འཕགས་མ་རྗེ་བཙུན་རིག་བྱེད་མའི་སྒྲུབ་ཐབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-010
Wylie title 'phags ma rje btsun rig byed ma'i sgrub thabs JKCL-KABUM-07-JA-010.pdf
Location chos kyi blo gros bka' 'bum
Volume 7, Text 10, Pages 281-284 (Folios 1a1 to 2b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'phags ma rje btsun rig byed ma'i sgrub thabs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 281-284. Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs
Deity rigs byed ma
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/marici-sadhana
Colophon

ཅེས་སྲིད་བློན་བདེ་མཁར་བས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ།།

ces srid blon bde mkhar bas bskul ngor/__'jam dbyangs chos kyi blo gros pas bris pa dge legs 'phel//

1 Texts in this Section (sde tshan or chos tshan)

[edit]
འཕགས་མ་རྗེ་བཙུན་རིག་བྱེད་མའི་སྒྲུབ་ཐབས་བཞུགས་སོ། །ཨོཾ་སྭསྟི། སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་རྟོགས་པ་ནས་བསྟན་པའི་རིག་བྱེད་མའི་སྒྲུབ་ཐབས་བསྒོམ་པར་འདོད་པས། བདག་སོགས་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །རིགས་བྱེད་ལྷ་མོ་བསྒྲུབ་པར་བགྱི། །ལན་གསུམ། སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་བསྒོམ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། ཕུང་ཁམས་སྐྱེ་མཆེད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་སྒྲ་གཅན་གྱི། མགོ་བོར་འདོད་ལྷ་ཆུང་མར་བཅས། །དེ་སྟེང་ཟླ་བར་ཧྲཱིཿས་མཚན་པ། །ཡོངས་གྱུར་ཨུཏྤལ་དམར་པོ་ནི། །ཧྲཱིཿཡིག་དམར་པོས་བརྒྱན་པ་གསལ། །གནས་གྱུར་ཟླ་བའི་གདན་སྟེང་དུ། །རིག་བྱེད་མ་དཔལ་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །མེ་ཏོག་ཕྲེང་བའི་མདའ་དང་གཞུ། །ཨུཏྤལ་དམར་པོའི་མདེའུ་ཅན། །རྣ་བ་གཉིས་ཀྱི་བར་དུ་བཀང་། །གཡས་འོག་མཐུར་བརྐྱང་མི་འཇིགས་སྦྱིན། །གཡོན་འོག་མཆོག་སྦྱིན་ཨུཏྤལ་དམར། །སྡོང་བུའི་རྩེ་མོར་ལྕགས་ཀྱུས་མཚན། །སྒེག་ཅིང་ཆགས་པའི་ཉམས་དང་ལྡན། །དར་དམར་སྟོད་གཡོགས་སྣ་ཚོགས་པས། །སྨད་དཀྲིས་རིན་ཆེན་རྒྱན་གྱིས་བརྒྱན། །འོད་ཟེར་དམར་པོ་འབར་ཞིང་འཕྲོ། །དམ་ཚིག་ཡེ་ཤེས་དབྱེར་མེད་པ། །རིགས་བདག་འོད་དཔག་མེད་ཀྱིས་བརྒྱན། །ཞེས་གསལ་བཏབས་པ་ལ་ལྷར་སྣང་བ་ལ་སེམས་འཛིན་ཞིང་། ཙནྡན་དམར་པོའི་ཕྲེང་བ་བཟུང་ལ། ཨོཾ་རཱུ་ཙི་ར་མ་ཎི་པྲ་ཝཱརྟ་ན་ཡེ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་རླབས་བྱས་ལ། རང་གི་སྙིང་གར་པད་དམར་ཧྲཱིཿ། མར་མེ་ལྟ་བུར་འབར་བའི་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས། །རང་ཐིམ་སླར་ཡང་འོད་དམར་འཕྲོས། །ཁམས་གསུམ་སྣོད་བཅུད་ལ་ཁྱབ་པས། །བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས། །ཐམས་ཅད་རིགས་བྱེད་ལྷ་མོར་གྱུར། །ཚུར་འདུས་རང་ལ་ཐིམ་པ་ཡིས། །རླུང་སེམས་སྣང་བ་དབང་འདུས་བསམ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་བཟླ། བསྙེན་པ་བྱེད་ན་འབུམ་ཕྲག་བཅུའམ་བཞི་བཟླའོ། །བསྙེན་པ་ཐོན་ནས་ལས་སྦྱོར་དགོས་ན་བསྒྲུབ་བྱ་ཕོ་མོ་གང་ཡིན་མདུན་དུ་རང་ལ་ཆགས་པའི་ཉམས་དང་ལྡན་པས་གནས་པ་ལ་རང་གི་སྙིང་ག་ནས་འོད་དམར་ལྕགས་ཀྱུ་ལྟ་བུ་འཕྲོས། སྐྱེས་པ་ཡིན་ན་སྙིང་ག་དང་། བུད་མེད་ཡིན་ན་སྐྱེ་གནས་ནས་ཞུགས། འོད་དམར་གྱི་ཞགས་པས་བཅིངས་ཏེ་རང་ལ་ཤིན་ཏུ་དགའ་ཞིང་ཆགས་པར་བསམ་ལ། ཨོཾ་ཀུ་རུ་ཀུལླེ་ཆེ་གེ་མོ་ཨ་ཀཪྵ་ཡ་ཧྲཱིཿསྭཱ་ཧཱ། ཞེས་པ་ཅུང་ཟད་རེ་བཟླའོ། །རྒྱུན་དུ་མི་དགོས་ཀྱང་བསྙེན་པའི་སྐབས་གཏོར་མ་འབུལ་ན། མངར་སྐྱུར་དམར་བའི་གཏོར་མ་བཤམས་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ལྷ་མོ་མདུན་དུ་སྤྱན་དྲངས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ནས་རྗེ་བཙུན་མ་ཀུ་རུ་ཀུལླེ་ཨོཾ་བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། སྔགས་ཀྱི་མཐར། ཨི་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་བཏགས་པ་ལན་ལྔའམ་བདུན་གྱིས་ཕུལ། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨརྒྷཾ། པདྱེ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཤབྟ་པྲ་ཏཱིཥྩ་སྭཱ་ཧཱ། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་མཆོག་སྦྱིན་ཕྱག་རྒྱ་ཅན། །རྗེ་བཙུན་རིག་བྱེད་ལྷ་མོར་ཕྱག་འཚལ་བསྟོད། །རྗེ་བཙུན་རིག་བྱེད་ལྷ་མོས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། སྐུ་རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་བཞུགས་བྱ། མེད་ན། གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ཐུན་མཐར། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། །དགེ་བ་འདི་ཡིས་མྱུར་དུ་བདག །རིག་བྱེད་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་བ་བྱའོ། །ཞེས་པའང་བོད་གཞུང་ཆེན་པོའི་སྲིད་ཚབས་ཀླུ་ཁང་པ་ཚེ་དབང་རབ་བརྟན་གྱི་ཐུགས་དམ་རྒྱུན་ཁྱེར་དུ་ཆོས་ཀྱི་བློ་གྲོས་པས་མདོར་བསྡུས་སུ་བྲིས་པ་དགེའོ། །༈སངས་རྒྱས་ཆོས་ཚོགས་ཚར་གསུམ། སྟོང་པའི་ངང་ལས་སྐད་ཅིག་གིས། ཕག་སེར་མོ་བཞིས་དྲངས་པའི་ཤིང་རྟའི་སྟེང་། །པདྨ་ཟླ་བའི་དལ་གྱི་དབུས། མཱྃཿལས་འོད་ཟེར་ཅན་མ་ནི། །གསེར་མདོག་རིན་ཆེན་རྒྱན་ཆ་དང་། །དར་གྱི་སྟོད་གཡོག་སྨད་ཤམས་མཛེས། །ཕྱག་གཡས་མཆོག་སྦྱིན་མྱ་ངན་མེད། །ཤིང་གི་ཡལ་ག་བསྣམས་པ་དང་། །གཡོན་པས་ཁབ་དང་སྐུད་པ་འཛིན། །གསལ་བའི་ཐུགས་ནས་རང་འདྲ་ནི། །དཔག་མེད་འཕྲོས་པས་དགྲ་གདོན་བགེགས། །གཟུགས་ཅན་གཟུགས་མེད་གནོད་པ་རྣམས། །མིང་ཙམ་མེད་པར་བརླག་པར་བསམ། །ཨོཾ་མ་རཱི་ཙྱཻ་མཱུཾཿསྭཱ་ཧཱ། ཅི་ནུས་བཟླས་མཐར། དགེ་བ་འདི་ཡིས༴ །འོད་ཟེར་ཅན་མ་འགྲུབ༴ ཅེས་སྲིད་བློན་བདེ་མཁར་བས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ།། །།

Footnotes

Other Information