རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ་པདྨའི་ལྕུག་ཕྲན།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-019
Wylie title rje btsun rdo rje rnal 'byor ma la bstod pa pad+ma'i lcug phran JKCL-KABUM-07-JA-019.pdf
Location chos kyi blo gros bka' 'bum
Volume 7, Text 19, Pages 387-389 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rje btsun rdo rje rnal 'byor ma la bstod pa pad+ma'i lcug phran. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 387-389. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity rdo rje rnal 'byor ma
Colophon

།ཅེས་པའང་ས་ཁྱི་སྣྲོན་ཟླའི་ཚེས་ཉེར་ལྔ་ལ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་འབྲས་ལྗོངས་ཌཱ་ཀི་དགྱེས་པའི་གནས་དང་ཉེ་བ་རྡོ་རྗེ་གླིང་གི་དགའ་ཚལ་དུ་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།།

/ces pa'ang sa khyi snron zla'i tshes nyer lnga la kun dga' phrin las rgya mtshos 'bras ljongs DA ki dgyes pa'i gnas dang nye ba rdo rje gling gi dga' tshal du bris te gsol ba btab pa sid+d+hi rastu//

1 Texts in this Section (sde tshan or chos tshan)

[edit]
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ་པདྨའི་ལྕུག་ཕྲན་ཞེས་བྱ་བ། །ན་མོ་ཛྙཱ་ན་ཝཱ་ར་ཧི་ཡེ། དཔལ་དང་ལྡན་པའི་པདྨའི་མྱུ་གུ་མ་ཆགས་པདྨའི་རིགས་མཆོག་མ། །ཌཱ་ཀི་བྱེ་བ་འབུམ་གྱི་གཙོ་མོ་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །དོན་དམ་དབྱིངས་སུ་སྤྲོས་ལས་འདས་ཀྱང་ཀུན་རྫོབ་སྒྱུ་མ་ལྟ་བུར་སྟོན། །ཤིན་ཏུ་རྣམ་དག་བཻཌཱུར་དབང་སྔོན་ཐུན་མཚམས་གསར་པས་འཁྱུད་ལ་བསྟོད། །ལྷན་སྐྱེས་ཡེ་ཤེས་རྣམ་པའི་གཟུགས་འདས་རྡུལ་བྲལ་སྟོང་པ་ཆེན་པོ་ཉིད། །རྣམ་བཅས་བདེ་བ་མཆོག་གི་སྐུར་སྟོན་བདེ་མཆོག་སྒྱུ་མའི་གར་གྱིས་ནི། །ས་གསུམ་ཀུན་ཏུ་རྣམ་པར་རྩེན་པས་ཧེ་རུ་ཀ་རྣམས་དགྱེས་མཛད་མ། །མཁའ་ལ་སྤྱོད་པའི་རྣལ་འབྱོར་དབང་མོ་ཡེ་ཤེས་རྗེ་མོ་ཁྱེད་ལ་བསྟོད། །སྣང་སྲིད་འཁོར་འདས་བསྐྱེད་དང་སྡུད་མཛད་གཅིག་དང་དུ་མའི་མཐའ་ལས་འདས། །ཞི་བའི་དབྱིངས་སུ་འགོགས་པར་མི་མཛད་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །དཔལ་ལྡན་བརྟན་གཡོ་ཀུན་ལ་ཁྱབ་པའི་རྡོ་རྗེ་བཙུན་མོ་རྣལ་འབྱོར་མ། །གྲུབ་གཉིས་ནོར་བུའི་གཏེར་སྒྲོམ་ཆེན་མོར་ཡང་ཡང་བསྔགས་ཤིང་བསྟོད་པར་བགྱི། །འོག་མིན་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་གསང་བ་མཆོག་གི་གཞལ་མེད་ཁང་། །རབ་འཇིགས་དུར་ཁྲོད་སྲུང་བའི་འཁོར་ལོས་ཕྱོགས་མཚམས་ཟླུམ་པོར་བཅིང་བའི་དབུས། །རིན་ཆེན་བདུན་གྱི་བ་གམ་མངོན་མཐོ་སུམ་ཐོག་རྒྱན་གྱིས་མཛེས་པར་སྤྲས། །ཆགས་མེད་པདྨ་སྣ་ཚོགས་བརྡལ་དབུས་ཚ་ཟེར་དཀྱིལ་འཁོར་ངོམ་ལ་བསྟོད། །རྡུལ་མུན་དག་པ་འཇིགས་བྱེད་དྲག་པོ་དུས་མཚན་དག་ནི་བརྟབས་ཤིང་བསྒྱེལ། །གཡས་བརྐྱང་གཡོན་བསྐུམ་གར་གྱིས་རོལ་ཞིང་སྐེད་སྐབས་ཕྲ་ལ་ཆུ་སྐྱེས་རྒྱས། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་དང་ནི་ཕྲག་གཡོན་ཁ་ཊྭྃ་ག་འགེལ་ཞིང་། །ཟར་བུ་རིང་གྲོལ་ཞལ་ནི་གཡོན་སྟེང་ཕྱོགས་པས་ཁྲག་ཆེན་བཞེས་ལ་བསྟོད། །སྐུ་གསུམ་མཚོན་པའི་སྤྱན་གསུམ་མཁའ་སྤྱོད་དབྱིངས་སུ་ཟླུམ་པོར་གཟིགས་ཤིང་གཏད། །ཕ་རོལ་ཕྱིན་མཚོན་ཕྱག་རྒྱ་ལྔ་ཡིས་མཛེས་ཤིང་བརྗིད་པར་རབ་ཏུ་སྤྲས། །མཐོང་བས་ཡིད་འཕྲོག་བཅོམ་ལྡན་འདས་མ་ཁྱོད་གསུང་སྔགས་ཀྱི་རང་སྒྲ་སྒྲོགས། །བཀླག་པས་འགྲུབ་པའི་གསང་སྔགས་རྒྱལ་པོའི་འབྱུང་གནས་ཆེན་མོར་བསྟོད་པར་བགྱི། །རེས་འགའ་ཙམ་མིན་ཞིང་ཁམས་རབ་འབྱམས་ཕྲ་རབ་རྡུལ་གྱི་ཁོངས་སུ་ཞུགས། །ཇི་ལྟ་ཇི་སྙེད་བཀོད་པ་བསམ་ཡས་འཕགས་བློས་ཀྱང་ནི་གཞལ་བར་དཀའ། །བདག་ཏུ་འཛིན་པའི་ཆོས་ལས་འདས་ཤིང་པྲ་ཕབ་ས་ཡི་རྣམ་པ་ཅན། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོའི་དབང་མོ་འགོག་མེད་སྒྱུ་མ་ཆེན་མོར་བསྟོད། །གསང་ཆེན་རོལ་བའི་ཞིང་གི་ཕྱོགས་མཚམས་སྟེང་དང་འོག་གི་བར་དག་ཏུ། །གྲུབ་པའི་རིག་འཛིན་རྣལ་འབྱོར་ཕོ་མོ་ཏིལ་གྱི་གོང་བུ་བཞིན་དུ་གཏིབ། །མིག་འཕྲུལ་ལྟ་བུར་རྡོ་རྗེའི་གླུ་དང་གར་བསྒྱུར་དམ་མེད་སྐྲག་པར་མཛད། །དམ་ལྡན་རྣལ་འབྱོར་སྤྱན་གྱི་ཟུར་མདས་རྗེས་ཆགས་ཤུགས་ཀྱིས་དྲངས་ལ་བསྟོད། །དེ་ལྟར་རབ་བསྔགས་བསྟོད་པའི་དགེ་བ་ཡིས། །དམིགས་བཅས་དམིགས་མེད་ཟུང་འཇུག་ཚོགས་མཐར་ཕྱིན། །ཚེ་འདི་ཉིད་དམ་བར་དོ་ལས་མི་འདའ། །མཁའ་སྤྱོད་ཆེན་མོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ས་ཁྱི་སྣྲོན་ཟླའི་ཚེས་ཉེར་ལྔ་ལ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་འབྲས་ལྗོངས་ཌཱ་ཀི་དགྱེས་པའི་གནས་དང་ཉེ་བ་རྡོ་རྗེ་གླིང་གི་དགའ་ཚལ་དུ་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

Footnotes

Other Information