནི། །ཐ་མལ་སྣང་བ་དབྱིངས་ཐིམ་པར། །སྣོད་བཅུད་དག་པའི་ཞིང་གི་དབུས། །མདུན་མཁར་བླ་མ་རྡོ་རྗེ་ཆོས། །སྐྱབས་ཀུན་འདུས་པའི་ངོ་བོར་གསལ། །ཕ་མས་ཐོག་དྲངས་བདག་གཞན་འགྲོ། །རྩེ་གཅིག་གུས་པས་སྐྱབས་འགྲོར་དམིགས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཅི་ནུས་རྗེས་སུ་མོས་གུས་ཆེས། །བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པས་གསོལ་བཏབ་ཚོགས་ཞིང་གི། འོད་ཀྱིས་བདག་སོགས་འགྲོ་བ་ཀུན། །སྒྲིབ་དག་སྐུ་བཞིའི་གོ་འཕང་བཀོད། །སྐྱབས་ཡུལ་རང་ལ་ཐིམ་པར་བསམ། །གཉིས་པ་སེམས་བསྐྱེད་དངོས་གཞི་ནི། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་བྱས་ནས། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ། །དེ་ཡི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མའི། །ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱི། །ལན་གསུམ་སོགས་བྱ། གསུམ་པ་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླར་རྡོ་རྗེ་སེམས། །རབ་དཀར་རྡོ་རྗེ་དྲིལ་འཛིན་སྙེམས་མ་དཀར། །གྲི་ཐོད་འཛིན་པའི་ཡུམ་དང་མཉམ་པར་སྦྱོར། །དར་དང་རུས་པའི་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་པོ། །དེ་ལས་འོད་འཕྲོས་དེ་བཞིན་གཤེགས་ཀུན་གྱི། །བྱིན་རླབས་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཐིམ། །བླ་མ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །བདག་སོགས་འགྲོ་ཀུན་སྡིག་ལྟུང་སྦྱང་མཛད་གསོལ། །ཧཱུྃ་ལས་བདུད་རྩིའི་རྒྱུན་བབས་རང་ཉིད་ཀྱི། །སྤྱི་གཙུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཀུན། །ཡོངས་སུ་སྦྱངས་ཏེ་ལུས་ཀུན་གང་བར་གྱུར། །ཅེས་བརྗོད་སྟོབས་བཞིའི་གནད་དང་བཅས། ཡི་གེ་བརྒྱ་པ་ཅི་ནུས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །གསང་གསུམ་རྩ་བ་ཡན་ལག་གི། དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །མ་ལུས་བྱང་ཞིང་དག་མཛད་གསོལ། །རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་ལུས་དག་པའི་ཤེལ་ལྟར་བསམ། །ལྔ་པ་བླ་མའི་རྣལ་འབྱོར་ནི། །མདུན་གྱི་ནམ་མཁར་ཡེ་ཤེས་གཞལ་མེད་ཁང་། །དེ་དབུས་སེང་ཁྲི་པད་ཟླ་ཉི་མའི་སྟེང་། །རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས། །དམར་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །མཐའ་སྐོར་པད་ཟླར་བརྒྱུད་པའི་བླ་མ་རྣམས། །དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པར་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་སྐྱབས་ཡུལ་ཐམས་ཅད་སྤྱན་དྲངས་ཐིམ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །སྐྱབས་ཀུན་འདུས་ཞལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མོས་གུས་དྲག་པོས་གསོལ་བཏབ་ནས། །རང་གི་སྙིང་ག་ནས་འཕྲོས་པའི། །ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམ། །ཕྱི་མཆོད་ཉེར་སྤྱོད་ནང་མཆོད་བདུད་རྩིའི་སྤྲིན། །གསང་བ་སྙོམས་འཇུག་བདེ་སྟོང་དེ་ཁོ་ན། །འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཡི། །རྩ་བརྒྱུད་བླ་མའི་ཚོགས་རྣམས་མཆོད་པར་བགྱི། །ཁྱད་པར་ནང་གི་ཚོགས་མཆོད་ནི། །རང་སེམས་རྣལ་འབྱོར་མ་དཔལ་མཁའ་ལ་ཐོན། །ཕྱག་གཡས་གྲི་གུག་ཕུང་པོའི་སྨིན་མཚམས་སུ། །རེག་པ་ཙམ་གྱིས་ཐོད་པ་ལིང་གིས་གོག །ཐོད་པའི་སྒྱེད་པུ་གསུམ་གྱི་ཁར་བཞག་པས། །སྟོང་གསུམ་དང་མཉམ་ཡངས་པའི་སྣོད་གྱུར་ནས། །རྐང་གཡོན་ནས་བརྩམས་དུམ་བུ་གཏུབས་ཏེ་བླུགས། ཨོཾ་ཨཱཿཧཱུྃ་དང་ཧ་ཧོཿཧྲཱིཿབརྗོད་པས། །ཡེ་ཤེས་མེ་འབར་ཐོད་པའི་དམ་རྫས་ཀུན། །ཞུ་ཞིང་ཁོལ་བས་ཡེ་ཤེས་བདུད་རྩིར་གྱུར། །ཐུགས་ནས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལན་བདུན། །བརྒྱུད་པའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་མཆོད་འོས་ཞལ་དུ་ཨོཾ་ཨཱཿཧཱུྃ། །གདོན་བགེགས་རིགས་དྲུག་འགྲོ་བ་ཀུན་ལ་སྦྱིན། །ཚོགས་རྫོགས་སྒྲིབ་བྱང་རྣམ་མཁྱེན་མྱུར་ཐོབ་ཤོག །མཐར་ནི་ལྷ་མོ་རང་ལ་ཐིམ། །མཆོད་པའི་རྫས་སོགས་མི་དམིགས་བཞག །སྤྲོ་ན་མཎྜལ་ཅི་ནུས་འབུལ། །མཇུག་ཏུ་དབང་བཞི་བླང་བ་ནི། །སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་དབང་བཞི་བསྐུར་དུ་གསོལ། །ཞེས་པས་གསོལ་བཏབ་བརྒྱུད་པའི་བླ་མ་རྣམས། །འཁོར་ལོའི་མགོན་པོའི་ཐུགས་ཀར་དབྱེར་མེད་ཐིམ། །དེ་ཡི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །དཀར་དམར་མཐིང་གའི་འོད་ཟེར་རྣམ་པ་གསུམ། །རིམ་དང་ཅིག་ཆར་བྱུང་ནས་རང་ཉིད་ཀྱི། །གནས་གསུམ་ཐིམ་པས་དབང་བཞི་རྫོགས་པར་ཐོབ། །སྒྲིབ་དག་ལམ་བཞི་བསྒོམ་པའི་སྣོད་དུ་གྱུར། །བྱིན་བརླབས་སྐུ་བཞིའི་ས་བོན་རྒྱུད་ལ་བཞག །བླ་མ་འོད་ཞུ་སྙིང་དབུས་བྃ་ཡིག་དང་། །དབྱེར་མེད་སྤྲོས་བྲལ་འོད་གསལ་གཉུག་མའི་ངང་། །མཐར་ནི་བྃ་ཡིག་འཇའ་ཚོན་བཞིན་དུ་ཡལ། །དྲུག་པ་བདག་ལྷར་བསྐྱེད་པ་ནི། དེ་ཡི་ངང་ལས་རང་གི་སྙིང་ག་རུ། །ཨེ་ཡིག་དམར་པོ་ཉིས་བརྩེགས་ཡོངས་གྱུར་ལས། །ཆོས་འབྱུང་དབུས་སུ་ཟླ་དཀྱིལ་བྃ་ཡིག་མཐར། །སྔགས་ཕྲེང་གཡོན་འཁོར་ཟེར་གྱིས་ལུས་ནང་གང་། །སྡིག་སྒྲིབ་ཀུན་བྱང་འོད་ཀྱི་ཕུང་པོར་གྱུར། །དེ་ཉིད་ཡོངས་གྱུར་ཆོས་འབྱུང་གཞལ་ཡས་དབུས། །སྣ་ཚོགས་པད་ཉིའི་གདན་ལ་སྐད་ཅིག་གིས། །རང་ཉིད་རྣམ་སྣང་རིགས་བདག་དང་བཅས་པའི། །རྣལ་འབྱོར་མ་དཔལ་ཞལ་གཅིག་ཕྱག་གཉིས་མ། །ཞབས་གཉིས་གཡས་བརྐྱངས་དུས་མཚན་དམར་མོ་དང་། །གཡོན་བསྐུམ་འཇིགས་བྱེད་ནག་པོའི་གདོང་པ་མནན། །སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟ་བུ། །སྤྱན་གསུམ་དག་པ་མཁའ་སྤྱོད་ཕྱོགས་སུ་གཟིགས། །ཕྱག་གཡས་རྡོ་རྗེའི་གྲི་གུག་ཐུར་དུ་བརྐྱངས། །གཡོན་པས་ཐོད་པ་ཁྲག་བཀང་སྟེང་ཕྱོགས་བཟུང་། །ཕྲག་པ་གཡོན་པར་རྡོ་རྗེའི་ཁ་ཊྭཱྃ་བརྟེན། །བདེ་སྟོང་ཉམས་རྒྱས་ལང་ཚོའི་གཟི་འོད་འབར། །དབུ་སྐྲ་གནག་སྣུམ་སིལ་མས་སྐུ་སྟོད་ཁེབས། །ཐོད་སྐམ་དབུ་རྒྱན་དོ་ཤལ་རིང་དུ་འཕྱང་། །རུས་པའི་ཕྱག་རྒྱ་རྣམ་ལྔས་སྐུ་ལ་སྤྲས། །ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་བཞུགས། །བདུན་པ་འགྲོ་བ་དག་པ་ནི། །སྙིང་གའི་བྃ་ཡིག་སྔགས་ཕྲེང་བཅས་པ་ལས། །འོད་འཕྲོས་རིགས་དྲུག་བརྟན་གཡོའི་སྣང་བ་སྦྱངས། །དེ་ལས་ཕྱི་སྣོད་རྡོ་རྗེ་བཙུན་མོའི་ཞིང་། །ནང་བཅུད་འགྲོ་ཀུན་ལྷ་ཡི་ངོ་བོར་གྱུར། །བརྒྱད་པ་དམ་ཡེ་བསྲེ་བྱས་ནས། །ལུས་ཀྱི་དཀྱིལ་འཁོར་གསལ་འདེབས་པ། །འབར་བའི་ཕྱག་རྒྱ་གཡོན་དུ་བསྐོར། ཕཻཾ། སླར་ཡང་ཐུགས་ཀའི་ས་བོན་འོད་ཟེར་གྱིས། །རྣལ་འབྱོར་མ་དཔལ་འཁོར་བཅས་སྤྱན་དྲངས་ཤིང་། །འགྲོ་བ་རྣལ་འབྱོར་མར་གྱུར་ཐམས་ཅད་བཅས། །ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་མེད་ཐིམ། །ཡེ་ཤེས་གཞུག་པའི་རྐྱེན་གྱིས་སྙིང་གའི་བྃ། །འོད་ཞུ་དབུས་སུ་མཁའ་སྤྱོད་དམར་མོ་དང་། །བྱང་ནས་གཡོན་སྐོར་ལྗང་དམར་སེར་དང་དཀར། །མཐའ་སྐོར་སྔགས་ཀྱི་ཡིག་འབྲུ་སོ་གཉིས་ཀྱང་། །རྣལ་འབྱོར་མ་དཔལ་དམར་མོ་རེ་རེར་གྱུར། །དེ་མཐར་པད་ཀོར་འཁྱུད་རྒྱ་བཅས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤདྡྷོ྅་ཧཾ། ཐབས་ཤེས་གཉིས་མེད་བདེ་ཆེན་ཡེ་ཤེས་སུ། །བདག་དང་སྣང་བ་ཐམས་ཅད་རྣམ་དག་པའི། །ལུས་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་སྟེང་། །ལྟེ་བར་ཨོཾ་བྃ་དམར་མོ་ཕག་མོ་དང་། །སྙིང་གར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མ། །ཁ་ལ་ཧྲཱིཾ་མཱྃ་དཀར་མོ་རྨོངས་བྱེད་མ། །དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། །སྤྱི་གཙུག་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། །ཚིགས་བརྒྱད་ཕཊ་ཕཊ་དུད་ཀ་ཙཎྜི་ཀ། ཀུན་ཀྱང་ལྷ་ཉིད་ཡི་གེའི་གཟུགས་སུ་ཤར། །དགུ་པ་བཟླས་པའི་རྣལ་འབྱོར་ལ། །ཐོག་མར་ངག་གི་བཟླས་པ་ནི། ལུས་དཀྱིལ་གཙོ་མོའི་ཐུགས་ཀར་ཆོས་འབྱུང་དབུས། །ཟླ་སྟེང་བྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཕོ་ཉ་གསུམ་གྱི་བྱིན་རླབས་ནུས་མཐུ་ཀུན། །རང་ཐིམ་བདག་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དམ་བཅས་གྲངས་ལས་མི་ཉུང་བཟླ། །ཁྱད་པར་ལྷ་ཡི་ང་རྒྱལ་དང་། །རྣམ་པ་སྤྱི་དང་བྱེ་བྲག་ལ། །སེམས་འཛིན་བསམ་གཏན་དུག་དབྱུང་ཞིང་། །གསལ་སྣང་མཆོག་ཏུ་བརྟན་པར་བྱ། །དེ་ནས་ཡིད་ཀྱི་བཟླས་པ་ནི། །ཁ་སྦྱོར་རླུང་བཟུང་སྟེང་རླུང་གིས། །ལུས་དཀྱིལ་ལྟེ་བར་དྲངས་བ་དང་། །ལྷན་ཅིག་ལྷ་རྣམས་སྔགས་སུ་བསྒྱུར། །ཡིད་ངོར་ཀློག་པའི་ཚུལ་གྱིས་བཟླ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །བདག་སོགས་འགྲོ་ཀུན་བྱིན་གྱིས་བརླབ་ནས་ཀྱང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །ཞེས་པ་ལ་འདོད་དོན་གསོལ་བ་གདབ། །ཞར་བྱུང་རྫོགས་རིམ་དང་པོ་ནི། །ཆོས་འབྱུང་གྲྭ་བཞིར་དགའ་བ་འཁྱིལ། །གཡོན་དུ་འཁོར་ལ་སེམས་གཏད་པས། །བདེ་བའི་ཡེ་ཤེས་སྐྱེས་པར་བསམ། །གཉིས་པ་ལུས་དབུས་དྲང་པོ་རུ། །སྤྱི་བོ་ནས་བཟུང་གསང་གནས་བར། །ཨ་ཝ་དྷཱུ་ཏིའི་ཡས་མར་སྣ། །དགའ་འཁྱིལ་དཀར་དམར་གསལ་བཏབ་ནས། །གསང་གནས་དང་ནི་སྤྱི་བོ་རུ། །སེམས་བཟུང་ཡས་མར་འཇོག་འབབ་ཀྱིས། །བདེ་སྟོང་ཡེ་ཤེས་བསྐྱེད་པའི་མཐར། །བརྗོད་བྲལ་མི་རྟོག་ངང་དུ་བཞག །བཅུ་པ་བསམ་མི་ཁྱབ་པ་ནི། །སྙིང་གའི་བྃ་ལས་འོད་འཕྲོས་ཁམས་གསུམ་པོ། །འོད་ཀྱི་རྣམ་པར་གྱུར་ནས་རང་ལ་ཐིམ། །དེ་ཡང་རིམ་གྱིས་ཐུགས་སྲོག་ནཱ་དའི་བར། །འོད་ཞུ་སྤྲོས་བྲལ་སྟོང་པ་ཉིད་དུ་གྱུར། །བསམ་གྱིས་མི་ཁྱབ་ཐུན་མིན་ནི། །ཞར་བྱུང་རྫོགས་རིམ་བསྒོམ་པའི་མཐར། །ལུས་གནད་བསྲང་ཞིང་རླུང་རོ་བསལ། །རང་གི་ལུས་དབུས་རྩ་དབུ་མ། །ཕྱི་དཀར་ནང་དམར་སྤྱི་གཙུག་ཟུག །གཡས་གཡོན་རོ་རྐྱང་དཀར་དང་དམར། །ཡར་སྣ་སྣ་བུག་གཉིས་སུ་གུག །རྩ་གསུམ་མར་སྣ་ལྟེ་བའི་འོག །སྦུབས་སྟོང་གཅིག་ཏུ་གྱུར་པའི་དབུས། །བྃ་ཡིག་རང་སེམས་དབྱེར་མེད་པ། རྣལ་འབྱོར་མ་དཔལ་མཐེབ་སོར་ཚད། །གསལ་བཏབ་དེ་ལ་སེམས་གཏད་པས། །རླུང་ཕྱིར་འགྲོ་དང་ལྷན་ཅིག་ཏུ། །ཐུགས་ལས་རང་འདྲ་ཆུང་ངུ་འཕྲོས། །རོ་མའི་ལམ་བརྒྱུད་སྣ་གཡས་སྒོར། །བྱོན་ནས་དེ་ལས་སྤྲུལ་པའི་ཚོགས། །དཔག་མེད་ཉི་ཟེར་རྡུལ་བཞིན་འཕྲོས། །འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །རྣལ་འབྱོར་མར་གྱུར་ཚུར་འདུས་པ། །སྤྲུལ་པའི་རྣལ་འབྱོར་མ་ལ་ཐིམ། །དེ་ཉིད་སྣ་བུག་གཡོན་ནས་རླུང་། །ནང་དུ་འཇུག་དང་ལྷན་ཅིག་པར། །རྐྱང་མའི་ལམ་བརྒྱུད་ལྟེ་བ་ཡི། །རྣལ་འབྱོར་མ་ལ་ཐིམ་པར་བསམ། །དེ་ལྟར་ལན་བདུན་ལ་སོགས་པས། །རྩ་ལམ་སྦྱངས་ནས་དངོས་གཞི་ནི། །ལྟེ་བའི་རང་སེམས་རྣལ་འབྱོར་མའི། །ཐུགས་ལས་འོད་འཕྲོས་ལུས་ཀུན་གང་། །འོད་ཕུང་དམར་པོ་གཅིག་ཏུ་གྱུར། །རྣལ་འབྱོར་མ་ཡང་མཁའ་སྤྱོད་ལ། །འབྱོན་པར་རིངས་པས་ཡར་བྱོན་ཏེ། །དབུ་མ་དབུ་གཙུག་རོ་རྐྱང་གཉིས། །ཞབས་མཐིལ་ལ་འབྱར་ཇེ་ཐུང་གྱུར། །སྤྱི་བོར་བྱོན་ཚེ་རྩ་གསུམ་དང་། །ལུས་ཀུན་ལྷག་མ་མེད་པར་ཐིམ། །རྣལ་འབྱོར་མ་དཔལ་མཁའ་སྤྱོད་གཤེགས། །འོད་གསལ་དབྱིངས་སུ་ཐིམ་པར་བསམ། །བསམ་གྱིས་མི་ཁྱབ་ངང་དུ་བཞག །སླར་ཡང་རང་སེམས་རྣལ་འབྱོར་མ། །མཁའ་ལས་སྤྲིན་ལྟར་བརྡོལ་ནས་ཀྱང་། །མར་བྱོན་གཞི་ལུས་སྔར་བཞིན་གྲུབ། །སླར་ཡང་འཕོ་སོགས་ཅི་ནུས་སྦྱངས། །མཐར་ནི་གོ་ཆ་དགོད་པ་སོགས། །གཞུང་ལྟར་ཉམས་སུ་བླང་བར་བྱ། །བཅུ་གཅིག་སྤྱོད་ལམ་རྣལ་འབྱོར་ནི། །སླར་ཡང་གཟུགས་སྣང་རྡོ་རྗེ་རྣལ་འབྱོར་མར། །གསལ་བའི་གནས་རྣམས་གོ་ཆས་རྒྱས་བཏབ་ཅིང་། །སྒྲར་གྲགས་སྔགས་ལ་དྲན་རྟོགས་འོད་གསལ་དང་། །སྣོད་བཅུད་དགའ་བ་གསུམ་གྱི་ངོ་བོར་ཤར། །དགེ་བའི་རྩ་བ་འདི་ཡིས་མྱུར་དུ་བདག །རྣལ་འབྱོར་མ་དཔལ་གོ་འཕང་འགྲུབ་གྱུར་ནས། །མཐའ་ཀླས་འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་མྱུར་དུ་འགོད་པར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་སུ། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ཅིང་། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེ་ཡིས་ལྷ་མོ་དེ་རྣམས་ཀྱིས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རྩ་བརྒྱུད་བླ་མ་ཡི་དམ་རྣལ་འབྱོར་མ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །གནས་སྐབས་མཐར་ཐུག་རྒུད་པ་ཀུན་ཞི་ཞིང་། །ཕན་བདེའི་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །དེ་ལྟར་བརྩོན་པས་ཚེ་འདིའམ། །བར་དོ་སྐྱེ་བ་བཅུ་དྲུག་ཚུན། །རྣལ་འབྱོར་མ་ཡིས་རྗེས་བཟུང་ནས། །ཁ་སྦྱོར་བདུན་ལྡན་གོ་འཕང་འགྲུབ། །ཚུལ་འདི་རིག྄༷་འཛ྄ི༷ན་གྲུབ྄༷་བའ྄ི༷་ཕུལ། །གང་དེའི་བཀའ་སྩལ་ལྷུར་བླངས་ནས། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡིས། །དཔལ་འཁོར་ཆོས་སྡེའི་ཆོས་གྲྭར་བྲིས། །དེ་ལས་བྱུང་བའི་དགེ་བ་དང་། །རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། །ཁམས་གསུམ་བརྟན་གཡོའི་དངོས་པོ་ཀུན། །བདེ་ཆེན་ཐིག་ལེར་རོ་གཅིག་ཤོག །སརྦ་དཱ་མངྒ་ལཾ། །ཞེས་ནཱ་རོ་མཁའ་སྤྱོད་ཀྱི་རྒྱུན་ཁྱེར་ཐུན་མིན་ཀུན་མཁྱེན་བླ་མའི་གསུང་བཀླག་ཆོག་ཏུ་བཀོད་པ་འདིའང་། དགེ་ལེགས་རིན་ཆེན་ནས་རྒྱུན་ཁྱེར་ཞིག་བསྒྲིགས་དགོས་ཞེས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསར་རྩོམ་གྱི་དགོས་པ་ཆུང་བས་ནག་འགྲོས་སུ་སྡེབ་བའི་ཡི་གེའི་བྱེད་པོ་བཀྲ་ཤིས་དབང་ཕྱག་གིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །།།

Footnotes

Other Information