རྗེ་གྲུབ་ཐོབ་ཆེན་པོའི་བཀའ་སྲོལ་གྱི་བླ་མའི་རྣལ་འབྱོར་གསང་སྤྱོད་སྙན་བརྒྱུད་དང་སྦྱར་བའི་ཚོགས་ཀྱི་འཕྲིན་ལས་རིག་འཛིན་མཁའ་འགྲོ་དགྱེས་པའི་རོལ་མོ།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-040
Wylie title rje grub thob chen po'i bka' srol gyi bla ma'i rnal 'byor gsang spyod snyan brgyud dang sbyar ba'i tshogs kyi 'phrin las rig 'dzin mkha' 'gro dgyes pa'i rol mo JKCL-KABUM-06-CHA-040.pdf
Location chos kyi blo gros bka' 'bum
Volume 6, Text 40, Pages 471-639 (Folios 1a1 to 85a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation 'jam dbyangs mkhyen brtse chos kyi blo gros. rje grub thob chen po'i bka' srol gyi bla ma'i rnal 'byor gsang spyod snyan brgyud dang sbyar ba'i tshogs kyi 'phrin las rig 'dzin mkha' 'gro dgyes pa'i rol mo. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 471-639. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang
Cycle གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ (gsang spyod mkha' 'gro'i snyan brgyud)
Colophon

།ཅེས་རྗེ་གྲུབ་ཐོབ་ཆེན་པོའི་བཀའ་སྲོལ་གྱི་བླ་མའི་རྣལ་འབྱོར་གསང་སྤྱོད་སྙན་བརྒྱུད་དང་སྦྱར་བའི་ཚོགས་ཀྱི་ཕྲིན་ལས་རིག་འཛིན་མཁའ་འགྲོ་དགྱེས་པའི་རོལ་མོ་ཞེས་བྱ་བ་འདི། དཔལ་གྲུབ་པའི་དབང་ཕྱུག་ཆེན་པོའི་ཐུན་མོང་མ་ཡིན་བའི་སྙན་བརྒྱུད་དཔའ་བོ་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ལ་གཅིག་ཏུ་དད་ཅིང་མི་ཕྱེད་པའི་མོས་པ་བརྟན་པོ་དང་ལྡན་པའི་རང་སློབ་ལྷ་རྗེ་དགེ་སློང་ཚེ་རིང་ཕུན་ཚོགས་ནས་མཎྜལ་གྱི་རྟེན་དང་བཅས་སྔ་ཕྱིར་ནན་ཏན་ཆེན་པོས་བསྐུལ་བའི་ངོར། སྐྱབས་རྗེ་ཐམས་ཅད་མཁྱེན་པ་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང་། ཀུན་སྤངས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་རྗེ་འཇམ་དབྱངས་བསྟན་འཕེལ་རྣམ་གཉིས་སོགས་ལས་ཐབ་ཆོས་འདི་དག་གི་གདམས་སྐོར་ཡོངས་སུ་རྫོགས་པ་ཐོབ་པའི་སྐལ་བཟང་ཅན། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་ལུག་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། རྗེ་གྲུབ་ཐོབ་ཆེན་པོ་དངོས་དང་དབྱེར་མི་ཕྱེད་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ། དཔེ་ཁྱེར་མཁན་གྱི་དཀྱུས་བཞིན་བཀླགས་པས་གྲུབ་པར་བསྡེབས་པའི་ཡི་གེ་པ་ནི་བཀྲ་ཤིས་དབང་ཕྱུག་གིས་བགྱིས་པ་འདིས་ཀྱང་། ཡབ་རྗེ་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོའི་བཀའ་བབས་བརྒྱད་ཀྱི་རིང་ལུགས་སྤྱི་དང་གསང་སྤྱོད་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ཏེ་རིས་སུ་མ་ཆད་པའི་བསྟན་འགྲོ་ཡོངས་ལ་ཕན་པ་མཐའ་ཡས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/ces rje grub thob chen po'i bka' srol gyi bla ma'i rnal 'byor gsang spyod snyan brgyud dang sbyar ba'i tshogs kyi phrin las rig 'dzin mkha' 'gro dgyes pa'i rol mo zhes bya ba 'di/__dpal grub pa'i dbang phyug chen po'i thun mong ma yin ba'i snyan brgyud dpa' bo mkha' 'gro'i zhal rlangs ma yal ba la gcig tu dad cing mi phyed pa'i mos pa brtan po dang ldan pa'i rang slob lha rje dge slong tshe ring phun tshogs nas maN+Dal gyi rten dang bcas snga phyir nan tan chen pos bskul ba'i ngor/__skyabs rje thams cad mkhyen pa si tu o rgyan chos kyi rgya mtsho dang /__kun spangs rnal 'byor gyi dbang phyug grub rje 'jam dbyangs bstan 'phel rnam gnyis sogs las thab chos 'di dag gi gdams skor yongs su rdzogs pa thob pa'i skal bzang can/__'jam dbyangs chos kyi blo gros pas chu lug cho 'phrul chen po'i zla ba la/__rje grub thob chen po dngos dang dbyer mi phyed pa kun mkhyen rdo rje gzi brjid kyi gzim spyil bkra shis 'chi med grub pa'i dga' tshal du/__dpe khyer mkhan gyi dkyus bzhin bklags pas grub par bsdebs pa'i yi ge pa ni bkra shis dbang phyug gis bgyis pa 'dis kyang /__yab rje grub pa'i 'khor los bsgyur ba chen po'i bka' babs brgyad kyi ring lugs spyi dang gsang spyod snyan brgyud kyi bstan pa rin po che phyogs dus gnas skabs kun tu dar zhing rgyas te ris su ma chad pa'i bstan 'gro yongs la phan pa mtha' yas pa'i rgyur gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྗེ་གྲུབ་ཐོབ་ཆེན་པོའི་བཀའ་སྲོལ་གྱི་བླ་མའི་རྣལ་འབྱོར་གསང་སྤྱོད་སྙན་བརྒྱུད་དང་སྦྱར་བའི་ཚོགས་ཀྱི་འཕྲིན་ལས་རིག་འཛིན་མཁའ་འགྲོ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿ ཧཱུྃ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ཡེ། བདེ་ཆེན་ལྷན་སྐྱེས་ངང་ལས་མ་གཡོས་བཞིན། །སྣ་ཚོགས་ཐབས་ཀྱི་གར་མཛད་ཧེ་རུ་ཀཿ། ཁྱབ་བདག་བླ་མ་གྲུབ་དབང་ཐང་སྟོང་པ། །རྩ་གསུམ་སྤྱི་དཔལ་ཆེན་པོར་ངེས་པས་འདུད། །ཚོགས་གཉིས་ནོར་བུའི་སྤྲིན་ཆེན་རྒྱས་པ་དང་། །བདག་གཞན་ལམ་གྱི་འགལ་རྐྱེན་ཞི་བའི་ཕྱིར། །འཁོར་འདས་མགྲོན་རྣམས་ཚོགས་ཀྱི་དཀྱིལ་འཁོར་དུ། །མཆོད་པའི་ལས་རིམ་རིག་འཛིན་དགྱེས་རོལ་སྤེལ། །དེ་ལ་འདིར་དཔལ་གྲུབ་པའི་དབང་ཕྱུག་ཆེན་པོའི་བཀའ་བབས་ཀྱི་རྒྱུད་སྡེ་སྒྲུབ་སྐོར་རྣམས་ཀྱི་སྨིན་གྲོལ་དང་། རྡོ་རྗེ་ཕག་མོའི་དམ་ཚིག་ཟབ་དབང་གིས་རྒྱུད་སྨིན་པའི་སྐལ་ལྡན་རྣམས་ཀྱིས་རང་གཞན་གྱི་བར་ཆད་ཞི་བ་དང་། ཚོགས་གཉིས་སྤེལ་བར་བྱ་བའི་ཕྱིར་ཚོགས་ཀྱི་ལས་རིམ་ལ་འཇུག་པའི་ཚུལ། རྗེ་གྲུབ་ཐོབ་ཆེན་པོ་ལ་འཕགས་ཡུལ་གྱི་གྲུབ་ཆེན་ཧཱུྃ་ཀཱ་རས། སྣང་སྲིད་འོད་ཀྱི་ཕོ་བྲང་ན། །རང་ཉིད་གདོད་ནས་སངས་རྒྱས་དངོས། །འཁྲུལ་སྣང་རྣམ་རྟོག་ཡེ་ནས་དག །བྱང་ཆུབ་རྟོག་མེད་ཡེ་ཤེས་ངང་། །ཆོས་སྐུ་མཚན་མའི་སྒྲིབ་གཡོགས་སངས། །ལོངས་སྤྱོད་རྫོགས་སྐུ་བེམ་རིག་ཕྲལ། །སྤྲུལ་སྐུ་འགྲོ་འདུལ་འཛམ་གླིང་རྒྱན། །བར་ཆད་རང་གྲོལ་བདུད་བཞི་བཅོམ། །གྲུབ་ཐོབ་ང་དང་རྣལ་འབྱོར་ཁྱོད། །འཕྲད་པ་དོན་ལྡན་བྱ་བའི་ཕྱིར། །དེ་རིང་ཚོགས་ཀྱི་འཁོར་ལོ་བསྐོར། །གསུངས་པའི་གདམས་ངག་དམ་པ་ལྟར་བསྒྲུབ་པ་ལ་འདི་ལྟ་སྟེ། བཤམ་བཀོད་ཆོ་ག་ཕན་ཡོན་གསུམ། དང་པོ་ནི། དུར་ཁྲོད་དམ་དབེན་པའི་གནས་སུ་ཕྱགས་དར་སྐྱང་ནུལ་བྱས་པའི་སྟེགས་རིམ་པ་གསུམ་གྱི་དང་པོར་མཆོད་ཡུལ་སྤྱི་དང་བྱེ་བྲག་གི་རྟེན་བཀྲམ་ཞིང་། ཁེབ་ལྡན་གྱི་སྟེགས་བུ་གཉིས་པར་བདུད་རྩིས་བྱུགས་པའི་མཎྜལ་དབུས་དང་ཕྱོགས་མཚམས་སུ་ཚོམ་བུ་བཀོད་པ་མཉྫིའི་ཁར་བཞག་པའི་རྒྱབ་ཏུ། ལྷ་དང་བླ་མའི་སྤྱི་གཏོར་དམར་ཟླུམ་མཐེབ་རིལ་གྱིས་བརྒྱན་པ། གཡས་གཡོན་དུ་མགོན་པོ་དང་མཁའ་འགྲོའི་སྤྱི་གཏོར། མདུན་དུ་བསྐང་གཏོར་མཐེབ་ཀྱུས་མཚན་པ། མཚམས་བཞིར་སྨན་རཀ་ཞོ་ཆང་བཅས་ཉེར་སྤྱོད་ཀྱིས་བསྐོར། སྟེགས་གསུམ་པ་ལ། བདུད་རྩི་རིལ་བུའི་གཏའ་དང་སྦྱར་བ་བཅུད་ལྡན་གྱིས་སྤྲས་པའི་ཚོགས་གཏོར་ཟན་ལེབ་ཟླུམ་པོ་ཆེ་ཆུང་མཉམ་པ་གསུམ་བརྩེགས་ཚོམས་སུ་བསྒྲིགས་པའི་སྟེང་དུ། གྲུ་བཞི། ཟླུམ་པོ། གྲུ་གསུམ། ཟླ་གམ་རྣམས་བརྩེགས་བའི་ཁར་ཟླུམ་ལེབ་འདྲ་མཉམ་བདུན་བརྩེགས་པའི་ཐོག་ཏུ་ཚོགས་བཤོས་ཟླུམ་བརྗིད་སྨུག་རྩི་ཅན་རྒྱན་གྱིས་སྤྲས་པ་དང་བཅས་པའི་མཐར། ཚོགས་གཏོར་སྤུངས་པའི་ཕན་ཚུན་དུ་བ་ལ་དང་མ་དཱ་ན། ཐུན་གཏོར་དམར་པོ་གཉིས་དང་དཀར་གཏོར། བཟའ་བཅའ་བཏུང་བའི་རིགས་སོགས་མཆོད་པའི་བྱེ་བྲག་ཅི་འབྱོར་བཀོད། རང་གི་མདུན་དུ་དུང་ཆེན་གྱི་གླིང་བུ། ནང་མཆོད། རྡོར་དྲིལ། ཅང་ཏེའུ་སོགས་བཤམས་ནས་བདེ་བའི་སྟན་ལ་འདུག་གོ །གཉིས་པ་ལ་སྦྱོར་བ་དངོས་གཞི་རྗེས་ཆོག་གསུམ། དང་པོ་ལ། གསོལ་འདེབས་རླུང་འབུད་ཀུན་སློང་བཅོས། །རང་བརླབ་འབུད་དཀྲོལ་ཚོགས་མགྲོན་བསྡུ། མཆོད་བརླབ་སྐྱབས་འགྲོ་སེམས་བསྐྱེད་དང་། རྒྱུད་སྦྱང་བ་སྟེ་གཞུང་ཚན་བཅུ།

དང་པོ་ནི། ཕཊ་གཅིག་བརྗོད་ལ་ཚེ་འདིའི་བྱ་བ་སྒོ་འབྲེལ་གྱི་བསམ་མནོ་ཐམས་ཅད་ལིང་གིས་བསྐྱུར་ལ། རེ་ཞིག་ཆད་པ་ངལ་གསོ་བ་ལྟ་བུར་ལུས་སེམས་ཁོང་གློད་ལ་ལྷོད་དེ་བསྡད། ཅི་ཞིག་ནས་བྱང་ཆུབ་ཀྱི་སེམས་གསུམ་དང་ལྡན་པར་བྱས་ལ། གུ་རུ་ན་མོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གིས་ལུས་ངག་ཡིད་གསུམ་དགེ་བའི་ལས་ཁྱད་པར་ཅན་ལ་འཇུག་པར་བགྱིའོ་སྙམ་པའི་ངང་ནས། རང་ཉིད་ལྷ་ཡི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ། ཉི་ཟླ་རིན་ཆེན་དར་ཟབ་དང་བཅས་པའི་གདན་ལ། རང་གི་དྲིན་ཅན་རྩ་བའི་བླ་མ་བཀའ་བརྒྱུད་ཆོས་འབྲེལ་ཐོབ་པ་དང་བཅས་པ་མོས་གུས་ཀྱི་གནས་སུ་གྱུར་པའི་བླ་མ་རྣམས་གསལ་བར་གྱུར་པའི་སྤྱན་སྔར། དཔལ་ལྡན་རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །རྒྱ་བོད་བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འགྲོ་དྲུག་འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །བྱ་རྒྱུ་ཆོས་དང་དགེ་བ་ལས་མེད་པར་གྱུར་ཅིག །བློ་ཁ་ཆོས་དང་དགེ་བ་ལ་ཕྱོགས་པར་གྱུར་ཅིག །ཆོས་དང་དགེ་བ་ལམ་དུ་ལོངས་པར་གྱུར་ཅིག །ཆོས་མིན་གྱི་སྣང་བ་འགག་པར་གྱུར་ཅིག །མི་དགེ་བ་སྐད་ཅིག་ཀྱང་རྒྱུད་ལ་མི་སྐྱེ་བར་གྱུར་ཅིག །ཚེ་འདི་ཉིད་ལ་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །གཉིས་པ་ནི། རང་རྒྱུད་ཀྱི་ཉོན་མོངས་པ་འདོད་ཆགས་དང་། དེ་ལས་སྐྱེས་པའི་ནད་གདོན་སྡིག་སྒྲིབ་རྣམས། འདོད་ཆགས་ཀྱི་རང་གཟུགས་བྱ་ཕུག་རོན་གྱི་རྣམ་པ་ཅན་ཞིག་སྣ་བུག་གཡས་ནས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་དུ་སོང་བར་བསམ། སྣ་བུག་གཡས་ནས་རླུང་ཕྱིར་སང་གིས་འབུད། ཡང་རང་རྒྱུད་ཀྱི་ཉོན་མོངས་པ་ཞེ་སྡང་དང་། དེ་ལས་སྐྱེས་པའི་ནད་གདོན་སྡིག་སྒྲིབ་རྣམས་ཞེ་སྡང་གི་རང་གཟུགས་དུག་སྦྲུལ་གྱི་རྣམ་པ་ཅན་ཞིག་སྣ་བུག་གཡོན་ནས་དོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་དུ་སོང་བར་བསམས་ལ། སྣ་བུག་གཡོན་ནས་རླུང་ཕྱིར་སང་གིས་འབུད། ཡང་རང་རྒྱུད་ཀྱི་ཉོན་མོངས་པ་གཏི་མུག་དང་། དེ་ལས་སྐྱེས་པའི་ནད་གདོན་སྡིག་སྒྲིབ་རྣམས་གཏི་མུག་གི་རང་གཟུགས་ཕག་གི་རྣམ་པ་ཅན་ཞིག་སྣ་བུག་གཉིས་ཆར་ནས་རླུང་དབུས་སུ་བསྒྲིལ་ཏེ་བུས་པའི་སྣ་ལ་ཕྱིར་རྒྱང་གིས་དོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་དུ་སོང་བར་བསམ། འདི་ནི་སྡིག་སྦྱོང་དང་ནད་གདོན་སེལ་བ་ལ་བསྔགས་སོ། །གསུམ་པ་ནི། བདག་གི་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཅི་བྱེད་གཞན་དོན་དུ་བྱང་ཆུབ་བསྒྲུབ་པའི་ཐབས་ཀྱི་མཆོག་འགལ་རྐྱེན་ལམ་དུ་བླང་བར་བགྱིའོ། །རྣམ་རྟོག་ལ་ཆོས་སྐུར་བལྟ་བར་བགྱིའོ། །བར་ཆད་ལ་དངོས་གྲུབ་ཏུ་བལྟ་བར་བགྱིའོ། །རྐྱེན་ངན་ལ་ཡོན་ཏན་དུ་བལྟ་བར་བགྱིའོ། །ཅི་ཤར་ལ་དགག་སྒྲུབ་མེད་པར་བགྱིའོ། །བཞི་པ་ནི། ཨོཾ་ཨཱཿ ཧཱུྃ་ཧོཿཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་དམ་པ་སངས་རྒྱས་སྐུ་མདོག་སྨུག་ནག་རལ་པའི་ཐོར་ཅོག་དང་རུས་པའི་རྒྱན་གྱིས་བརྒྱན་པ། གར་ཉམས་རབ་ཏུ་སྒེག་པའི་བརྗིད་བག་ཆགས་པ། ཕྱག་གཡས་བྷཉྫ་ལྟག་སྤྲོད་ནམ་མཁའ་ལ་དཀྲོལ་བ། གཡོན་དུང་ཆེན་གྱི་གླིང་བུ་འབུད་པ། ཏིང་ངེ་འཛིན་གྱི་རོས་མྱོས་ཤིང་གཟི་བྱིན་འབར་བ། རྟེན་འབྲེལ་གྱི་གལ་ཏ་ཕྲག་པ་གཡོན་དུ་བཀལ་བ། འཁོར་འདས་ཟིལ་གྱིས་གནོན་པའི་ལྟོ་སྟངས་བར་སྣང་ལ་ཧྲིག་ཧྲིག་གཟིགས་པ། པདྨ་ཉི་ཟླ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་བཞེངས་ཏེ་འགྱིང་བ། བཏེག་ན་རི་རྒྱལ་ཐེག་པ། མནན་ན་ས་གཞི་ནོན་པ། ཁམས་གསུམ་དབང་དུ་བསྡུ་ཞིང་། སྲིད་གསུམ་ཟིལ་གྱིས་གནོན་པའོ། །ལྔ་པ་ནི་ཧེ་རུ་ཀའི་རོལ་མོའི་ཁྱད་པར་གསུམ་ལས། ཐོག་མར་དུང་ཆེན་གྱི་གླིང་བུ་འབུད་པར་བྱ་སྟེ། དེ་ཡང་གནས་དང་གནས་གདོན་ལུས་དང་ལུས་གདོན། དབྱིངས་དང་རིག་པ་བསྲེ་བ་རྣམས་ལ་རིམ་པ་བཞིན་འཛིན་པ་གཅོད་པའི་ཕྱིར། ཕཊ། ཕཊ། ཕཊ། ཅེས་པའི་གདངས་དང་ལྡན་པའི་རྐང་གླིང་གི་སྒྲ་དྲག་ལ་མྱུར་བ་གསུམ་དང་། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་གྱི་གདངས་དང་ལྡན་པའི་རྐང་གླིང་གི་སྒྲ་སྙན་ལ་རིང་བ་གཅིག །ཨཱཿ ཡི་གདངས་དང་ལྡན་པའི་རིང་བ་གཅིག །ཧཱུྃ་གི་གདངས་དང་ལྡན་པའི་དྲག་ལ་རིང་བ་གཅིག །དེ་ནས་མཁའ་འགྲོ་སྡེ་ལྔའི་ཐུགས་རྒྱུད་བསྐུལ་བའི་ཕྱིར། བྃ། ཧ། རི། ནི། ས། ཞེས་བ་ལ་འགྱུར་འགུགས་འཕར་ལྡིང་བའི་ཚུལ་གྱི་སྒྲ་དྲག་ལ་བཞད་པ་རེ་རེས་མ་གཅིག་མཁའ་འགྲོ་སྡེ་ལྔ་ལ་སོགས་པའི་སྐྱབས་ཡུལ་ཚོགས་ཞིང་རྣམས་སྤྱན་དྲངས། དེ་ནས་ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར་ཧཱུྃ་ཞེས་པ་དང་། སྲིད་གསུམ་ཟིལ་གྱི་གནོན་པ་ལ་བྷྱོ་ཞེས་པའི་སྒྲ་དྲག་ཤུལ་གྱི་གར་དང་ལྡན་པའི་རིང་བ་གཉིས་དང་། ཕཊ་ཅེས་འཛིན་པ་གཅོད་པའི་ཕྱིར་འཇིགས་སུ་རུང་བའི་སྒྲ་འུར་ཚེག་པ་གཅིག་འབུད་ནས་ཅང་ཏེའུ་དག་པ་དྲན་པའི་ངང་ནས། ཤེར་སྙིང་གི་ག་ཏེ་གསུམ་གྱི་བར་ལ་རྒྱུན་དཀྲོལ་བྱེད། དེ་མཚམས་ཕཊ་གཅིག་གི་མཐར། མཁའ་འགྲོ་གནད་བསྐུལ་གྱི་ཌཱ་མ་རུའི་འཁྲོལ་ལུགས། མ་དང་ལ་མཁའ་འགྲོ་ཞེས་ཚར་གསུམ་དང་། མ་དང་མཁའ་འགྲོ། ཞེས་པ་ཚར་གསུམ། ཡང་། མ་དང་ལ་མཁའ་འགྲོ། ཞེས་པ་ཚར་གཅིག་གི་གདངས་དང་ལྡན་པའི་ཅང་ཏེའུའི་སྒྲ་སྒྲོག་པར་བྱའོ།

།དྲུག་པ་ལ། བསྡུ་གནས་བསྡུ་བ་ཟིལ་གནོན་གསུམ། དང་པོ་ནི། ཕཊ་གཅིག་བརྗོད་པས། རང་གང་དུ་འདུག་པའི་ས་ཕྱོགས་གདོད་ནས་དག་པའི་དུར་ཁྲོད་བརྒྱད་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་ཡོད་པའི་དུར་ཁྲོད་ཀྱི་རྩ་བ་ཐམས་ཅད་རང་གི་རྐང་པའི་འོག་ཏུ་མནན་པར་གྱུར། ངག་ནས། གཏུམ་དྲག་འཇིགས་བྱེད་ཐོད་པ་ཅན། །འབར་བ་ཧ་ཧ་རྒོད་པ་དང་། དཔལ་དང་མུན་ཅན་ཅ་ཅོ་སྒྲོག །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས། །བདག་ཉིད་མཆོད་སྦྱིན་རྒྱ་ཆེར་བགྱིད། ཅེས་པས། །ཕྱོགས་མཚམས་བརྒྱད་དུ་དུར་ཁྲོད་བརྒྱད། དེ་དག་ལ་གནས་པའི་ཤིང་བརྒྱད། །ཤིང་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད། ཀླུ་ཆེན་པོ་བརྒྱད། ཆུ་བརྒྱད། མེ་བརྒྱད། མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བརྒྱད། གཞན་ཡང་དཔའ་བོ་དང་། རྣལ་འབྱོར་མ་དང་། ཤ་ཟ་དང་། འབྱུང་པོ་དང་། རོ་ལངས་རྣམས་ཕཻཾ་ཞེས་པའི་སྒྲ་སྒྲོག་ཅིང་། བྱ་ཤ་ཟ་བ་མང་པོ་དང་། ལྕེ་སྤྱང་སོགས་གཅན་གཟན་སྣ་ཆོགས་འཇིགས་སུ་རུང་བའི་སྒྲ་སྒྲོག་པ། རོ་མགོ་བོ་བཅད་པ་དང་། དཔྱང་བ་དང་། བསྙལ་བ་དང་། གསལ་ཤིང་གིས་ཕུག་པ་དང་། ཀེང་རུས་གར་བྱེད་པ་ལ་སོགས་ཏེ་དུར་ཁྲོད་ཀྱི་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པ་གསལ་བར་གྱུར། དེ་རྗེས་ཤར་ནས་བརྩམས་ཏེ་ཕྱོགས་གཡོན་བསྐོར་དང་། བྱང་ཤར་ནས་བརྩམས་མཚམས་གཡས་བསྐོར་བྱས་ཏེ། གྲུབ་ཆེན་བརྒྱད་པོ་རེ་རེ་ལ་གུས་པས་ཕྱག་འཚལ་བ་དང་མཉམ་དུ་ཕཊ་རེ་དང་འཛིན་པ་གཅོད་པའི་ཕཊ་རེ་རྒྱག །དེ་ཡང་། ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་གནས། །ཨིནྡྲ་བོ་དྷིར་ཕྱག་འཚལ་ལོ། །ཕཊ་ཕཊ། བྱང་ཕྱོགས་འཇིགས་བྱེད་དུར་ཁྲོད་གནས། །ཀུ་ཀུ་རི་པར་ཕྱག་འཚལ་ལོ། །ཕཊ་ཕཊ། ནུབ་ཕྱོགས་ཐོད་ཅན་དུར་ཁྲོད་གནས། །པདྨ་རྡོ་རྗེར་ཕྱག་འཚལ་ལོ། །ཕཊ་ཕཊ། ལྷོ་ཕྱོགས་འབར་བའི་དུར་ཁྲོད་གནས། ཀླུ་སྒྲུབ་སྙིང་པོར་ཕྱག་འཚལ་ལོ། །ཕཊ་ཕཊ། བྱང་ཤར་ཧ་ཧ་རྒོད་བར་གནས། ས་ར་ཧ་ལ་ཕྱག་འཚལ་ལོ། །ཕཊ་ཕཊ། ཤར་ལྷོ་དཔལ་གྱི་དུར་ཁྲོད་གནས། །ཌོམྦྷི་པ་ལ་ཕྱག་འཚལ་ལོ། །ཕཊ་ཕཊ། ལྷོ་ནུབ་མུན་ཅན་དུར་ཁྲོད་གནས། །དྲིལ་བུ་པ་ལ་ཕྱག་འཚལ་ལོ། །ཕཊ་ཕཊ། ནུབ་བྱང་ཅ་ཅོ་སྒྲོག་པར་གནས། །ལཱུ་ཧི་པ་ལ་ཕྱག་འཚལ་ལོ། །ཕཊ་ཕཊ། ཅེས་ཕྱག་འཚལ། གཉིས་པ་ནི། དུར་ཁྲོད་བརྡལ་བའི་གནས་འདི་ཉམས་རེ་དགའ། །གནས་འདི་ཉམས་རེ་མི་དགའ་བར། །བླ་མ་དང་མཁའ་འགྲོའི་བཞུགས་གནས་ལགས། །སངས་རྒྱས་དང་སེམས་ཅན་མ་ལུས་པ། །བླ་མ་དང་མཁའ་འགྲོའི་འཚོགས་གྲལ་དུ། །མཆོད་སྦྱིན་གྱི་མགྲོན་དུ་འདུ་རེ་རན། །ཅེས་མགྲོན་སྤྱི་དང་། སྒོས་མགྲོན། ཕཊ། ང་ནི་དེ་རིང་ལན་ཆགས་འཇལ། །བསྲུང་སྐྱོབས་རམ་ཟླ་སྒྲོན་རེ་ཤི། དེ་རིང་འཁོར་འདས་ཤན་ཕུགས་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། །ང་ནི་ལན་ཆགས་སྟོན་མོ་བྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་དང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་གང་དགོས་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཤོག །བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག །ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་གྱིས། །ལན་ཆགས་ཟོ་ལ་ཕྱིས་མ་བསྙགས། །འཛིན་པ་ནང་དུ་བརླག་པར་གྱིས། །གཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་སྡང་རང་སར་བརླག་པར་གྱིས། །ཕྱིས་ནས་ལྡང་བ་མེད་པར་གྱིས། །གསུམ་པ་ནི། དཀར་པོ་དགེ་བ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོ། །ནག་པོ་སྡིག་པ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོ།

།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར། ཕཊཿཕཊཿབདུན་པ་ནི། ཕཊ། ཡྃ་ལས་རླུང་དང་རྃ་ལས་མེ། །ཀྃ་ལས་མི་མགོའི་སྒྱེད་པུའི་སྟེང་། །ཨ་ལས་ཐོད་པ་དུམ་གཅིག་པ། །ཕྱི་དཀར་ནང་དམར་རྒྱ་ཆེ་ཡངས། །དཔྲལ་བ་རང་ལ་བསྟན་པའི་ནང་། །ཤ་ལྔ་བདུད་རྩི་ལྔ་ཞུ་བས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿཚར་གསུམ་གྱིས་བྱིན་གྱིས་བརླབས་པའི་ནང་མཆོད་གནས་ཡོ་བྱད་རྣམས་ལ་འཐོར་ཞིང་། ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་གྲྀཧྞཱ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱ་རཱ་ཛ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧྃ། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་དུ་བྷྲཱུྃ་ལས་རིན་པོ་ཆེ་དང་། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་བསམ་གྱིས་མི་ཁྱབ་པ་ངོ་བོ་བཟང་ཞིང་དགེ་བ། བཀོད་པ་ཕུན་སུམ་ཚོགས་པ། དུས་ཇི་སྲིད་མཆོད་ཀྱི་བར་དུ་འབྱུང་བའི་མཆོད་པའི་སྤྲིན་ཕུང་རྣམ་པ་ཐམས་ཅད་པར་གྱུར། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ། རོལ་མོ་སྣ་ཚོགས་པ་འབུད་དཀྲོལ་བྱ་ཞིང་། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སམྦྷ་ཝི་ཏ། བཛྲ་དྷརྨཱ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོཿཨཱ་ཁཾ་སྭཱ་ཧཱ། ཞེས་པས་བྱིན་དབབ། བརྒྱད་པ་ནི། མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྗེ་གྲུབ་ཐོབ་ཆེན་པོ་དུས་གསུམ་སངས་རྒྱས་དཔལ་མཆོག་ཐང་སྟོང་རྒྱལ་པོ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཕྱག་གཡས་པ་ས་གནོན་མཛད་ནས་ལྕགས་ཐག་གི་རྐང་བུ་ལྔ་སྦྲེལ་བསྣམས་པ། གཡོན་པ་མཉམ་གཞག་གི་སྟེང་དུ་ཚེའི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་གཙུག་སྤྱི་བོར་བཅིངས་ཤིང་ལྷག་མ་སིལ་བུས་སྐུ་སྟོད་ཁྱབ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཆ་སྐུ་ལ་གསོལ་ཞིང་། སྐུ་མཐོང་བ་ཙམ་གྱིས་སྒྲིབ་པ་འདག་པ། གསུང་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འགོད་ངེས་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྙོག་པ་མེད་པར་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེ་ལ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ་དང་། བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་བཞིའི་ལྷ། བླ་མ་དང་སངས་རྒྱས། དམ་ཆོས། དགེ་འདུན། ཡི་དམ། མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་དང་ལྡན་པར་གྱུར། དེའི་དྲུང་ན་ཡར་ལ་དྲིན་ཅན་ཕ་མས་གཙོར་བྱས། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བར་གྱུར། ཅེས་བསམས་ལ། བདག་དང་བདག་གི་ཚེ་འདིའི་ཕ་མ་ལ་སོགས་ཏེ། བདག་ལ་བློ་གཏད་ཅིང་འབྲེལ་ཐོགས་པའི་དམིགས་ཡུལ་གཤིན་གསོན་རྣམས་དང་། ཁྱད་པར་ལུས་གདོན་གནས་གདོན་གྱིས་ཐོག་དྲངས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་པ་ཚར་ཉེར་གཅིག་གམ་བདུན་ལས་མི་ཉུང་བར་བརྗོད། དེ་རྗེས། རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །རྩ་བརྒྱུད་འདྲེན་གསུམ་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སྤངས་རྟོགས་ཕུན་ཚོགས་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་གྱུར་ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཡོན་གནས་དམ་པ་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་རྡོ་རྗེ་ཕག་མོའི་ཞབས་ལ་སྐྱབས་སུ་མཆིའོ། །དམ་པ་མི་ཕམ་མགོན་པོའི་ཞབས་ལ་སྐྱབས་སུ་མཆིའོ། །ཡུམ་ཆེན་མ་གཅིག་ལབ་སྒྲོན་ཞབས་ལ་སྐྱབས་སུ་མཆིའོ། །གྲུབ་ཆེན་བརྩོན་འགྲུས་བཟང་པོའི་ཞབས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །པདྨ་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །རྩ་དང་རླུང་དང་ཐིག་ལེ་གསུམ་ལ་སྐྱབས་སུ་མཆིའོ། །བདེ་དང་གསལ་དང་མི་རྟོག་གསུམ་ལ་སྐྱབས་སུ་མཆིའོ། །སྣང་དང་སྟོང་དང་ཟུང་འཇུག་གསུམ་ལ་སྐྱབས་སུ་མཆིའོ། །སྐྱབས་གནས་མཐར་ཐུག་བླ་མ་རྗེ་ལ་སྐྱབས་སུ་མཆིའོ། །སྐྱབས་ཀྱི་ངོ་བོ་གནས་ལུགས་རིག་ལ་སྐྱབས་སུ་མཆིའོ། །ཆོས་བདག་ཡེ་ཤེས་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་། བདག་གི་འགལ་རྐྱེན་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །བདེ་སྡུག་རོ་སྙོམས་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་འདྲེའི་འགྲོ་དོན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྤྱོད་ཡུལ་མཐའ་རུ་འཁྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདི་ཉིད་ལ་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ། དགུ་པ་ནི། བྲུལ་ཚོ་དྲུག་པ་ལས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་ཚར་གསུམ་བརྗོད། བཅུ་པ་ནི། ཧཱུྃ། རྡོ་རྗེ་བཙུན་མོའི་གསང་བ་མཆོག །སྟོན་མཛད་རྩ་བའི་བླ་མ་ཉིད། །སངས་རྒྱས་ལས་གཞན་མི་རྟོག་པའི། །མོས་གུས་དམ་ཚིག་རྟག་ཏུ་བཟུང་། །དེ་ལྟར་ཟབ་མོའི་ལམ་མཆོག་འདི་ཉིད་སྟོན་པར་མཛད་པའི་དྲིན་ཅན་རྩ་བའི་བླ་མ་ལ་བདག་ཉིད་མོས་གུས་ཆེན་པོའི་དམ་ཚིག་དང་ལྡན་པའི་སྟོབས་ཀྱིས། ཚོགས་ཞིང་གི་ལྷ་ཚོགས་རྣམས་ཐུགས་དགྱེས་ཏེ་སྐུ་ལས་འོད་ཟེར་བྱུང་བ་བདག་གི་ལུས་ལ་ཕོག་པས་སྙིགས་མའི་ཕུང་ཁམས་སྐྱེ་མཆེད་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། ཤེལ་གཙང་མའི་ངོས་ལ་གཟུགས་བརྙན་ཤར་བ་ལྟར། རང་ཉིད་དང་མདུན་གྱི་ལྷ་དབྱེར་མེད་དུ་གྱུར། ཡང་རང་ཉིད་འཇའ་ཚོན་ལྟ་བུའི་ལྷའི་གསལ་སྣང་དང་ལྡན་པའི་སྐུ་ལས་ཚད་མེད་པའི་འོད་ཟེར་འཕྲོས། འོད་དེས་སེམས་ཅན་ཐམས་ཅད་ལ་རེག་པས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་པ་བཞི་བསྒོམ། གཉིས་པ་དངོས་གཞི་ལ། ཚོགས་བསགས་སྒྲིབ་སྦྱང་མཆོད་འབུལ་གསུམ། དང་པོ་ལའང་། ཚོགས་རྟེན་སྒྲུབ་དང་ཚོགས་གསོག་གཉིས། །དང་པོ་ལ། ཞིང་གསལ་སྤྱན་འདྲེན་བཞུགས་གསོལ་གསུམ།

།དང་པོ་ནི། ཆོས་ཀུན་སྟོང་ཉིད་རྟེན་ཅིང་འབྲེལ་འབྱུང་བའི། །ཚོགས་དྲུག་སྒྱུ་མའི་སྣང་བ་རང་བཞིན་གྱིས། །ཆོས་དབྱིངས་བསམ་མི་ཁྱབ་པར་མཉམ་པའི་མཐུས། །བརྟན་གཡོའི་དངོས་ཀུན་དག་པར་ལྷུན་རྫོགས་པའི། །སྣོད་བཅུད་རྒྱལ་པའི་ཞིང་ཁམས་བདེ་བ་ཅན། །བཀོད་ལེགས་དཔལ་འབྱོར་རྒྱས་པའི་ཕྱོགས་ཀུན་ཏུ། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི། །མཆོད་སྤྲིན་རྒྱ་མཚོ་ཕུན་སུམ་ཚོགས་པའི་ཀློང་། །མདུན་གྱི་ནམ་མཁར་མི་འཇིགས་སེང་གེ་དང་། །གླང་ཆེན་རྟ་མཆོག་རྨ་བྱ་གྱད་སོགས་ཀྱིས། བཏེགས་པའི་རིན་ཆེན་སྣ་ཚོགས་རྒྱ་ཆེའི་ཁྲིར། །པདྨ་འདབ་མ་སྣ་ཚོགས་སྟོང་ལྡན་དང་། །སྟོང་གསུམ་ཚད་མཉམ་ཟླ་བ་ཉི་མའི་ཐོག །སྣ་ཚོགས་ཟབ་ཆེན་དར་གདན་རྒྱབ་ཡོལ་བཅས། ཀྲྀཥྞ་སཱ་རའི་པགས་པས་བཀབ་པའི་སྟེང་། །སྐྱབས་ཀུན་རྩ་བ་གཅིག་ཏུ་འདུས་པའི་དཔལ། །དྲིན་ཅན་བླ་མ་མཆོག་དང་གཉིས་མེད་པའི། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད། །སྐུ་མདོག་སྨུག་ནག་ཟིལ་དང་གཟི་བརྗིད་འབར། །དབུ་སྐྲ་སྨར་སྨིན་ཨག་ཚོམ་སྐྱ་ཁྱུག་གེ། རིགས་ཀྱིས་བརྒྱན་པའི་རལ་པ་སྤྱི་བོར་འཁྱིལ། །སྤྱན་གཉིས་རྡོ་རྗེའི་ལྟ་སྟངས་ཐད་ཀར་གཟིགས། །ཅུང་ཟད་ཁྲོ་ཞིང་དགྱེས་པའི་འཛུམ་ཞལ་བཞད། །སྣང་སྲིད་ཟིལ་གནོན་སླེ་བེར་དམར་ཁྲ་གསོལ། །ཕྱག་གཡས་མཆོག་སྦྱིན་བདུད་རྩིའི་ཀ་པཱ་ལ། །ཕྱག་གཡོན་ངལ་གསོའི་ཕྱག་རྒྱ་འགྱིང་བག་གིས། །གདན་ལ་བརྟེན་ནས་ལྕགས་ཐག་རྐང་བུ་འཆང་། །ཞབས་གཡས་ཙོག་པུ་གཡོན་པ་བསྐུམས་ཏེ་བཞུགས། །འོད་ཀྱིས་ཕྱོགས་ཀུན་གསལ་བའི་སྤྱི་བོའི་མཁར། །འཇའ་ཚོན་སྣ་ལྔའི་ཁྱིམ་དབུས་པདྨ་དང་། །ཟླ་བའི་གདན་ལ་བླ་མ་མ་གཅིག་ཡུམ། །ལབ་ཀྱི་སྒྲོན་མ་དཀར་ལ་འོད་ཟེར་འཕྲོ། །སྤྱན་གསུམ་དབུ་སྐྲ་སིལ་བུས་སྐུ་སྐེད་ནོན། །ཕྱག་གཉིས་ཌཱ་མ་རུ་དང་དྲིལ་བུ་དཀྲོལ། །གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཁ་ཊྭཱྃ་འཆང་། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེའི་སྟེང་ནམ་མཁར་པད་མ་ཉི་ཟླའི་སྟེང་། །ཕ་རྒོད་རྗེ་བཙུན་དམ་པ་མི་ཕམ་མགོན། །ཨ་ཙ་ར་ཡི་ཆ་བྱད་ནག་ལ་སྣུམ། །རལ་པ་སྔོ་སྐྱ་གྱེན་སྤུངས་སྤྱན་གཉིས་གྱིས། །རྟེན་འབྲེལ་དབང་བསྒྱུར་ལྟ་སྟངས་ཧུར་རེ་གཟིགས། །འཛུམ་ཁྲོའི་ཞལ་རྔམ་གཟི་འོད་བཀྲག་མདངས་རྒྱས། །ཕྱག་གཉིས་ཐུགས་ཀར་སྐྱབས་སྦྱིན་ཕྱག་རྒྱ་ལས། །མཐེབ་མཛུབ་སྦྱར་བ་ཆོས་འཆད་རྣམ་པ་ཡི། །མཐིལ་གཉིས་མོས་པའི་བུ་ལ་མཉེན་པར་བསྟན། །དཀར་འཇམ་བལ་གྱི་ཐུལ་པ་སྐུ་ལ་མནབ། །ཞབས་གཉིས་གཤིབས་ཤིང་ཙོག་པུའི་སྟབས་སུ་བཞུགས། །གྲུབ་ཐོབ་ཆེན་པོའི་གཡས་ཕྱོགས་ནམ་མཁའ་རུ། །པདྨ་འདབ་བཞིའི་དབུས་སུ་ཉི་སྟེང་སྐུ། །རྡོ་རྗེ་ཕག་མོ་འདབ་བཞིར་སངས་རྒྱས་དང་། །རིན་ཆེན་པདྨ་ལས་ཀྱི་ཕག་མོ་རྣམས། །རང་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་རྫོགས། །གཙོ་མོའི་སྤྱི་བོར་ཐུགས་མཆོག་ཡུམ་ཆེན་སེར། །ཕྱག་བཞི་ཆས་རྫོགས་པད་ཟླར་སྐྱིལ་ཀྲུང་བཞུགས། །གྲུབ་དབང་གཡོན་ཕྱོགས་ནམ་མཁར་པད་ཉི་ལ། །འཕྲིན་ལས་ཆོས་བདག་ཕག་ཞལ་རྒྱན་ལྡན་འཁྱུགས། །ནང་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་ཐོག །པདྨ་འདབ་བཞིར་ཡོན་ཏན་མཁའ་འགྲོ་ལྔ། །སྔོ་དཀར་སེར་དམར་ལྗང་འཚེར་ཌཱ་དྲིལ་འཁྲོལ། །དེ་རྣམས་གཡས་གཡོན་བར་མཚམས་ནམ་མཁའི་ཀློང་། །སྙན་བརྒྱུད་བླ་མས་གསུང་དབྱངས་ཕཊ་སྒྲ་སྒྲོགས། །ཕག་མོ་ལྷ་ལྔའི་གཡས་ཕྱོགས་མཁའ་དབྱིངས་སུ། །པད་ཉིར་རྡོ་རྗེ་གཞོན་ནུ་ཡུམ་འཁྲིལ་སྲས། ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་སྐྱོང་སྲུང་། །ཕྱོགས་མཚམས་ཡང་དག་འཇམ་དཔལ་པདྨ་གསུང་། །ཆེ་མཆོག་མ་མོ་རིགས་འདུས་མཆོད་བསྟོད་དྲེགས། །དྲག་སྔགས་ཡེ་ཤེས་ཀློང་དགུའི་ཚོམ་བུའི་སྟེང་། །རྡོར་སེམས་ཡབ་ཡུམ་ཞི་ཁྲོ་རིགས་བརྒྱའི་མཐར། །ཐེག་དགུའི་དལ་སོགས་སྔ་འགྱུར་ལྷ་ཚོགས་རྫོགས། །ཆོས་བདག་ཁྲོས་མའི་གཡོན་ཕྱོགས་ནམ་མཁའི་གནས། །འདབ་བཞིའི་པད་དབུས་ཉི་མ་འཇིགས་དུས་སྟེང་། །འཁོར་ལོ་སྡོམ་པ་ཡབ་ཡུམ་གཡོན་བསྐོར་འདབ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །ཕྱོགས་བཞིར་དགྱེས་རྡོར་གསང་འདུས་སྒྱུ་འཕྲུལ་ཆེ། །འཇིགས་བྱེད་གཙོ་སྟེང་དུས་འཁོར་ཡབ་ཡུམ་ལ། །ཕྱི་འགྱུར་སྔགས་རྒྱུད་རྒྱ་མཚོའི་ལྷ་ཡིས་བསྐོར། །དམ་པའི་སྟེང་མཁའ་སེང་ཁྲི་པད་ཉི་ཟླར། །བླ་མ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་སྔོ། །རྡོ་རྗེ་དྲིལ་བསྣོལ་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །གཡས་གཡོན་མཁའ་སྤྱོད་དཀར་དམར་བྷ་ག་བསྟན། །ཤར་དུ་ཐུབ་པའི་དབང་པོར་སྨན་བླ་དང་། །མི་འཁྲུགས་པ་སོགས་མཆོག་གི་བརྒྱུད་པས་བསྐོར། །ལྷོ་རུ་འཇམ་དབྱངས་དམར་པོར་གསང་བདག་དང་། །བྱམས་པ་ལ་སོགས་ངོ་མཚར་བརྒྱུད་པས་བསྐོར། །ནུབ་ཏུ་སློབ་དཔོན་པདྨར་ས་ར་ཧ། །ཀླུ་སྒྲུབ་སྙིང་སོགས་ཁྱད་པར་བརྒྱུད་པས་བསྐོར། །བྱང་དུ་ནི་གུཔྟ་ལ་སུ་ཁ་དང་། །བྲམ་ཟེ་མ་སོགས་བརྡ་ཡི་བརྒྱུད་པས་བསྐོར། །ཤར་ལྷོ་ཧཱུྃ་ཀཱ་ར་ལ་དྷརྨ་ར་ཏ། །ཨ་ཏི་ཀར་སོགས་གྲོལ་བའི་བརྒྱུད་པར་བསྐོར། །ལྷོ་ནུབ་བིཪྺ་པ་ལ་མཆོག་སྲེད་དང་། །བྱང་ཆུབ་ཆེ་སོགས་ཐབས་མཁས་བརྒྱུད་པས་བསྐོར། །ནུབ་བྱང་ཤ་ཝ་རི་ལ་ཀུ་ཀུ་རི། །སྐལ་ལྡན་གྲགས་སོགས་བྱིན་རླབས་བརྒྱུད་པས་བསྐོར། །བྱང་ཤར་ཡན་ལག་འབྱུང་ལ་ཁྱུང་པོ་དང་། །ཨ་ཏི་ཤ་སོགས་ཐུན་མོང་བརྒྱུད་པས་བསྐོར། །གྲུབ་ཆེན་སྐུ་རྒྱབ་ནམ་མཁར་སྤྱན་རས་གཟིགས། །ཕྱག་གཉིས་ཕྱག་བཞི་ཕྱག་བརྒྱད་ཕྱག་སྟོང་བཞིའི། །གཡས་སུ་འདོད་རྒྱལ་རྟ་མགྲིན་བདུད་རྩི་འཁྱིལ། །གཡོན་དུ་སྒྲོལ་མ་རིག་བྱེད་རྣམ་རྒྱལ་མ། །ཀུན་ཀྱང་བཞེངས་སྟབས་ཐོག་ནས་ཐོག་ཏུ་བརྩེགས། །ཕྱག་སྟོང་སྤྱན་སྟོང་སྤྱི་བོར་ཚེ་དཔག་མེད། །དེའི་སྟེང་སྣང་བ་མཐའ་ཡས་ཕྱོགས་བཞི་རུ། །མི་བསྐྱོད་རིན་འབྱུང་རྣམ་སྣང་དོན་ཡོད་གྲུབ། །གྲུབ་དབང་ཞབས་ཁྲིའི་འོག་ཕྱོགས་མཁའ་ཀློང་ཆེར། །པད་ཉི་བགེགས་སྟེང་མྱུར་མཛད་ཕྱག་དྲུག་པར། །ཕུབ་རལ་བིང་དང་གྲི་གུག་ལྷ་མོ་ཡུམ། །གནོད་སྦྱིན་བཞི་དང་དཔལ་མགོན་བདུན་ཅུས་བསྐོར། །ཤར་དུ་ཕྱག་བཞི་ཡུམ་ཟུང་ལས་མགོན་གསུམ། །ལྷོ་རུ་བེར་ཆེན་ཚོགས་ཡུམ་ལྷ་མོ་བཞི། །ནུབ་ཏུ་རྡོ་རྗེ་གུར་མགོན་ལྕམ་དྲལ་བརྒྱད། །བྱང་དུ་བྲམ་གཟུགས་ཡུམ་བཞི་ཤན་པ་ལྔ། །ཕྱག་བཞིའི་མདུན་གཡས་ཚོགས་བདག་ནོར་ལྷས་བསྐོར། །མདུན་གཡོན་རྣམ་སྲས་རྟ་བདག་སྲིང་མོར་བཅས། །མགོན་པོ་བདུན་རྫོགས་དཀྱིལ་འཁོར་གཡས་ཕྱོགས་མཁར། །ཨ་གྷོ་ར་ལ་མ་ནིང་སོགས་ཀྱིས་བསྐོར། །རྒྱབ་ཕྱོགས་དུར་ཁྲོད་བདག་པོ་ཡབ་ཡུམ་ལ། །རཱ་ཧུ་ལ་དང་རྡོར་ལེགས་སོགས་ཀྱིས་བསྐོར། །གཡོན་ཕྱོགས་དྲག་མོ་སེང་གེའི་གདོང་ཅན་ལ། །ཨེ་ཀ་ཛཱ་ཊི་ལ་སོགས་ལྷ་མོས་བསྐོར། །མདུན་ཕྱོགས་རྨུགས་འཛིན་འཆོལ་བ་ནག་པོ་ལ། །གཏེར་བདག་ཕོ་མོས་བསྐོར་ཞིང་དེ་ཀུན་གྱི། །རྒྱབ་མཁར་ཐུབ་པ་རྣམ་སྣང་གངས་ཆེན་མཚོ། །གནམ་ས་གང་བའི་མདུན་དུ་ཉེ་སྲས་བརྒྱད། །རྒྱབ་ཏུ་ཕྱོགས་བཅུའི་རྒྱལ་བ་སྐལ་བཟང་གི། སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཚོགས། །གཡས་སུ་དཔའ་བོ་གཡོན་དུ་དཔའ་མོའི་སྡེ། །ཕྱི་རོལ་ཡུམ་བཞི་ཁྲོ་བཅུ་ལྷ་མོ་ལྔ། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་སྡེ་བཞི་རང་རང་འཁོར་གྱིས་བསྐོར། །ཚོགས་ཞིང་དཀྱིལ་འཁོར་བླ་མའི་གསང་གསུམ་འཕྲུལ། །མཇལ་བས་སྒྲིབ་དག་དྲན་པས་བདེ་ཆེན་འཆར། །ཉི་མ་བྱེ་བའི་འོད་ཟེར་འཕྲོ་བ་སྟེ། །ཡར་གནས་མཆོད་ཡུལ་འདས་པའི་མགྲོན་རིགས་ཚོགས། །མ་ལུས་མི་ལུས་ལུས་པ་མེད་པ་རུ། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བས་མཁའ་དབྱིངས་ཁེངས། །རང་གི་གཡས་གཡོན་དྲིན་ཅན་ཕ་མ་དང་། །གདན་ཞབས་ལུས་གདོན་རྒྱབ་ཏུ་ལན་ཆགས་རིགས། །གནོད་འཚེའི་དགྲ་གདོན་ཁྲོ་འཁྲུགས་གདུག་རྩུབ་ཅན། །དེའི་རྒྱབ་མ་རུངས་མི་བསྲུན་སྡང་གདུག་བགེགས། །ལོག་འདྲེན་འབྱུང་པོ་བར་དུ་གཅོད་པའི་རྐྱེན། །མི་དང་མི་མིན་དྲག་ཤུལ་ཅན་གྱི་ཚོགས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་འཇིག་རྟེན་གྱི། །དྲེགས་བྱེད་ལྷ་དམག་ཀླུ་དམག་གཉན་དམག་འབུམ། །དེའི་རྒྱབ་ཡུལ་རི་ས་ཆ་འདི་དག་གི། ཡུལ་ལྷ་གཞི་བདག་གནས་བདག་དཀོར་བདག་དང་། །གྲོང་བདག་གཉུག་མར་གནས་དང་གློ་བུར་དུ། །ལྷགས་སོགས་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །ཀླུ་རིགས་རྣམས་དང་སྲིད་པ་བར་དོའི་འགྲོ། །དེ་དག་མཐའ་སྐོར་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་མི་དང་ལྷ་མིན་ལྷ་དང་བཅས། །ཕྱི་རོལ་ས་ཡི་ལྷ་མོ་བརྟན་མ་སོགས། །སྟོང་གསུམ་རབ་འབྱམས་གཞི་བདག་ཐམས་ཅད་དེ། །མདོར་ན་ལན་ཆགས་སྙིང་རྗེའི་མགྲོན་གྱུར་པའི། ཁམས་གསུམ་ས་དགུ་འཁོར་བས་བསྡུས་པ་ཡི། །སྐྱེ་འགྲོར་གཏོགས་སོ་ཅོག་གིས་ས་གཞིར་ཁྱབ། །དེ་རྣམས་གཅིག་གིས་གཅིག་གོ་མ་བཀག་ཅིང་། །མ་བསྒྲིབ་མདུན་གྱི་ཡར་མགྲོན་ཚོགས་ཞིང་ལ། །དད་འདུན་ཞེ་ནས་མོས་པས་ཐལ་མོ་སྦྱར། །ཞི་དུལ་གུས་པ་ཆེན་པོས་དགའ་བདེར་གནས། །ཚོགས་མགྲོན་ཀུན་གྱི་དཔྲལ་མགྲིན་ཐུགས་ཀ་རུ། །སྐུ་དང་ལུས་ཀྱི་ངོ་བོ་ཨོཾ་དཀར་པོ། །གསུང་དང་ངག་གི་ངོ་བོ་ཨཱཿ དམར་པོ། །ཐུགས་དང་སེམས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། །སྙིང་གའི་དབུས་སུ་ཡེ་ཤེས་པ་རྣམས་ལ། །རང་རང་ཐུགས་སྲོག་གདན་བཅས་འོད་ཟེར་འབར། །འཇིག་རྟེན་རྣམས་ལ་རང་མདོག་ཐིག་ལེའི་དཀྱིལ། །སོ་སོའི་མིང་ཡིག་དང་པོས་མཚན་པར་གྱུར།

།གཉིས་པ་ནི། རང་དང་ཚོགས་རྟེན་ཡོངས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་སྐར་མདའ་རྒྱུགས་པ་ལྟ་བུ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། དབང་བསྐུར་བ་དང་། སེམས་ངོ་སྤྲད་པ་མན་ཆད་ནས། ཀ་ལ་ཡིག་ངོ་བསྟན་པ་ཡན་ཆད་ཀྱི་བླ་མ། ཡི་དམ་ཞི་ཁྲོ་རབ་འབྱམས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དཔལ་མགོན་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷ། །དཔའ་བོ་མཁའ་འགྲོ་སོགས་སྲིད་ཞིའི་ཁམས་སུ་མཆིས་པའི་མཆོད་སྦྱིན་གྱི་མགྲོན་དུ་གྱུར་པ་ཐམས་ཅད། འོག་མིན་སྟུག་པོ་བཀོད་དང་རང་རང་སོ་སོའི་བཞུགས་གནས་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་མཐའ་ཡས་པ་ནས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར། འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར། རོལ་མོའི་སྒྲ། བསུང་ཞིམ་གྱི་དྲི་འཐུལ་བ་ལ་སོགས་པའི་ངོ་མཚར་རྨད་དུ་བྱུང་བའི་ལྟས་དང་། རྟེན་འབྲེལ་སྒྱུ་མའི་སྣང་བ་ཐམས་ཅད་བདེ་སྟོང་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་འབའ་ཞིག་ཏུ་བསྒྱུར་བའི་ཆོ་འཕྲུལ་བཟང་པོའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བསོད་ནམས་གསོག་པའི་ཞིང་དུ་ཐོགས་པ་མེད་པར་འུར་གྱིས་བྱོན་པར་གྱུར། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སྔོན་དུ་འགྲོ་བས་ལག་པ་གཡས་སུ་ཌཱ་མ་རུ་འཛིན་པས་དབྱངས་དང་བཅས། ཧཱུྃ། འོད་གསལ་རྣམ་དག་ཀློང་ཡངས་ནས། །སྙིང་པོ་དོན་དམ་ཆོས་སྐུ་བཞེངས། །བདེ་ཆེན་རྡོ་རྗེའི་གཞལ་ཡས་ནས། །སྐྱེ་འགག་མེད་པའི་ལོངས་སྐུ་བཞེངས། །སྣང་སྲིད་མཁའ་ཀློང་བརྡལ་བ་ནས། །ཀུན་ཁྱབ་རང་གསལ་སྤྲུལ་སྐུ་བཞེངས། །ཚུར་སྤྱོན་ཚུར་སྤྱོན་ཞི་དྲག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །སྒྱུ་འཕྲུལ་རང་སྣང་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་ནས། །ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ། །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་ཌཱ་ཀི་གཤེགས་སུ་གསོལ། །དམ་ཚིག་རྗེས་འབྲང་ཞིང་ཁམས་ནས། །བསྟན་སྲུང་ཆོས་སྐྱོང་གཤེགས་སུ་གསོལ། །སངས་རྒྱས་ཉན་ཐོས་འཁོར་རྣམས་དག །བདག་གིས་དེང་འདིར་སྤྱན་དྲང་གིས། །བདག་གི་རེ་བ་བསྐང་བའི་ཕྱིར། །ཐམས་ཅད་མྱུར་དུ་གཤེགས་པར་མཛོད། །ཡང་དག་བདེན་པའི་ཚིག་གསོལ་བ། །ཐམས་ཅད་བསླུ་བ་མེད་པར་ཤོག །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྷེམས་སེ་ལྷེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲ་ལ་ལ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཕྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །སྲིད་པའི་རྩེ་མོ་མན་ཆད་དང་། །གཙང་མའི་གནས་ནི་ཐམས་ཅད་དང་། །ཚངས་པ་ཚངས་ཆེན་མདུན་འདོན་དང་། །ཚངས་པའི་རྒྱལ་འཁོར་ཐམས་ཅད་དང་། སྟོང་གསུམ་འཁོར་བའི་བར་དག་དང་། །མི་མཇེད་འཇིག་རྟེན་གཙོ་བོ་དང་། །དེ་དང་དེ་ཡི་འཁོར་རྣམས་དང་། །དེ་ཀུན་དེང་འདིར་སྤྱན་དྲངས་ཏེ། །ཐུགས་རྗེས་བདག་ལ་དགོངས་མཛད་ཅིང་། །བརྩེ་བ་ཀུན་གྱིས་གཟུང་བར་མཛོད། །ལྷ་དང་ཀླུ་དང་གནོད་སྦྱིན་རྣམས། །དྲི་ཟ་དང་ནི་ལྷ་མ་ཡིན། །གཞན་ཡང་མིའམ་ཅི་དག་དང་། །ལྟོ་འཕྱེ་ཆེ་ལ་སོགས་པ་རྣམས། །ཀུན་ཀྱང་བཅོམ་ལྡན་མཐུ་ཡིས་ནི། །བདག་གིས་དེང་འདིར་སྤྱན་དྲང་ངོ་། །ཇི་སྙེད་ནམ་མཁའི་མཐའ་གཏུགས་ཤིང་། །ཆོས་ཀྱི་དབྱིངས་ཀྱི་མུས་ཀླས་པའི། །མཆོད་པའི་གནས་དང་སྦྱིན་པའི་ཡུལ། །ཐམས་ཅད་འདིར་ནི་གཤེགས་པར་གསོལ། །ཨོཾ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀཱ་དྲི་ཤྱ་ཧོ། ས་པ་རི་ཝཱ་ར་ས་མ་ཡ་ཧོཿས་མ་ཡ་སྟྭཾ། ཞེས་ཅང་ཏིའུ་དང་དུང་ཆེན་གྱི་གླིང་བུ་ལ་སོགས་པ་རོལ་མོ་སྣ་ཚོགས་འབུད་དཀྲོལ་བྱེད། གསུམ་པ་ནི། ཁམས་གསུམ་ཡོངས་ལ་ཐུགས་རྗེ་ཡིས། །དགོངས་ནས་གནས་འདིར་བྱོན་པ་ལེགས། །བསྐྱེད་པར་འདུས་ཛཿདེར་ཐིམ་ཧཱུྃ། །བརྟན་པར་འདྲེས་བྃ་དགྱེས་བཞུགས་ཧོཿཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པདྨ་ཨ་ས་ན་ས་མ་སྟྭྃ། ཡིག་རྙིང་། མ་བཅོས་བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས། །རྣམ་དག་འོད་ལྔ་རིན་ཆེན་གཞལ་ཡས་ཁང་། །བཀོད་མཛེས་པད་སྡོང་ཉི་ཟླ་འབར་བའི་གདན། །འདོད་ཡོན་ཟག་མེད་ཕུན་ཚོགས་མཆོད་གནས་འདིར། །བླ་མ་བཀའ་བརྒྱུད་རྒྱལ་སྲས་འཕགས་ཚོགས་དང་། །ཡི་དམ་ཞི་ཁྲོ་ཡབ་ཡུམ་སྲུང་མའི་ཚོགས། །བསོད་ནམས་ཞིང་ཀུན་འཁོར་འདས་མཉམ་ཉིད་དུ། །གཉིས་མེད་ཐུགས་རྗེས་བརྟན་པར་བཞུགས་སུ་གསོལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛནྟུ། གཉིས་པ་ལ། སྤྱི་དང་བྱེ་བྲག་སྒོས་ཁྱད་བཞི། དང་པོ་ལ། ཡན་ལག་བདུན་དང་རྗེས་འབྲེལ་ལས། སྔ་མ་ནི། ཚོགས་ཞིང་ནམ་མཁའ་ཁྱབ་པར་བཞུགས་པ་ལ་དད་པ་ཆེན་པོས་རང་གི་ལུས་དཔག་ཏུ་མེད་པར་བློས་སྤྲུལ་ཏེ། བདག་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཕྱག་མཆོད་དགེ་བའི་སྤྱོད་པ་ལ་འཇུག་པར་གྱུར། ཐལ་མོ་སྦྱར་ལ། བླ་མ་རྡོ་རྗེ་འཛིན་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་སྣ་ཚོགས་འབུལ་བར་བགྱི། །བདག་གིས་སྡིག་པ་ཅི་བསགས་པ། །དེ་ཀུན་ཁྱེད་ཀྱི་སྤྱན་སྔར་བཤགས། །ཁྱེད་ཀྱི་དགེ་བའི་རྩ་བ་ལ། །ཤིན་ཏུ་དད་པས་ཡི་རང་ངོ་། །སེམས་ཅན་ཀུན་ལ་ཕན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་ཏུ་གསོལ། །ཇི་སྲིད་འཁོར་བ་གནས་བར་དུ། །དེ་སྲིད་འགྲོ་བའི་དོན་ལ་བཞུགས། །ཡོངས་སུ་མྱ་ངན་མི་འདའ་བར། །སེམས་ཅན་དོན་ལ་བཞུགས་སུ་གསོལ། །བདག་གིས་དགེ་བ་ཅི་བསགས་པ། །དེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །ཕྱི་མ་ནི། རང་ལ་ཕན་འདོགས་པའི་གཉེན་རྣམས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ལོ། །བདག་གི་ཉོན་མོངས་པ་འདོད་ཆགས་ཞི་བར་མཛད་དུ་གསོལ། བདག་ལ་གནོད་ཅིང་ལན་ཆགས་པའི་དགྲ་བགེགས་རྣམས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ལོ། །བདག་གི་ཉོན་མོངས་པ་ཞེ་སྡང་ཞི་བར་མཛད་དུ་གསོལ། བཏང་སྙོམས་སུ་གནས་པའི་སེམས་ཅན་རྣམས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ལོ། །བདག་གི་ཉོན་མོངས་པ་གཏི་མུག་ཞི་བར་མཛད་དུ་གསོལ། བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལ་འབུལ་ལོ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བར་མཛད་དུ་གསོལ། གཉིས་པ་བྱེ་བྲག་གསོལ་འདེབས་ཀྱི་ཚོགས་ལ། སྤྱིར་གསོལ་གནས་སྦྱར་བརྒྱུད་སྲོལ་བསྡུས། དམ་པ་མ་གཅིག་གྲུབ་ཆེན་དང་། མཁའ་འགྲོ་མགོན་པོ་གཅིག་དྲིལ་དགུ།

དང་པོ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བླ་མ་དཀོན་མཆོག་ལ་བློ་ལིང་གིས་བཀལ་ནས། མོས་གུས་རྩེ་གཅིག་ཏུ་གདུང་སེམས་དྲག་པོས་གསོལ་བ་གདབ་པར་གྱུར། རྣམ་བཤད་ལས། སྤྱི་གཙུག་པད་ཟླའི་གདན་སྟེང་ན། རྩ་བ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། ཆོས་ཉིད་དག་སྣང་གཞལ་ཡས་ན། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། དམ་ཚིག་བསྲུང་ཞིང་བསྟན་པ་སྐྱོང་མཛད་པ། ཡེ་ཤེས་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས། །སེམས་ཅན་རྣམས་ལ་བྱིན་གྱིས་རློབས། བུ་སྐྱེ་མེད་དབྱིངས་སུ་ལམ་སྣ་དྲོངས། ཟབ་དོན། བླ་མ་བཀའ་བརྒྱུད་དང་བཅས་པ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། །དཔའ་བོ་མཁའ་འགྲོ་མ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། འགལ་རྐྱེན་དང་བར་ཆད་ཐམས་ཅད་ལམ་དུ་སློངས་པར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྡུག་རོ་སྙོམས་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ཀྱི་བདག་འཛིན་བློས་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། གཅོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་ནི། དངོས་བརྒྱུད་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་དང་ཕ་མ་སེམས་ཅན་ལྷ་འདྲེར་བཅས། །ཁ་ཙམ་མ་ཡིན་དད་གུས་རྩེ་གཅིག་གིས། །མགྲིན་གཅིག་དབྱངས་གཅིག་གསོལ་བ་འདེབས་པར་གྱུར། །དཔལ་ངག་དབང་ཉི་ཟླ་བཟང་པོའི་གསུང་ལ་ཞལ་བསྐང་བ། སྤྱི་གཙུག་ཉི་ཟླར་རྩ་བའི་བླ་མ་དང་། །འོག་མིན་དབྱིངས་སུ་ཡུམ་ཆེན་བྱིན་རླབས་ཅན། །མཁའ་སྤྱོད་ཞིང་དུ་རྡོ་རྗེ་ཕག་མོ་དང་། །བྱ་རྒོད་སྤུངས་རིར་བཅོམ་ལྡན་ཤཱཀྱ་ཐུབ། །རི་བོ་རྩེ་ལྔར་འཇམ་དཔལ་སྨྲ་སེང་དང་། །གཡུ་ལོ་བཀོད་དུ་རྗེ་བཙུན་འཕགས་མ་སྒྲོལ། །བསིལ་བའི་ཚལ་དུ་སུ་ཁ་སིདྡྷི་དང་། །རྒྱ་གར་འཇག་མའི་སྤྱིལ་བུར་འཕགས་པ་ལྷ། །ལ་སྟོད་དིང་རིར་དམ་པ་སངས་རྒྱས་དང་། །ཏི་སེ་གངས་སུ་སྐྱོ་སྟོན་བླ་མ་ཆེ། །དབུས་གཙང་གཉན་སར་བསོད་ནམས་བླ་མ་དང་། །གནས་མཆོག་ཟངས་རིར་མ་གཅིག་ལབ་ཁྱེ་སྒྲོན། །གླང་ལུང་དབེན་སར་ཁུ་སྒོམ་ཆོས་སེང་དང་། །ཡར་ལུང་དགོན་དུ་འགྲོ་མགོན་དབུས་པ་མཆོག །ཆུ་བོ་རི་ལ་རྒྱ་ཉག་གཅེར་བུ་དང་། །མཐོང་སྨོན་དགོན་དུ་རྒྱ་སྒོམ་རི་བ་རྗེ། །ཕུག་མོ་ཆེ་རུ་སངས་རྒྱས་རབ་སྒོམ་དང་། །དཔལ་འཁོར་སྡིང་དུ་དོལ་པ་ཆོས་ཀྱི་རྗེ། །ཐར་གླིང་མཚམས་སུ་ལྷས་སྟོན་ཞིག་པོ་དང་། །མཚལ་ལུ་བྲག་ཏུ་བསོད་ནམས་རྒྱལ་མཚན་ཞབས། །ཉན་པོ་དཔལ་དུ་བསོད་ནམས་བརྟན་པ་དང་། །མཐའ་གོང་གཉན་རྩེར་རྒྱལ་བ་མུས་པ་མཆོག །རྫིང་ལུང་དགོན་དུ་རྡོ་རྗེ་བསོད་ནམས་དང་། །སེང་གེ་ལུང་དུ་ནམ་མཁའི་རྣལ་འབྱོར་པ། །རི་བོ་ཆེ་རུ་ཐང་སྟོང་རྒྱལ་པོ་དང་། །བདུད་རྩི་ཕུག་ཏུ་འཇམ་དབྱངས་ནམ་མཁའ་ལེགས། །དེ་ཉིད་གདན་སར་ཤཱཀྱའི་མཚན་ཅན་དང་། །བདེ་དྲོད་རང་འབར་རྒྱལ་མཚན་དཔལ་བཟང་པོ། །གཤོང་ཆེན་དཔལ་དུ་འཇམ་དབྱངས་མཁས་བཙུན་དང་། མོས་གུས་མཐིལ་དུ་ཡོན་ཏན་གྲགས་བཟང་དཔལ། །གླང་མཁར་རྫོང་དུ་མང་ཐོས་རྒྱལ་མཚན་དང་། །ཕྱོགས་མེད་དབེན་པར་བྱ་བཏང་ནོར་བུའི་མཚན། །ཆོས་རྫོང་གནས་སུ་བཛྲ་མཚན་ཅན་དང་། །ནེ་རིང་དབེན་པར་འཇམ་དབྱངས་ཆོས་འཕེལ་ཞབས། །གཡའ་མཐོ་རིང་དུ་རྣམ་རྒྱལ་ཚེ་འཕེལ་དང་། །བྱིན་རླབས་གནས་སུ་ངག་དབང་དཀོན་མཆོག་རྗེ། །ཆུ་བཟང་གདན་སར་འཇམ་དཔལ་བཤེས་གཉེན་དང་། །རྣམ་པར་རྒྱལ་དུ་འགྲོ་དོན་ཡོངས་སུ་གྲགས། །ཆུ་བོ་རི་རྩར་ཡེ་ཤེས་ལྷུན་གྲུབ་དང་། །སྤང་སྟོན་གདན་སར་ཀུན་བཟང་ཚེ་དབང་ཞབས། །གྲུབ་རིའི་སྨིན་སྤོར་བློ་བཟང་བསྟན་འཕེལ་དང་། །སྨོན་གྲུབ་གླིང་དུ་མཁྱེན་རབ་མཐུ་སྟོབས་རྗེ། །འཆི་མེད་ཚལ་དུ་མཁྱེན་བརྩེའི་དབང་པོ་དང་། །ངེས་མེད་ཉམས་དགར་ཀུན་བཟང་འགྱུར་མེད་མཆོག །ཨེ་ཝྃ་ངོར་དུ་བློ་གཏེར་དབང་པོ་དང་། །ཀཿཐོག་གདན་སར་ཆོས་ཀྱི་རྒྱ་མཚོའི་སྡེ། །མ་ཎི་འབུམ་རྡོར་འཇམ་དབྱངས་བསྟན་འཕེལ་དང་། །བཀྲ་ཤིས་ལྷ་རྩེར་ཆོས་ཀྱི་བློ་གྲོས་ཞབས། །འབྲལ་མེད་སྙིང་གར་རྩ་བའི་བླ་མ་དང་། །སྣང་སྲིད་ཆོས་སྐུར་བཀའ་བརྒྱུད་བླ་མ་རྗེ། །རང་ལུས་དཀྱིལ་འཁོར་ཡི་དམ་ལྷ་ཚོགས་དང་། །རང་སེམས་རྣམ་དག་བདུད་གཅོད་ཟབ་མོ་ཉིད། །བསིལ་བའི་ཚལ་དུ་ཡེ་ཤེས་མགོན་པོ་དང་། །ཉེར་བཞིའི་གནས་སུ་མཁའ་འགྲོ་སྡེ་ལྔའི་ཚོགས། །རྒྱལ་ཁམས་ཕྱོགས་མེད་གྲུབ་ཆེན་ཕོ་མོ་དང་། །དམ་གཙང་ཚོགས་གྲལ་རྡོ་རྗེའི་སྤུན་གྲོགས་ཏེ། །རྩ་བརྒྱུད་བླ་མ་དཀྱིལ་འཁོར་རྒྱ་མཚོའི་ལྷར། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གེགས་དང་འགལ་རྐྱེན་ཞི་བའི་ཐུགས་རྗེ་ཞུ། །བོགས་དང་བློ་བསྐྱེད་ཐོན་པའི་བྱིན་རླབས་ཞུ། །རྩལ་དང་ཡོན་ཏན་རྫོགས་པའི་དངོས་གྲུབ་ཞུ། །གསོལ་བ་འདེབས་སོ་དངོས་བརྒྱུད་བླ་མའི་ཚོགས། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་ཁྱེད་ཤེས་དད་པས་འབུལ། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོངས་ཤིང་། །བརྒྱུད་པ་བཞི་ལྡན་ཟབ་གསང་བཅུད་ཀྱིས་སྨིན། །ཕྱིན་དྲུག་བསྐྱེད་རྫོགས་བརྡ་བཞིའི་ཉམས་ལེན་གྱིས། །གསང་སྤྱོད་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གསུམ་པ་ནི། ཚོགས་ཞིང་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས། །ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་དཔག་མེད་བྱུང་། །བདག་ཅག་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་བྱང་གསང་གསུམ་བྱིན་བརླབས་དབང་ཐོབ་གྱུར། །ཤངས་ལུགས་ཟབ་གཅོད་ཡིག་རྙིང་ལ་ཁ་བཀང་བ། སྟོན་པ་སངས་རྒྱས་རབ་འབྱོར་ཀུན་དགའ་བོ། །ཀླུ་སྒྲུབ་ཨཱརྱ་དེ་ཝ་ཆེ་ཆུང་སོགས། །ཕ་བརྒྱུད་ཐབས་ཀྱི་བརྒྱུད་པར་གསོལ་བ་འདེབས། །ཡུམ་ཆེན་སྒྲོལ་མ་སུ་ཁ་སིདྡྷི་དང་། །དམ་པ་རྒྱ་གར་མ་གཅིག་ལབ་སྒྲོན་སོགས། །མ་བརྒྱུད་ཤེར་རབ་བརྒྱུད་པར་གསོལ་བ་འདེབས། །སྟོན་མཆོག་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །ཨཱརྱ་དེ་ཝ་དམ་པ་རྒྱ་གར་སོགས། །མདོ་ལུགས་རིང་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཐུབ་པའི་དབང་པོ་གནས་བརྟན་ཡན་ལག་འབྱུང་། །གྲུབ་པའི་སྤྱི་མེས་ཐང་སྟོང་རྒྱལ་པོ་སོགས། །མདོ་ལུགས་ཉེ་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཡུམ་ཆེན་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ། །སྨྲ་སེང་ཨཱརྱ་དེ་ཝ་དམ་པ་སོགས། །སྔགས་ལུགས་རིང་བརྒྱུད་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དང་ཐང་སྟོང་རྒྱལ་པོ་སོགས། །སྔགས་ལུགས་ཉེ་བརྒྱུད་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དང་ཐུབ་དབང་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་ཐང་སྟོང་རྒྱལ་པོ་སོགས། །ཟུང་འཇུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྣང་བ་མཐའ་ཡས་འཆི་མེད་སྤྱན་རས་གཟིགས། །པདྨ་འབྱུང་གནས་ཐང་སྟོང་རྒྱལ་པོ་སོགས། །དོན་གྱི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཕ་བརྒྱུད་དཔའ་བོ་མ་བརྒྱུད་དཔའ་མོའི་ཚོགས། །ཧཱུྃ་ཀཱ་ར་དང་ཐང་སྟོང་རྒྱལ་པོ་སོགས། །ཚོགས་འཁོར་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་ཕག་མོ་ཐང་སྟོང་རྒྱལ་པོ་སོགས། །སྙན་བརྒྱུད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བརྩོན་འགྲུས་བཟང་པོ་བློ་བཟང་རྒྱ་མཚོ་སོགས། །དག་སྣང་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཐང་སྟོང་རྒྱལ་པོ་ཉི་མ་བཟང་པོ་དང་། །འགྱུར་མེད་བདེ་ཆེན་ཡེ་ཤེས་ལྷུན་གྲུབ་སོགས། །ཕུལ་བྱུང་བཀའ་བབས་ཆེན་པོ་རྣམ་བརྒྱད་ཀྱི། །རིང་བརྒྱུད་ཉེ་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཐུབ་དབང་རྡོ་རྗེ་འཆང་ཆེན་ཀུན་ཏུ་བཟང་། །ཡེ་ཤེས་མཁའ་འགྲོ་བླ་མ་ལྔ་བརྒྱ་དང་། །ལུང་སྟོང་སྨྱོན་པ་མཁྱེན་བརྩེའི་དབང་པོ་སོགས། །བཀའ་གཏེར་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྩ་བའི་བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །ཡིན་པར་མདོ་རྒྱུད་ཀུན་ལས་རྒྱ་ཆེར་གསུངས། །ཉེ་བའི་བརྒྱུད་པ་དེ་ལ་གསོལ་བ་འདེབས། །རང་སེམས་རྟོགས་ན་རྡོ་རྗེ་འཆང་ཆེན་ཉིད། །དེ་ལས་གཞན་ན་སངས་རྒྱས་མེད་གསུངས་ཕྱིར། །ཤིན་ཏུ་ཉེ་བརྒྱུད་དེ་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མ་སྲས་བཅས་སངས་རྒྱས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །བཀའ་དྲིན་སྐྱོངས་ཤིག་རྩ་བའི་བླ་མ་དག །བྱིན་གྱིས་རློབས་ཤིག་བརྒྱུད་པའི་བླ་མ་རྣམས། །ཐུགས་རྗེས་དྲོངས་ཤིག་འདྲེན་པའི་བླ་མ་ཀུན། །གསོལ་བ་འདེབས་སོ་དཀོན་མཆོག་རིན་པོ་ཆེ། །དངོས་གྲུབ་སྩོལ་ཅིག་ཡི་དམ་དཀྱིལ་འཁོར་ལྷ། །བར་ཆད་སོལ་ཅིག་མཁའ་འགྲོ་དཔའ་བོར་བཅས། །འཕྲིན་ལས་སྒྲུབས་ཤིག་བསྟན་སྲུང་ནོར་ལྷའི་ཚོགས། །ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ། །ནུས་མཐུ་སྔགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །སེམས་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །གསང་གསུམ་སྒོ་གསུམ་འདྲེས་པར་བྱིན་གྱིས་རློབས། །དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྩོལ།

།བཞི་པ་ནི། དམ་པའི་ཕྱག་མཐིལ་གཡས་གཡོན་ལས། །མེ་ཆེན་འུར་འུར་འབར་ཞིང་མཆེད། །རང་གཞན་ནད་གདོན་ལུས་དང་བཅས། །རྩ་སྦུར་བཞིན་དུ་བུན་གྱིས་བསྲེགས། །ཡེ་ཤེས་རླུང་འཚུབས་གཞོབ་ཐལ་རྡུལ། །ནམ་མཁའི་མཐར་གཏོར་དམིགས་མེད་སྟོང་། །ཐུགས་རྗེའི་བྱིན་རླབས་མེ་བོ་ཆེས། །ཡེ་ཤེས་སྣང་བ་ལམ་མེར་གྱུར། །མ་གཅིག་གི་གསུང་བྱིན་རླབས་ཅན། ཧཱུྃ། ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་སྟོད་སེང་ཆེན་འགྱིང་བ་འདྲ། །དེ་བདུད་བཞི་ཟིལ་གྱིས་ནོན་པའི་རྟགས། །སྐུ་སྨད་རྨ་བྱ་འཛུམ་པ་འདྲ། །དེ་དུག་ལྔ་གནས་སུ་དག་པའི་རྟགས། །སྐེད་པ་རྡོ་རྗེ་འགྲིལ་བ་འདྲ། །དེ་འཁྲུལ་གཞི་རྩད་ནས་གཅོད་པའི་རྟགས། །ཞབས་གཉིས་སྦ་ཕྲན་གཤིབས་པ་འདྲ། །དེ་བྱང་ཆུབ་རྒྱུན་ལམ་བགྲོད་པའི་རྟགས། །སྐུ་མདོག་ནག་ལ་སྣུམ་པ་དེ། །ཆོས་ཉིད་ལ་འགྱུར་བ་མེད་པའི་རྟགས། །དབུ་སྐྲ་གནག་སྣུམ་གྱེན་དུ་འཁྱིལ་བ་དེ། །མཐོ་རིས་ཐར་ལམ་འདྲེན་པའི་རྟགས། །སྤྱན་མིག་དམར་ལ་སྤྱན་རྩ་འཁྲུག་པ་དེ། །སྣང་སྲིད་ཟིལ་གྱིས་ནོན་པའི་རྟགས། །ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོ་བ་དེ། །སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་སོར་རིང་ལ་ཕྱག་སེན་རྣོ་བ་དེ། །སྐལ་ལྡན་ཐུགས་རྗེས་འདྲེན་པའི་རྟགས། །ཞབས་སོར་མོ་སེང་ཕྲུག་བཀྲམ་པ་འདྲ། །དེ་དུག་གསུམ་རྩད་ནས་གཅོད་པའི་རྟགས། །རྗེ་རེས་འགའ་ཉིན་མཚན་ཁོར་ཡུག་གཟིམས། །སྒོམ་གཉུག་མ་ལ་རྒྱུན་ཆད་མེད་པའི་བརྡ། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། །དེ་བཀའ་འཁོར་བྱིན་གྱིས་བརླབ་བའི་བརྡ། །རྗེ་རེས་འགའ་སྨྱོན་པའི་བརྟུལ་ཞུགས་མཛད། །དེ་འཁོར་གྱི་བར་ཆད་སེལ་བའི་བརྡ། །རྗེ་རྒྱང་ན་བཞུགས་ན་མོས་ཕྱག་འཚལ། །དྲུང་ན་བཞུགས་ན་གུས་ཕྱག་འཚལ། །ཡིད་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ན་ཚའི་སྡུག་བསྔལ་ཞི་བ་དང་། །ལུས་ལ་བདེ་དྲོད་བསྐྱེད་དུ་གསོལ། །ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་། །ལུས་སྤྲུལ་སྐུ་ཐོབ་པར་མཛད་དུ་གསོལ། །རྗེ་གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་འགག་འཛེར་གྱི་སྡུག་བསྔལ་ཞི་བ་དང་། །ངག་ལ་ནུས་པ་སྦར་དུ་གསོལ། །ངག་གི་སྒྲིབ་པ་དག་ནས་ཀྱང་། །ངག་ལོངས་སྐུར་འགྲུབ་པར་མཛད་དུ་གསོལ། །རྗེ་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ཉོན་མོངས་ཀྱི་རྣམ་རྟོག་ཞི་བ་དང་། །སེམས་ལ་རྟོགས་པ་འཆར་དུ་གསོལ། །སེམས་ཀྱི་སྒྲིབ་པ་དག་ནས་ཀྱང་། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་མཛོད། །རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་གྱི་རྣམ་རྟོག་ཡལ་དུ་གསོལ། །ནད་རླུང་མཁྲིས་བད་ཀན་འདུས་བ་བཞི། །བཞི་བརྒྱ་རྩ་བཞི་རང་སར་ཞི་རུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །གཞན་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །ལྔ་པ་ནི། མ་གཅིག་ཐུགས་ནས་ཕག་མོའི་སྐུ། །ཚོན་གང་མར་མེ་ལྟར་འབར་བ། །བྱོན་ཏེ་རང་གི་སྙིང་དཀྱིལ་དུ། །གསལ་འཚེར་མཉམ་གཞག་སྐྱིལ་ཀྲུང་བཞུགས། །སྙིང་ནི་འཇའ་འོད་སྣ་ལྔ་ཡི། །སྐུད་པས་དཀྲིས་ཤིང་བཅིངས་པའི་ནང་། །ཕག་མོའི་སྐུ་ཡི་བདུད་རྩིས་གང་། །བདེ་ཆེན་བྱིན་རླབས་བརྟན་པར་གྱུར། །དམ་པས་མཛད་པ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་འབྱེད་མ། །བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །འཆི་བློ་སྙིང་ལ་ཟུག་པ་དང་། །སྐྱོ་སེམས་གཏིང་ནས་སྐྱེ་བ་དང་། །བདག་འཛིན་རྩ་བ་ཆོད་པ་རུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་ཟིན་པ་དང་། །ཕུང་པོ་གཟན་དུ་བསྐྱུར་བ་དང་། །སྙེམས་ཐག་འཁྲི་བ་ཆོད་པ་རུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །གནས་ལུགས་དངོས་སུ་རྟོགས་པ་དང་། །སེམས་ངོ་རྗེན་པར་འཕྲོད་པ་དང་། །རིག་པ་ཡེ་ཤེས་འཆར་བ་རུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །འགལ་རྐྱེན་གྲོགས་སུ་འཆར་བ་དང་། །སྤྱོད་ལོག་སྲེད་དུ་ཆོད་པ་དང་། །ལྟས་ངན་གཡང་དུ་ཁུགས་པ་རུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །གང་ཤར་ལམ་དུ་འཁྱེར་བ་དང་། །ཅིར་སྣང་སེམས་སུ་ཤེས་པ་དང་། །ཅི་བྱེད་གཞན་ལ་ཕན་པ་རུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །འགྲོ་དྲུག་སེམས་ཅན་ཐམས་ཅད་དང་། །བདག་སོགས་གསོལ་བ་འདེབས་པ་རྣམས། མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །རིག་པ་དབྱིངས་སུ་ཐལ་ལ་ལ། །འཛིན་མེད་ལྟ་བ་ཁྲོ་ལོ་ལོ། །བདེ་སྟོང་རྒྱུད་ལ་འཁྲིལ་ལི་ལི། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །འགྲོ་དྲུག་ཕ་མར་ཤེས་པ་དང་། །བྱམས་དང་སྙིང་རྗེ་འབྱོངས་པ་དང་། །ལྷ་འདྲེའི་འགྲོ་དོན་ནུས་པ་རུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས། །བྱིན་རླབས་ཅན་གྱི་བླ་མ་ལ། །མོས་གུས་ཅན་གྱི་སློབ་མ་ཡིས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་བརླབ་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས།

།དྲུག་པ་ནི། གྲུབ་ཆེན་ཐུགས་ཀའི་ཧཱུྃ་ལས་འོད་འབར་ཧཱུྃ། །ལུ་གུ་རྒྱུད་དུ་བདག་གི་སྙིང་གར་ཐིམ། །གྲུབ་དབང་ལྟ་དགོངས་མངོན་རྟོགས་བྱང་ཆུབ་སེམས། །ཏིང་འཛིན་རྟེན་འབྲེལ་བརྟུལ་ཞུགས་ཀུན་ཐོབ་གྱུར། །དངོས་སློབ་བཀའ་བཅུ་པ་རྒྱལ་མཚན་བཟང་པོའི་གསུང་བྱིན་རླབས་ཅན་ལས་བྱུང་བ། ན་མོ་གུ་རུ། ཕ་འགྲོ་བའི་དོན་ལ་གཅིག་ཏུ་བརྩ྄ོ༵ན། །གནད་ཟབ་མོའི་དོན་ལ་ཤིན་ཏུ་འགྲུས྄༵། །བདག་སྐྱེ་རྒུ་རྣམས་ཀྱི་མགོན་དུ་བཟང྄༵་། །རྗེ་གྲུབ་ཐོབ་ཆེན་པོའ྄ི༵་ཞབས་ལ་འདུད། །ཞལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར། །གསུང་ཐོས་པ་ཙམ་གྱིས་དང་བ་འདྲེན། །ཐུགས་གཏད་པ་ཙམ་གྱིས་བསམ་དོན་འགྲུབ། །རྗེ་འབྲེལ་ཚད་དོན་ལྡན་ཞབས་ལ་འདུད། །སྐུ་འགྱུར་མེད་རིགས་ལྔའི་བདག་ཉིད་ཅན། །གསུང་འགག་མེད་ཡན་ལག་དྲུག་ཅུར་ལྡན། །ཐུགས་འཁྲུལ་མེད་ཡེ་ཤེས་རྒྱ་མཚོའི་ངང་། །རྗེ་བླ་མའི་སྐུ་གསུང་ཐུགས་ལ་འདུད། །ཕྱི་མཚན་ཉིད་ཐེག་པའི་གཞུང་ལ་མཁས། །ནང་རྒྱུད་སྡེའི་དགོངས་པ་ཐུགས་ལ་ཤར། །བོད་གངས་ཅན་མཁས་གྲུབ་གཙུག་གི་རྒྱན། །རྗེ་ཕུལ་ཕྱིན་ཡོན་ཏན་ལྡན་ལ་འདུད། །ཕ་མཚུངས་མེད་ལྕགས་ཟམ་ཆོས་ཀྱི་རྗེ། །རྒྱ་དཀར་ནག་བལ་བོད་ཡོངས་སུ་གྲགས། །དུས་ད་ལྟ་འགྲན་པའི་ཟླ་དང་བྲལ། །རྗེ་བསམ་ཡས་འཕྲིན་ལས་མཛད་ལ་འདུད། །རི་འཇིག་ལྟ་བཅོམ་པའི་ཐང྄༵་ཆེན་ན། །བདག་གཉིས་སྟོང྄༵་གནས་ལུགས་འཁོར་ལོ་ཡིས། །ཡོངས་མངའ་དབང་བསྒྱུར་བའི་རྒྱལ྄༵་པ྄ོ༵་མཆོག །མ་འགྲོ་ཀུན་དཔལ་དུ་ཤར་ལ་འདུད། །དབྱིངས་མཉམ་ཉིད་ཆེན་པོའི་དགོངས་ཀློང་ནས། །ཆོས་ལུང་རིགས་ནོར་བུའི་གཏེར་ཁ་ཕྱེ། །ཐབས་ཟབ་མོས་སྐལ་ལྡན་སྨིན་གྲོལ་མཛད། །རྗེ་དངོས་གྲུབ་གཏེར་བུམ་འཛིན་ལ་འདུད། །ཡུལ་སྣང་སྟོང་ཟུང་འཇུག་དགོན་པ་ན། །ཕ་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་པ། །དཔལ་ཀུན་ཏུ་བཟང་པོའི་སྤྱོད་པ་སྐྱོང་། །རྗེ་རྣལ་འབྱོར་དབང་ཕྱུག་ཞབས་ལ་འདུད། །གནས་གར་བཞུགས་ཆོས་དབྱིངས་ཕོ་བྲང་དུ། །རྐྱེན་གང་བྱུང་བདེ་སྡུག་རོ་རུ་སྙོམས། །ཟས་གང་བྱུང་བདུད་རྩིའི་བཅུད་དུ་ལེན། །རྗེ་ལུང་སྟོང་སྨྱོན་པའི་ཞབས་ལ་འདུད། །གཞི་ཉིད་རྟོགས་ལྟ་སྒོམ་བརྟུལ་ཞུགས་ཀྱི། །ལམ་མཐར་ཕྱིན་འབྲས་བུ་རེ་དོགས་བྲལ། །ཕ་ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བུ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་ཌཱ་ཀི་ཨཱ་ཡུར་ཛྙཱ་ན་སིདྡྷི་ཧཱུྃ། བདུན་པ་ནི། ཡུམ་ཆེན་ཕག་མོ་དམར་ནག་སྒྲོལ་མ་དང་། །མཁའ་སྤྱོད་གཉིས་སོགས་མཁའ་འགྲོའི་ཚོགས་རྣམས་ལས། །བདུད་རྩིའི་རྒྱུན་བབས་རང་གཞན་སྤྱི་བོར་ཞུགས། །བདེ་ཆེན་བསྐྱེད་ཅིང་བྱིན་རླབས་བཅུད་ཕབ་གྱུར། །མ་གཅིག་གིས་མཛད་པ་ལས། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱཀྐི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབས། །སྤྱན་གསུམ་བར་སྣང་མཁའ་ལ་གཟིགས་པ་ལ། །དུས་གསུམ་ཐོགས་མེད་གཟིགས་པའི་མཁའ་འགྲོ་འབུམ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ལ། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །ཐོད་རློན་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས་པ་ལ། །འདུ་བྱེད་ལྔ་བཅུ་རྩ་གཅིག་ཟད་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་ལ། །སེམས་ཅན་བདེ་ལ་འགོད་པའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་སྐུ་ལ་བརྒྱན་པ་ལ། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །ཁ་ཊྭཱྃ་རྩེ་གསུམ་རབ་ཏུ་བརྒྱན་པ་ལ། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །མི་མགོ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལ། །ཁམས་གསུམ་དབང་དུ་བསྡུ་བའི་མཁའ་འགྲོ་འབུམ། །ཌཱ་རུ་ཅང་ཏེའུ་གསེར་གྱི་རྔེའུ་ཆུང་འདི། །དོན་དམ་སྙན་བརྒྱུད་འཛིན་པའི་མཁའ་འགྲོ་འབུམ། །གསེར་གྱི་དྲིལ་བུ་གཡེར་ཁས་གསུང་སྙན་སྒྲོགས་པ་ནི། །སྟོང་གསུམ་ཆོས་སྒྲ་སྒྲོགས་པའི་མཁའ་འགྲོ་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ནི། །སྤྲུལ་པས་ཡུལ་ཡང་འགྲིམ་པའི་མཁའ་འགྲོ་འབུམ། །བམ་ཆེན་གདན་ལ་བརྐྱང་བསྐུམ་བཞུགས་པ་ནི། །དུར་ཁྲོད་ཤ་ལ་རོལ་པའི་མཁའ་འགྲོ་འབུམ། །ཡེ་ཤེས་རོལ་པར་མཛད་པའི་མཁའ་འགྲོ་མ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་འདེབས་ན། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབས། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་མཁའ་འགྲོ་འབུམ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་འདེབས་ན། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབས། །བརྒྱད་པ་ནི། རྩ་བརྒྱུད་བླ་མ་མགོན་པོ་ལས། །བདེ་བའི་འོད་ཟེར་ཡར་མར་འཕྲོས། །བླ་མ་མགོན་པོ་དབྱེར་མེད་དུ། །གྱུར་པས་འགྲོ་ཀུན་བྱིན་བརླབས་གྱུར། །ཤ་ཝ་རི་པའི་རྒྱ་གཞུང་། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་གཟི་བརྗིད་ཆེ། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ཞལ། །ཡེ་ཤེས་རྒྱས་ཕྱིར་དབུ་སྐྲ་གྱེན་དུ་འབར། །དབྱིངས་ན་བཞུགས་ཕྱིར་མི་བསྐྱོད་རྒྱ་ཡིས་བཏབ། ཁམས་གསུམ་ལ་གཟིགས་སྤྱན་གསུམ་དམར་ལ་ཟླུམ། །མཁའ་འགྲོ་བསྡུ་ཕྱིར་སིན་དྷུ་ར་ཡིས་བྱུགས། །རིགས་ལྔ་མཆོག་འདུས་ཐོད་པའི་དབུ་རྒྱན་ཅན། །གདུག་པ་འདུལ་ཕྱིར་རྣོ་སྡུག་མཆེ་བ་གཙིགས། །ཕ་རོལ་ཕྱིན་དྲུག་དག་ཕྱིར་ཕྱག་དྲུག་ལྡན། །བདུད་བཞི་རྩད་གཅོད་རྡོ་རྗེའི་གྲི་གུག་ཐོགས། །སྔགས་རྣམས་མི་བརྗེད་གཟུངས་ལྡན་ཐོད་ཕྲེང་འདྲེན། །གསང་ཆོས་སྒྲོགས་ཕྱིར་ཅང་ཏེའུ་དྲག་ཏུ་འཁྲོལ། །ཉོན་མོངས་མ་སྤངས་དག་ཕྱིར་ཐོད་ཁྲག་བསྣམས། །དུག་གསུམ་གཏིང་འབུགས་མདུང་རྩེ་གསུམ་ལྡན་འཛིན། །གདུལ་བྱ་མི་འདོར་རྟགས་སུ་ཞགས་པ་བཟུང་། །འཇིགས་པ་བསྐྱབ་ཕྱིར་སྟག་ལྤགས་སྐུ་སྨད་དཀྲིས། །བསོད་ནམས་ཚོགས་རྫོགས་རྣམ་མང་རྒྱན་སྤྲས་བརྗིད། །འཁོར་བའི་སྐྱོན་གྱིས་མ་གོས་པདྨ་དང་། །མ་རིག་མུན་པ་སེལ་བ་ཉི་མའི་གདན། །ཉོན་མོངས་ཚད་སེལ་ཟླ་བ་རྒྱས་པའི་སྟེང་། །གདུག་པ་འདུལ་རྟགས་བགེགས་རྒྱལ་ལོག་འདྲེན་མནན། །དགོས་འདོད་སྐོང་ཕྱིར་ཙནྡན་ལ་བཞུགས་པའི། །མགོན་པོ་བླ་མ་ཉིད་ལ་གསོལ་བ་འདེབས། །བླ་མ་མགོན་པོ་ཉིད་ཀྱིས་བྱིན་གྱིས་རློབས། །དགུ་པ་ནི། རྡོ་རྗེ་འཆང་གི་གནས་ལྔར་འབྲུ། །ལྔའི་འོད་དཀར་དམར་མཐིང་སེར་ལྗང་། །བདག་གནས་ལྔར་ཐིམ་སྒྲིབ་ལྔ་སྦྱངས། །ཡེ་ཤེས་སྐུ་ལྔར་བྱིན་བརླབས་གྱུར། །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ། གསལ། རྗེ་སྐུ་ལྔ་དབྱེར་མེད་རྡོ་རྗེ་འཆང་ཆེན་དང་། །ཡས་འདྲེན་བརྒྱུད་པ་ཡིད་བཞིན་ནོར་བུ་དང་། །སྐྱབས་གནས་མཐར་ཐུག་རྩ་བའི་བླ་མ་ལ། །འགྲོ་ཀུན་ཕྱག་འཚལ་དུང་བས་གསོལ་བ་འདེབས། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །རྟོགས་པ་མངོན་དུ་འགྱུར་བར་བྱིན་གྱིས་རློགས་མཛོད་ཅིག །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །མ་རྣམས་བདེ་བ་དང་ལྡན་པར་བྱིན་གྱིས་རློབས། །འགྲོ་རྣམས་སྡུག་བསྔལ་དང་བྲལ་བར་བྱིན་གྱིས་རློབས། །ལུས་འདི་སྒྱུ་མ་རུ་རྟོགས་པར་བྱིན་གྱིས་རློབས། །སེམས་སྐྱེ་མེད་དུ་འཆར་བར་བྱིན་གྱིས་རློབས། །གསོལ་བ་བཏབ་ཚད་ཐེབས་པར་བྱིན་གྱིས་རློབས། །སྨོན་ལམ་བསམ་ཚད་འགྲུབ་པར་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཀུན་གྱིས་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས།

།གསུམ་པ་སྒོས་ཀྱི་ཚོགས་བསག་པ་ལ། རྒྱས་དང་འབྲིང་བོ་བསྡུས་པ་གསུམ། དང་པོ་ནི། དུག་གསུམ་རླུང་འབུད་བྱས་རྗེས། རང་ཐ་མལ་དུ་གནས་པའི་ལུས་ཀྱི་དབུས་དྲུང་པོར་རྩ་དབུ་མ་ཁོང་སྟོང་སྦོམ་ཕྲ་རྒྱུ་སྟོང་ཕུས་བཏབ་པ་ཙམ་འོད་ཀྱི་རང་བཞིན་ཅན། ཡས་སྣ་སྤྱི་བོ་ཚངས་པའི་བུ་ག་ཧར་སང་ངེ་ཡོད་པ་ལ་ཟུག་པ། དབུ་མ་དེའི་ནང་ན་རང་རིག་གི་ངོ་བོ་འོད་དཀར་པོ་ཤེལ་གོང་ལྟ་བུ་ཅོག་སྒོང་ཙམ་ཞིག་སྐྱ་རིལ་ལེ་འོད་དཀར་གྱི་རྣམ་པ་ཅན་དེ། སྤྱི་གཙུག་ཚངས་པའི་བུ་ག་ནས་སྐྱ་རྒྱང་གིས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར། ཕཊ་བརྗོད་ལ་ནམ་མཁའ་དང་དབྱེར་མེད་དུ་འདྲེས་པའི་ངང་དེར་ཅུང་ཟད་མཉམ་པར་བཞག་ལ། ནམ་མཁའི་དཀྱིལ་ནས་རང་རིག་ལས་བྱེད་ཀྱི་མཁའ་འགྲོ་མ་སྐུ་མདོག་སེར་མོ་ཟངས་གྲི་བསྣམས་པ་གཅིག་ཡེར་གྱིས་བྱོན་ཏེ། རང་གི་པགས་པ་བཤུས། ས་གཞི་ཀུན་ཁྱབ་པར་ཆལ་གྱི་བཀྲམ། །རང་ལུས་མཎྜལ་དུ་བཀོད་པར་གྱུར། ཕཊ་པགས་པ་དབང་ཆེན་གསེར་གྱི་ས་གཞི། ཕཊ་རྒྱུ་མའི་ཞགས་བསྐོར་མཐའ་ལྕགས་རི་མུ་ཁྱུད། ཕཊ་སྒལ་ཚིགས་མགོ་བོ་དང་བཅས་པ་རིའི་རྒྱལ་པོ་རི་རབ། ཕཊ་རྐང་པ་གཡས་ཤར་ལུས་འཕགས་པོ། ཕཊ་ལག་པ་གཡས་ལྷོ་འཛམ་བུ་གླིང་། ཕཊ་ལག་པ་གཡོན་ནུབ་བ་ལང་སྤྱོད། ཕཊ་རྐང་པ་གཡོན་བྱང་སྒྲ་མི་སྙན། ཕཊ་མིག་འབྲས་ཕྱིར་ཕྱུང་སྟེ་སྒལ་ཚིགས་ཀྱི་ཤར་ནུབ་ཏུ་གནས་པ་ཉི་ཟླ། ཕཊ་སྙིང་ལ་སོགས་པའི་དོན་ལྔ་དང་། ནང་ཁྲོལ་རྣམས་ལྷ་མིའི་འདོད་ཡོན་ཇི་སྙེད་པ་མ་ཚང་བ་མེད་པ་བཀོད་པ་ཡིད་དུ་འོང་བའི་མཎྜལ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་དང་བཅས་པའི་སྤྱན་ལམ་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཕཊ། བདག་ལུས་ཆགས་པ་མེད་པའི་མཎྜལ་འདི། །བླ་མ་ཡི་དམ་ཆོས་སྐྱོང་ནོར་ལྷ་དང་། །དཔའ་བོ་མཁའ་འགྲོ་མཆོད་འོས་ཀུན་ལ་འབུལ། བདག་དང་ཕ་མ་སེམས་ཅན་མ་ལུས་ཀུན། །ཉོན་མོངས་སྒྲིབ་བྲལ་གནས་ལུགས་དོན་རྟོགས་ནས། །ཀུན་ཀྱང་ཐར་པའི་ཞིང་ལ་སྤྱོད་པར་ཤོག །གཉིས་པ་ནི། མ་གཅིག་གི་གསུང་། ཕྱི་སྣང་བ་རྒྱན་གྱི་མཎྜལ་ལ། ནང་འབྱུང་བ་བཞི་ཡིས་ཆག་ཆག་གདབ། །རིགས་དྲུག་སེམས་ཅན་ཚོམ་བུ་བཀོད། །ཟད་མེད་རིན་ཆེན་གཏེར་དང་བཅས། །སྐྱབས་གནས་དམ་པ་དཀོན་མཆོག་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཕྱི་སྣང་བརྒྱན་གྱི་མཎྜལ་འབུལ། །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །ནང་ཕུང་པོ་ལུས་ཀྱི་མཎྜལ་ལ། །རང་བྱུང་ལྷན་སྐྱེས་ཆག་ཆག་གདབ། །རྣམ་ཤེས་ཚོགས་བརྒྱད་ཚོམ་བུར་བཀོད། །ཀུན་གཞི་རིན་ཆེན་གཏེར་དང་བཅས། །སྐྱབས་གནས་དམ་པ་དཀོན་མཆོག་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །ནང་ཕུང་པོ་ལུས་ཀྱི་མཎྜལ་འབུལ། །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །གསང་བ་ཆོས་ཉིད་ཀྱི་མཎྜལ་ལ། །རང་རིག་འོད་གསལ་གྱིས་ཆག་ཆག་གདབ། །འགག་མེད་ཉམས་མྱོང་ཚོམ་བུ་བཀོད། །གསལ་སྟོང་བདེ་བའི་གཏེར་དང་བཅས། །སྐྱབས་གནས་དམ་པ་དཀོན་མཆོག་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །གསང་བ་ཆོས་ཉིད་ཀྱི་མཎྜལ་འབུལ། །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །གསུམ་པ་ནི། གསེར་གྱི་ས་གཞི་ཁོར་ཡུག་རི་གླིང་ཉི་ཟླས་བརྒྱན། །ཞིང་ཆེན་གཡང་གཞིར་ཤ་རུས་ཁྲག་ཚིལ་འདོད་ཡོན་སྤུངས། །མོས་སེམས་གཙང་མར་འཕགས་ནོར་བདུན་གྱི་མཆོད་སྤྲིན་སྤྲུལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ་བར་བགྱི། །ཕཊ། འདི་ཅི་ནུས་སུ་འབུལ། བཞི་པ་ཁྱད་པར་ལུས་ཀྱིས་ཚོགས་བསག་པ་ལ། ཡར་མཆོད་མར་སྦྱིན་ཞི་དམིགས་དང་། །ཞི་དྲག་ཕྱེད་དང་དྲག་དམིགས་དང་། །སྣ་ཚོགས་གནས་སྤོར་སྨོན་བཅས་བདུན། དང་པོ་ལ། རླུང་འབུད་འཕོ་བ་དངོས་དང་གསུམ། དང་པོ་ནི། རང་རྒྱུད་ཀྱི་འདོད་ཆགས་བྱ་ཕུག་རོན་གྱི་རྣམ་པ་ཅན་ཕྱིར་རྒྱང་གིས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་རྗེས་མེད་དུ་སོང་བར་གྱུར། སྣ་བུག་གཡས་ནས་རླུང་ཕྱིར་འབུད། རང་རྒྱུད་ཀྱི་ཞེ་སྡང་སྦྲུལ་གྱི་རྣམ་པ་ཅན་ཕྱིར་རྒྱང་གིས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་བཞིན་རྗེས་མེད་དུ་སོང་བར་གྱུར། སྣ་བུག་གཡོན་ནས་རླུང་འབུད། རང་རྒྱུད་ཀྱི་གཏི་མུག་ཕག་པའི་རྣམ་པ་ཅན་ཕྱིར་རྒྱང་གིས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་རྗེས་མེད་དུ་སོང་བར་གྱུར། སྣ་བུག་གཉིས་ཆར་ནས་རླུང་དབུས་སུ་དྲིལ་ཏེ་འབུད་དོ། །གཉིས་པ་ནི། རང་ལུས་ཐ་མལ་དུ་གནས་པའི་ཁོག་པའི་ནང་ན་ཡར་རྩ་དབུ་མ་རྒྱུ་མ་རྒྱུ་ཚིལ་དང་བྲལ་བའི་རྒྱུ་མ་ཕུས་བཏབ་པ་ལྟ་བུ། ཡས་སྣ་སྤྱི་བོ་ཚངས་པའི་བུ་ག་མཐེབ་སྒོར་གྱི་རྒྱ་ཙམ་ཧར་སང་ངེ་ཡོད་པ་སྦུབས་ཅན་དུ་ཟུག་པ། མས་སྣ་ལྟེ་འོག་སོར་བཞི་ཙམ་ལ་ཡོད་པའི་དབུ་མའི་ནང་དུ་རང་རིག་གི་ངོ་བོ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཅོག་སྒོང་ཙམ་ཞིག་སྐྱ་རིལ་ལེ་ཡོད་པར་གྱུར། རྒྱུ་ཞབས་བསྐུམ་བྱས་ལ། ཕཊ། རིག་པ་རླུང་གི་བཞོན་པ་ཅན་འོད་དཀར་པོ་དེ་རྩ་དབུ་མའི་ནང་དུ་ཧྲིལ་གྱིས་ཞུགས་ཏེ། ལྟེ་བའི་ཐད་ཀྱི་རྩ་དབུ་མའི་ནང་དུ་འཕོས། ཕཊ། སྙིང་ཁར་འཕོས། ཕཊ། མགྲིན་པར་འཕོས། ཕཊ། རྩ་དབུ་མའི་ཡས་སྣ་སྤྱི་གཙུག་ཏུ་འཕོས། དེ་ནས། ཕཊ་དྲག་པོ་གཅིག་བརྒྱབ་བས། མེ་ནང་ནས་མེ་སྟག་གྱེན་དུ་ཡར་བའམ། གཞུ་བཀང་ལས་མདའ་འཕང་བ་ལྟར་རིག་པ་འོད་དཀར་པོའི་རྣམ་པ་ཅན་དེ་སྐྱ་རྒྱང་ངེ་གྱེན་དུ་སོང་བས་ནམ་མཁའ་དང་དབྱེར་མེད་དུ་འདྲེས། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཡེ་ཤེས་ཀྱིས་ཁྱབ། དེ་ལྟར་རིག་པ་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དབྱེར་མེད་བློ་འདས་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག

།གསུམ་པ་ནི། ཡི་གེ་རྙིང་པར་སྙིགས་མའི་སྒྱུ་ལུས་མཆོད་སྦྱིན་བྱེད་ཀྱང་། འདིར་ཞལ་ཤེས་ལྟར། རང་ལུས་རོ་བརྒྱའི་ཁ་ཟས་ཡིད་འོང་མཛེས། །དཀར་སྣུམ་སྙི་འབོལ་ཚོ་ཞིང་བཀྲག་མདངས་རྒྱས། །བློ་ཡིས་འཁྱུད་ཚད་ཙམ་གྱི་སྙིང་ག་ནས། །རང་སེམས་ཧཱུྃ་ཡིག་སྤྱི་བོའི་ནམ་མཁར་ཐོན། །ཕཊ། སེམས་ཉིད་དཔའ་བོ་རལ་གྲི་ཐོགས་པ་ཡིས། །སེམས་བྲལ་ཆེ་བརྗིད་ལུས་ཀྱི་རྐེ་ནས་མགོ །རྦད་ཀྱིས་བཅད་ནས་བླ་མ་དཀོན་མཆོག་ལ། །མཆོད་པར་ཕུལ་བས་ཤིན་ཏུ་དགྱེས་ནས་གསོལ། །དེ་བཞིན་ཡན་ལག་རོ་སྟོད་རོ་སྨད་ཀུན། །བཅད་ནས་ཕུལ་བས་དགྱེས་ཤིང་གསོལ་བར་གྱུར། །ཕཊ། དྲིན་ཅན་རྩ་བའི་བླ་མ་ཐང་སྟོང་པ། །དམ་པ་མ་གཅིག་བླ་མ་བརྒྱུད་པར་བཅས། །དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས། །འཕགས་པ་རང་རྒྱལ་ཉན་ཐོས་ཚོགས་ལ་འབུལ། །མཉེས་ནས་སྐུ་གསུང་ཐུགས་ཀྱིས་རྗེས་སུ་བཟུང་། །ལམ་གྱི་ནོར་འཁྲུལ་སོགས་ལས་སྐྱོབ་པ་དང་། །མ་ནོར་ལམ་མཆོག་དམ་པ་ལེགས་སྟོན་པའི། །སྟོན་པ་མཛད་ཅིང་བྱིན་གྱིས་བརླབ་ཏུ་གསོལ། ཕཊ། ཕཊ། སྤྱན་རས་གཟིགས་དབང་རྟ་མགྲིན་ཕག་མོ་སོགས། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་ལ་འབུལ། །ཐུགས་རྒྱུད་མཉེས་ནས་སྐུ་གསུང་ཐུགས་ཀྱི་བྱིན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི་ལམ། མྱུར་དུ་བགྲོད་ནས་ས་ལམ་རྫོགས་མཛད་པའི། །ལྷག་པའི་ལྷ་མཆོག་དམ་པ་མཛད་དུ་གསོལ། ཕཊ། ཕཊ། དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །ཕྱག་བཞི་བེར་གུར་ཞལ་བཞི་ལྕམ་དྲལ་དང་། །ཚོགས་བདག་རྣམ་ཐོས་སྲས་སོགས་ནང་དང་ཕྱིའི། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཡོངས་ལ་འབུལ། །ཐུགས་དམ་བསྐངས་ནས་བདག་གི་ས་ལམ་ལ། །བདུད་ཀྱིས་བར་ཆད་མེད་པར་འདོད་དོན་འགྲུབ། །འགྲོ་བའི་དོན་དུ་འཕྲིན་ལས་རྣམ་པ་བཞིས། །བསྟན་པ་དར་ཞིང་རྒྱས་པའི་མཐུ་དཔུང་མཛོད། ཕཊ། ཕཊ། མཆོད་ཡུལ་མགྲོན་རྣམས་མཉེས་པའི་ཐུགས་ཀ་ནས། །བྱིན་རླབས་བདུད་རྩི་རང་གི་ཁ་རུ་བྱུང་། །རོལ་པས་ཉམས་ཆག་བསྐངས་ཤིང་དཀོར་སྒྲིབ་བྱང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་གྱུར། ཕཊ། ཕཊ། གང་ལ་མཆོད་པ་ནམ་མཁའ་འདྲར་ཤེས་ཤིང་། །གང་གིས་མི་དམིགས་གང་དུའང་འཛིན་པ་མེད། །དེ་ནི་མཆོད་པ་ཀུན་གྱི་དམ་པ་སྟེ། །ཡེ་ཤེས་གཞལ་མེད་བསམ་ཡས་རབ་འཐོབ་འགྱུར། །ཞེས་དཀོན་མཆོག་ཏ་ལའི་མདོའི་ཚིག་དོན་ལ་མཉམ་པར་འཇོག །གཉིས་པ་ནི། རང་ལུས་ཐ་མལ་དར་ལ་བབ་པ་ཡི། སྤྱི་བོར་ལྷ་ཡི་ས་བོན་ཨོཾ་དཀར་པོ། །མགྲིན་པར་ལྷ་མིན་ས་བོན་ཨཱཿ དམར་པོ། །སྙིང་གར་མི་ཡི་ས་བོན་ནྲྀཿལྗང་གུ། །ལྟེ་བར་བྱོལ་སོང་ས་བོན་དྭ་སྐྱ་བོ། །གསང་བར་ཡི་དྭགས་ས་བོན་རཿསེར་པོ། །རྐང་མཐིལ་དམྱལ་བའི་ས་བོན་ཏྲིཿནག་པོ། །ཡི་གེ་དྲུག་ལས་འོད་འཕྲོས་རིགས་དྲུག་གི། སེམས་ཅན་ཐ་དད་ཡི་གེ་སོ་སོར་ཐིམ། །དེ་རྣམས་སོ་སོའི་དངོས་པོ་སོ་སོར་གྱུར། །བདག་ལུས་རིགས་དྲུག་ལུས་འདུས་ཡེ་རེ་རེ། །ཆེར་སྐྱེས་ཡར་ལ་སྲིད་པའི་རྩེ་མོ་དང་། །འཕྲེད་དུ་ཕྱི་ཡི་ལྕགས་རི་མུ་ཁྱུད་པར། ཁྱབ་པའི་སྤྱི་བོའི་ནམ་མཁར་པད་ཟླའི་སྟེང་། །མ་གཅིག་དཀར་མོ་ཐུགས་ཀར་ཐལ་སྦྱར་བ། །ཆོས་ཉིད་ཅིར་ཡང་མི་རྟོག་ངང་ལ་བཞུགས། །རྐང་ཞབས་ཏྲིཿཡིག་འོད་ཀྱི་ཐིག་ལེར་ཞུ། །ཡུངས་འབྲུ་ཙམ་གྱུར་གསང་གནས་རཿལ་ཐིམ། །དེ་གཉིས་གཅིག་འདྲེས་སྲན་འབྲུ་ཙམ་གྱུར་ཏེ། །ལྟེ་བའི་དྭཿལ་ཐིམ་པས་དེ་གསུམ་འདྲེས། །རྒྱ་སྲན་ཙམ་གྱུར་སྙིང་གའི་ནྲྀཿལ་ཐིམ། །དེ་རྣམས་འདྲེས་པས་ལྕུང་ཀའི་སྒོ་ང་ཙམ། །ཡར་འཕོས་མགྲིན་པའི་ཨཱཿ ལ་ཐིམ་སྟེ་འདྲེས། །ངང་སྒོང་ཙམ་གྱུར་སྤྱི་བོའི་ཨོཾ་ལ་ཐིམ། །ཐམས་ཅད་གཅིག་གྱུར་བྱ་ཆེན་སྒོ་ང་ཙམ། །འོད་ཀྱི་ཐིག་ལེ་མ་གཅིག་ཐུགས་དབུས་སུ། །དབྱེར་མེད་ཐིམ་པས་བདེ་སྟོང་ཆེན་པོར་འདྲེས། །མ་གཅིག་ཉི་མའི་དཀྱིལ་འཁོར་ལྟར་འབར་བའི། །འོད་ཀྱི་ཕུང་པོར་གྱུར་ནས་ནམ་མཁའ་ལ། །འཇའ་ལྟར་ཡལ་ཏེ་འཁོར་བ་སྟོང་པར་གྱུར། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། རང་རིག་ལྷར་བཞེབས་རིགས་དྲུག་ཕུར་པོ་དེ། །རྩ་ཁུར་ཐག་པ་བཅད་བཞིན་ཤིག་སེ་ཤིག །སྟོང་གསུམ་འཇིག་རྟེན་ཁམས་ཀུན་མེར་གྱིས་གང་། །ལུས་རྣམས་ཟག་མེད་བདུད་རྩིའི་རང་བཞིན་གྱུར། ཕཊ། རང་ལུས་བདུད་རྩིའི་མཆོད་པ་རྒྱ་ཆེན་འདི། །སྤྱི་རུ་འགྲོ་བ་རིགས་དྲུག་གླུད་དུ་འབུལ། །སྒོས་སུ་ཆོས་མཛད་རྣམས་ཀྱི་གླུད་དུ་འབུལ། ཡང་སྒོས་དྲིན་ཆེན་ཕ་མའི་གླུད་དུ་འབུལ། །ཁྱད་པར་རྩ་བའི་བླ་མའི་སྐུ་གླུད་དུ། །འབུལ་བའི་ལྷ་མོས་འགྲོ་དྲུག་སོ་སོར་འགྱེད། ཕཊ། ཕཊ། བདུད་རྩིའི་ཕུང་པོ་རིགས་དྲུག་ཀུན་གྱིས་རོལ། །ཐམས་ཅད་དགའ་མགུ་ཡི་རང་ཚིམ་ཞིང་ངོམས། །ཕན་ཚུན་སོ་སོའི་རིགས་དྲུག་ལན་ཆགས་བྱང་། རང་རང་སྒྲིབ་པ་དག་ནས་རིགས་དྲུག་སྟོང་། ཕཊ། ཕཊ། དམྱལ་བའི་ཕུང་པོ་དམྱལ་བའི་ལན་ཆགས་ལ། །བྱིན་པས་འགྲོ་ཀུན་ཚ་གྲང་སྡུག་བསྔལ་ཞི། །ཞེ་སྡང་སྒྲིབ་བྲལ་དམྱལ་བ་སྟོང་པའི་ཤུལ། །གནམ་ལྟར་སྔོ་བ་རྡོ་རྗེའི་རང་བཞིན་གྱུར། ཕཊ། ཕཊ། ཡི་དྭགས་ཕུང་པོ་ཡི་དྭགས་ལན་ཆགས་ལ། །བྱིན་པས་འགྲོ་ཀུན་བཀྲེས་སྐོམ་སྡུག་བསྔལ་ཞི། །སེར་སྣའི་སྒྲིབ་བྲལ་ཡི་དྭགས་སྟོང་པའི་ཤུལ། །པད་རཱག་ལྟར་དམར་པདྨའི་རང་བཞིན་གྱུར། །ཕཊ། ཕཊ། བྱོལ་སོང་ཕུང་པོ་བྱོལ་སོང་ལན་ཆགས་ལ། །བྱིན་པས་འགྲོ་ཀུན་གླེན་ལྐུག་སྡུག་བསྔལ་ཞི། །གཏི་མུག་སྒྲིབ་བྲལ་བྱོལ་སོང་སྟོང་པའི་ཤུལ། །ཤེལ་ལྟར་དཀར་བ་འཁོར་ལོའི་རང་བཞིན་གྱུར། ཕཊ། ཕཊ། མི་ཡི་ཕུང་པོ་མི་ཡི་ལན་ཆགས་ལ། །བྱིན་པས་འགྲོ་ཀུན་བྲེལ་ཕོངས་སྡུག་བསྔལ་ཞི། །འདོད་ཆགས་སྒྲིབ་བྲལ་མི་ཡུལ་སྟོང་པའི་ཤུལ། །གསེར་ལྟར་སེར་བ་རིན་ཆེན་རང་བཞིན་གྱུར། ཕཊ། ཕཊ། ལྷ་མིན་ཕུང་པོ་ལྷ་མིན་ལན་ཆགས་ལ། །བྱིན་པས་འགྲོ་ཀུན་འཐབ་རྩོད་སྡུག་བསྔལ་ཞི། །ཕྲག་དོག་སྒྲིབ་བྲལ་ལྷ་མིན་སྟོང་པའི་ཤུལ། །མརྒད་ལྟར་ལྗང་རྒྱ་གྲམ་རང་བཞིན་གྱུར། །ཕཊ། ཕཊ། ལྷ་ཡི་ཕུང་པོ་ལྷ་ཡི་ལན་ཆགས་ལ། །བྱིན་པས་འགྲོ་ཀུན་འཕོ་ལྟུང་སྡུག་བསྔལ་ཞི། །ང་རྒྱལ་སྒྲིབ་བྲལ་ལྷ་གནས་སྟོང་པའི་ཤུལ། །འོད་ལྔའི་རང་བཞིན་ཡེ་ཤེས་ཆེན་པོར་གྱུར། ཕཊ། ཕཊ། མཁའ་མཉམ་དྲིན་ཅན་ཕ་མ་ཡིད་ཅན་ཀུན། །སྟོང་ཉིད་སྙིང་རྗེའི་སྙིང་པོས་རྒྱུད་གྲོལ་ནས། །ཐམས་ཅད་སངས་རྒྱས་ཁམས་གསུམ་འཁོར་བ་སྟོང་། །ཡུམ་དོན་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོར་གྱུར། །ཕཊ། འདི་རྒྱུན་དུ་བྱས་ན་མཁའ་འགྲོ་མས་བྱིན་གྱིས་བརླབ། ལྷ་འདྲེས་སྟོང་གྲོགས་བྱེད། ཅི་བསམ་པའི་དོན་འགྲུབ་པར་གསུངས་སོ།

།གསུམ་པ་ནི། སྣ་བུག་གཡས་ནས་འདོད་ཆགས་བྱ། གཡོན་ནས་ཞེ་སྡང་སྦྲུལ། དབུས་ནས་གཏི་མུག་ཕག་གི་རྣམ་པར་ཕྱིར་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་གྱུར། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་འབུད། ཕཊ་སྐོར་ལྔ་པའམ་བསྡུ་ན། རང་ལུས་དཀར་ལ་སྣུམ་པ་དྲི་རོ་ཕུན་སུམ་ཚོགས་པའི་སྙིང་གར་སེམས་ཀྱི་ངོ་བོ་ཅོག་སྒོང་ཙམ་དབུ་མའི་ལམ་བརྒྱུད་ནམ་མཁའ་དང་དབྱེར་མེད་དུ་གྱུར། ཕཊ། ཅུང་ཟད་མཉམ་པར་བཞག་ལ། ཕཊ། ནམ་མཁའ་ཤིན་ཏུ་དྭངས་པའི་ཀློང་ནས་གློ་བུར་དུ་སྤྲིན་དཀར་པོ་ཐོལ་སྐྱེས་སུ་བྱུང་བ་ལྟར། ཆོས་ཀྱི་དབྱིངས་ནས་རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ། ཕྱག་གཡས་གྲི་གུག་རྣོ་ངར་དང་ལྡན་པ་བསྣམས་པ། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ་གཅིག་ཏུ་སྐུར་བཞེངས་ཏེ་གར་སྟབས་ལིང་ལིང་སྟེང་གི་ནམ་མཁའ་ནས་བྱོན། ཕཊ། ཕྱག་གཡས་ཀྱི་གྲི་གུག་གིས་རང་གི་ཕུང་པོ་དེ་ཉིད་ཀྱི་ཐོད་པ་ལིང་བཅད། སྐད་ཅིག་གི་བློས་སྤྲུལ་པའི་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཀལ་བས་ཐོད་པ་དེ་ཉིད་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པ་གཅིག་ཏུ་གྱུར། ཕཊ། ཤ་རུས་རྣམས་དུམ་བུར་གཏུབས་ཏེ་ཐོད་པའི་ནང་དུ་བླུག །ཕཊ། མཁའ་འགྲོ་མའི་ལྟེ་བ་ནས་གཏུམ་མོའི་མེ་སྦར་བ། མི་མགོའི་སྒྱེད་པུ་གསུམ་འཛོམས་ཀྱི་ནང་དུ་འཁྱིལ་བས། ཐོད་ནང་གི་རྫས་རྣམས་ཁོལ་ཞིང་འོད་དུ་ཞུ། ཕཊ། ཕྱག་གཡོན་གྱི་རང་བྱུང་གི་བདུད་རྩི་ཐོད་པའི་ནང་དུ་བླུག་པས། ཐོད་ནང་གི་བཅུད་རྣམས་འོ་སྐོལ་ལྟར་ཁ་དོག་དཀར་ལ་སྣུམ་པ། དྲི་རོ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ། ཚར་གསུམ་གྱི་བྱིན་གྱིས་བརླབས། དེ་ནས། རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་རང་། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷའི་ཚོགས་དང་བཅས་པ་རྣམས་དང་། གཞི་བདག་གཉུག་མར་གནས་པ། ཕ་མ་རིགས་དྲུག་གི་སེམས་ཅན། ཁྱད་པར་བདག་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པ་ལ་སོགས་ཏེ། མདོར་ན་འཁོར་འདས་ཀྱི་བསྡུས་པའི་མགྲོན་ཐམས་ཅད་སྤྱན་དྲངས། ཡང་མཁའ་འགྲོ་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ཕྱག་ན་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱག་མཚན་གྱི་ཐོད་པས་སྔར་གྱི་ཐོད་ནང་གི་བདུད་རྩི་བཅུས་ནས། མགྲོན་སོ་སོ་ལ་མཆོད་སྦྱིན་བྱས་པས། མགྲོན་འཕགས་པ་རྣམས་མཆོད་པས་མཉེས། དམ་ཅན་རྣམས་ཐུགས་དམ་བསྐངས། རིགས་དྲུག་རྣམས་སྦྱིན་པས་ཚིམས། ལན་ཆགས་རྣམས་ཀྱི་ཤ་མཁོན་བུ་ལོན་རྣམས་སྦྱངས་པར་གྱུར། ཟབ་དོན། ཕ་དྲིན་ཅན་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་དང་། ཕ་རྒྱུད་དཔའ་བོའི་ལྷ་ཚོགས། མ་རྒྱུད་དཔའ་མོའི་ལྷ་ཚོགས། སྲས་རྒྱུད་ཉམས་མྱོང་གི་ལྷ་ཚོགས་ཏེ། གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། གཞན་ཡང་བཀའ་བརྒྱུད་སྒྲུབ་བརྒྱུད། དབང་བསྐུར། ཞལ་མཇལ་གསུང་ཐོས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དང་། དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །མཉེས་ཤིང་ཚིམ་པར་གྱུར་ཅིག །དཔལ་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ། རྒྱལ་པོ་ཆེན་པོ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་ལ་སོགས་པ་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གནས་པོ་ཆེན་པོ་འདིས་ཐོག་དྲངས་གཞི་བདག་གི་རིགས་སུ་གྱུར་པ་དང་། དུས་གསུམ་གྱི་ཕ་མ། ཁམས་གསུམ་གྱི་སེམས་ཅན་རིགས་དྲུག་ནམ་མཁའ་དང་མཉམ་པ། སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །ལན་གྱི་གླུད་དུ་རེ་བ། བུ་ལོན་མ་འཁོར་བ་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །ལན་ཆགས་ཤ་འཁོན་ཐམས་ཅད་བྱང་བར་གྱུར་ཅིག །བདག་གི་ཤ་ཁྲག་ལས་གྲུབ་པའི་བདུད་རྩིའི་མཆོད་སྦྱིན་འདི་དག་མཐོང་བ་ཐོས་པ། ཟོས་པ། འཐུང་བ། ལོངས་སྤྱོད་པ་ཙམ་གྱིས་བླ་མ་དང་འཕགས་པ་རྣམས་མཉེས་ཤིང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བྱང་ཞིང་། ཚོགས་གཉིས་རྫོགས་པར་གྱུར་ཅིག །ཅེས་བརྗོད་ཅིང་། ལས་བྱེད་ཀྱི་མཁའ་འགྲོ་མ་དེ་རྣམས་ཀྱི་ཐོད་ནང་གི་བདུད་རྩི་བཅུས། ཤར་ཕྱོགས། ལྷོ་ཕྱོགས། ནུབ་ཕྱོགས། བྱང་ཕྱོགས། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར། སྟེང་འོག །ཕྱོགས་མཚམས་བཅུར་གཏོར་བས་ཕྱོགས་བཅུའི་འཁོར་འདས་ཀྱི་མགྲོན་རྣམས་ཚིམ། ཁྱད་པར་གནོད་བྱེད་གང་ཡོད་ཕྱོགས་ལ་གཏོར་བས། གནོད་འཚེའི་གདུག་རྩུབ་ཐམས་ཅད་ཉེ་བར་ཞི་ཞིང་ལན་ཆགས་བུ་ལོན་ཤ་འཁོན་ཐམས་ཅད་དག་པར་གྱུར། ཞེས་དམིགས་ལ་ཕཊ་རེ་དང་བསྟུན་སྦྱིན་གཏོང་བྱས་ནས། སྦྱིན་པར་བྱ་བའི་རྫས་དང་། སྦྱིན་པ་གཏོང་བ་པོ། སྦྱིན་པ་ལེན་པ་པོ་ཐམས་ཅད་འཁོར་གསུམ་རྣམ་པར་མི་རྟོག་པའི་ངང་དུ་རོ་གཅིག་པ། སྨྲ་བསམ་བརྗོད་བྲལ་ཡུམ་གྱི་དགོངས་པའི་ངང་དུ་མཉམ་པར་བཞག །ཕཊ། ཤིན་ཏུ་བསྡུ་ན་འདི་ནས་ས་བཅད་བདུན་པ་ཡན་ཆད་རེས་མོས་སམ་གང་འདོད་རེ་ཟུང་བྱ།

བཞི་པ་ནི། དུག་གསུམ་རླུང་འབུད་སྔོན་དུ་འགྲོ་བས། ཕཊ་སྐོར་ལྔས་འཕོ་པའམ། རང་ལུས་དབུ་མའི་ནང་ནས་རིག་པ་འོད་ཀྱི་གོང་བུ་སྤྱི་གཙུག་ནས་འཕོས་ཏེ། ནམ་མཁར་འཇའ་ཡལ་བ་ལྟར་སོང་བར་གྱུར། ཕཊ། ཅུང་ཟད་མཉམ་པར་བཞག །ཕཊ། རང་རིག་རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཡས་གྲི་གུག་དང་། ཕྱག་གཡོན་ཀ་པཱ་ལ་བདུད་རྩི་དཀར་པོས་གང་བ་བསྣམས་པའི་སྐུར་བཞེངས། དེ་ནས། བྱ་རྒོད་ཟས་ལ་འབབས་པ་ལྟར་གར་སྟབས་ཀྱིས་གཡོན་བསྐོར་དུ་འཁྱིལ་བས་རང་གི་ཕུང་པོ་དེ་གན་རྐྱལ་དུ་གནས་པའི་མགོ་ཐད་དུ་བབས། ཕཊ། རྐང་པའི་ཕྱོགས་སུ་རྒྱང་འཆོང་། ཕཊ། མགོ་བོའི་ཐད་དུ་འཆོང་། ཕཊ། གཡས་ནས་གཡོན་དུ་འཆོང་། ཕཊ། གཡོན་ནས་གཡས་སུ་འཆོང་། ཕཊ། རོའི་མགྲིན་པ་ནས་བཟུང་སྟེ་ཁ་སྦུབ་ཏུ་བརྡབས། ཕཊ། གྲི་གུག་གིས་སྤྱི་གཙུག་ནས་རྐང་མཐིལ་བར་གཤགས་ཏེ། པགས་པ་ཆལ་གྱིས་བཀྲམ། ཕཊ། ཤ་རུས་རྣམས་དུམ་བུར་གཏུབས་ཏེ་སྤུངས་པའི་སྟེང་དུ་ཀླད་པ་བླུགས་པས། རྫ་རི་དམར་པོ་ལ་གངས་ཆགས་པ་ལྟར་གྱུར། ཕཊ། དེའི་སྟེང་དུ་ཕྱག་གི་བདུད་རྩི་བླུགས། ཨོཾ་ཨཱཿ ཧཱུྃ། ཚར་གསུམ་གྱི་བྱིན་གྱིས་བརླབས། ཕཊ། རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འཁོར་འདས་ཀྱིས་བསྡུས་པའི་མགྲོན་ཐམས་ཅད་སྤྱན་དྲངས། ཕཊ། ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གང་འདོད་འགྱེད་ཅིང་། མགྲོན་རྣམས་ཅི་འདོད་ཁྱེར་ཏེ་དགའ་ཞིང་ཚིམ་པར་གྱུར། ཕུང་པོ་ཚོགས་འབུལ་ནི། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མཆོད་པར་འབུལ། མཆོད་པ་བཞེས་ལ་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་གུ་རུ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ། བཅོམ་ལྡན་རྒྱལ་བ་རིགས་ལྔའི་ལྷ་ཚོགས་ལ། །ཕུང་པོ་ལྔ་པོ་ཐམས་ཅད་མཆོད་པར་འབུལ། །མཆོད་པ་བཞེས་ལ་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་གུ་རུ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ། སྤྱན་མ་ལ་སོགས་རྒྱལ་བའི་ཡུམ་རྣམས་ལ། །འབྱུང་བ་བཞི་པོ་ཐམས་ཅད་མཆོད་པར་འབུལ། །མཆོད་པ་བཞེས་ལ་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་གུ་རུ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ། །ས་སྙིང་ལ་སོགས་སེམས་དཔའི་ཚོགས་རྣམས་ལ། །དབང་པོ་དྲུག་པོ་ཐམས་ཅད་མཆོད་པར་འབུལ། །མཆོད་པ་བཞེས་ལ་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་གུ་རུ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ། གཟུགས་ཀྱི་རྡོ་རྗེ་ལ་སོགས་སེམས་མ་ལ། །འདོད་ཡོན་ལྔ་པོ་ཐམས་ཅད་མཆོད་པར་འབུལ། །མཆོད་པ་བཞེས་ལ་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་གུ་རུ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ། གཤིན་རྗེའི་གཤེད་སོགས་ཁྲོ་བོའི་ཚོགས་རྣམས་ལ། །ཚིགས་ཆེན་བརྒྱད་སོགས་ཐམས་ཅད་མཆོད་པར་འབུལ། །མཆོད་པ་བཞེས་ལ་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་གུ་རུ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ། ལྷན་སྐྱེས་འཚོ་སྲུང་སྐྱོབ་འགྲོགས་འགོ་ལྷ་ལ། །ཚེ་སྲོག་བཀྲག་མདངས་དབུགས་རྣམས་སྦྱིན་པར་གཏོང་། །གནས་བདག་གཞི་བདག་ཡུལ་གྲོང་ལུས་གདོན་ལ། །བདག་ལུས་ཤ་ཁྲག་གང་འདོད་སྦྱིན་པར་གཏོང་། །འགྲོ་བ་རིགས་དྲུག་ཁམས་གསུམ་སེམས་ཅན་ལ། །བདག་ལུས་ཤ་ཁྲག་གང་འདོད་སྦྱིན་པར་གཏོང་། །ལྟོ་འཕྱེ་ཆེན་པོ་ལ་སོགས་གཙོ་བོ་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཐམས་ཅད་ལ། །བདག་ལུས་ཤ་ཁྲག་གང་འདོད་སྦྱིན་པར་གཏོང་། །དམུ་བདུད་བཙན་དང་རྒྱལ་པོ་མ་མོ་དང་། །སྲིན་པོ་གཟའ་དང་གནོད་སྦྱིན་གཉན་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །བདག་ལུས་ཤ་ཁྲག་གང་འདོད་སྦྱིན་པར་གཏོང་། །ཞེས་སྦྱིན་གཏོང་བྱེད་ཅིང་། རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་སེམས་ཅན་སྡུག་བསྔལ་ཞི་གྱུར་ཅིག །བུ་ལོན་ལན་ཆགས་ཤ་མཁོན་བྱང་གྱུར་ཅིག །ཞེས་བརྗོད་ལ། འཛིན་པ་བཅད་དེ་ཡུམ་གྱི་དགོངས་པའི་ངང་དུ་བཞག །ཕཊ།

ལྔ་པ་ནི། བདག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་རྣམས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ། སེར་སྣས་ཆགས་པ་མེད་ཅིང་བདག་འཛིན་བློས་བཏང་། བདག་གིར་འཛིན་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམ་པར་དག་པ་སྤྱད་པར་བགྱིའོ་སྙམ་པའི་འདུན་པ་དང་། རང་རྒྱུད་ཀྱི་ཉོན་མོངས་པ་འདོད་ཆགས་དང་། དེ་ལས་སྐྱེས་པའི་ནད་གདོན་སྡིག་སྒྲིབ་རྣམས། །འདོད་ཆགས་ཀྱི་རང་གཟུགས་བྱ་ཕུག་རོན་གྱི་རྣམ་པ་ཅན་ཞིག་སྣ་བུག་གཡས་ནས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་དུ་སོང་བར་གྱུར། ཡང་རང་རྒྱུད་ཀྱི་ཉོན་མོངས་པ་ཞེ་སྡང་དང་། དེ་ལས་སྐྱེས་པའི་ནད་གདོན་སྡིག་སྒྲིབ་རྣམས་ཞེ་སྡང་གི་རང་གཟུགས་དུག་སྦྲུལ་གྱི་རྣམ་པ་ཅན་ཞིག་སྣ་བུག་གཡོན་ནས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་དུ་སོང་བར་གྱུར། ཡང་རང་རྒྱུད་ཀྱི་ཉོན་མོངས་པ་གཏི་མུག་དང་། དེ་ལས་སྐྱེས་པའི་ནད་གདོན་སྡིག་སྒྲིབ་རྣམས་གཏི་མུག་གི་རང་གཟུགས་ཕག་པའི་རྣམ་པ་ཅན་ཞིག་སྣ་བུག་གཉིས་ཆར་ནས་རླུང་དབུས་སུ་བསྒྲིལ་ཏེ་བུས་པའི་སྣ་ལ་ཕྱིར་རྒྱང་གིས་ཐོན། ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་དུ་སོང་བར་གྱུར། ཅེས་དུག་གསུམ་ཕྱིར་དབྱུང་བའི་རླུང་གསུམ་བུས་རྗེས། འདི་ལྟར་བསམ་ཞིང་བརྗོད་པར་བྱ། བདག་གིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་བདག་ཏུ་བཟུང་ཞིང་གཅེས་པར་འཛིན་པས། དེ་སྔར་ཡང་ཕུང་པོ་མང་རབས་ཤིག་ཞིག་པ་དོན་མེད་དུ་ཆུད་ཟོས་སུ་སོང་། བདག་འཛིན་གྱི་འདྲེས་ཁྱེར་བས་འཁོར་བར་ཡུན་རིང་དུ་འཁྱམས་ཤིང་ལུས་ངན་པ་ལ་སོགས་པའི་ཕུང་པོ་གྲངས་མེད་པ་བླངས་ནས་ལས་ངན་སྡིག་པ་སྣ་ཚོགས་པ་བྱས་པས་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་ཚོར་བ་དཔག་ཏུ་མེད་པ་མྱོང་བས། ད་ནི་འཁོར་བའི་རྒྱུ་བདག་འཛིན་དང་བཅས་པ་ལ་མི་ཆགས་མི་ཞེན་ནས། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་ལ་ཤིན་ཏུ་ཆགས་ཤིང་ཞེན་པ་རྣམས་ཀྱི་བདག་འཛིན་ཐོང་བར་བྱ་བའི་ཕྱིར་དུ་བདག་གིས་ལུས་གཏོང་བར་བྱ། གལ་ཏེ་སེམས་ཅན་བདག་འཛིན་གཏོང་མི་ནུས་ནས་ལུས་སེམས་ཕྲལ་དོགས་ནས་ཆགས་ཤིང་ཞེན་པ་རྣམས་ཀྱི་ལུས་སེམས་མི་འབྲལ་བར་བྱ་བའི་གླུད་དུ་བདག་གི་ལུས་འདི་ལྷ་འདྲེ་རྣམས་ལ་གཏོང་བར་བྱ། ཡང་སྒོས་སུ་ཕ་མ་གཉིས་དྲིན་ཆེ་བས་དྲིན་ལན་གྱི་ཕྱིར་བདག་གི་ལུས་འདི་ལྷ་འདྲེ་རྣམས་ལ་གཏོང་། སྔོན་ཆད་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་གྱི་ལན་ཆགས་པའི་བདག་པོ་བདག་མོ་རྣམས་ལ་བདག་གི་ལུས་འདི་ལན་ཆགས་སུ་འཇལ་བར་བྱའོ། །སྙམ་ནས། རང་ལུས་ཐ་མལ་པར་གནས་པའི་ཁོག་པའི་ནང་རྩ་དབུ་མའི་མས་སྣའི་སྦུབས་ནང་དུ་རང་གི་རིག་པའི་ངོ་བོ་འོད་དཀར་པོ་ཅོག་སྒོང་ཙམ། ཕཊ། སྦུབས་ནང་ནས་ཡར་འཕོས་ཏེ། སྙིང་གར་རང་རིག་འོད་ཀྱི་ཕུང་པོ་དེ་ཉིད་རྡོ་རྗེ་ཕག་མོའི་སྐུ་ཆུང་ངུ་གཅིག་ཏུ་གྱུར། ཕཊ། རང་རིག་གི་ངོ་བོ་རྡོ་རྗེ་ཕག་མོའི་སྐུ་དེ་ཉིད་དབུ་མའི་ལམ་ནས་བརྒྱུད། ཚངས་པའི་བུ་གའི་ནང་ནས་སྟེང་གི་ནམ་མཁར་རྒྱང་གིས་ཐོན། རྡོ་རྗེ་ཕག་མོའི་སྐུ་རང་ཉིད་ཀྱི་ལུས་ཚད་དང་མཉམ་པར་གྱུར། ཕཊ། རང་གི་ཕུང་པོ་བྃ་གྱི་རྣམ་པ་ཅན་དེ་དབུགས་ཕྲལ་མ་ཐག་པ་དྲོད་མ་ཡལ་བ་རླངས་པ་ཕ་ལ་ལ་གཞོན་ཞིང་ཤ་རྒྱས་པ། པགས་པ་འཇམ་ཞིང་སྲབ་ལ་ཤ་བཀྲག་གསལ་ཞིང་མདངས་དང་ལྡན་པ། ཆེ་ཞིང་བརྗིད་ལ་ཚོ་ཞིང་སྣུམ་པ། ལྷ་འདྲེ་རྣམས་ཀྱི་དགོས་འདོད་ཐམས་ཅད་འབྱུང་བའི་དཔལ། མཛེས་ཤིང་ཡིད་དུ་འོང་བ། རོ་མཆོག་བརྒྱ་དང་ལྡན་པ། དྲི་བཟང་པོའི་ངད་པ་ཐུ་ལུ་ལུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར། ཕཊ། མགྲོན་ལྷ་འདྲེ་འཇིགས་ཤིང་ཡང་བའི་གདུག་པ་ཅན་ཁ་གདངས་ཤིང་མཆེ་བ་གཙིགས་ནས་ཤ་ཁྲག་ལ་རྔམ་པའི་ཕོ་བདུད་དང་མོ་བདུད་ལ་རང་རང་གི་འཁོར་དཔག་ཏུ་མེད་པས་བསྐོར་བ་རྣམས་ཀྱིས་རོ་དེ་མཐོང་བ་ཙམ་གྱིས་ཡིད་ཚིམ་ཞིང་དབང་པོ་དེར་འཇུག་ཅིང་གདུག་སེམས་ཐམས་ཅད་ངང་གིས་ཞི་ནས་དགའ་ཞིང་བྲོད་པའི་སེམས་དུང་ངེ་བ་སྐྱེས་ཏེ། མེ་ཏོག་གི་ཚལ་ན་བུང་བ་འདུ་བ་བཞིན་ལྷ་འདྲེ་རྣམས་རང་དབང་མེད་པར་འུབ་ཀྱི་འདུས་པར་གྱུར། ཕཊ། དྲིན་ཅན་ཕ་མའི་དྲིན་ལན་དང་། །དཔལ་ལྡན་བླ་མའི་སྐུ་གླུད་དུ། །བདག་ལུས་རྣམ་སྨིན་ཕུང་པོ་འདིའི། །སྤྱི་བོ་ཚངས་པའི་བུ་ག་ནས། །རྐང་མཐིལ་སེན་མོ་ཡན་ཆད་ལ། །ཁོ་བོ་ཞེན་ཆགས་མི་བྱེད་ཀྱི། །ཐམས་ཅད་བག་ཕོབ་ཚིམ་པར་ཟོ། །ཤ་ཁྱེར་ཁྲག་འཐུང་རུས་པ་མུར། །མདོ་ལས། ལག་པ་འདོད་པ་ལག་པ་ཁྱེར། རྐང་པ་འདོད་པ་རྐང་པ་ཁྱེར། མིག་འདོད་པ་མིག་ཁྱེར། ཤ་འདོད་པ་ཤ་ཁྱེར། ཁྲག་འདོད་པ་ཁྲག་ཁྱེར། རུས་པ་འདོད་པ་རུས་པ་ཁྱེར། མགོ་བོ་འདོད་པ་མགོ་བོ་ཁྱེར། ཡན་ལག་དང་ཉིང་ལག་འདོད་པ་ཡན་ལག་དང་ཉིང་ལག་ཁྱེར། ཕོ་གདོན་སྟོད་ལ་དགའ་བ་སྟོད་ཁྱེར། མོ་གདོན་སྨད་ལ་དགའ་བ་སྨད་ཁྱེར། རྒྱལ་པོ་དོན་སྙིང་ལ་དགའ་བ་དོན་སྙིང་ཁྱེར། ས་བདག་ཀླུ་གཉན་རྩ་དང་ཆུ་རྒྱུས་ལ་དགའ་བ་རྩ་དང་ཆུ་རྒྱུས་ཁྱེར། མདོར་ན་སེམས་ཅན་གང་དང་གང་དག་ལ། ཅི་དང་ཅི་དགོས་པ་དེ་དང་དེ་བཞིན་དུ་ཁྱེར། ཅེས་བརྗོད་པས། འདྲེ་གདོན་རྣམས་ཤ་རུལ་ལ་སྦྲང་བུ་ཐིབས་ཀྱིས་བབས་པ་ལྟར་འུབ་ཀྱིས་འདུས། རང་ལུས་རྗེས་མེད་དུ་ཟོས་པར་གྱུར། ཅེས་བསམས་ལ། ཕཊ་གྲངས་ངེས་མེད་པར་བརྗོད་ཅིང་། བདག་ལ་གནོད་པར་བྱེད་པའི་ལྷ་འདྲེ་གང་ཡིན་པ་དེས་སྣ་དྲངས། ཕོ་བདུད་བྱེ་བ་དཔག་ཡས། མོ་བདུད་བྱེ་བ་དུང་ཕྱུང་། རྒྱལ་བསེན་སྡེ་བརྒྱད་ཐམས་ཅད། དམུ་བདུད་བཙན་གསུམ། ཀླུ་གདོན་གཟའ་བདུད། གཤིན་རྗེ་མ་མོ། གནོད་སྦྱིན་གྲུལ་བུམ། གཉན་རིགས་ལྟོ་འཕྱེ། མ་བདུན་སྲིང་བཞི། ལན་ཆགས་བགེགས་རིགས། ནད་རིམས་ཡམས་བདག །གྲི་བོ་ཐེའུ་རང་། ཟ་འདྲེ་ཤི་གཤེད། དྲི་ཟ་རྦད་འདྲེ། ཡི་དྭགས་འབྱུང་པོ། དམ་སྲི་བསེ་རག །བྱད་མ་གནོད་བྱེད། ལས་གདོན་ལུས་གདོན། གནས་པོ་ཡུལ་བདག །དེ་རྣམས་འཁོར་དང་བཅས་པ། གྲིབ་དང་ཆོ་འཕྲུལ་ངན་པ་གཏོང་བ། ལྷ་འདྲེ་གདུག་སེམས་འཆང་བ་ཐམས་ཅད་དང་། རྗེས་འབྲང་གི་ལྷག་མ་སྡུད་པ་དང་བཅས་པ་རྣམས་ལ་ལུས་ཤ་ཁྲག་གི་ཕུང་པོ་འདི་བྱིན་པས་མ་ལུས་པ་ཐམས་ཅད་ཚིམ་པ་དང་། དགའ་ཞིང་མགུ་ནས་རྗེས་སུ་ཡི་རང་བའི་སེམས་དང་ལྡན་པར་གྱུར་ཅིག །ཕཊ། རྗེ་བཙུན་མི་ལ་རས་པའི་གསུང་མགུར་ལས། སྔོན་ཚེ་རབས་འཁོར་བ་ཐོག་མེད་ནས། །ལུས་ཇི་ཙམ་བླངས་ཀྱང་སྡུག་བསྔལ་བ། །འདུ་བྱེད་ཀྱི་ཕུང་པོ་འབའ་ཞིག་བསགས། །དོན་མེད་དུ་ཡང་ཡང་ཡལ་བར་དོར། །དུས་ད་རེས་འབྱུང་བཞི་འདུས་པ་ཡི། །ལུས་ཐག་བཅས་ཤ་ཁྲག་ཕུང་པོ་འདི། །འདིར་འདུས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །ཁྱེད་རྣམས་ལ་ཅིའི་ཕྱིར་མི་སྟེར་ཏེ། །ནང་འགྲོ་དྲུག་བཅུད་ཀྱི་སེམས་ཅན་ལ། །མི་ང་ཡི་ཕ་མར་མ་གྱུར་མེད། །དེ་རྣམས་ཀྱི་ལན་ཆགས་ལེན་པ་དང་། །བུ་ལོན་དང་ཤ་འཁོན་གཉེར་བ་ལ། །འཚབ་གླུད་དུ་ཁོ་བོའི་ལུས་འདི་གཏོང་། །གྱེན་ཡ་ཀི་སྤྱི་བོའི་གཙུག་ནས་བཟུང་། །སྒབ་མ་ཀི་རྐང་མཐིལ་ཡན་ཆད་ལ། །ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་སྟེ། །དབང་པོ་ལྔ་དོན་སྙིང་རྣམ་པ་ལྔ། །ནང་ཁྲོལ་དྲུག་ཤ་རུས་རྐང་དང་ཚིལ། །གླད་པ་དང་གླད་རྒྱ་ཞག་དང་ཁྲག །སྐྲ་སེན་མོ་པགས་པ་དྲི་མ་དང་། །དབུགས་ཚེ་སྲོག་མདངས་དང་བཀྲག་ལ་སོགས། །ཁྱེད་སོ་སོའི་ཡིད་ལ་གང་འདོད་རྣམས། །དུས་ད་ལྟ་ཉིད་དུ་ཁྱེར་ལ་ཟོ། །ཀུན་ཚིམ་ཞིང་དགྱེས་པ་ཁོ་ནར་གྱུར། །ཕཊ། ལུས་ཤ་ཁྲག་མཆོད་སྦྱིན་འདིར་བརྟེན་ནས། །གདོན་ཤ་ཟ་གནོད་སྦྱིན་སྲིན་པོའི་ཚོགས། །གདུག་རྩུབ་ཀྱི་བསམ་ངན་སླར་ཞི་ཞིང་། །རྒྱུད་ཟག་མེད་སྙིང་རྗེས་ཡོངས་སུ་གང་། །སྙིང་རྗེ་དེས་ཉེ་བར་ལེན་པ་ཡི། །རྒྱུ་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས། །ད་ཕྱིན་ཆད་སྐྱེ་འགྲོ་སེམས་ཅན་ལ། །ངན་གནོད་ཅིང་འཚེ་བ་མི་བྱེད་དེ། །སླར་གནོད་འཚེའི་བསམ་སྦྱོར་ལས་ལོག་ནས། །སེམས་ཤིན་ཏུ་བརྩེར་ལྡན་བྱམས་པ་དང་། །དགའ་གདུང་གི་བསམ་པ་དུ་མ་ཡིས། །ཕན་འདོགས་ཤིང་ཐམས་ཅད་བདེ་སྐྱིད་ཀྱི། །ལོངས་སྤྱོད་དང་འབྱོར་པ་ཕུན་སུམ་ཚོགས། །བྱང་ཆུབ་ཀྱི་སེམས་དང་ལྡན་གྱུར་ཅིག །ཕཊ། ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །ང་སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ལར་ཅིས་ཀྱང་མི་སྟོང་འདོར་བ་ལ། །འདྲེ་ཁྱེད་ལ་དགོས་ན་སུས་འདོད་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་གཏོང་། །སྒོས་དྲིན་ཅན་ཕ་མའི་དོན་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུ་རངས་ཤིང་ཚིམ་གྱུར་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་དེ། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །ང་གྲུབ་ཐོབ་རྗེ་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །འཁྲུལ་པ་གཞི་མེད་དུ་རྟོགས་པ་དེས། །རིག་པའི་ཆུ་ཟླ་རྙོག་པ་དྭངས། །འོད་གསལ་གྱི་ཉི་མ་སྤྲིན་དང་བྲལ། །མ་རིག་མུན་པ་མཐའ་ནས་སངས། །རྨོངས་པའི་མགོ་འཁོར་ཡལ་ནས་ཐལ། །ཡིན་ལུགས་ཞིག་ནང་ནས་འཆར་གྱིན་གདའ། །ལར་འདྲེར་འཛིན་གྱི་རྣམ་རྟོག་རིན་པོ་ཆེ། །གཞི་སྐྱེ་མེད་ཀྱི་གསལ་འདེབས་ངོ་མཚར་ཆེ། །ཞེས་བརྗོད་ལ། འཛིན་པ་བཅད་དེ་ཡུམ་གྱི་དགོངས་པའི་ངང་དུ་སང་ངེར་བཞག །ཕཊ། དེ་རྗེས་རང་དང་གཞན་གྱི་བསོད་ནམས་བྱས་པ་ལ་རྗེས་སུ་ཡི་རང་བསྒོམས་ནས། བདག་གི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །མྱུར་དུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག

།དྲུག་པ་ནི། དུག་གསུམ་རླུང་འབུད་སྔོན་དུ་འགྲོ་བས། ཕཊ། སེམས་སྤྱི་བོར་བླ་མའི་ཐུགས་དང་འདྲེས། །ལུས་ཉ་རོ་ཧི་ཏར་ཁྱུར་གྱིས་གྱུར། །མདངས་རོ་བཅུད་ལྡན་པས་འཇིག་རྟེན་ཁྱབ། །མགྲོན་ཡོངས་ཀྱིས་བདུད་རྩིའི་རྣམ་པར་རོལ། །ཀུན་ཅི་འདོད་ལོངས་སྤྱོད་མཉེས་ཤིང་ཚིམ། ཡུལ་འདི་དང་གཞན་དུ་ནད་རིམས་ཀྱི། །རྒྱུན་ཆད་དེ་འགྲོ་ཕན་སྙིང་རྗེའི་སེམས། །ཉ་དེས་པ་ལྟ་བུར་འབྱོངས་གྱུར་ཅིག །ཕཊ། ཕཊ། ནད་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །ལས་ངན་པའི་རྣམ་སྨིན་དག་གྱུར་ཅིག །ལན་ཆགས་པའི་བུ་ལོན་འཁོར་གྱུར་ཅིག །རྒྱུད་ཟག་མེད་བདེ་དང་ལྡན་གྱུར་ཅིག །ཕཊ། ཡང་ནད་རིམས་སོགས་ཀྱི་དོན་དུ་སྤྲོ་ན། རང་ལུས་གཞོན་དར་རྒྱས་པའི་སྙིང་དབུས་ནས། རྣམ་ཤེས་དཔའ་བོ་སྤྱི་བོའི་ནམ་མཁར་བྱོན། ཕཊ། བེམ་པོ་ཆེ་ཚོ་དྲོད་མ་ཡལ་བའི་གཡས། །རྒྱལ་པོ་བནྡྷེ་སག་ཞུ་ཅན་དང་གཡོན། །འདྲེ་མོ་གཡུ་རལ་གསེར་སྨིན་དུང་མཆེ་ཅན། །མདུན་དུ་ས་བདག་སྦལ་པ་ལག་པ་དགུ། །རྒྱབ་ཏུ་གཉན་གྱི་ཉ་ཆེན་ལྕགས་ཟེ་ཅན། །འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་དང་། །སྟེང་དུ་གཟའ་བདུད་རཱ་ཧུ་ལ་རྣམས་ལ། །སོ་སོའི་དམག་ཚོགས་བྱེ་བ་དུང་ཕྱུར་བཅས། །ནང་ངོས་བྱད་མ་ལྷར་བཅས་བར་མཚམས་སུ། །དམུ་བདུད་བཙན་དང་ཐེའུ་རང་དམ་སྲིའི་དམག །ཕྱི་རོལ་ལྷ་སྲིན་སྡེ་བརྒྱད་མཁའ་དབྱིངས་ཀློང་། །མཆོད་ཡུལ་སྦྱིན་གནས་འཁོར་འདས་མགྲོན་ཀུན་རྫོགས། །གཡག་སྡེ་པཎ་ཆེན་གྱི་གསུང་ལས་སོ། །ཕཊ། རང་ལུས་ཤ་ཁྲག་ཕུང་པོ་འདི། །བདག་ཏུ་འཛིན་པའི་བློས་སྤང་ནས། །ཨོཾ་ཨཱཿ ཧཱུྃ་གིས་བྱིན་བརླབས་ནས། །ཟག་མེད་བདུད་རྩིར་སྤེལ་བ་འདིས། །དྲིན་ཆེན་རྩ་བའི་བླ་མ་མཆོད། །ཕྱི་ནང་བརྒྱུད་པའི་བླ་མ་མཆོད། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་མཆོད། །བྱང་སེམས་ཉན་རང་ཆེ་རྣམས་མཆོད། །བསྟན་སྲུང་མ་མགོན་ལྕམ་དྲལ་མཆོད། །ཕོ་ཉ་བྱེ་བ་དུང་ཕྱུར་མཆོད། །འཇིག་རྟེན་སྐྱོང་བའི་མཐུ་ཆེན་མཆོད། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་མཆོད། །སྟོང་གསུམ་སྟོང་གི་གཞི་བདག་མཆོད། །ཁྱད་པར་འདིར་གནས་ཀྱི་ལྷ་འདྲེ་མཆོད། །འགྲོ་བ་རིགས་དྲུག་གི་སེམས་ཅན་མཆོད། །ཐོག་མེད་དུས་ཀྱི་ལན་ཆགས་མཆོད། །རྒྱ་ཆེན་མཆོད་པ་འདི་ཡི་མཐུས། །སངས་རྒྱས་བསྟན་པ་དར་གྱུར་ཅིག །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །དྲེགས་ཅན་དམ་ལ་གནས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་འབྲེལ་ཐག་ཆོད་གྱུར་ཅིག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ། རྗེ་རང་བྱུང་རྡོ་རྗེའི་གསུང་ངོ་། །རང་ཉིད་དཔའ་བོ་ལས་སྤྲུལ་པའི། །ལས་བྱེད་མཁའ་འགྲོའི་གཡས་སོར་ལྔ། །ལྕགས་སྤྱང་ལྔ་དང་གཡོན་སོར་ལྔ། །ཟངས་འཕར་ལྔ་ཡིས་ཕུང་པོ་བཅད། །ལྷ་འདྲེ་རྣམས་ཀྱི་ཁ་གདངས་པའི། །ནང་དུ་ཤ་ཁྲག་དམར་ཆལ་ཆལ། །འཕངས་མེད་གཏོར་བ་ཧབ་སྒྲ་དང་། །ལྕབ་སྒྲ་དིར་དིར་ཟོས་པར་གྱུར། །ཕཊ། གནས་གཉན་ས་འདི་ཡི་ལྷ་འདྲེ་དང་། །ཁྱེད་ཆོ་འཕྲུལ་སྟོན་པའི་འདྲེ་གདོན་སོགས། །ཡོངས་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །སྟེང་ནམ་མཁའི་སྤྲིན་བཞིན་འཐིབས་ལ་ཤོག །བར་བུ་ཡུག་བཞིན་དུ་འཚུབས་ལ་ཤོག །འོག་རྒྱ་མཚོའི་རླངས་བཞིན་འཕྱུར་ལ་ཤོག །ལུས་ཤ་ཁྲག་རུས་པ་ལྷག་མེད་རོལ། །ཀུན་དགའ་མགུ་ཡི་རང་ཚིམ་གྱུར་ཅིག །སྒོས་རྦོད་གཏོང་རྦད་འདྲེ་ཚིམ་གྱུར་ཅིག །ལྷ་དཀོར་བདག་རྒྱལ་འགོང་ཚིམ་གྱུར་ཅིག །འདྲེ་མ་ཡམ་གྲི་མོ་ཚིམ་གྱུར་ཅིག །གཟའ་རྒྱུ་སྐར་གདོང་མོ་ཚིམ་གྱུར་ཅིག །ཀླུ་ས་བདག་མཚོ་སྨན་ཚིམ་གྱུར་ཅིག །བདུད་ཡ་བདུད་མ་བདུད་ཚིམ་གྱུར་ཅིག །བཙན་ཁ་མྱུར་རྐང་མགྱོགས་ཚིམ་གྱུར་ཅིག །སྲི་ལྟ་ལོག་དམ་ཉམས་ཚིམ་གྱུར་ཅིག །གཉན་ཐེའུ་རང་བསེ་རག་ཚིམ་གྱུར་ཅིག །རྗེས་བསྙེགས་པའི་སྒབ་འདྲེ་ཚིམ་གྱུར་ཅིག །དཔུང་མང་ཉུང་མེད་པར་ཚིམ་གྱུར་ཅིགཁ་དྲག་ཞན་མེད་པར་ཚིམ་གྱུར་ཅིག །གདོན་རྒྱབ་ཅན་ལ། རང་བཞིན་གནས་ནས་མཁའ་འགྲོའི་ཚོགས། །སྤྲུལ་པ་གཅན་གཟན་འདྲེར་བཅས་ཀྱིས། །ཤ་ཁྲག་ནད་གདོན་ལྷག་མེད་གསོལ། །སྡུག་བསྔལ་བདེ་སྟོང་ཆེན་པོར་གྱུར། །ཅེས་དམིགས་བཞིན་དུ། ཕཊ། མ་ཡེ་ཤེས་ལས་དང་དམ་ཚིག་བདག །ཤ་ཟ་འཇིག་རྟེན་མཁའ་འགྲོ་མ། །གིང་ཆེན་གིང་ཆུང་ལྕམ་དྲལ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཧར་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་རྐན་སྒྲ་ཐགས་སེ་ཐག །ཤ་ཟན་ལྕབ་སྒྲ་དི་རི་རི། ཁྲག་འཐུང་ཧུབ་སྒྲ་ཧོ་རོ་རོ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །རྐང་བརྡུངས་ལྷ་ང་ལྗིབས་སེ་ལྗིབ། །དགྱེས་པའི་གད་རྒྱངས་ཤ་ར་ར། །མགུ་བའི་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་སངས་སེ་སང་། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འདི། །མཁའ་འགྲོའི་ཚོགས་ཀྱིས་བཞེས་སུ་གསོལ། །མཁའ་འགྲོ་མ་ཡིས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཕཊ། གཉིས་མེད་དོན་དང་བསྲེ་བ་གཅེས། གསུངས་པའི་དོན། སྣང་སྲིད་བླ་མ་མཁའ་འགྲོ་ཡིས། །ཡོམ་ཡོམ་ཤིགས་ཤིག་འོད་ལམ་ལམ། གཅིག་ལ་གཅིག་ཐིམ་དབྱིངས་སུ་ཐིམ། །དབྱིངས་རིག་སྟོང་གསལ་ཆོས་སྐུར་གྱུར། །ཅེས་བསྒོམ་ཞིང་། རྗེ་དམ་པ་ལབ་སྒྲོན་ཐང་སྟོང་སོགས། །གཅོད་ཡུལ་གྱི་གྲུབ་ཐོབ་བརྒྱུད་པ་རྣམས། །སྟེང་ནམ་མཁའི་ཁམས་སུ་མི་ཤོངས་ཤིང་། །འོག་དོང་མོ་ས་ལ་མ་ཆུད་པར། །ཤེས་བྱ་ཐམས་ཅད་གཅོད་དུ་ཞུ། །གཅོད་ཀྱང་གནོད་བྱེད་ཀྱི་ངང་དུ་ཐིམ། །གནོད་བྱེད་སྟོང་པའི་རོལ་པ་ལ། །གནོད་རྒྱུ་མེད་ན་གནོད་བྱ་སྟོང་། །ཕུང་པོ་ལ་བརྟེན་པའི་འཇིགས་པ་ཀུན། །དུས་དེ་རིང་ནས་ཡོད་སྙམ་མི་བགྱིད་དོ། །བཀའ་བརྒྱུད་བླ་མའི་རྫུ་འཕྲུལ་འདིས། །འགྲོ་དྲུག་གི་སྡུག་བསྔལ་ཐམས་ཅད་པ། །གཞི་མེད་དུ་གྲོལ་བའི་རྟོགས་ཐོབ་ནས། །སེམས་ཅན་ཀུན་གཏན་ཐར་གྱི་རྒྱུར་གྱུར་ཅིག །ཕཊ། ཅེས་མཉམ་པར་བཞག་གོ །རྗེ་རྒོད་ཕྲུག་རས་པའི་དམིགས་འབུམ་ལས། ལན་ཆགས་གཏོར་མ། ཕཊ། རང་སེམས་དཔའ་བོ་སྤྱི་བོར་ཐོན། །བེམ་པོ་འདོད་རྒུ་ཕུན་སུམ་ཚོགས། །ལན་ཆགས་པ་ལ་མའོ་རྒུར་གཏོང་། །སེམས་ཅན་དོན་དུ་ཅི་བདེར་སྤྱོད། །ཕུང་པོ་མཆོད་སྦྱིན་རྒྱ་ཆེན་འདི། །ཡར་གྱི་བླ་མར་མཆོད་པར་འབུལ། །མར་གྱི་འགྲོ་ལ་དྲིན་ལན་སྦྱིན། །བར་གྱི་དགྲ་འདྲེར་ལན་ཆགས་འཇལ། །བདག་ཅག་ཚེ་རབས་ཐོག་མེད་ནས། །ད་ལྟའི་ལུས་འདི་བླངས་པ་ཡན། །བསད་བཅད་སྲོག་གི་ལན་ཆགས་དང་། །བརྡུངས་པ་ན་ཚའི་ལན་ཆགས་དང་། །བརྐུས་ཕྲོགས་ཟས་ནོར་ལན་ཆགས་རྣམས། །ལུས་སྦྱིན་འདི་ཡིས་འཁོར་གྱུར་ཅིག །མཉམ་དུ་འོང་བའི་ལྷ་བདུད་དང་། །ཆོ་འཕྲུལ་སྟོན་བའི་གནོད་བྱེད་ལ། །ལུས་འདི་ལེགས་པར་བྱིན་ཟིན་གྱིས། །ཤ་མཁོན་བྱང་ནས་སངས་རྒྱས་ཤོག །ཕཊ། ཕཊ། གཟན་བསྐྱུར་རྣམ་བཤད་ལས། གཞི་བདག་གཏོར་མ། ཕཊ། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །བདག་ལུས་གདོས་བཅས་ཕུང་པོ་འདི། །དཀར་གསུམ་མངར་གསུམ་སྨན་གྱི་ཚོགས། །དར་ཟབ་དང་ནི་རིན་པོ་ཆེ། །འབྲུ་སྣ་དང་ནི་འདོད་ཡོན་སོགས། །བ་གླང་རྟ་དང་གླང་པོ་དང་། །དཀོར་ནོར་སྣ་ཚོགས་བང་མཛོད་དང་། །མེ་ཏོག་རྩི་སྨན་ནགས་ཚལ་དང་། །གཞི་བདག་འདོད་པའི་ཡོ་བྱད་རྣམས། །འདོད་དགུའི་ལོངས་སྤྱོད་བསམ་མི་ཁྱབ། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་དགོས་བདག་གིས་སྦྱིན། །གཞི་བདག་རྣམས་ལ་མཆོད་པར་འབུལ། །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །གདུག་རྩུབ་བསམ་ངན་ཞི་ནས་ཀྱང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕཊ། རྣམ་བཤད་ཀྱི་ཀླུ་གཏོར། ཕཊ། བདག་ལུས་གདོས་བཅས་ཕུང་པོ་འདི། ཁྲག་འོ་མའི་རྒྱ་མཚོ་ཆེན་པོ་ལ། །རུས་པ་བཟང་དྲུག་གི་སྨན་དང་བཅས། །ཤ་འཆི་མེད་བདུད་རྩིས་སྟོང་གསུམ་གང་། །མཚོ་དང་རྫིང་བུ་ལྟེང་ཀ་དང་། །ནེའུ་སེང་དང་ནི་དཔག་བསམ་ཤིང་། །སྐྱེད་མོས་ཚལ་དང་ཁང་བཟང་རི། །ཡིད་བཞིན་ནོར་དང་དྲི་བཟང་སྨན། །འདོད་ཡོན་གཟུགས་སྒྲ་དྲི་རོ་རེག །ཀླུ་ལ་མཁོ་བའི་ཡོ་བྱད་རྣམས། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་མཁོ་བདག་གིས་སྦྱིན། །ཀླུ་རིགས་རྣམས་ལ་མཆོད་པར་འབུལ། །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །གདུག་རྩུབ་བསམ་ངན་ཞི་ནས་ཀྱང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕཊ། དགའ་སྟོན་མུ་ཏིག་ཕྲེང་བ། ཕཊ། རིག་པ་བྲལ་བའི་བེམ་པོ་དཔག་བསམ་ཤིང་། །མཁའ་ཁྱབ་ལས་བྱེད་དམ་ཚིག་མཁའ་འགྲོས་བསྐུལ། །དགོས་འདོད་རིན་ཆེན་སྣ་ཚོགས་ཆར་དུ་བབས། །འཁོར་འདས་མགྲོན་རྣམས་ཅི་འདོད་ལོངས་སྤྱོད་གྱུར། ཕཊ། ཕཊ། རིག་བ་བྲལ་བའི་བདག་ལུས་སྲིད་རྩེར་ཁྱབ། །རིན་ཆེན་རྒྱལ་མཚན་གྱུར་པའི་རྩེ་མོ་རུ། །ཡིད་བཞིན་ནོར་བུས་དགོས་འདོད་ཆར་དུ་འབེབས། །མཆོད་ཡུལ་མཉེས་ཤིང་སྦྱིན་ཡུལ་བྱང་ཆུབ་ཐོབ། ཕཊ། ཕཊ། བདག་ལུས་རིན་ཆེན་བུམ་པ་སྟོང་གསུམ་ཁྱབ། །ཁ་ལུད་འབྲུ་ནོར་ལོངས་སྤྱོད་འདོད་དགུའི་གཏེར། །སྲིད་གསུམ་མགྲོན་རྣམས་ཅི་འདོད་ལོངས་སུ་སྤྱོད། །མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ། ཕཊ། བདག་ལུས་དབང་ཆེན་གསེར་གྱི་ས་གཞི་རུ། །རི་རབ་ཉི་ཟླ་གླིང་བཞི་གླིང་ཕྲན་མཚོ། །འདོད་ཡོན་རྣམ་ལྔ་འབྲུ་ནོར་ལོངས་སྤྱོད་རྫས། །མ་རྨོས་ལོ་ཏོག་འདོད་འཇོའི་བ་ལང་རྟ། །གླང་ཆེན་བེའུ་ལུག་མ་ཧེ་ཕྱུགས་ཀྱི་རིགས། །གསེར་དངུལ་རྡོ་རྗེ་མུ་ཏིག་རིན་ཆེན་སོགས། །བཀྲ་ཤིས་རྫས་རྟགས་ཀུན་བཟང་མཆོད་སྤྲིན་གཏིབས། །འཁོར་འདས་མགྲོན་རྣམས་མཉེས་ཤིང་ཚིམ་པར་གྱུར། ཕཊ། ཕཊ། ལྷག་མ་སྟོང་གསུམ་བྷནྡྷར་དཀར་མངར་བཅུད། །རང་རང་ཡིད་ལ་གང་འདོད་ནམ་མཁའི་མཛོད། །ལོངས་སུ་སྤྱོད་པས་སོ་སོའི་སྡུག་བསྔལ་ཞི། །མྱུར་དུ་བླ་མེད་སངས་རྒྱས་ཐོབ་པར་ཤོག །ཕཊ། ཕཊ།

བདུན་པ་ནི། དུག་གསུམ་རླུང་འབུད་བྱས་རྗེས། རང་ལུས་སྙིང་གར་ཕག་མོ་ཚོན་གང་བ། །དབུ་མའི་ནང་ནས་སྟེང་གི་ནམ་མཁར་བུད། ཕཊ། དབྱིངས་རིག་བསྲེས་པའི་ངང་ནས་ནམ་མཁའ་ལ། །རྡོ་རྗེ་ཕག་མོ་རང་གི་ལུས་ཚད་ཙམ། །ས་གཞི་ཁོད་སྙོམས་ནམ་མཁའ་ཁྱབ་པ་ཡི། །སྟེང་གི་ཆ་ལ་ལྕགས་ཁྲོལ་རྣོ་ངར་ལྡན། །སྟོང་གསུམ་ཁྱབ་པའི་རང་ལུས་བམ་ཆེན་ཉིད། །ལྕགས་ཁྲོལ་ཆེན་པོ་དེ་ལ་བརྡབ་ནས་བཙིང་། ཕཊ། ཤ་རུས་ཁྲག་གསུམ་ཕྱེ་མར་གྱུར་པ་ཡིས། །མཁའ་ལྟར་ཡངས་བའི་ས་གཞི་ཀུན་ཁེངས་གྱུར། ཕཊ། འཇིག་རྟེན་འཇིག་རྟེན་ལས་འདས་མགྲོན་ཀུན་བྱོན། །ཐམས་ཅད་དགྱེས་པར་རོལ་པས་མཉེས་ཚིམ་གྱུར། ཕཊ། བླ་མ་དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་སེམས་ཅན་འདོད་པ་ཚིམ་གྱུར་ཅིག །གདོན་བགེགས་ལན་ཆགས་བུ་ལོན་བྱང་གྱུར་ཅིག །ཕཊ། ངན་སོང་མགྲོན་རྣམས་བདེ་འགྲོའི་མགྲོན་ལ་ཐིམ། །མཐོ་རིས་འཁོར་བ་འདས་པའི་མགྲོན་ལ་བསྡུ། །འདས་པའི་མགྲོན་རྣམས་ནམ་མཁར་འཇའ་ལྟར་ཡལ། །འཛིན་མེད་ཡུམ་གྱི་དགོངས་པའི་ངང་དུ་བཞག །ཕཊ། ཆོས་ཐམས་ཅད་འཁོར་འདས་དབྱེར་མེད་དུ་དག་པའི་ངང་ལ་མཉམ་པར་ཅི་གནས་སུ་བཞག་སྟེ། ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁར་རག་པ་ཙམ། དྲི་ཚོར་བ་ཙམ་གྱིས་ན་བ་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསད་བསད་བཅད་བཅད་ཚེ་ཐུང་བའི་ལན་ཆགས་བྱང་བར་གྱུར་ཅིག །བརྡུངས་བརྡུངས་བཙོག་བཙོག་ནད་མང་བའི་ལན་ཆགས་བྱང་བར་གྱུར་ཅིག །འཕྲོག་འཕྲོག་བཅོམ་བཅོམ་ནོར་དབུལ་བའི་ལན་ཆགས་བྱང་བར་གྱུར་ཅིག །བཟང་དར་ཟབ། དབྱིག་གསེར་དངུལ། འབྲུ་བང་མཛོད། གྲོགས་ཁྱིམ་ཐབ། རྟ་མ་ཧེ་ལ་སོགས་པ་མདོར་ན་ཚེ་དང་སྲོག་གི་ལན་ཆགས་པའི་བུ་ལོན་འཁོར། ལན་ཆགས་བྱང་། ཤ་མཁོན་དག་ནས་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཕཊ། ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག །ཤ་མཁོན་སྡིག་སྒྲིབ་དག་གྱུར་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་དུ་གྱུར་པ་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་བས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །རྣམ་བཤད། བདག་གིས་ལུས་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་དང་། །བདག་གི་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་འདྲེ་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་དང་། གཞན་ཡང་དུས་གསུམ་དུ་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་ཐམས་ཅད། ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པའི་མཐུ་ལ་བརྟེན་ནས་ལྷ་འདྲེ་གདུག་པ་ཅན་སོགས་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་ནས། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་གྱུར་ཅིག །སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་ལ་མངའ་བརྙེས་ནས། རྒྱལ་བ་ཐམས་ཅད་ཀྱི་ཡབ་རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་མཆོག་ཐོབ་ནས་ཀྱང་འཕྲིན་ལས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སྒྱུ་མ་མཁན་བཟང་པོ་ལུང་བསྟན་པར། གང་གིས་སྦྱིན་ལ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་ནང་དུ་རང་བྱུང་སངས་རྒྱས་ནས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག །སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་འཁོན་རྣམས་ཉམས་པར་འགྱུར། །སྦྱིན་བས་ཕ་རོལ་གཉེན་དུ་འགྱུར། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ཟློག་པར་བྱེད། །སྦྱིན་པ་མཐོ་རིས་ཐེམ་སྐས་ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་གང་། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །བསྡུ་ན་སྨོན་ལམ་དེ་གསུམ་ལས་གང་རུང་གཅིག་བྱའོ། །གཉིས་པ་སྒྲིབ་སྦྱང་ནི། གང་འདུལ་ཐབས་མཁས་འཕྲིན་ལས་ཀྱིས། །གྲངས་མེད་འགྲོ་བ་འདྲེན་མཛད་པའི། །བཀའ་དྲིན་ཆེ་བའི་བླ་མ་ལ། །སངས་རྒྱས་ཡབ་ལྔ་ཡུམ་ལྔ་དང་། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །བྱེ་བ་དཔག་མེད་འཕྲོ་ཞིང་འདུ། །བདག་དང་བདག་འདྲའི་འགྲོ་ཀུན་གྱི། །ལས་ངན་བག་ཆགས་སྦྱང་དུ་གསོལ། །ནད་གདོན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་ཅག་མོས་པའི་བུ་ལ་དངོས་གྲུབ་སྩོལ། །སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་གསུང་ལས་སོ། །ཞེས་གསོལ་བ་བཏབ་པས་ཚོགས་ཞིང་གཙོ་བོ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་གྱི་ལྷ་རྣམས་ལ་ཕོག །འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནུས་པ་བསྡུས་ནས་ཚུར་གཙོ་བོ་རྣམས་ཀྱི་ཐུགས་ཀར་འདུས་ཏེ། དེ་ལས་འོད་ཟེར་ཁ་དོག་དཀར་དམར་མཐིང་གསུམ་འཚེར་བའི་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟར་བྱུང་ནས་བདག་དང་འཁོར་དུ་བསྡུས་པའི་འབྱུང་པོ་རྣམས་དང་བཅས་པའི་སྤྱི་བོར་ཞུགས་པས། འཁོར་བ་ཐོག་མེད་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མི་དགེ་བའི་བག་ཆགས་རྒྱུ་འབྲས་དང་བཅས་པ་ལུས་ཀྱི་དྲི་མ་བཀྲུ་བ་བཞིན་ནག་ནུར་ནུར་དུ་མར་ཐོན། མགོ་ནས་རིམ་པ་བཞིན་དུ་རྐང་པའི་སེན་ཕྲག་དང་འོག་སྒོ་ནས་བུད་དེས་རིམ་པ་དགུའི་འོག་ཏུ་འཆི་བདག་གི་བདུད་དམ་ལས་ཀྱི་གཤིན་རྗེ། ལན་ཆགས་ཀྱི་བདག་པོ་མདོག་ནག་ལ་འཇིགས་པའི་གཟུགས་ཅན་ཤིན་ཏུ་ཁྲོས་པའི་ཆ་བྱད་ཅན་ཁ་རབ་ཏུ་གདངས་པའི་ནང་དུ་ནག་ནུར་གྱིས་སོང་བས་འཆི་བདག་ཚིམ། བདག་གིས་ལན་ཆགས་པ་ཐམས་ཅད་བྱང་ཞིང་། རང་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་མ་ལུས་པ་དག་ནས། ལུས་ཤེལ་གོང་ལྟར་དྭངས་སངས་ཀྱིས་སོང་བར་གྱུར། མགྲོན་ཐམས་ཅད་ཀྱིས་ཀྱང་སྔགས་དི་རི་རི་བཟླ་བར་བསམ་ལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པ་བརྒྱ་ཕྲག་སོགས་ཅི་རིགས་བཟླས་ཏེ། ས་ར་ཧས། མུན་ནག་ཆེན་པོའི་དཀྱིལ་དུ་ཟླ་བ་ནི། །ཇི་ལྟར་འཆར་བ་བྱེད་པ་དེ་བཞིན་དུ། །མཆོག་ཏུ་མི་འགྱུར་སྐད་ཅིག་གཅིག་གིས་ནི། །བསགས་པའི་སྡིག་པ་མ་ལུས་ཕམ་པའོ། །ཞེས་མཉམ་པར་བཞག

།གསུམ་པ་མཆོད་པ་འབུལ་བ་ལ། ཕྱག་རྒྱ་རོ་སྙོམས་ཚོགས་འཁོར་གསུམ། དང་པོ་ནི། མ་གཅིག་གིས་མཛད་པ། སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པར་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པར་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པར་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པར་འབུལ། །ཡོན་ཏན་འཕྲིན་ལས་རྒྱས་པའི་དངོས་གྲུབ་སྩོལ། །གཉིས་པ་ནི། རྒྱལ་སྲས་ཆེན་པོའི་གསུངས། ན་མོ་གུ་རུ། བདག་ཞེན་སྒྱུ་ལུས་ཕུང་པོ་འདི། །ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་དེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང་། །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །འབྱོར་པ་མེད་ན་མེད་དེ་དགའ། །བསྲུང་བསྲེལ་གྱི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་པ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །མྱུར་དུ་ཤི་ན་ཤི་བས་དགའ། །རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་། །མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པས། །མ་ནོར་གྱི་ལམ་དུ་ཚུད་པར་ངེས། །ཡུན་དུ་གསོན་ན་གསོན་པས་དགའ། །ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ། །གདམས་ངག་གི་རླན་དྲོད་མ་ཡལ་བར། །ཡུན་དུ་བརྟེན་པས་སྨིན་པར་འགྱུར། །གང་ཡིན་ཀྱང་དགའ་བའི་མཆོད་པར་འབུལ། །སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་ནས་ཀྱང་། །ཁམས་གསུམ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཕཊ། གསུམ་པ་ལ། ཕྱི་ནང་གསང་ལྷག་རྗེས་བསྐྱང་ལྔ། དང་པོ་ལ། བྱིན་འབེབས་བསྲེ་དང་བྱིན་བརླབ་མཆོད། གཏོར་འབུལ་བསྐང་དང་བཤགས་པ་བདུན། དང་པོ་ལ། བརྒྱུད་འདེབས་སྤྱིར་བསྐུལ་སྒོས་བསྐུལ་གསུམ། དང་པོ་ནི། ཚོགས་ཞིང་བླ་མ་ལྷ་ཚོགས་ཀྱི། །སྐུ་ལས་འོད་ཟེར་དཔག་ཡས་འཕྲོས། །ཡུལ་གནས་མཁའ་སྤྱོད་གཞལ་མེད་ཁང་། །འདིར་ཚོགས་དཔའ་བོ་རྣལ་འབྱོར་མ། །སྣོད་སྤྱད་པདྨ་ཀཱ་པཱ་ལ། །ཚོགས་རྫས་ཡེ་ཤེས་བདུད་རྩིར་གྱུར། །ཅེས་བསྒོམ་ཞིང་ཚོགས་ཀྱི་ཡོ་བྱད་རྣམས་ལ་ནང་མཆོད་དང་ཆུ་ཆང་གིས་བྲན་ལ། གནས་ཆོས་ཉིད་རྣམ་དག་གི་གཞལ་ཡས་སུ། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་རིན་པོ་ཆེ། །ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་རིན་པོ་ཆེ། །ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གནས་བྱ་རྒོད་ཕུང་པོའི་རི་བོ་རུ། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་རིན་པོ་ཆེ། ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། གནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །སྟོན་པ་ཧཱུྃ་ཆེན་ཀཱ་ར་རིན་པོ་ཆེ། ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གནས་ལ་སྟོད་དིང་རིའི་དགོན་པ་རུ། །ཕ་གཅིག་དམ་པ་སངས་རྒྱས་རིན་པོ་ཆེ། ཁོང་དཔའ་བོ་མཁའ་འགྲོའི༴། བདག་མོས་གུས་གདུང་བས༴། གནས་ཟངས་རི་མཁར་དམར་གྱི་དགོན་པ་རུ། །མ་ཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེ། ཁོང་དཔའ་བོ༴། བདག་མོས་གུས༴། དཔལ་རི་བོ་ཆེ་ཡི་རྩེ་མོ་རུ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རིན་པོ་ཆེ། ཁོང་དཔའ་བོ་མཁའ་འགྲོའི༴། བདག་མོས་གུས༴། གནས་གང་བཞུགས་ཆོས་ཉིད་ཀྱི་དགོན་པ་རུ། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རིན་པོ་ཆེ། ཁོང་དཔའ་བོ༴བདག་མོས་གུས་གདུང་བས༴། ཕྱོགས་ངེས་མེད་ཉམས་དགའི་དབེན་གནས་སུ། །བཀའ་བབས་གདམས་པའི་བརྒྱུད་འཛིན་རིན་པོ་ཆེ། ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས༴། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། ཁོང་དཔའ་བོ་དང་དཔའ་མོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་བཅས་གཤེགས་ནས་ཀྱང་། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་བར་མཛད་དུ་གསོལ། །ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨུ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །ཕཊ། ཕཊ། གཉིས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་སྲུང་མ་མཆེད་ལྕམ་རྣམས། །དམ་རྫས་ཚོགས་ལ་འབྱོན་ཙ་ན། །ནམ་མཁའ་འཇའ་འོད་ཏ་ལ་ལ། །དྲི་ཞིམ་ངད་པ་ཐུ་ལུ་ལུ། །ཌཱ་མ་རུ་སྒྲ་ཁྲོལ་ལོ་ལོ། །དུང་ཆེན་གླིང་བུ་ཀྱུ་རུ་རུ། །རོལ་མོ་མང་པོ་འུ་རུ་རུ། །ཕཊ་ཀྱི་སྒྲ་སྐད་སངས་སེ་སང་། །གླུ་ལེན་གར་བྱེད་ཤེགས་སེ་ཤིག །བདེ་བ་ཆེན་པོར་ཁྲིལ་ལི་ལི། །བྱིན་རླབས་བག་དྲོ་འུར་རུ་རུ། །རང་རིག་ངོ་བོ་རྗེན་ནེ་ནེ། །ཅིར་སྣང་འཛིན་མེད་ཐ་ལ་ལ། །མཁའ་འགྲོ་འདུ་བའི་གནས་མཆོག་འདིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨུ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཅིག་ཆོས། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་ཞིག་བསྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དངོས། །ཕཊ། ཕཊ།

གསུམ་པ་ནི། ལྷ་ཚོགས་འོད་ཀྱིས་མཁའ་འགྲོ་བསྐུལ། །མཁའ་འགྲོ་རྣམས་ལས་འོད་ཟེར་འཕྲོས། །དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མཁའ་འགྲོ་སྡེ་ལྔ་འབུམ་སྡེའི་ཚོགས། །ནམ་མཁའ་སྤྱན་དྲངས་གདན་ལ་བཞུགས། །བདག་ཅག་ཕྱག་འཚལ་མཆོད་པར་གྱུར། །ལག་གཡས་སུ་ཌཱ་མ་རུ་འཛིན་པས། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་འབྱེད་མ། །བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། །མ་ག་ན་བཞུགས་ཀྱང་ཐུགས་རྗེས་གཟིགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་ཤར་ན་བཞུགས་སམ་མཁའ་འགྲོའི་ཚོགས། །སྐུ་མདོག་དཀར་མོའི་མདངས་དང་ལྡན། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །མ་ག་ན་བཞུགས་ཀྱང་ཐུགས་རྗེས་གཟིགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་ལྷོ་ན་བཞུགས་སམ་མཁའ་འགྲོའི་ཚོགས། །སྐུ་མདོག་སེར་མོའི་མདངས་དང་ལྡན། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །མ་ག་ན་བཞུགས་ཀྱང་ཐུགས་རྗེས་གཟིགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་ནུབ་ན་བཞུགས་སམ་མཁའ་འགྲོའི་ཚོགས། །སྐུ་མདོག་དམར་མོའི་མདངས་དང་ལྡན། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །མ་ག་ན་བཞུགས་ཀྱང་ཐུགས་རྗེས་གཟིགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་བྱང་ན་བཞུགས་སམ་མཁའ་འགྲོའི་ཚོགས། །སྐུ་མདོག་ལྗང་གུའི་མདངས་དང་ལྡན། །འཁོར་ཡང་ལྗང་གུ་འབུམ་གྱིས་བསྐོར། །མ་ག་ན་བཞུགས་ཀྱང་ཐུགས་རྗེས་གཟིགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་དབུས་ན་བཞུགས་སམ་མཁའ་འགྲོའི་ཚོགས། །སྐུ་མདོག་སྨུག་མོའི་མདངས་དང་ལྡན། །འཁོར་ཡང་སྨུག་མོ་འབུམ་གྱིས་བསྐོར། །མ་ག་ན་བཞུགས་ཀྱང་ཐུགས་རྗེས་གཟིགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་བྱིན་རླབས་ཀྱི་ན་བུན་ཐུ་ལུ་ལུ། །གདམས་ངག་གི་སྦྲང་ཆར་སིལ་ལི་ལི། །མི་རྐང་གི་གླིང་བུ་ཀྱུ་རུ་རུ། །ཤ་ཆེན་གྱི་དུད་པ་ཆིལ་ལི་ལི། །ཚིལ་ཆེན་གྱི་ཞུན་མར་ཡ་ལ་ལ། །གཡས་ན་དཔའ་བོ་ཤ་ར་ར། །གཡོན་ན་དཔའ་མོ་ཤིགས་སེ་ཤིག །ཞབས་གཉིས་བྲོ་བརྡུང་ཆེམས་སེ་ཆེམ། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །བདག་མོས་པའི་བུ་ལ་བྱིན་གྱིས་རློབས། །བདག་མོས་པའི་བུ་ལ་དབང་བཞི་བསྐུར། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པར་འབུལ། །སྟོང་ཉིད་བཅོ་བརྒྱད་གནས་ལ་ཕྱག་འཚལ་ལོ། །ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨུ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཆོས་ལ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་ཞིག་སྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །རྣལ་འབྱོར་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྤོས་དང་མར་མེ་སྦར་ལ། ཚོགས་ཞིང་དཀྱིལ་འཁོར་འོད་ཟེར་གྱིས། །མཁའ་འགྲོ་རྣམས་བསྐུལ་དེ་རྣམས་ལས། །འོད་ཟེར་འཕྲོས་པ་ཡུལ་ལ་ཕོག །གནས་ཡུལ་དག་པ་མཁའ་སྤྱོད་ཞིང་། །ནམ་མཁར་འཇའ་གུར་བླ་བྲེ་འཁྲིགས། །བར་སྣང་མེ་ཏོག་ཆར་པ་འབབས། །ས་གཞིར་ཚོགས་མཆོད་གཅལ་དུ་བཀྲམ། །ཕྱོགས་མཚམས་གླུ་རོལ་གར་བྱེད་པའི། །ལྷ་ཡི་བུ་དང་བུ་མོས་གང་། །འོད་ཟེར་སྒྲུབ་ཁང་ལ་ཕོག་པས། །ཐོད་མཁར་གཞལ་ཡས་མཚན་ཉིད་རྫོགས། །ཡོན་མཆོད་ཕོ་མོར་འོད་ཟེར་ཕོག །དཔའ་བོ་དཔའ་མོ་ཁོ་ནར་གྱུར། །ཚོགས་གཞོང་ཚོགས་གཏོར་རྣམས་ལ་ཕོག །བྷནྡྷར་ཤ་ལྔ་བདུད་རྩི་ལྔ། །དཀྱིལ་འཁོར་མཆོད་རྫས་མར་མེར་ཕོག །ཡོ་བྱད་རྒྱན་བཀོད་ཕུན་སུམ་ཚོགས། །མཆོད་པའི་སྤྲིན་གཏིབས་རྨོངས་མུན་སེལ། །གནོད་བྱེད་གཙོར་བྱས་འགྲོ་ཀུན་ལ། །ཕོག་པས་སྒྲིབ་དག་དབང་ཐོབ་གྱུར། །ཅེས་མོས་གུས་ཀྱི་ངར་བསྐྱེད་ལ་ཅང་ཏེའུ་བཟུང་ཞིང་། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་དང་ཤར་ལྷོ་ནུབ་བྱང་གི། བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་ཌཱཀྐིའི་ཚོགས། །མཐིང་དཀར་སེར་དམར་ལྗང་འོད་འབར། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་པད་སྣོད་བསྣམས། །མུ་མེན་ཤེལ་གསེར་བྱི་རུ་དང་། །གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝང་གླིང་བུ་ལྷངས་སེ་ལྷང་། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པར་འབུལ། །སྟོང་ཉིད་བཅོ་བརྒྱད་གནས་ལ་ཕྱག་འཚལ་བསྟོད། །ཀྱེ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨུ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེ་བོ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཆོས་ལ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་ཞིག་བསྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབས། །རྣལ་འབྱོར་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་མ་གཅིག་རང་གིས་མཛད་པ་ལ། རི་གོང་བས་ཅུང་ཟད་ཁ་འགེངས་པར་མཛད་པ་ལས་སོ། །གཉིས་པ་ནི། བདག་དང་བསྒྲུབ་བྱ་ཐ་མལ་པའི། །རྣམ་ཤེས་ཧཱུྃ་ཡིག་ཚངས་བུག་ནས། །ཐོན་ཏེ་སྟེང་གི་ནམ་མཁར་ཡལ། །སེམས་དང་མཁའ་ཀློང་དབྱེར་མེད་གྱུར། །ཕཊ། རང་རིག་དཔའ་བོ་ཆུ་གྲི་དང་། །ཐོད་པ་ཐོགས་པའི་སྐུར་བཞེངས་ཏེ། །སྤྲུལ་པའི་ལས་བྱེད་དཔའ་བོ་དང་། །མཁའ་འགྲོ་བྱེ་བས་རི་ཙམ་གྱི། །སྒྱུ་ལུས་ཕུང་པོ་ཚོགས་ཁྲོད་དུ། །བཅད་གཏུབ་བསྲེ་ཞིང་ཕྱག་མཚན་གྱིས། །དཀྲུགས་པས་ཚོགས་དང་བེམ་པོ་རྣམས། །དབྱེར་མེད་གཅིག་འདྲེས་གཏོར་མར་གྱུར། །གསུམ་པ་ནི། རྗེ་ཨརཱ་གའི་གསུང་ལས། ཕཊ། སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་བ་དན་ཡྃཿགིས་མཚན། །དེ་སྟེང་མེ་དཀྱིལ་གྲུ་གསུམ་རྃཿགྱིས་མཚན། །དེ་སྟེང་ཀེཾཿལས་ཐོད་སྒྱེད་རི་རབ་ཙམ། །དེ་སྟེང་ཚོགས་གཞོང་ཨ་ལས་ཀ་པཱ་ལ། །ཕྱི་ནི་དཀར་བ་ཟླ་བའི་གཞོང་པའི་ཚུལ། །ནང་ནི་དམར་བ་ཉི་མའི་གཞོང་པ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་སྣོད་གཅིག་ཚུལ། །དེ་ནང་ཕུང་པོ་ཚོགས་རྫས་ཐ་མི་དད། །དེ་སྟེང་དམ་ཚིག་བདུད་རྩིའི་ས་བོན་ནི། །ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་བརྩེགས་པ་ཡི། །རང་མདོག་འོད་ཀྱིས་སྣང་སྲིད་དྭངས་བཅུད་འགུགས། །རང་རིག་དཔའ་བོ་ལས་བྱེད་ཌཱཀྐི་དང་། །ཚོགས་ཞིང་རྣམས་ཀྱི་དཔྲལ་མགྲིན་ཐུགས་ཀ་རུ། །ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་འབྲུ་གསུམ་གསལ། །བདག་གི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། །ཚོགས་སྟེང་ཡི་གེ་གསུམ་ལ་སོ་སོར་ཐིམ། །ལྷ་ཚོགས་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རྒྱུན་བབས་ནས། །ཚོགས་སྟེང་ཡིག་འབྲུ་གསུམ་ལ་ཐིམ་པ་ཡིས། །ཡི་གེ་གསུམ་ཞུ་ཚོགས་དང་དབྱེར་མེད་འདྲེས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ནི། །དཀར་ལ་དམར་བའི་མདངས་ཆགས་ཅུང་ཟད་སྔོ། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོ་བར་གྱུར། །མ་གཅིག་གི་གསུང་ལས་བཏུས་པ། ཨོཾ་ཨཱཿ ཧཱུྃ། དཀར་པོ་ཨོཾ་གྱི་བྱིན་གྱིས་རློབས། །དམར་པོ་ཨཱཿ ཡི་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གི་བྱིན་གྱིས་རློབས། །ཨོཾ་ཨཱཿ ཧཱུྃ་གི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་ཀྱིས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །འགྲོ་བ་དྲུག་ཚིམ་ལན་ཆགས་བྱང་གྱུར་ཅིག །ཕཊ། ཕཊ།

བཞི་པ་ལ། སྤྱི་་དང་ཕུད་ཀྱི་མཆོད་པ་གཉིས། དང་པོ་ནི། རང་དང་ལས་བྱེད་ལྷ་དང་ལྷ་མོ་ཡི། །མིག་ལས་གཟུགས་ཀྱི་རྡོ་རྗེ་མེ་ཏོག་མ། །རྣ་ལས་སྒྲ་ཡི་རྡོ་རྗེ་སིལ་སྙན་མ། །སྣ་ལས་དྲི་ཡི་རྡོ་རྗེ་བདུག་སྤོས་མ། །ལྕེ་ལས་རོ་ཡི་རྡོ་རྗེ་ཞལ་ཟས་མ། །ལུས་ལས་རེག་བྱའི་རྡོ་རྗེ་དྲི་ཆབ་མ། །ཡིད་ལས་ཆོས་དབྱིངས་རྡོ་རྗེ་བདེ་ཆེན་མ། །གཡས་རྣམས་བདུད་རྩིའི་ཐོད་པ་གཡོན་རྣམས་ཀྱིས། །རང་རྟགས་མཆོད་རྫས་བསྣམས་པ་བགྲངས་ཡས་སྤྲོས། །ཚོགས་མཆོད་བདུད་རྩིའི་རྒྱ་མཚོའི་རླངས་པ་ལས། །མཆོད་པའི་ལྷ་མོ་བཅུ་དྲུག་བར་སྣང་གང་། །ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཕྱི་ནང་གསང་བའི་ཚོགས་མཆོད་དཔག་མེད་ཀྱིས། །བླ་མ་རྒྱལ་བའི་དཀྱིལ་འཁོར་མཆོད་པར་གྱུར། ལས་ཀྱི་སློབ་བུས་ཕྱག་འཚལ་ཏེ། སྣོད་བཟང་པོར་ཚོགས་ཀྱི་ཞལ་ཟས་རྒྱན་ལྡན་བཞག་པ་ལག་པ་གཡས་དང་། གཡོན་སྤོས་ཀྱི་རིང་བུ་བཅས་གུས་པས་བཏེགས་ཤིང་། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པ་ཙམ་མམ། རྒྱས་པར་བྱེད་ན་ཞི་བྱེད་ཡིག་རྙིང་ལྟར། ཅང་ཏེའུ་འཕྲོལ་བཞིན་དུ། ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་དབྱངས་སྙན་རོལ་མོའི་ཚོགས། །སྒེག་མོ་འཕྲེང་བ་གླུ་གར་འདོད་དགུས་མཛེས། །བཀོད་མཛེས་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཉི་ཟླ་སྣང་གསལ་མཆོད་སྤྲིན་ནམ་མཁའི་རྒྱན། །ཀུན་བཟང་རྣམ་སྤྲུལ་དཔག་ཡས་བདེ་ཆེན་མཆོག །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །འཁོར་ལོ་ནོར་བུ་བཙུན་མོ་དམ་པ་དང་། །བློན་པོ་གླང་པོ་རྟ་མཆོག་དམག་དཔོན་དང་། །རལ་གྲི་པགས་པ་སྐྱེད་ཚལ་ཁང་ཁྱིམ་དང་། །གཟིམས་ཆ་གོས་དང་མཆིལ་ལྷྭམ་རིན་པོ་ཆེ། །བླ་མ་ཡི་དམ་ཆོས་སྐྱོང་མཁའ་འགྲོར་འབུལ། །ཐུགས་རྗེས་བརྩེར་དགོངས་བླ་མེད་དངོས་གྲུབ་སྩོལ། །རིན་ཆེན་དབང་གི་རྒྱལ་པོ་བཻཌཱུཪྻ། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་སྤྱན་ལ་དབུལ་བར་བགྱི། །མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་སྙན་ལ་དབུལ་བར་བགྱི། །ག་པུར་ཨ་གར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་ཤངས་ལ་དབུལ་བར་བགྱི། །ལུས་མཆོག་བརྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་བ་སོགས་ཀྱི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་ལྗགས་ལ་དབུལ་བར་བགྱི། །ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །བླ་མ་ལྷ་ཡི་སྐུ་ལ་དབུལ་བར་བགྱི། ཧཱུྃ། ཤེས་རབ་མཁའ་དབྱིངས་བདེ་ཆེན་དཀྱིལ་འཁོར་དུ། །ཐབས་མཆོག་ཡེ་ཤེས་དགའ་བ་ཆེན་པོར་རོལ། །ལྷན་སྐྱེས་ཡེ་ཤེས་བདེ་སྟོང་མཆོད་པ་འདིས། །བླ་མ་ལྷ་ཡི་ཚོགས་རྣམས་མཉེས་གྱུར་ཅིག

།གཉིས་པ་ལ་མདོ་དང་རྒྱས་དང་བསྟབ་པ་གསུམ། དང་པོ་ནི། ཚོགས་ཀྱི་རྫས་རྣམས་སྤེལ་ནས་ཕུད་རིམ་པ་བདུན་བྱས་ཏེ། ཚོགས་མཆོད་བདུད་རྩིའི་ཕུད་རླངས་འོད་ཟེར་ལས། །འཕན་གདུགས་རྒྱལ་མཚན་བླ་བྲེ་ལྡ་ལྡི་དར། །ནོར་བུའི་དྲྭ་འཕྲེང་ལ་སོགས་མཆོད་སྤྲིན་འཁྲིགས། །ལས་བྱེད་རྣམས་ཀྱིས་ཚོགས་ཀྱི་རྒྱ་མཚོ་ལས། །བདུད་རྩི་ཐོད་པས་བཅུས་ཏེ་བླ་མ་དང་། །དཀྱིལ་འཁོར་ལྷ་ལ་སོ་སོར་ཕུལ་བས་དགྱེས། །ལྷ་ཚོགས་རྣམས་དང་ཐབས་ཤེས་སྙོམས་པར་ཞུགས། །ཟག་མེད་བདེ་ཆེན་དགའ་བཞིས་མཉེས་པར་གྱུར། །ལས་ཀྱི་རྡོ་རྗེ་ལག་པ་གཡས་སུ་ཐོད་ཆང་བཟུང་། དེའི་སྟེང་དུ་གཡོན་པ་རྩེ་གསུམ་གྱི་ཕྱག་རྒྱ་དང་ལྡན་པས་རིན་ཆེན་གྱི་སྣོད་དུ་བཤམ་པའི་ཕུད་དང་པོ་དེ་ཐོགས་ལ། ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པར་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང་། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །རྩ་བའི་བླ་མ་བཀའ་དྲིན་ཅན། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དམ་པ་མ་གཅིག་ཐང་སྟོང་པ། །ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ། །དཔལ་མགོན་ཆོས་སྲུང་ནོར་ལྷའི་ཚོགས། །ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི། གཞན་ཡང་གནས་གསུམ་ཌཱཀྐི་དང་། །ཁྱད་པར་ཆོས་བདག་མཁའ་འགྲོ་མ། །དམ་ཚིག་གཙང་མའི་རྡོ་རྗེ་མཆེད། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། །ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད་བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་སྟེགས་ཀྱི་ཁར་ཕུལ། གཉིས་པ་ནི། ཚོགས་ཕུད་གཉིས་པ་ཐོགས་ཏེ། རང་བཞིན་ཆོས་སྐུའི་མཁའ་དབྱིངས་སུ། །རྡོ་རྗེ་འཆང་ཆེན་རིན་པོ་ཆེ། །རིགས་ལྔ་རིགས་བརྒྱའི་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །རང་རིག་བདེ་ཆེན་ཕོ་བྲང་དུ། །རྩ་བའི་བླ་མ་རིན་པོ་ཆེ། །བརྒྱུད་པའི་བླ་མའི་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །ཕྱོགས་བཅུ་དུས་གསུམ་གཞལ་ཡས་སུ། །སྐྱབས་གནས་དཀོན་མཆོག་རིན་པོ་ཆེ། །སངས་རྒྱས་བྱང་སེམས་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། ཨོཾ་ཨཱཿ ཧཱུྃ། །ཚོགས་མཆོད་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྨད་དུ་བྱུང་བ་འདི་ཉིད། མཆོད་འོས་སྐྱབས་གནས་དཀོན་མཆོག་རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ལ་གུས་པས་ཕུལ་བས། ཚོགས་གཉིས་ཡོངས་སུ་རྫོགས་ནས་ཐུགས་རྗེ་བྱིན་རླབས་ཀྱི་ཆར་ཕབ་པས་བདག་སོགས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ་ལོ། །ཞེས་ཕུལ། ཚོགས་ཕུད་གསུམ་པ་ཐོགས་ཏེ། དག་པ་སྐུ་བཞིའི་ཕོ་བྲང་ན། །ཡི་དམ་ལྷ་ཚོགས་རིན་པོ་ཆེ། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །བདེ་ཆེན་ལྷུན་གྲུབ་ཕོ་བྲང་ན། །རྡོ་རྗེ་ཕག་མོ་རིན་པོ་ཆེ། །མཁའ་འགྲོ་རྒྱ་མཚོའི་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །བདེ་ཆེན་ལྷུན་གྲུབ་ཕོ་བྲང་ན། །རྡོ་རྗེ་ཕག་མོ་རིན་པོ་ཆེ། །མཁའ་འགྲོ་རྒྱ་མཚོའི་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །དུར་ཁྲོད་ཆེན་པོའི་ཕོ་བྲང་ན། །ཆོས་སྐྱོང་སྲུང་མ་རིན་པོ་ཆེ། །དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། ཨོཾ་ཨཱཿ ཧཱུྃ། །འདོད་ཡོན་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་འདི་ཉིད། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དཔའ་བོ་དཔའ་མོ་ཆོས་སྲུང་དམ་ཅན་རྒྱ་མཚོ་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ཐམས་ཅད་ལ་ཕུལ་བས། བདག་ཅག་འཁོར་དང་བཅས་པས་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་མཐའ་དག་སོར་ཆུད་པ་དང་། འགལ་རྐྱེན་བར་ཆད་ཞི་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ལོ། །ཞེས་ཕུལ་ཞིང་ཕུད་བཞི་པ་ཐོགས་ཏེ། སྟོང་གསུམ་མི་མཇེད་འཇིག་རྟེན་ན། དྲིན་གྱིས་བསྐྱངས་པའི་ཕ་མའི་ཚོགས། ཁམས་གསུམ་ས་དགུས་བསྡུས་པ་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །ལྷན་སྐྱེས་ལས་དང་གློ་བུར་གྱིས། །གནོད་པར་ཤར་བའི་དགྲ་གདོན་བགེགས། །སྔར་གྱི་ལན་ཆགས་ཅན་རྣམས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པར་འབུལ། །ཟག་མེད་ཚོགས་ཀྱི་དགའ་སྟོན་ལ། །ཞེན་མེད་ཚུལ་དུ་ལོངས་སྤྱོད་ནས། །བདག་མེད་མཉམ་པའི་དོན་རྟོགས་ཏེ། །སྐྱེ་མེད་ཆོས་སྐུ་ཐོབ་པར་ཤོག །ཨོཾ་ཨཱཿ ཧཱུྃ། ཚོགས་ཀྱི་དངོས་པོ་གང་ལ་གང་འདོད་ཡིད་དང་མཐུན་ཞིང་ཟག་མེད་བདུད་རྩིའི་རྒྱ་མཚོ་འདི་ཉིད། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དང་། ཕན་བྱེད་ཀྱི་ལྷ་དང་གནོད་བྱེད་ཀྱི་འདྲེ་རུ་སྣང་ཞིང་བཏགས་པའི་རིགས་སོགས་མཆོག་དམན་བར་མའི་མགྲོན་དུ་གྱུར་པ་མཐའ་དག་བླ་མ་དང་ལྷ་རུ་གསལ་བ་ལ་ཕུལ་ཞིང་བསྔོས་པས་དགྱེས་ཤིང་ཚིམ་སྟེ་ལན་ཆགས་ཤ་མཁོན་བྱང་བ་དང་། སོ་སོའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཞི་ནས་ཐར་པ་བྱང་ཆུབ་ཀྱི་གོ་འཕང་ལ་འཁོད་པར་གྱུར་ཅིག་གུ། ཞེས་ཕུལ་ལ། ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས། །དངོས་སམ་བརྒྱུད་པའི་དཔལ་ལྡན་བླ་མ་རྣམས། །ཟག་མེད་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། །བྱིན་རླབས་རྟགས་གསུམ་དྲོད་གསུམ་ཚུགས་གསུམ་སྩོལ། །སྐྱོན་མེད་ཡོན་ཏན་ཕུན་ཚོགས་ཕོ་བྲང་ནས། །འདྲེན་མཆོག་དམ་པ་སྐྱབས་གནས་དཀོན་མཆོག་གསུམ། །ཟག་མེད་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། །འཁྲི་བ་བཞི་ཆོད་བདུད་ལྷར་བྱིན་གྱིས་རློབས། །སྣང་སྟོང་ཆུ་ཟླ་ལྟ་བུའི་ཕོ་བྲང་ནས། །བདེ་གསལ་མི་རྟོག་ཡི་དམ་ལྷ་ཚོགས་རྣམས། །ཟག་མེད་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། །ལས་བཞི་གྲུབ་བརྒྱད་མཆོག་གི་དངོས་གྲུབ་སྩོལ། །ཐུགས་རྗེ་ཕྱོགས་རིས་མེད་པའི་ཕོ་བྲང་ནས། །བྱིན་རླབས་རྩ་བ་མ་ཚོགས་མཁའ་འགྲོ་རྣམས། །ཟག་མེད་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། །འབར་གསུམ་འདུ་གསུམ་མངོན་ཤེས་གསུམ་སྐྱེད་ཅིག །བཀའ་དང་དམ་ཚིག་ཆེན་པོའི་ཕོ་བྲང་ནས། །བསྟན་པ་བསྲུང་མཛད་ཆོས་སྐྱོང་སྲུང་མ་རྣམས། །ཟག་མེད་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། །མི་སྡོད་གསུམ་གྱིས་ཐོབ་གསུམ་གྲུབ་པར་མཛོད། །ཕྱི་སྣོད་དག་པ་བདེ་ཆེན་ཕོ་བྲང་ནས། །ནང་བཅུད་རིགས་དྲུག་རྒྱལ་བའི་རང་བཞིན་རྣམས། །ཟག་མེད་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། །སྒོ་གསུམ་དྲིན་གསབ་སྐུ་བཞིར་གྲོལ་གྱུར་ཅིག །སྣོད་གཞན་དུ་བཞག་པའི་ཚོགས་གཏོར་གྱིས་རྒྱས་པའི་དོན་ཕྱོགས་འཐུས་སུ་ཚར་གྲངས་གསོག་དགོས་ན་དེ་འབུལ་བར་བྱའོ།

།གསུམ་པ་ལ། སྤྱིར་བསྟབ་སྒོས་སུ་བསྟབ་པ་གཉིས། དང་པོ་ནི། ལས་བྱེད་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །བླ་མ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད། །ཤ་ལྔ་བདུད་རྩི་ལྔ་དང་གསང་ཡུམ་ཚོགས། །ཡི་དམ་ཞི་དང་ཁྲོ་བོའི་ཚོགས་ལ་མཆོད། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྣ་ཚོགས་པ། །མ་མགོན་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། དཀར་གསུམ་མངར་གསུམ་འབྲུ་སྨན་རིན་ཆེན་ཚོགས། །རིགས་དྲུག་ཀླུ་དང་གཞི་བདག་རྣམས་ལ་སྦྱིན། །སྦྲ་ཁང་བང་མཛོད་གསེར་གཡུ་ཇ་དར་སོགས། །ལན་ཆགས་བདག་པོ་བདག་མོ་རྣམས་ལ་སྟེར། །ཐམས་ཅད་ཅི་འདོད་ཚོགས་ཀྱིས་ཡི་རང་ཚིམ། །བདེ་ཆེན་ཏིང་ངེ་འཛིན་སྐྱེས་དགའ་མགུར་གྱུར། ཚོགས་ཕུད་ལྔ་པ་བཏེགས་ཤིང་། ཧཱུྃ། ཕྱི་ནང་གསང་བ་དེ་ཁོ་ན། །ཉེ་བར་བཀོད་དང་བློས་སྤྲུལ་པའི། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །ཡུམ་མཆོག་དམ་པ་ཁྱེད་རྣམས་ཀྱིས། །དགྱེས་པའི་ཚུལ་གྱིས་རོལ་པར་མཛོད། །མཉེས་པའི་ཚུལ་གྱིས་བཞེས་སུ་གསོལ། །རྡོ་རྗེ་འཆང་ཆེན་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཡུམ་ཆེན་ཤེར་ཕྱིན་མན་ཆད་དང་། །གཅོད་ཀྱི་བརྒྱུད་པ་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཤཱཀྱ་ཐུབ་པ་མན་ཆད་དང་། །མཁན་པོ་སློབ་དཔོན་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །དཀོན་མཆོག་གསུམ་པོ་མན་ཆད་དང་། །ཁམས་གསུམ་སེམས་ཅན་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཡི་དམ་ལྷ་ཚོགས་མན་ཆད་དང་། །འཇིག་རྟེན་ལྷ་འདྲེ་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །རྡོ་རྗེ་ཕག་མོ་མན་ཆད་དང་། །གནས་གསུམ་མཁའ་འགྲོ་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཡེ་ཤེས་མགོན་པོ་མན་ཆད་དང་། །འཇིག་རྟེན་བསྟན་སྲུང་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །དཔལ་ལྡན་ལྷ་མོ་མན་ཆད་དང་། །འཇིག་རྟེན་སྨན་མོ་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །སྟོང་གསུམ་གཞི་བདག་མན་ཆད་དང་། །འདིར་གནས་དགེ་བསྙེན་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཀུན་ཏུ་བཟང་པོ་མན་ཆད་དང་། །འཇག་མའི་སྲིན་བུ་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། ཨ་ལ་ལ་སྟེ་དགྱེས་པར་མཛོད། །ལྷ་གནས་སྲིད་རྩེ་མན་ཆད་དང་། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །འཁོར་བཅས་མ་ལུས་ཚོགས་ལ་རོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །རོལ་ཅིག་རོལ་ཅིག་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་ཡང་གསང་ཚོགས་ལ་རོལ། །ཕུད་ལྷག་མ་མེད་པར་བཞེས་སུ་གསོལ། །རྒྱལ་བའི་བསྟན་པ་རྒྱས་པ་དང་། །སྡིག་སྒྲིབ་ནད་གདོན་ཞི་བར་མཛོད། །ཚེ་དང་དཔལ་འབྱོར་རྒྱས་པ་དང་། །འཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འགྲོ་རྣམས་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་འདི་གཉན་སྟོན་གྱིས་མཛད་པར་གྲགས་སོ།

།གཉིས་པ་ནི། དབུས་དང་ཕྱོགས་སུ་གཙོ་མོ་རེ་རེ་ལ། །མཁའ་འགྲོ་བྱེ་བ་བྱེ་བའི་འཁོར་དང་བཅས། །སོ་སོའི་ཕྱོགས་ཀྱི་ལྷ་འདྲེ་ཀུན་གྱིས་བསྐོར། །ལས་བྱེད་མཁའ་འགྲོ་འབུམ་ཚོ་འབུམ་ཚོ་ཡིས། །ཚོགས་དང་ལུས་གདོན་སེམས་གདོན་དབྱེར་མེད་པའི། །ཤ་ཁྲག་ལོངས་སྤྱོད་མགྲོན་རྣམས་ཞལ་དུ་བསྟབས། །ལྷ་མཉེས་འདྲེ་ཚིམ་མཁའ་འགྲོའི་ཚོགས་རྣམས་དགྱེས། །གདོན་སེམས་དབྱིངས་སུ་བསྟིམ་ནས་སངས་རྒྱས་གྱུར། །ཕུད་དྲུག་པ་བཏེགས་ལ། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། སངས་རྒྱས་མཁའ་འགྲོ་རྡོ་རྗེ་མཁའ་འགྲོ་དང་། །རིན་ཆེན་མཁའ་འགྲོ་པདྨ་མཁའ་འགྲོ་དང་། །ལས་གྲུབ་མཁའ་འགྲོ་ཐམས་ཅད་མཁའ་འགྲོ་དང་། མཁའ་ལ་འགྲོ་བའི་མཁའ་འགྲོ་དང་། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་དང་། །བར་སྣང་འགྲོ་བའི་ལས་མཁན་དང་། །དེ་འོག་མཁའ་འགྲོ་ཞིང་སྐྱོང་དང་། །བསྟན་པ་བསྲུང་བའི་ཆོས་སྐྱོང་དང་། །གིང་ཆེན་གིང་ཆུང་ལྕམ་དྲལ་རྣམས། །མཁའ་འགྲོའི་གནས་ནས་སྐུ་བསྐྱོད་འཚལ། །རང་མདོག་གཟི་བརྗིད་བཀྲག་མདངས་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཕྱག་མཚན་གྲི་གུག་ཐོད་ཁྲག་འཛིན། །ཞབས་གཉིས་བརྐྱང་བསྐུམ་གར་སྟབས་བསྒྱུར། །དབུ་རྒྱན་ཐོར་གཙུག་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་རྒྱའི་གར་སྟབས་ཁྱུགས་སེ་ཁྱུག །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །རྒྱན་གཞན་མང་པོ་ལྷུབས་སེ་ལྷུབ། །སྒྲ་སྙན་མང་པོ་འུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཧབ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་རྐན་སྒྲ་ཆེམས་སེ་ཆེམ། །གསང་བའི་བཤུག་གླུ་ཙེ་རེ་རེ། །མཁའ་འགྲོའི་བརྡ་སྐད་ཏི་རི་རི། །ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིག །གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ། །བེམ་པོ་ལུས་གདོན་དབྱེར་མེད་པའི། །ཤ་ཁྲག་བདུད་རྩི་ཚོགས་སུ་བཞེས། །ནད་འདྲེ་གཙོང་སྲི་ཚོགས་སུ་བཞེས། །ནད་རིགས་གདོན་རིགས་ཚོགས་སུ་བཞེས། །རྐྱེན་ངན་བར་ཆད་ཚོགས་སུ་བཞེས། །གནོད་བྱེད་དགྲ་རྐུན་ཚོགས་སུ་བཞེས། །སྔོན་ལས་འཕྲལ་རྐྱེན་མི་མཐུན་ཕྱོགས། །མཁའ་འགྲོ་འབུམ་སྡེའི་ཞལ་དུ་བསྟབས། །བཞེས་ཤིག་རོལ་ཅིག་ཚོགས་སུ་རོལ། །ལྷག་མ་མེད་པར་ད་རོལ་ཅིག །ཧོམ་ཁུང་གདངས་པའི་ཞལ་དུ་བསྟབས། །ལྗགས་དམར་ཧོམ་གཟར་སྟེང་དུ་བཞུས། །མིད་པ་བྱང་ཆུབ་རྒྱུད་ལ་སྒྲིམས། །ལྟོ་བ་མེ་དཔུང་ནང་དུ་སྦྱོངས། །བསྟབ་བོ་བསྟབ་བོ་ཞལ་དུ་བསྟབས། །སྡུག་བསྔལ་ཉེར་ལེན་ཕུང་པོ་བསྟབས། །ཞལ་དུ་བསྟབ་བོ་ཁ་རྃ་ཁཱ་ཧི། །མགུལ་དུ་སྟིམས་ཤིག་ཨ་ར་ལི། །ལུས་ཤ་ཁྲག་རུས་པ་ཚོགས་སུ་རོལ། །སེམས་དམིགས་མེད་ཆོས་ཉིད་ཀློང་དུ་བསྟིམས། །འཆུག་མེད་མངོན་སངས་རྒྱས་པར་མཛོད། །གསོལ་ཅིག་བཞེས་ཤིག་ས་མ་ཡ། །ཕཊ། ཕཊ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། །ནམ་མཁའ་ལྡིང་དང་དྲི་ཟ་དང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འཁོར་ཚོགས་བྱེ་བ་ས་ཡ་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་། །འབྱུང་བོ་ཤ་ཟ་སྲིན་པོ་དང་། །ཡི་དྭགས་ལན་ཆགས་འདྲེ་གདོན་རིགས། །རྒྱལ་བསེན་ཟ་འདྲེ་ཤི་གཤེད་སོགས། །གནོད་བྱེད་བགེགས་རིགས་ཐམས་ཅད་ལ། །ལུས་ཚོགས་ཀྱི་མཆོད་སྦྱིན་འདི་བསྔོས་བས། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་དང་བཅས། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། མཁའ་འགྲོའི་ཚོགས་རྣམས་མཉེས་པར་རོལ། །ལྷ་འདྲེའི་འདོད་པ་ཚིམ་པར་རོལ། །གཏི་མུག་ཤ་ཡི་ཚོགས་ལ་རོལ། །འདོད་ཆགས་ཁྲག་གི་ཚོགས་ལ་རོལ། །ཞེ་སྡང་རུས་པའི་ཚོགས་ལ་རོལ། །ཕུད་ལྷག་མ་མེད་པར་བཞེས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕཊ། ཕཊ། ལྔ་པ་ལ། སྤྱི་གཏོར་འབྱུང་གཏོར་བྲུལ་གཏོར་དང་། མཁའ་འགྲོའི་གཏོར་འབུལ་བསྔོ་སྦྱངས་ལྔ། དང་པོ་ནི། ཚོགས་ཕུད་བདུན་པས་གཏོར་མ་ཐམས་ཅད་གསོས་ཏེ་བདུད་རྩི་བྲན་ལ། ཕཊ། རླུང་མེ་འཁྱིལ་བའི་མི་མགོ་གསུམ་གྱི་སྟེང་། །སྟོང་གསུམ་ཙམ་གྱི་ཐོད་པར་ཚོགས་གཏོར་རྣམས། །རི་ལྟར་སྤུངས་སྟེང་ཟླ་བ་ཧཱུྃ་ཡིག་བཅས། །རང་རིག་དཔའ་བོའི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་རླུང་གཡོས་མེ་སྦར་གཏོར་མ་ཁོལ། །མགྲིན་པའི་ཨཱཿ ལས་འོད་འཕྲོས་མཆོད་གཏོར་གྱི། །དངོས་པོ་སྦྱངས་ནས་ཟག་མེད་བདུད་རྩིར་ཞུ། །སྤྱི་བོའི་ཨོཾ་ལས་འོད་འཕྲོས་ཧཱུྃ་ལ་ཕོག །ཧཱུྃ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཀུན། །རིགས་ལྔ་ཡབ་ཡུམ་རྣམ་པར་སྤྱན་དྲངས་ནས། །སྙོམས་པར་ཞུགས་པའི་འོད་ཀྱིས་ཟླ་བ་དང་། །ཧཱུྃ་ཡིག་བདུད་རྩིར་གྱུར་པ་ཐོད་ནང་ལྷུང་། །སྦྱོར་མཚམས་བདུད་རྩིའི་རྒྱུན་དང་གཏོར་ཚོགས་ཀྱི། །བདུད་རྩི་འདྲེས་ནས་འཕྱུར་བའི་རྦ་རླབས་ལས། །མཆོད་པའི་ལྷ་མོ་རྣམས་ཀྱིས་གར་ཁྱུག་ཁྱུག །འཁོར་འདས་མགྲོན་ཀུན་དགྱེས་པ་བསྐྱེད་པར་གྱུར། །ཨོཾ་ཨཱཿ ཧཱུྃ། རྡོ་རྗེའི་ཐལ་མོ་ཁ་ཕྱེ་སྟེ། །སྣང་སྲིད་བླ་མ་ལྷའི་འཁོར་ལོར་རྫོགས་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གདོད་མ་ཉིད་ནས་རང་བཞིན་དབྱེར་མེད་པའི་བདག་ཉིད་ཆེན་པོར་རྣམ་པར་དག་པའི་ཞལ་དུ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཐུགས་བཅུད་ལས། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་འབྱུང་བཞིའི་དངོས་པོ་བ་ལིང་ཏ། །དེ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། །ལས་རབ་འབྱམས་འགྲུབ་པར་བྱིན་གྱིས་རློབས། །ལུས་དབང་ཆེན་པགས་པའི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་པའི་བ་ལིང་ཏ། །དེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །ཚེ་ཉི་ཟླ་དང་མཉམ་པར་བྱིན་གྱིས་རློབས། །སེམས་སྣང་བ་སྣ་ཚོགས་ཀྱི་གཏོར་གཞོང་དུ། །ནང་དྲན་རིག་གསལ་བའི་བ་ལིང་ཏ། །དེ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །རྒྱུད་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས། །ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱས་པར་སྤྲོ་བའི་སྐབས་སུ། བདག་ལུས་ཞིང་གི་རྡུལ་སྙེད་སྤྲུལ། །སྲི་ཞུ་ཡོན་ཏན་མགྲོན་རིགས་ལ། །མཆོད་གཏོར་ཕུལ་བས་མཉེས་པར་བཞེས། །སྙིང་རྗེའི་མགྲོན་དང་ལན་ཆགས་ཀྱི། །མགྲོན་ལ་བྱིན་པས་མོས་པ་བཞིན། །ཕམ་རྒྱལ་འཐབ་རྩོད་མེད་པར་ཐོབ། །སེམས་ཅན་དོན་དུ་འགྱུར་བའི་ལས། །ཅི་བཅོལ་པ་ཡང་བསྒྲུབ་པར་གྱུར། །ཨོཾ་ཨཱཿ ཧཱུྃ། གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་དང་། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང་། །བདག་གི་སྨོན་ལམ་ཏིང་འཛིན་ཤེས་རབ་ཀྱིས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་ཁྱོད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་འཕེལ་བར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡིད་ནི་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ནི་སེམས་ཅན་ཐམས་ཅད་ཀྱང་། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །བྱོལ་སོང་གཅིག་ལ་གཅིག་ཟ་བའི། །གནོད་པ་དེ་དག་ཡོངས་མ་འབྱུང་། །ཡི་དྭགས་རྣམས་ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །བསོད་ནམས་བྱིན་པའི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །སློབ་དབོན་ཛ་ལ་སེ་ནས་མཛད་པའོ།

།གཉིས་པ་ནི། ཚོགས་ཟན་ཟླ་གམ། གྲུ་གསུམ། ཟླུམ་པོ། གྲུ་བཞི་རྣམས་ཚོགས་རྫས་དང་བཅས་བཤམས་ལ་བྲན་ཏེ། རིམ་པ་བཞིན་བཏེགས། ཕཊ། མཆོད་གཏོར་རླུང་མེ་ཆུ་སའི་རྫས། །བྱེད་ལས་མཚན་ཉིད་ཚང་བ་ལ། །ཕྱི་ནང་འབྱུང་བ་མཉམ་འདྲེས་ཏེ། །དགོས་འདོད་ཀུན་འབྱུང་བདུད་རྩིར་གྱུར། །ཨོཾ་ཨཱཿ ཧཱུྃ། ཌཱ་མ་རུ་འཁྲོལ་ཞིང་། ཏཱྃ། ལུས་ཀྱི་དབུགས་དང་ཕྱི་རོལ་རླུང་གི་ཁམས། །དབྱེར་མེད་རླུང་རྫས་ཡང་ཞིང་གཡོ་བའི་ཚོགས། །སྒྲོལ་མས་བྱིན་བརླབས་བཻཌཱུར་མདངས་འབར་འདི། །རྡོ་རྗེའི་རིགས་ཀྱི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་རྒྱལ་བའི་དཀྱིལ་འཁོར་ལྷ། །དྲི་ཟ་རྒྱལ་འགོང་ལྷ་ཡི་གདོན་རྣམས་དང་། །ཤར་དུ་གནས་དང་རླུང་ལ་བརྟེན་པ་སོགས། །འཁོར་འདས་མགྲོན་ལ་འདོད་རྒུའི་མཆོད་པར་འབུལ། ཨོཾ་ཊ་ཋ་ཌ་ཌྷ་ཎ་ཡྃ་ཨོ་ཨཽ་སྭཱ་ཧཱ། ལས་རྐྱེན་རླུང་ཉེན་ཅན་སོགས་འགྲོ་ཀུན་ལ། །ཕྱི་འབྱུང་རླུང་གི་འཇིགས་པ་མི་འབྱུང་བར། །ནང་འབྱུང་རླུང་ནད་ཞི་སྟེ་འབྱུང་བཞི་སྙོམས། །རླུང་སྣང་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱིས། །ཞེ་སྡང་སྙིང་རྗེར་གྲོལ་ཏེ་རང་བྱུང་གི། ཡེ་ཤེས་མངོན་གྱུར་ཞི་བའི་འཕྲིན་ལས་ཀྱིས། །སྐྱེ་འགྲོའི་རྒྱུད་ཐུལ་རྡོ་རྗེའི་རིགས་སུ་བཀོད། །མི་བསྐྱོད་རྡོ་རྗེ་འགྲུབ་པའི་རྟེན་འབྲེལ་སྩོལ། པཱྃ། ལུས་ཀྱི་དྲོད་དང་ཕྱི་རོལ་མེ་ཡི་ཁམས། །དབྱེར་མེད་མེ་རྫས་ཚ་ཞིང་འབར་བའི་ཚོགས། །དཀར་མོས་བྱིན་བརླབས་ལི་ཁྲིའི་མདངས་འཚེར་འདི། །རིན་ཆེན་རིགས་ཀྱི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་རྒྱལ་བའི་དཀྱིལ་འཁོར་ལྷ། །གཤིན་རྗེ་གྲུབ་བུམ་བདུད་བཙན་ཕོ་གདོན་དང་། །ལྷོ་རུ་གནས་དང་མེ་ལ་བརྟེན་པ་སོགས། །འཁོར་འདས་མགྲོན་ལ་འདོད་རྒུའི་མཆོད་པར་འབུལ། ཨོཾ་ཙ་ཚ་ཛ་ཛྷ་ཉ་རྃ་ཨེ་ཨཻ་རྀ་རཱྀ་སྭཱ་ཧཱ། ལས་རྐྱེན་མེ་ཉེན་ཅན་སོགས་འགྲོ་ཀུན་ལ། །ཕྱི་འབྱུང་མེ་ཡི་འཇིགས་པ་མི་འབྱུང་བར། །ནང་འབྱུང་ཚད་མཁྲིས་ཞི་སྟེ་འབྱུང་བཞི་སྙོམས། །མེ་སྣང་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱིས། །ང་རྒྱལ་བྱམས་པར་གྲོལ་ཏེ་མཉམ་ཉིད་ཀྱི། །ཡེ་ཤེས་མངོན་གྱུར་རྒྱས་པའི་འཕྲིན་ལས་ཀྱིས། །སྐྱེ་འགྲོའི་ཡིད་འཕྲོག་རིན་ཆེན་རིགས་སུ་བཀོད། །རིན་ཆེན་འབྱུང་ལྡན་འགྲུབ་པའི་རྟེན་འབྲེལ་སྩོལ། མཱྃ། ལུས་ཀྱི་ཁྲག་དང་ཕྱི་རོལ་ཆུ་ཡི་ཁམས། །དབྱེར་མེད་ཆུ་རྫས་བརླན་ཞིང་གཤེར་བའི་ཚོགས། །མཱ་ཀཱིས་བྱིན་བརླབས་ཟླ་ཤེལ་མདངས་གསལ་འདི། །པདྨ་རིགས་ཀྱི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་རྒྱལ་བའི་དཀྱིལ་འཁོར་ལྷ། །ཆུ་བདག་ཀླུ་རིགས་དམ་སྲི་མོ་གདོན་དང་། །ནུབ་ཏུ་གནས་དང་ཆུ་ལ་བརྟེན་པ་སོགས། །འཁོར་འདས་མགྲོན་ལ་འདོད་རྒུའི་མཆོད་པར་འབུལ། །ཨོཾ་པ་ཕ་བ་བྷ་མ་ཝྃ་ཨུ་ཨཱུ་སྭཱ་ཧཱ། །ལས་རྐྱེན་ཆུ་ཉེན་ཅན་སོགས་འགྲོ་ཀུན་ལ། །ཕྱི་འབྱུང་ཆུ་ཡི་འཇིགས་པ་མི་འབྱུང་བར། །ནང་འབྱུང་གྲང་ནད་ཞི་སྟེ་འབྱུང་བཞི་སྙོམས། །ཆུ་ནང་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱིས། །འདོད་ཆགས་དགའ་བཞིར་གྲོལ་ཏེ་སོར་རྟོགས་པའི། །ཡེ་ཤེས་མངོན་གྱུར་དབང་གི་འཕྲིན་ལས་ཀྱིས། །སྐྱེ་འགྲོའི་སེམས་བསྒྱུར་པདྨའི་རིགས་སུ་བཀོད། །སྣང་བ་མཐའ་ཡས་འགྲུབ་པའི་རྟེན་འབྲེལ་སྩོལ། །ལཱྃ། ལུས་ཀྱི་ཤ་རུས་ཕྱི་རོལ་ས་རྡོའི་ཁམས། །དབྱེར་མེད་ས་རྫས་སྲ་ཞིང་འཐས་པའི་ཚོགས། །སྤྱན་མས་བྱིན་བརླབས་གསེར་སྦྱངས་མདངས་རྒྱས་འདི། །ལས་ཀྱི་རིགས་ཀྱི་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་རྒྱལ་བའི་དཀྱིལ་འཁོར་ལྷ། །གནོད་སྦྱིན་ས་བདག་ལྟོ་འཕྱེའི་གདོན་རྣམས་དང་། །བྱང་དུ་གནས་དང་ས་ལ་བརྟེན་པ་སོགས། །འཁོར་འདས་མགྲོན་ལ་འདོད་རྒུའི་མཆོད་པར་འབུལ། །ཨོཾ་ཏ་ཐ་ད་དྷ་ན་ལྃ་ལྀ་ལཱྀ་ཨི་ཨཱི་སྭཱ་ཧཱ། ལས་རྐྱེན་ས་ཉེན་ཅན་སོགས་འགྲོ་ཀུན་ལ། །ཕྱི་འབྱུང་ས་ཡི་འཇིགས་པ་མི་འབྱུང་བར། །ནང་འབྱུང་བད་ཀན་ཞི་སྟེ་འབྱུང་བཞི་སྙོམས། །ས་སྣང་རྟེན་འབྲེལ་འཆར་ཞིང་རྟེན་འབྲེལ་གྱིས། །ཕྲག་དོག་བཏང་སྙོམས་གྲོལ་ཏེ་བྱ་གྲུབ་ཀྱི། །ཡེ་ཤེས་མངོན་གྱུར་སྣ་ཚོགས་འཕྲིན་ལས་ཀྱིས། །སྐྱེ་འགྲོའི་དོན་བསྒྲུབ་ལས་ཀྱི་རིགས་སུ་བཀོད། །དོན་ཡོད་གྲུབ་པ་འགྲུབ་པའི་རྟེན་འབྲེལ་སྩོལ། །གསུམ་པ་ནི། ལུས་ཀྱིས་མཆོད་སྦྱིན་གཅོད་དང་མཚུངས་ཤིང་ལྷག་པར་དེང་སང་གི་ཆོས་པ་རྣམས་ལ་མེད་ཁ་མེད་ལྟ་བུར་སྣང་བའི་གདམས་པ་སྟེ། ཚོགས་གཏོར་ཟན་ལེབ་ཟླུམ་པོ་བཞིའི་དང་པོ་ལ་དཀར་མངར་གྱི་རིགས་དང་ཕྱི་མ་དག་ལ་ཚོགས་རྫས་བཅས་བཤམས་ལ་ཆབ་བྲན་ཅིང་རིམ་བཞིན་རང་ལུས་ཐ་མལ་པས་འབུལ། རིན་ཆེན་གཏོར་སྣོད་མཆོག་ཏུ་ཡངས་པ་རུ། །གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་བསྐྱིལ། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་དཀར་གསུམ་མངར་གསུམ་སོགས། །མཆོད་རྫས་ཀུན་བཟང་རྣམ་འཕྲུལ་རྒྱ་ཆེན་གྱུར། །ཨོཾ་ཨཱཿ ཧཱུྃ། དཀོན་མཆོག་རྣམ་གསུམ་ཉན་རང་བྱང་སེམས་དང་། །གཙང་རིས་ཆོས་སྐྱོང་དཀར་ཕྱོགས་དགེ་བསྙེན་སོགས། །དཀར་མཆོད་ལ་དགྱེས་གཏོར་མགྲོན་ཐམས་ཅད་ལ། །བདག་ལུས་ཞུ་བའི་མཆོད་སྤྲིན་འདི་ཕུལ་བས། །སྐུ་གསུང་ཐུགས་རྟེན་དཀོར་གླུད་ཟོས་པ་དང་། །བཤད་སྒྲུབ་དགེ་འདུན་རྫས་ལ་འབགས་པའི་སྒྲིབ། །མཁན་སློབ་དགེ་འདུན་བཀའ་བཅག་ཐུགས་དཀྲུགས་སོགས། ཉེས་སྒྲིབ་མཐའ་དག་འདི་ཡིས་བྱང་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། རིན་ཆེན་བྷནྡྷའི་སྣོད་བཟང་འབར་བ་རུ། །གཏོར་མ་ཤ་ལྔ་བདུད་རྩི་རྣམ་ལྔས་བཀང་། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་སྨན་རཀ་གཏོར་ཚོགས་ཀྱི། །མཆོད་རྫས་བླ་མེད་ཡོན་ཏན་ཀུན་ལྡན་གྱུར། །ཨོཾ་ཨཱཿ ཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་། །ཕོ་ཉ་ལས་མཁན་སྤྲུལ་འཁོར་བཅས་པ་ལ། །བདག་ལུས་ཞུ་བའི་དམ་རྫས་འདི་ཕུལ་བས། །བླ་མའི་དཀོར་དང་དཀྱིལ་འཁོར་གཏོར་ཚོགས་རྒྱུའི། །དཀོར་ལ་འབགས་དང་ཟབ་མོའི་དབང་ཆོས་སོགས། །ནོར་ཕྱིར་བཙོང་དང་བླ་མ་མཆེད་ལྕམ་ལ། །དམ་ཚིག་ཉེས་ལྟུང་ཅི་བསགས་བྱང་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། སྟོང་གསུམ་མཉམ་པའི་རིན་ཆེན་སྣོད་ནང་དུ། །གཏོར་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་ལྡན། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་སྤྲུལ། །དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟར། །འདོད་ཡོན་ཟག་མེད་ལྷུན་གྲུབ་ཆེན་པོར་གྱུར། །ཨོཾ་ཨཱཿ ཧཱུྃ། ཁམས་གསུམ་སྲིད་པས་བསྡུས་པའི་སྐྱེ་འགྲོའི་རིགས། །ཐོག་མེད་ད་བར་ཕ་མར་གྱུར་པ་ཡི། །དྲིན་ཆེན་སྙིང་རྗེའི་མགྲོན་ཚོགས་མ་ལུས་པར། །བདག་ལུས་ཞུ་བའི་འདོད་ཡོན་འདི་བྱིན་པས། །སོ་སོར་ཅི་འདོད་ཕུན་སུམ་ཚོགས་ཐོབ་ཅིང་། དད་རྫས་གཤིན་དཀོར་སྒྲིབ་པ་ཀུན་བྱང་ནས། །ཕ་མའི་དྲིན་ལན་ཆོས་ཀྱིས་འཁོར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། གཏོར་སྣོད་རྒྱ་ཆེན་ནམ་མཁའ་མཉམ་པ་རུ། །གཏོར་མ་བདུད་རྩིའི་འདོད་ཡོན་སྣ་ཚོགས་བཀང་། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་སྤྲུལ། །བདུད་རྩིའི་ནང་སོང་ཅི་འདོད་ལོངས་སྤྱོད་ཀྱིས། །གནོད་བྱེད་བགེགས་ཚོགས་རེ་སྐོང་རྫས་སུ་གྱུར། ཨོཾ་ཨཱཿ ཧཱུྃ། དུག་གསུམ་ལས་དང་མ་རིག་འཁྲུལ་རྟོག་གི། རྒྱུ་འབྲས་ལས་གྲུབ་གནོད་བྱེད་གདོན་བགེགས་རིགས། །སྣང་སྲིད་ཀུན་ན་གར་གནས་ཅི་ཡོད་ལ། །བདག་ལུས་ཞུ་བའི་སྦྱིན་པ་བསྔོས་པའི་མཐུས། །དགའ་མགུར་ཚིམ་ནས་གཞན་ལ་གནོད་འཚེའི་སེམས། །ཞི་ཞིང་ལན་ཆགས་ཀུན་འཁོར་བྱང་ཆུབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། མཁས་བཙུན་དམ་པ་པདྨ་ལེགས་གྲུབ་ཀྱི་གསུང་ལས་སོ། །བཞི་པ་ནི། ཚོགས་གཏོར་ཟླུམ་ལེབ་གཅིག་ཚོགས་རྫས་བཅས་བདུད་རྩི་བྲན་ལ་འབུལ་ཞིང་། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནུབ་ཕྱོགས་པདྨའི་རིགས་ཀྱི་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཚམས་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །ཀུན་ཀྱང་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམ་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ས་བླ་ས་འོག་ས་སྟེང་གི། འཁོར་འདས་གཉིས་ཀྱི་མགྲོན་རིགས་རྣམས། །འདོད་ཡོན་ལྔ་ཡིས་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིགབསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །ཅེས་སྐྱེ་མེད་དགའ་ཡན་གྱིས་མཛད་པའོ།

།ལྔ་པ་ནི། ཚོགས་ལེབ་ཚོགས་རིལ་ཚོགས་རྫས་དང་བདུད་རྩི་བཅས་བཏེགས་ཤིང་། ཁམས་གསུམ་མ་ལུས་ཞིང་ཁམས་ན། །སྐུ་གསུམ་འཁོར་འདས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩིས་ཁེངས་པའི་རྫས། །གཏོར་མ་འདོད་ཡོན་ལྔ་རུ་བསྔོ། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བཀང་། །སྐྱེ་འཆི་མེད་པའི་མཆོད་པར་བཞེས། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་བཞི་ཡི་གཏོར་མས་བཀང་། །རང་སར་རང་དག་མཆོད་པར་བཞེས། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་བཀང་། །མྱ་ངན་མི་འདའ་མཆོད་པར་བཞེས། །བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། ཐེག་པ་བརྒྱད་ཀྱི་གཏོར་མས་བཀང་། །མ་འདྲེས་ཡོངས་རྫོགས་མཆོད་པར་བཞེས། །ཀུན་གཞི་ཡངས་པའི་གཏོར་གཞོང་དུ། །རྣམ་ཤེས་ཚོགས་བརྒྱད་གཏོར་མས་བཀང་། །འཕེལ་འགྲིབ་མེད་པའི་མཆོད་པར་བཞེས། །རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་ཡིད་གསུམ་གཏོར་མས་བཀང་། །བརྗོད་དུ་མེད་པའི་མཆོད་པར་བཞེས། །སྐྱེ་བ་མེད་པའི་གཏོར་གཞོང་དུ། །རིག་པ་ཚོར་མྱོང་གཏོར་མས་བཀང་། །འགྱུ་བ་རང་གྲོལ་མཆོད་པར་བཞེས། །ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས་བཀང་། །ཐུགས་རྗེ་འགྲོ་དོན་མཆོད་པར་བཞེས། །སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །སྣང་བ་དཀར་དམར་གཏོར་མས་བཀང་། །སྣང་མེད་ཆེན་པོའི་མཆོད་པར་བཞེས། །རང་རྒྱུད་དག་པའི་གཏོར་གཞོང་དུ། །རྗེ་བཙུན་གདམས་ངག་གཏོར་མས་བཀང་། །བདེ་བ་ཆེན་པོའི་མཆོད་པར་བཞེས། །ཆོས་ཉིད་དག་པའི་གཏོར་གཞོང་དུ། །བདེ་གསལ་མི་རྟོག་གཏོར་མས་བཀང་། །ངོས་བཟུང་མེད་པའི་མཆོད་པར་བཞེས། །རང་ལུས་རྒྱལ་བའི་གཏོར་གཞོང་དུ། །སེམས་མོས་གུས་གདུང་བའི་གཏོར་མས་བཀང་། །རེ་དོགས་མེད་པའི་མཆོད་པར་བཞེས། །ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་བཀང་། །ཆགས་ཞེན་མེད་པའི་མཆོད་པར་བཞེས། །རིན་པོ་ཆེ་ཡི་གཏོར་གཞོང་དུ། །དཀར་གསུམ་མངར་གསུམ་གཏོར་མས་བཀང་། །དགོས་འདོད་འབྱུང་བའི་མཆོད་པར་བཞེས། །རྡོ་རྗེ་འཆང་ཆེན་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཡུམ་ཆེན་ཤེས་ཕྱིན་མན་ཆད་དང་། །གཅོད་ཀྱི་བརྒྱུད་པ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཤཱཀྱ་ཐུབ་པ་མན་ཆད་དང་། །མཁན་པོ་སློབ་དཔོན་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །དཀོན་མཆོག་གསུམ་པོ་མན་ཆད་དང་། །རིགས་དྲུག་སེམས་ཅན་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཡི་དམ་ལྷ་ཚོགས་མན་ཆད་དང་། །འཇིག་རྟེན་ལྷ་འདྲེ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །རྡོ་རྗེ་ཕག་མོ་མན་ཆད་དང་། །གནས་གསུམ་མཁའ་འགྲོ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཡེ་ཤེས་མགོན་པོ་མན་ཆད་དང་། །འཇིག་རྟེན་བསྟན་སྲུང་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །དཔལ་ལྡན་ལྷ་མོ་མན་ཆད་དང་། །འཇིག་རྟེན་སྨན་མོ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །སྟོང་གསུམ་གཞི་བདག་མན་ཆད་དང་། །འདིར་གནས་ལྷ་ཀླུ་ཡོན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིགཀུན་ཏུ་བཟང་པོ་མན་ཆད་དང་། འཇག་མའི་སྲིན་བུ་ཡན་ཆད་ལ། བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ལྷ་གནས་སྲིད་རྩེ་མན་ཆད་དང་། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །གནས་གདོན་ལུས་གདོན་མན་ཆད་དང་། །བག་ལ་ཉལ་བ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །གཏོར་མ་འདི་བསྔོས་ཡོན་ཏན་གྱིས། །བདག་དང་སེམས་ཅན་མ་ལུས་པའི། །ལུས་ལ་བདེ་བ་རྙེད་གྱུར་ཅིག །ངག་ལ་ནུས་པ་འབར་གྱུར་ཅིག །སེམས་ལ་རྟོགས་པ་འཆར་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །སྦྱིན་པ་འདི་དང་དུས་གསུམ་གྱི། །དགེ་བའི་རྩ་བ་མ་ལུས་པ། ཁམས་གསུམ་སེམས་ཅན་དོན་དུ་བསྔོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཅེས་འགྲོ་མགོན་རི་གོང་བའི་གསུང་ངོ་། །དྲུག་པ་ནི་ཚོགས་རྫས་རྣམས་ཀྱིས་བསྐང་གཏོར་གསོས་ཏེ་བྲན་ལ། ཕཊ། རང་ལུས་དང་སྣོད་བཅུད་ཐ་མི་དད་པའི་ཕྱི་ནང་གསང་བའི་མཆོད་བསྐང་གི་རྫས་ཀྱིས་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦྦ་ཐཱ་ཁཾ་ཨངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཧཱུྃ། བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །དོན་དམ་འཁོར་འདས་དབྱེར་མེད་ལ། །ཐུགས་དམ་བསྐང་བར་མི་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མའི་རང་བཞིན་དུ། །ཐུགས་རྗེས་འགྲོ་བའི་དོན་མཛད་ཕྱིར། །ཕྱི་ནང་གསང་བའི་མཆོད་པ་དང་། །བླ་མེད་མཆོག་གི་ཐུགས་དམ་བསྐང་། །ལྟ་བ་ལོག་པར་མ་གྱུར་ཏེ། །ལོག་ན་ཆོས་ཉིད་དབྱིངས་སུ་བསྐང་། །སྒོམ་པ་ནོར་ནི་མ་ནོར་ཏེ། །ནོར་ན་སེམས་ཉིད་དོན་གྱིས་བསྐང་། །སྤྱོད་པ་འཁྲུལ་ནི་མ་འཁྲུལ་ཏེ། །འཁྲུལ་ན་རྟེན་འབྲེལ་ཟབ་མོས་བསྐང་། །དམ་ཚིག་ཉམས་ནི་མ་ཉམས་ཏེ། །ཉམས་ན་བདེ་ཆེན་ཚོགས་ཀྱིས་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཉམས་ཆག་མ་ལུས་མཐོལ་ལོ་བཤགས། །ཕྱི་ནང་བར་ཆད་ཐམས་ཅད་ཟློག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བསྡུ་ན་འོག་གི་བམ་ཆེན་ཚོགས་བསྐང་ལ་འཇུག །རྒྱས་པར་བྱ་བའི་ཚེ་གཟན་བསྒྱུར་ཚིགས་བཅད་བྱས་པ་འདི་ལྟར། ཧཱུྃ། བེམ་ཤུན་གཏོར་སྣོད་གསེར་གྱི་ས་གཞིའི་སྟེང་། །ཞག་དང་ཆུ་སེར་སྤོས་ཆུས་ཆག་ཆག་གདབ། །སེན་མཛུབ་ལྕགས་རི་མུ་ཁྱུད་འཕྲེང་བས་བསྐོར། ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་བརྒྱད། །ཟོ་ཁོག་རི་རབ་མགོ་ནི་རྣམ་རྒྱལ་ཁང་། །མིག་གཉིས་ཉི་ཟླ་རྒྱུ་མ་གསེར་རི་བདུན། ཁྲག་ནི་རོལ་མཚོ་སོ་ནི་རྒྱུ་སྐར་ཚོགས། །རྣ་བ་གཉིས་ནི་གདུགས་དང་རྒྱལ་མཚན་ཏེ། །ལྕེ་ནི་རྔ་ཡབ་བ་དན་ལྷུན་གྱིས་གྲུབ། །ཀླད་སྤྲི་བླ་བྲེ་མཆིན་ཁྲི་ཡོལ་བ་དང་། །ཨོལ་ཁྲང་རང་བྱུང་ཤེལ་གྱི་མཆོད་རྟེན་བརྒྱད། །སྙིང་ནི་ནོར་བུ་གློ་བ་ཅང་ཤེས་རྟ། །མིད་ཡུ་སྲོག་རྩ་དཔག་བསམ་ལྗོན་པའི་ཤིང་། །མཚེར་པ་འདོད་འཇོའི་བ་མོར་ལྷུན་གྱིས་གྲུབ། །ཕོ་བ་རིན་ཆེན་གཏེར་གྱི་བུམ་པ་དང་། །ཤ་ཁྲག་འདོད་ཡོན་དཔག་མེད་བསྐང་རྫས་ཀྱིས། །ཐུབ་དབང་རྡོ་རྗེ་འཆང་སོགས་སངས་རྒྱས་དང་། །བྱང་སེམས་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང་། །གྲུབ་ཆེན་རྣལ་འབྱོར་འདུལ་འཛིན་ཀུ་ས་ལུ། །དམ་པ་མ་གཅིག་གྲུབ་དབང་ཐུགས་དམ་བསྐང་། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐངས་པའི་མཐུས། །འཁྲུལ་རྟོག་རྩད་ཆོད་ཉམས་ལེན་གནད་ཕེབས་ཤོག །ཧཱུྃ། བེམ་ཤུན་བྷནྡྷ་སྟོང་གསུམ་མཉམ་པའི་ནང་། །ཕུང་པོ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཕུད་རླངས་སྒེག་སོགས་བརྒྱད་དང་མཆོད་ལྷ་ལྔ། །མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་། །སྙན་པའི་གླུ་དབྱངས་རྡོ་རྗེའི་གར་དང་བཅས། །འདོད་ཡོན་མཆོད་སྤྲིན་ཟག་མེད་བསྐང་རྫས་ཀྱིས། །འཆི་མེད་སྤྱན་རས་གཟིགས་སོགས་རྒྱུད་སྡེ་བཞིའི། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཡུམ་ཆེན་ཕག་མོ་སྒྲོལ་མ་མཁའ་སྤྱོད་ཟུང་། །ཆོས་བདག་ཕག་ཞལ་ཅན་སོགས་ཐུགས་དམ་བསྐང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐངས་བའི་མཐུས། །ལྷོང་ཚར་མཐར་ཕྱིན་བསྐྱེད་རྫོགས་བརྟན་ཐོབ་ཤོག །ཧཱུྃ། བེམ་ཤུན་བྷནྡྷ་ལྕང་ལོར་བཅས་པའི་ནང་། །ཕུང་པོ་ཤ་ཁྲག་རུས་པ་བདུད་རྩིའི་མཚོ། །ཕུད་རླངས་ལས་བྱེད་ཌཱཀྐི་མཁའ་འགྲོའི་ཚོགས། །སྨན་རཀ་གཏོར་མ་ཐོགས་པས་བར་སྣང་གང་། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྤྲིན་ལྟར་གཏིབ། །བྱ་ནག་ཁྱི་ནག་གཡག་ནག་རྟ་ནག་འཕྱོ། །གོ་མཚོན་དར་ནག་ལ་སོགས་བསྐང་རྫས་ཀྱིས། །བླ་མ་མྱུར་མཛད་དབྱེར་མེད་ཐུགས་དམ་བསྐང་། །ཕྱག་བཞི་ལེགས་ལྡན་གུར་ཞལ་དུར་ཁྲོད་བདག །ཨ་གྷོ་ར་སོགས་ཡུམ་བཅས་ཐུགས་དམ་བསྐང་། །དཔལ་མགོན་སྲུང་མའི་ཐུགས་དམ་བསྐངས་བའི་མཐུས། རེ་དོགས་འཁུ་འཕྲིག་སྙེམས་ཐག་རྦད་ཆོད་ཤོག །ཧཱུྃ། བེམ་ཤུན་བཻཌཱུར་ས་གཞི་མིག་མང་རིས། །ཁྲག་རྣམས་འོ་མའི་མཚོ་རྫིང་ནེའུ་སེང་། །ཤ་རུས་རིན་ཆེན་རི་བོ་གཞལ་ཡས་ཁང་། །དཀོར་ནོར་ཡོ་བྱད་སྣ་ཚོགས་འཛད་མེད་ཀྱིས། །ཡིད་བཞིན་ནོར་བུ་ཚོགས་བདག་རྣམ་ཐོས་སྲས། །རྨུགས་འཛིན་ནོར་རྒྱུན་ལ་སོགས་ཐུགས་དམ་བསྐང་། །ལྷ་ཀླུ་གནོད་སྦྱིན་གཞི་བདག་དཀར་པོའི་ཕྱོགས། །བསྟན་ལ་དགའ་བ་རྣམས་ཀྱི་ཐུགས་དམ་བསྐང་། །གཏེར་བདག་ནོར་ལྷའི་ཐུགས་དམ་བསྐངས་བའི་མཐུས། །བསྟན་འགྲོར་སྨན་པའི་བརྟུལ་ཞུགས་རྩལ་རྫོགས་ཤོག །ཧཱུྃ། བམ་ཆེན་ཚོགས་ཀྱིས་སྣང་སྲིད་ཁྱབ་པ་ལས། །དགོས་བཞེད་མཁོ་རྒུར་འཆར་བའི་ལོངས་སྤྱོད་ཀྱིས། །མཆོད་གནས་སྦྱིན་ཡུལ་འཁོར་འདས་མགྲོན་རིགས་ཀུན། །དག་མཉམ་བདེ་སྟོང་ཆེན་པོར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐངས་བའི་བྱིན་བརླབས་ཀྱིས། །ཆོས་བརྒྱད་མགོ་སྙོམས་འཛིན་མེད་འཁྲུལ་པ་ཞིག །བར་ཆད་རང་གྲོལ་ལྟས་ངན་གཡང་དུ་ཁུགས། །ཉམས་རྟོགས་གཞན་ཕན་ཡར་ངོའི་ཟླ་ལྟར་འཕེལ། །འབྲེལ་ཚད་སྟོང་ཉིད་སྙིང་རྗེས་རྒྱུད་སྨིན་ནས། །འགྲོ་ཀུན་གཅོད་ཀྱིས་མཆོག་དངོས་གྲུབ་གྱུར་ཅིག

།བདུན་པ་ལ། དངོས་དང་བཟླ་དང་སྡོམ་བཟུང་གསུམ། དང་པོ་ནི། ཐལ་མོ་སྦྱར་ལ། སེམས་རང་བཞིན་སྡིག་པས་མ་གོས་ཀྱང་། །འཕྲལ་གློ་བུར་བསགས་པའི་སྡིག་སྒྲིབ་ཚོགས། །རྗེའི་སྤྱན་སྔར་གནོང་ཞིང་འགྱོད་པས་མཐོལ། །དབྱིངས་མཉམ་ཉིད་ངང་དུ་སོ་སོར་བཤགས། །ཨོཾ་བཛྲ་སཏྭ་ཨཱཿ དགེ་སྡིག་དངོས་པོར་འཛིན་པ་ཡི། །སྡིག་སེམས་འདི་ནི་ཆོས་ཉིད་ཀྱི། །ཡངས་པའི་ཀློང་ཆེན་ངང་དུ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ གློ་བུར་བག་ཆགས་བདེ་སྟོང་དབྱིངས་སུ་བཤགས་སོ། །ཨོཾ་བཛྲ་ས་ཏྭ་ཨཱཿ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ ཡན་ལག་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ མཐོལ་ལོ་མཐོལ་ལོ་ཡི་དམ་ལྷ་ལ་མཐོལ་ལོ། །ཨོཾ་བཛྲ་སཏྭ་ཨཱཿ བཤགས་སོ་བཤགས་སོ་མཁའ་འགྲོའི་ཚོགས་ལ་བཤགས་སོ། །ཨོཾ་བཛྲ་སཏྭ་ཨཱཿ མཐོལ་བཤགས་ཕུལ་བས་ཚངས་པར་སྩལ་དུ་གསོལ། །ཨོཾ་བཛྲ་སཏྭ་ཨཱཿ བླ་མ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བླ་མའི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །གཉིས་པ་ནི། ཚོགས་ཞིང་རྣམས་ཀྱི་ཐུགས་ཀར་ཨ་དཀར་པོ་ལས་འོད་ཟེར་བདུད་རྩི་ཟུང་འབྲེལ་བྱུང་བ། རང་གཞན་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་བྱོན། །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ངན་པ་དང་། ཉམས་གྲིབ་མི་གཙང་བ་ཐམས་ཅད་སངས་ཀྱིས་དག་སྟེ། རྒྱུད་ཤེལ་གོང་དག་པ་ལྟར་གསལ་སིང་ངེར་གནས་པར་གྱུར། ཅེས་བསམ་ལ། ཨ་བརྒྱ་རྩ་བཟླས་མཐར། ཨ་ཡི་ངག་གདངས་གཅིག་བརྗོད་ལ། སྤྲོས་བྲལ་ཡུམ་གྱི་དགོངས་པའི་ངང་དུ་དལ་གཅིག་བཞག །གསུམ་པ་ནི། དཀོན་མཆོག་རྩ་བ་བླ་མར་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་གནས། །བྱིན་བརླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སྒོམ། །ངོ་མཚར་སྤྱོད་པ་གསུམ་གྱིས་རོལ་པ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ཅིང་འཕྲིན་ལས་ཐོགས་མེད་འགྲུབ། ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །གཉིས་པ་ནང་གི་ཚོགས་མཆོད་ནི། ལས་ཀྱི་སློབ་མས་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ལག་པ་གཡས་སུ་ཐབས་ཀྱི་རྫས་དང་། གཡོན་ཤེས་རབ་ཀྱི་རྫས་བཟུང་ལ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཅེས་དམ་རྫས་བསྐོར་ཞིང་། ལེན་པ་པོས་པད་སྐོར་སྔོན་དུ་འགྲོ་བས། ཨོཾ་ཨཱཿ ཧཱུྃ། ཨ་ལ་ལ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་པར་སྤང་། །དེ་ཁོ་ན་ཉིད་ལ་བདག་གུས་སོ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཞེས་བླངས། ཐོག་མར་ཆང་དཔའ་མོས་མ་སྤྱད་པར་དཔའ་བོས་མ་འཐུང་། ཤ་དཔའ་བོས་མི་སྤྱད་པར་དཔའ་མོ་རྣམས་ཀྱིས་མི་སྤྱོད་གསུངས་པ་ལྟར་བྱ་ཞིང་། ཨོཾ་ཨཱཿ ཧཱུྃ་སརྦ་ཨམྲྀ་ཏ་སིདྡྷི་ཧཱུྃ་ཛཿརང་ཉིད་ལྷ་དང་ཚོགས་མགྲོན་གྱི། །འོད་ཀྱིས་སྲིད་ཞིའི་བཅུད་བསྡུས་པའི། །བཟའ་བཏུང་བསྲེགས་བླུགས་བདུད་རྩིའི་རོས། །ལུས་ཀྱི་དཀྱིལ་འཁོར་དགྱེས་པར་གྱུར། །ཅེས་རང་ཉིད་ལྷའི་ལུས་དཀྱིལ་གསལ་བཏབ་ལ་ནང་གི་སྦྱིན་སྲེག་ཏུ་ལོངས་སྤྱོད་དོ། །གསུམ་པ་ནི། གསང་སྙིང་། གསལ་ལྡན་མའམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ཞེས་པའི་དོན་བསྒོམ་ལ་དེ་ཁོ་ན་ཉིད་ཀྱི་ངང་དུ་བཞག །བཞི་པ་ལ། ཚོགས་ལྷག་ཕུད་ལྷག་གླུ་ཤིས་གསུམ། དང་པོ་ནི། འཁོར་འདུས་པ་རྣམས་ཀྱི་ལྷག་མ་སྣོད་གཅིག་ཏུ་བསྡུས་པ་ལ་ཆབ་བྲན་ནས། སྔར་ལུས་སྦྱིན་མང་པོ་བྱས་པའི་ལྷག་མ་རུ་བསྔོ་བ་སྟེ། ཕཊ། སྟོང་གསུམ་རྒྱར་མཉམ་རིན་ཆེན་ཀཱ་པཱ་ལར། །སྒྱུ་ལུས་མཆོད་སྦྱིན་བྱས་པའི་ལྷག་རྣམས་དང་། །ཚོགས་ལྷག་མྱོང་གྲོལ་དཀར་དམར་འོ་མའི་མཚོར། །འདོད་རྒུའི་རྦ་རླབས་ནམ་མཁའི་ཁྱོན་གང་གྱུར། །ཨོཾ་ཨཱཿ ཧཱུྃ། ཕཊ། འདིར་འཁོད་གཙོ་བོ་རྣམས་ཀྱི་རྗེས་འབྲང་བའི། །འབྱུང་པོ་ལྷག་སྡུས་ཚོགས་དང་བང་བུལ་བས། །སྐབས་སུ་མ་སླེབ་གློ་བུར་ལྷགས་རྣམས་དང་། །ཞ་བོ་ལོང་བ་འོན་པ་ལྐུག་པ་དང་། ཁ་ཞན་དབང་ཆུང་མ་ཐོབ་མ་ངོམས་པའི། །ལྷག་མར་རེ་བ་ཀུན་དང་ཉམས་ཐགས་རིགས། །ཁྱེད་རྣམས་ལྷག་མའི་གཏེར་ལ་ཅི་དགོས་རོལ། །ངོམས་ཤིང་ཚིམས་ནས་ནད་དང་སྡུག་བསྔལ་བྲལ། །དབང་པོ་ཀུན་གསལ་ཁས་དྲག་ནུས་རྩལ་ཐོབ། །དགའ་མགུ་ཡི་རང་བྱང་ཆུབ་སེམས་ལྡན་ཤོག །གཞན་ཡང་མགྲོན་དུ་བོས་ཀྱང་མི་ཁོམས་པའི། །རི་རྩེ་ཀན་དང་ལག་རིང་གཞོང་ཐོགས་དང་། །རྟག་མྱོས་གཏེར་སྲུང་ཧང་ཕན་ལྟོ་འཕྱེ་སོགས། །མི་འོངས་མི་ཉན་རིགས་མཐུན་དུ་མ་ལ། །ཟག་མེད་བདུད་རྩི་སོ་སོའི་གནས་སུ་བསྐྱལ། །དེར་ལོངས་སྤྱད་པས་ཀུན་མགུ་རང་རང་ལ། །ཉེར་མཁོའི་འདོད་རྒུ་ཕུན་སུམ་ཚོགས་པར་གྲུབ། །སྲིད་ཞི་གཉིས་གྲོལ་སངས་རྒྱས་ཐོབ་གྱུར་ཅིག །ཕཊ། ཕཊ། ཅེས་ཕྱི་སྒོའི་སྲང་མདོ་གཅིག་ཏུ་བླུགས།

གཉིས་པ་ནི། རང་གི་ཚོགས་ལྷག་ཏུ་ཕུད་ཀྱི་ལྷག་མ་བཞག་སྟེ་ཁ་ཕྲུ་བཏབ། འདི་མན་ཆད་ཀྱི་གཏོར་མཆོད་རྣམས་ལ་རང་དང་བསྲུང་བྱའི་ཤ་ཁྲག་མི་བསྲེ་གསུངས། ཨོཾ་སུ་བི་ཤུདྡྷཿདྷརྨཱ་ཨཾ་ཨཱཿ བནྡྷའི་སྣོད་དུ་ལྷག་གཏོར་ཤ་ཁྲག་གི། ཕུང་པོ་འདོད་ཡོན་ལྔ་ལྡན་རྒྱ་མཚོར་གྱུར། །ཨོཾ་ཨཱཿ ཧཱུྃ་ཧ་ཧོཿཧྲཱིཿས་བརླབས་ཤིང་། ལས་བྱེད་སྤྲུལ་པ་ཀེང་རུས་གཟུགས་ཅན་གྱི། །མཁའ་འགྲོ་མང་པོས་ལྷག་མའི་ཚོགས་གཏོར་ཁྱེར། །ལྷག་སྡུད་ལྷ་དང་འཇིག་རྟེན་ཌཱཀྐི་ལྔ། །རང་རང་མདོག་མཚུངས་ཐོར་ཚུགས་རལ་པ་ཅན། ལག་ན་རང་རྟགས་གྲི་གུག་ཐོད་ཁྲག་བསྣམས། །ཤ་ཟ་ཞིང་སྐྱོང་ལྷག་མགྲོན་འཁོར་བཅས་ལ། །སོ་སོར་ཅི་འདོད་སྦྱིན་པས་དགྱེས་པར་རོལ། །དགྲ་བགེགས་བསྒྲལ་བའི་འཕྲིན་ལས་བསྒྲུབ་པར་གྱུར། ཨོཾ་དྷཱུ་མ་གཱ་ཏཱི་ཡཻ་ས་པ་རི་ཝཱ་རེ་བྷྱ་ཨི་མཾ་བ་ལིང་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ་སྭཱ་ཧཱས་བསྔོས་ལ། ཨོཾ་འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །འཇིགས་བྱེད་དྲག་པོ་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །དབང་ཕྱུག་ཆེན་པོ་ལ་སོགས་པ། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་བརྩོན་པའི་མཁའ་འགྲོ་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག །ཧཱུྃ། དབྱིངས་མ་མོ་ཁྲོས་གཟུགས་ཕྱི་འཁོར་སྐྱོང་། །འཁོར་གནས་དང་ཕོ་ཉ་དམ་ཚིག་པ། །ཡོངས་ལས་བྱེད་ཤ་ཟ་ཌཱ་ཀིའི་ཚོགས། །རྫས་ལྷག་གཏོར་འདི་བཞེས་འཕྲིན་ལས་སྒྲུབས། །སྒོས་ཕྱོགས་མཚམས་འཇིགས་པའི་དུར་ཁྲོད་ནས། རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དཀར་སེར་དམར་ལྗང་མཐིང་ནག་རལ་པ་ཅན། །ཁྱོད་དོན་གྱི་རྣལ་འབྱོར་ཡིན་མོད་ཀྱང་། །བདག་སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ཡི་འཁོར་དུ་གཏོགས་པ་ཡི། །མཁའ་ལ་འགྲོ་བའི་མཁའ་འགྲོ་དང་། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་དང་། །དེ་འོག་ཞིང་སྐྱོང་མཁའ་འགྲོའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །ལྷག་མའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་གི་དགྲ་བོ་དང་། །སློབ་མ་དམ་ལས་ལོག་པ་དང་། །བྱང་ཆུབ་བསྒྲུབ་ལ་བར་གཅོད་རྣམས། །ལྷག་གཏོར་འདི་དང་མཉམ་པོར་བཞེས། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས། །ལས་ལ་མྱུར་ཞིང་རྫུ་འཕྲུལ་ཅན། ཁྱེད་དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །དམ་དེ་ཉུལ་ལ་མེལ་ཚེ་མཛོད། །ཕུད་ལྷག་བཤལ་ཆུའི་གཏོར་མ་ལོངས། །ལོག་པར་བལྟ་བའི་དགྲ་བགེགས་སྒྲོལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་བྷྱ་སྭཱ་ཧཱ། ཞེས་འགྲོ་མགོན་རི་གོང་པའི་གསུང་བཅས་བརྗོད་ཅིང་། རོལ་མོ་སྣ་ཚོགས་འབུད་དཀྲོལ་བྱ། མཚན་དུས་ཡིན་ན་ལྷག་མ་ལ་དཔལ་འབར་བཙུགས་ཏེ་ནམ་མཁའ་མཐོང་སར་དོར། ཕཊ། ཅེས་འཛིན་པ་བཅད། ནང་དུ་སླེབས་པ་དང་ཐམས་ཅད་ཀྱིས། སྒྱུ་མ་ལྟ་བུའི་དགེ་བའི་རྩ་བ་འདིས། །སྒྱུ་མ་ལྟ་བུའི་མཐའ་ཡས་སེམས་ཅན་རྣམས། །སྒྱུ་མ་ལྟ་བུའི་ས་ལམ་བགྲོད་གྱུར་ཏེ། །སྒྱུ་མ་ལྟ་བུའི་སངས་རྒྱས་མྱུར་ཐོབ་ཤོག །དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཅིག །གསུམ་པ་ནི། ཅང་ཏེ་ལུ་དཀྲོལ་ཞིང་། ཀ་མ། ཀྲོ་ཏ། མོ་ཧ། ལོ་པ། ཨ་ཀ་ར། ནིརྨ་ན་ཀཱ་ཡ། སཾ་བོ་ཀེ་ཀཱ་ཡ། དྷརྨ་ཀཱ་ཡ། ཀུ་སུ་དྷི་ན་ཀཱ་ཡ། གུ་རུ། གུ་ཡ་མུ་ཏྲས་མ། མ་ཧཱ་སུ་མུ་ཀུ་ཀཱ་ཡ་པཉྩ། ཛྙཱ་ན་མུ་ཏྲ། མ་ཧཱ་མུ་ཏྲ། ཀརྨ་མུ་ཏྲ། མུ་ཏྲ་ཨེ་ཏེ་པ། ཀ་ཀ་ཀར། བོ་ལ། ཀ་ཀོ་ལ། དྷ་རུ་ར། མ་ན་ཧ་གྷ་ཙ་ཡ། ཀ་མ། བཛྲ་སུ་ཀུ། ཙ་ལ། ཏ་ལ་ཏ་ལ། བྷེ་ཡ་བྷེ་ཡ། ཀརྨ་མུ་ཏྲ། སུ་རུ་མ་ཧཱ། ཨ་ཧོ་སུ་ཁ་ཧོཿཞེས་མཁའ་འགྲོའི་གླུ་བླང་སྟེ། རང་ཉིད་དམ་པ་མཐིང་ནག་སྤྱན་གསུམ་པ། །དུར་ཁྲོད་ཆས་གསོལ་ཕྱག་གཡས་ཌཱ་རུ་འཁྲོལ། །ཕྱག་གཡོན་ཐོད་པར་སྲིད་ཞིའི་དྭངས་བཅུད་བསྐྱིལ། །པད་ཉིར་དཔའ་བོ་རོལ་པའི་སྟབས་སུ་འགྱིང་། །རང་དང་ལྷ་ཚོགས་ཐུགས་ཀའི་ཧཱུྃ་ལས་ཧཱུྃ། །ཆེར་འཕྲོས་དངོས་ཀུན་མཁའ་འགྲོ་དམར་མོའི་ཚོགས། །ལྕགས་ཀྱུ་བྷནྡྷ་ཅན་གྱུར་གནོད་བྱེད་ཀྱི། །སྟོབས་དང་འཁོར་འདས་བཅུད་བསྡུས་ཐོད་ཞལ་བཀང་། །རང་གནས་རིན་ཆེན་འབར་བ་ལྟ་བུའི་ནང་། །ལོངས་སྤྱོད་འདོད་རྒུའི་ཆར་ཕབ་མཁའ་འགྲོ་རྣམས། །གཅིག་ལ་གཅིག་ཐིམ་རང་ལ་ཐིམ་པས་བདག །གཟི་བརྗིད་མདངས་རྒྱས་བཀྲ་ཤིས་དཔལ་འཕེལ་གྱུར། །དྲིལ་བུ་གསིལ་ཞིང་། རྗེ་ཐར་པའི་ལམ་སྟོན་སངས་རྒྱས་དངོས། །དྲན་པས་ཆོག་པའི་རིན་པོ་ཆེ། །བསླུ་བ་མེད་པའི་སྐྱབས་གཅིག་པུ། །རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །མཆེད་གྲོགས་ཆོས་མཛད་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །རྟག་ཏུ་དཀོན་མཆོག་གསུམ་གྱི་བདེ་ལེགས་ཤོག །ཚོགས་འཁོར་གྱི་ཡོན་བདག་ཡོད་ན། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང་། །དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱིས་དྲངས། །ཁྱེད་ལ་རྟག་ཏུ་སྲུང་བ་མཆོག་གིས་སྦྱོར་བ་དང་། །ཡང་ན་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག

།ལྔ་པ་ལ། གཏོར་སྐྱོང་གཏོར་བསྟབ་གཏོར་བྲོ་གསུམ། དང་པོ་ལ། མཁའ་འགྲོ་ཆོས་སྐྱོང་གཏེར་བདག་གསུམ། དང་པོ་ནི། དམར་གཏོར་གཅིག་ལ་ཕུད་རྒོད་ཀྱིས་བྲན་ཏེ་སྔགས་སོ་སོའི་ཕྱག་རྒྱ་བསྟན་ཅིང་། ཨོཾ་གཏོར་མ་སྟོང་པར་གྱུར། ཨཱཿ ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བར་གྱུར། ཧཱུྃ་ཤ་ལྔ་བདུད་རྩི་ལྔས་གང་བར་གྱུར། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿའབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕཻཾ། ཨོཾ་བཛྲ་ཨཱ་རལླི་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི། ས་མ་ཡ་སྟྲཾ། དྲི་ཤྱ་ཧོཿཞེས་མགྲོན་སྤྱན་དྲངས་པ་མདུན་བསྐྱེད་དང་དབྱེར་མེད་པར་བསམ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། བི་ཤཱ་ཙི། ཨུན་མཱ་ད། ཨ་པ་སྨཱ་ར། ཌཱ་ཀཌཱ་ཀི་ནྱ་དཱ་ཡ། ཨི་མཾ་བ་ལིཾ་གྲྀཎྜནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི། མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཛི་གྷྲ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱར་ཏ་ཡྃ། སཏ་སུ་ཁཾ། བི་ཤུད་དྷེ་ཡ། ས་ཧཱ་ཡི་ཀ་བྷ་ཝནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་དང་། མེ་ཏོག་བདུག་སྤོས་མར་མེ་དང་། །ཞལ་ཟས་སིལ་སྙན་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། ཞེས་དང་། ཨོཾ་ཨཱཿ ཧཱུྃ། གསང་བའི་རྔེེའུ་ཆུང་དམ་ཌཱ་མ་རུ་འཕྲོལ་བཞིན་པས། ཧྲཱིཿའོག་མིན་གནས་དང་ཨོ་རྒྱན་ཞིང་། །རསྨི་ཤྭ་རའི་དུར་ཁྲོད་ནས། །ཆོས་བདག་ཁྲོས་མ་ཕག་ཞལ་ཅན། །དེ་ཡི་ལས་བྱེད་མཁའ་འགྲོ་བརྒྱད། །འཁོར་དང་བཅས་པ་གནས་འདིར་གཤེགས། །ཤ་ཆེན་ཟན་དང་ཆང་ཕུད་བཅས། །དམ་རྫས་གཏོར་མ་འདི་བཞེས་ལ། །བདག་གི་འདོད་དོན་འཕྲིན་ལས་སྒྲུབས། །ཧཱུྃ། ཕག་སྐད་སྟེང་དུ་སྒྲོགས་པ་ཡིས། །གཟུགས་མེད་ཁམས་ཀུན་དབང་དུ་སྡུད། །ཕག་སྐད་བར་དུ་སྒྲོགས་པ་ཡིས། །གཟུགས་ཁམས་མ་ལུས་དབང་དུ་སྡུད། །ཕག་སྐད་འོག་ཏུ་སྒྲོགས་པ་ཡིས། །འདོད་ཁམས་མ་ལུས་དབང་དུ་སྡུད། །ཕག་སྐད་ཤར་དུ་སྒྲོགས་པ་ཡིས། །སངས་རྒྱས་མཁའ་འགྲོའི་ཚོགས་རྣམས་སྡུད། །ཕག་སྐད་ལྷོ་རུ་སྒྲོགས་པ་ཡིས། །རིན་ཆེན་མཁའ་འགྲོའི་ཚོགས་རྣམས་སྡུད། །ཕག་སྐད་ནུབ་ཏུ་སྒྲོགས་པ་ཡིས། །པདྨ་མཁའ་འགྲོའི་ཚོགས་རྣམས་སྡུད། །ཕག་སྐད་བྱང་དུ་སྒྲོགས་པ་ཡིས། །ལས་ཀྱི་མཁའ་འགྲོའི་ཚོགས་རྣམས་སྡུད། །ཕག་སྐད་ཕྱོགས་བཅུར་སྒྲོགས་པ་ཡིས། །མ་མོ་མཁའ་འགྲོའི་ཚོགས་རྣམས་སྡུད། །ཁྲོ་མོ་ཆོས་བདག་ཕག་ཞལ་ཅན། །ནང་འཁོར་ལྷ་མོ་བརྒྱད་དང་བཅས། །གདུག་པ་མ་ལུས་རྡུལ་དུ་རློག །འཇིགས་བྱེད་དྲེགས་ཚོགས་དབང་དུ་སྡུད། །མ་མོ་མཁའ་འགྲོ་ལས་ལ་འགྱེད། །བཀའ་དང་དམ་བཞིན་ཕྲིན་ལས་མཛོད། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་ཅང་ཏེའུ་འཁྲོལ། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །གར་སྟབས་བྲོ་བརྡུངས་ཁྲིགས་སེ་ཁྲིག །དམ་རྫས་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་རིན་ཆེན་བསྣམས། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །གར་སྟབས་བྲོ་བརྡུངས་ཁྲིགས་སེ་ཁྲིགས། །དམ་རྫས་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་པདྨ་བསྣམས། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །གར་སྟབས་བྲོ་བརྡུངས་ཁྲིགས་སེ་ཁྲིགས། །དམ་རྫས་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་གུ་རྒྱ་གྲམ་བསྣམས། །འཁོར་ཡང་ལྗང་གུ་འབུམ་གྱིས་བསྐོར། །གར་སྟབས་བྲོ་བརྡུངས་ཁྲིགས་སེ་ཁྲིག །དམ་རྫས་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་མཐིང་ག་འཁོར་ལོ་བསྣམས། །འཁོར་ཡང་མཐིང་ག་འབུམ་གྱིས་བསྐོར། །གར་སྟབས་བྲོ་བརྡུངས་ཁྲིགས་སེ་ཁྲིག །དམ་རྫས་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྒྱས་པར་སྤྲོ་ན། མཁའ་འགྲོ་ཡང་ཏིག་གི་ཕྲིན་ལས་བསྐུལ་བའང་བྱ་སྟེ། བྷྱོ། གནས་ལྔ་ཡེ་ཤེས་གཞལ་ཡས་ནས། །རིགས་ལྔའི་མཁའ་འགྲོ་དཔག་མེད་ཚོགས། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །སྤྱན་གསུམ་གདངས་མིག་དགྲ་ལ་བལྟ། །ཞལ་ནས་ངན་སྔགས་དགྲ་ལ་སྒྲོགས། །ཤངས་ནས་ནད་ཀྱི་འཚུབས་མ་འཐོར། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །དགྲ་བགེགས་རང་བཞིན་དབྱིངས་སུ་སྒྲོལ། བྷྱོ། རབ་འཇིགས་དུར་ཁྲོད་ནག་མོའི་གླིང་། །རྡོ་རྗེ་ཕག་མོ་ཡབ་ཡུམ་བཞུགས། །དམ་རྫས་བདུད་རྩི་འདི་གསོལ་ལ། །རྣམ་རྟོག་དགྲ་བགེགས་དབྱིངས་སུ་སྒྲོལ། །མཁའ་དབྱིངས་བདེ་བ་ཆེན་པོ་ནས། །རིགས་ལྔའི་མཁའ་འགྲོ་དཔག་མེད་ཚོགས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཏེ། །རྒྱན་ཆ་མང་པོ་པུ་རུ་རུ། །སིལ་སྙན་མང་པོ་སི་ལི་ལི། །རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན། །མཁའ་ལ་ཐོག་མེད་བུན་ནུ་ནུ། །ལག་པ་གསེར་གྱི་གདུ་བུ་ཅན། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཕྲིན་ལས་སྣ་ཚོགས་ལས་མཛད་མ། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །འདོད་དགུའི་ཕྲིན་ལས་ཐོགས་མེད་སྒྲུབས། ཧཱུྃ། ཡུལ་གནས་ཉི་ཤུ་རྩ་བཞི་ནས། །དཔའ་བོ་དཔའ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བའི་འཁོར་དང་བཅས། །གཙོ་མོ་མི་མངོན་དབྱིངས་ན་བཞུགས། །འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ། །ལ་ལ་བུད་མེད་རྒན་མོ་ལ། །རོ་ཤུན་རྙིངས་པའི་ན་བཟའ་གསོལ། །ཁྲག་དང་ཞག་གིས་ཐིག་ལེས་བརྒྱན། །ལ་ལ་བུད་མེད་གཞོན་ནུ་མ། །བཅུ་དྲུག་གཟུགས་མཛེས་ལང་ཚོ་རྒྱས། །སྙན་པའི་གླུ་ལེན་ཡིད་འཕྲོག་མ། །ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་བྱེད། །ལ་ལ་སྒྱུར་བྱེད་ཚོས་མཁན་མོ། །ལ་ལ་མྱོས་བྱེད་ཆང་འཚོང་མ། །ལ་ལ་སྦྱོར་བྱེད་སྨད་འཚོང་མ། །ལ་ལ་དག་བྱེད་ཁྲུས་མཁན་མོ། །ལ་ལ་གསོད་བྱེད་ཤན་པ་མོ། །ལ་ལ་དཀའ་ཐུབ་བྲམ་ཟེ་མོ། །ལ་ལ་ཕྲོག་བྱེད་ཆོམ་རྐུན་མོ། །དེ་ལ་སོགས་ཏེ་མཐའ་ཡས་རྣམས། །གཏོར་ཚོགས་མཆོད་པ་འདི་བཞེས་ལ། །ནད་གདོན་གནོད་པ་བཟློག་པ་དང་། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང་། །འགྲོ་བ་དྲུག་པོ་འཁོར་བཅས་རྣམས། །ལུས་ངག་ཡིད་གསུམ་སྦྱངས་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །དགེ་ལེགས་འབྲས་བུ་འགྲུབ་བར་མཛོད།

།གཉིས་པ་ནི། མགོན་པོའི་འབུལ་གཏོར་ལ་སྐྱེམས་ཕུད་བྲན་ཏེ་སྔགས་ཀྱི་ཕྱག་རྒྱ་བཅའ་ཞིང་། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་གིས་གང་བའི་གཏོར་མ་ཟག་མེད་ཀྱི་བདུད་རྩིར་གྱུར་པ། མགོན་པོ་བདུན་རྫོགས་ལྕམ་དྲལ་འཁོར་བཅས་ཀྱིས་གསོལ་བར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎཱི། ཨེ་ཥོ་ཨ་པཤྩི་མ་ཀཱ་ལོ་྅། ཨ་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི། ཡ་དི་པྲ་ཏཱི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུ་ཥྚཾ། བ་ལིང་ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཚར་གསུམ་གྱིས་ཀུན་ལ་འབུལ། ཐུགས་རྗེའི་བདག་ཉིད་ཡིད་བཞིན་ནོར་བུའི་སྐུ། །བླ་མ་དབྱེར་མེད་མགོན་པོ་འཁོར་བཅས་ལ། །རྨད་བྱུང་འདོད་ཡོན་བཅུད་ཀྱི་མཆོད་པར་འབུལ། །འདོད་རྒུའི་དཔལ་གྱི་དངོས་གྲུབ་མྱུར་དུ་སྩོལ། །ཕྱག་བཞི་བེང་གུར་ཞལ་སོགས་ལྷ་མོར་བཅས། །བ་ལིང་ཏས་བསྐང་གྲུབ་རྗེའི་བཀའ་བཞིན་དུ། །ཞི་རྒྱས་དབང་དྲག་ལ་སོགས་ལས་རྣམས་ནི། །གཡེལ་བ་མེད་པར་ད་ལྟ་བསྒྲུབ་པར་མཛོད། །གཞན་ཡང་བསྟན་སྲུང་རྒྱ་མཚོ་འཁོར་བཅས་ཀྱིས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །ཕྱི་ནང་གསང་བའི་མཆོད་ཚོགས་འདི་བཞེས་ལ། །རྣལ་འབྱོར་བདག་གིས་བཅོལ་བའི་ལས་ཀུན་མཛོད། །གསུམ་པ་ནི། དཀར་གཏོར་ལ་འོ་ཆབ་བྲན། ཨོཾ་ཨཱཿ ཧཱུྃ། རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་ལྷའི་བདུད་རྩིར་གྱུར་པ་གཏེར་བདག་རྣམས་ཀྱིས་གསོལ་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨུདྱ་ནུད་པནྣ་ཏྭ་ཏ་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་འབུལ། ཇོ་བོ་གཟི་ལྡན་ཚོགས་བདག་རྣམ་ཐོས་སྲས། །རྨུགས་འཛིན་མཐིང་སེར་ནོར་རྒྱུན་དཔལ་ཆེན་མོ། །གནོད་སྦྱིན་སྡེ་དཔོན་ཕྱོགས་སྐྱོང་ལྷན་སྐྱེས་ལྷ། །རྒྱལ་ཆེན་བཞི་སོགས་དགྱེས་མཆོད་མཉེས་པར་རོལ། །དམ་པ་ལབ་སྒྲོན་གཅོད་ཡུལ་བརྒྱུད་པ་ཡི། །བཀའ་ཉན་ལྷ་འདྲེ་འདིར་གནས་གཞི་བདག་དང་། །ཆོས་ལ་འཁོར་བའི་ལྷ་ཀླུ་ཟོ་དོར་ཀུན། །བཤོས་དང་སྐྱེམས་བཞེས་གསང་སྤྱོད་བསྟན་པ་སྤེལ། །ཁྱད་པར་ཡབ་གཅིག་གྲུབ་དབང་ཐང་སྟོང་པར། །གཡར་དམ་ནོས་པའི་དཀར་ཕྱོགས་འབྱུང་པོ་རྣམས། །མཆོད་གཏོར་འདི་སྣོམས་བཀའ་བབས་བརྒྱུད་ལྡན་གྱི། །སྒྲུབ་བརྒྱུད་མངའ་ཐང་དཔལ་འབྱོར་རྒྱས་པར་མཛོད། །ཅེས་དམར་གཏོར་གཅིག་དང་དཀར་གཏོར་ནང་དུ་རྟེན་གྱི་དྲུང་སོགས་སུ་འབུལ། གཉིས་པ་ནི། དམར་གཏོར་གཅིག་ལ་སྤར་འབར་བཙུག་ནས་ཐོགས་སུ་བཅུག་སྟེ། ཕཊ། དེ་ལྟར་གཏོར་མ་གང་བཞེད་ཕུལ་བས་མཉེས། །ཕྲིན་ལས་གང་འདོད་བསྒྲུབ་པར་ཞལ་གྱིས་བཞེས། །བསྟན་དང་བདག་ལ་གནོད་པའི་དགྲ་བགེགས་ལ། །ཡེ་ཤེས་མཁའ་འགྲོ་དཔལ་མགོན་རྣམས་ཁྲོས་པས། །འཇིག་རྟེན་ཆོས་སྐྱོང་ཤ་ཟ་མཁའ་འགྲོའི་ཚོགས། །རང་དབང་མེད་པར་ཁྲོས་འཁྲུགས་ང་རོ་སྒྲོགས། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དམག་དང་བཅས། །མེ་དཔུང་རླུང་ནག་ཐོག་སེར་འབྲུག་སྒྲ་སྒྲོགས། །མགོ་བརྙན་སྤྲུལ་པ་གློག་ལྟར་འཁྱུག་བྱེད་པས། །དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་གྱུར། །གནོད་པའི་ཕྱོགས་སམ་ཕྱི་རོལ་ཏུ་ཕུལ་ལ། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་མཁའ་འགྲོའི་རིགས། །མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡ། །ད་རེས་གནོད་པའི་བགེགས་ལ་ཡ། །མཁའ་སྤྱོད་རིགས་དང་ས་སྤྱོད་རིགས། །འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡ། །ད་རེས་གནོད་པའི་བགེགས་ལ་ཡ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཁྲག་འཐུང་ནག་པོ་མི་བཟད་པ། །མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས། །ཉིང་སྤྲུལ་མགོན་པོ་བྱ་རོག་གདོང་། །རང་འདྲ་སྟོང་གི་ཚོགས་དང་བཅས། །ཡང་སྤྲུལ་བྱ་རོག་མཁའ་ལྡིང་དང་། །ཁྱི་ནག་ས་ཡའི་ཚོགས་དང་བཅས། །ཁྱོད་ཀྱིས་སྤྲུལ་པ་བསམ་མི་ཁྱབ། །དུར་ཁྲོད་བདག་པོ་འཁོར་བཅས་ལ། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡ། །ད་རེས་གནོད་པའི་བགེགས་ལ་ཡ། །དགྲ་འདི་ལྷ་འདྲེའི་རྒྱགས་སྐལ་དུ། །གཏད་དོ་རོལ་ཅིག་ས་མ་ཡཿཕཊ། ཕཊ།

གསུམ་པ་ནི། ལྷག་མའི་སྣོད་དང་གཏོར་འབུལ་སྣོད་ཐམས་ཅད་གཅིག་ཐོག་ཏུ་གཅིག་སྡུབས། སྟེང་དུ་རྡོ་རྗེ་རྒྱ་གྲམ་དུ་བཞགཕཊ། གཏོར་གཞོང་སྦུབས་དང་ལྷན་གཅིག་ཏུ། །གཉིས་འཛིན་དམ་སྲི་སྒབ་འདྲེའི་རིགས། །ས་འོག་ཐར་མེད་ཨེ་དབྱིངས་སུ། །རྡོ་རྗེའི་རྟ་བྲོས་མནན་པར་གྱུར། །ཧཱུྃ། ལྷུན་གྲུབ་ཞི་རྒྱས་དབང་དྲག་ས་གཞི་ལ། །རིགས་ལྔའི་དཔའ་བོ་མཁའ་འགྲོས་ཞབས་བྲོ་བརྡུང་། །ཉོན་མོངས་དུག་ལྔའི་མགོ་ལ་ཆེམས་སེ་ཆེམ། །སོ་སོའི་རིགས་ཀྱི་གོམ་སྟབས་ཤིགས་སེ་ཤིག །དཔའ་བོས་བཤུག་པ་མཁའ་འགྲོས་བརྡ་སྐད་གྱེར། །དུག་ལྔའི་དགྲ་གདོན་ཡེ་ཤེས་ལྔ་ཡིས་མནན། །ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་འགྲུབ། །རྒྱུད་ལྔའི་གནས་སྟོངས་སྐུ་ལྔ་མངོན་དུ་གྱུར། །ཕཊ། དབེན་གནས་དུར་ཁྲོད་ཆེན་པོ་འདིར། །རྟ་མཆོག་རོལ་བས་བྲོ་བརྡུངས་པས། །དཔའ་བོས་བྲོ་བརྡུངས་ཁྲིགས་སེ་ཁྲིག །དཔའ་མོས་གླུ་ལེན་ཀྱུ་རུ་རུ། །ད་ལན་བྲོ་ཞིག་བརྡུངས་པ་ནི། །ཕྱོགས་བཞིའི་དགྲ་བགེགས་རྡུལ་དུ་བརླག་པའི་བྲོ། །ཡ་བདུད་རྒྱལ་པོ་ཐལ་བར་བརླག་པའི་བྲོ། །མ་བདུད་རྒྱལ་མོ་ཐལ་བར་བརླག་པའི་བྲོ། །དམ་སྲི་དམ་ལ་བཏགས་པའི་བྲོ། །རྐྱེན་ངན་བར་ཆད་བཟློག་པའི་བྲོ། །བེ་ཐེལ་རྡུལ་དུ་བརླག་པའི་བྲོ། །དགྲ་རྒྱལ་འགོང་མགོ་ལ་ཆེམས་སེ་ཆེམ། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཕ་རོལ་ཕྱིན་དྲུག་བྲོ། །ཕ་རོལ་ཕྱིན་དྲུག་བྲོ་བརྡུངས་པས། །དགྲ་ཉོན་དྲུག་མགོ་ལ་ཆེམས་སེ་ཆེམ། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཐབས་དང་ཤེས་རབ་བྲོ། །ཐབས་ཤེས་ཟུང་འབྲེལ་བྲོ་བརྡུངས་པས། །དགྲ་གཉིས་སྣང་མགོ་ལ་ཆེམས་སེ་ཆེམ། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་རྣལ་འབྱོར་བདག་གི་བྲོ། །རྣལ་འབྱོར་བདག་གིས་བྲོ་བརྡུངས་པས། །དགྲ་ངར་འཛིན་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག །ཕཊ། ཕཊ། གཏོར་གཞོང་ཡར་བཟེད་ལ་འབྲུ་འཐོར་ཞིང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ཏད། ཏེཥཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་བཱ་དི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། གསུམ་པ་རྗེས་གྱི་ཆོ་ག་ལ། འཁོར་པའི་མགྲོན་ལ་གཏོང་ལེན་དང་། །འཁོན་སྦྱང་ཆོས་སྦྱིན་ལམ་བསྟན་དང་། །གཤེགས་གསོལ་ཡར་ལ་གཏང་རག་དང་། ནོངས་བཤགས་དགེ་བསྔོ་དབང་ཞུ་དང་། །མཉམ་གཞག་ལྷར་ལྡང་སྨོན་ལམ་དང་། །ཤིས་པར་བརྗོད་དང་བཅུ་གསུམ་མོ། །དང་པོ་ནི། ཟབ་དོན། །གནོད་བྱེད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །ཅེས་རླུང་ལ་བསྐྱོན་ཏེ་བསྒོམ་ཞིང་། ཁམས་གསུམ་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་བསོད་ནམས་སེམས་ཅན་ཁྱེར། །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །སེམས་ཅན་ཐམས་ཅད་སངས་རྒྱས་ཤོག །མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །བསམ་པས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང་། ཆོས་ཀུན་སྒྱུ་མར་ཤེས་པ་ཡིས། །ཞེན་པའི་འཆིང་བ་ལས་གྲོལ་ཤོག །གཉིས་པ་ནི། སྔོན་གྱི་རྫོགས་པའི་སངས་རྒྱས་ཀྱིས། །ཤེར་ཕྱིན་ཨ་རུ་བསྡུས་ཏེ་གསུངས། །རང་སེམས་སྐྱེ་མེད་དོན་གྱི་ཨ། །སྐྱེ་མེད་དོན་ལ་གདུང་བ་བསྐྱེད། །བཀའ་ཚོམས་ལས་སོ། །སྟེང་གི་ནམ་མཁའ་ལས་ཨ་དཀར་པོ་བདུད་རྩི་འཛག་བཞིན་པའི་ཆར་བབས་པས། །གནས་འདིའི་གནས་བདག་གི་ནད་དང་སྡུག་བསྔལ་ཐམས་ཅད་ཞི། གནས་ཉམས་པ་ཐམས་ཅད་སོར་ཆུད་ཅིང་བྱིན་གྱིས་བརླབས་པར་གྱུར། ངག་ཏུ། ཨ་ཨ་ཨ་ཞེས། ཨ་མང་དུ་བཟླས་རྗེས་ཌཱ་མ་རུ་འཁྲོལ་བཞིན་དུ། འདིར་གནས་གཞི་བདག་འདྲེ་གདོན་ཚོགས་རྣམས་ལ། །སྐྱེ་མེད་ཨ་དཀར་ཆར་པ་འདི་ཕབས་པས། །ལུས་ཀྱི་ནད་སོས་སེམས་ཀྱི་སྒྲིབ་སྦྱངས་ནས། །སྐྱེ་མེད་ས་ལ་མྱུར་དུ་གནས་པར་གྱུར། །གཞན་ཡང་རྒྱས་པར་སྤྲོ་ན། དེའི་འཕྲོས་སུ་ཟབ་དོན་མེ་ལོང་ལྟར་བརྗོད་ཀྱང་ཆོག་པས། བདག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །སྙིང་སྟོབས་ཅན་གྱིས་ལམ་གྱི་གནས་སྐབས་སུ། །རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པ་ན། །བུ་དང་བུ་མོ་རྒྱལ་སྲིད་བྱིན་པ་ལྟར། །ཤིན་ཏུ་འཕྲེང་བའི་འཁོར་དང་ལོངས་སྤྱོད་སོགས། །ཕོངས་པ་མེད་པར་ཡོངས་སུ་གཏོང་ནུས་ཤོག །རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པ་ན། །སྟག་མོ་རང་གི་ཤ་ཡིས་གསོས་པ་ལྟར། །ཤིན་ཏུ་གཅེས་པའི་སྒྱུ་ལུས་ཕུང་པོ་འདི། །ཤ་ཟའི་ཚོགས་ལ་དགའ་བས་སྦྱིན་ནུས་ཤོག །རྒྱལ་བུ་བྱམས་པའི་སྟོབས་སུ་གྱུར་པ་ན། །གནོད་སྦྱིན་རང་གི་ཁྲག་གིས་གསོས་པ་ལྟར། །བཅད་པར་དཀའ་བའི་སྙིང་ཁྲག་དྲོན་མོ་འདི། །ཁྲག་འཐུང་དག་ལ་བརྩེ་བས་སྦྱིན་ནུས་ཤོག །ཚོང་དཔོན་ཁྱེའུ་ཆུ་འབེབས་གྱུར་པ་ན། །བདེ་གཤེགས་མཚན་བརྗོད་ཉ་རྣམས་དྲངས་པ་ལྟར། །ཆོས་ཀྱིས་ཕོངས་པའི་སྐྱེ་བོ་མཐའ་དག་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་སྦྱིན་ནུས་ཤོག །རྒྱལ་བུ་དགེ་དོན་ཆེན་པོར་གྱུར་པ་ན། །སྡིག་དོན་ལོག་སྒྲུབ་ཐུགས་རྗེས་བཟོད་པ་ལྟར། །འཁོར་གྱི་ལོག་སྒྲུབ་གཤིས་ངན་དཀྲུག་པ་ལའང་། །སྙིང་རྗེ་ཆེན་པོས་ལྷག་པར་བརྩེ་བར་ཤོག །བྱང་ཆུབ་སེམས་དཔའ་སྤྲེ་འུར་གྱུར་པ་ན། །སྡིག་ཅན་ཁྲོན་པའི་གནས་ནས་དྲངས་པ་ལྟར། །ངན་པ་དག་ལ་ཕན་གདགས་མི་ཤོང་ཡང་། །བཟང་ལན་མི་འདོད་སྙིང་རྗེས་འདྲེན་ནུས་ཤོག །ཀྱི་ཧུད་ཕ་མར་མ་གྱུར་སུ་ཡང་མེད། །འཁོར་བའི་གནས་ན་བདེ་བ་སྐད་ཅིག་མེད། །དེ་ཕྱིར་སྣང་སྲིད་ལྷ་འདྲེས་ཐོག་དྲངས་པའི། །མར་གྱུར་འཁོར་བའི་གནས་ནས་འདྲེན་ནུས་ཤོག །གང་དག་བདག་ལ་ཆགས་དང་སྡང་བ་དང་། །བསྟོད་དང་སྨད་དང་ཕན་དང་གནོད་བྱེད་དང་། །གང་གིས་བདག་མཐོང་རེག་ཐོས་དྲན་པ་རྣམས། །ཐམས་ཅད་མྱུར་དུ་བྱང་ཆུབ་མཆོག་ཐོབ་ཤོག

།གསུམ་པ་ནི། རང་རིག་ཐུབ་པའི་དབང་པོ་སྐུ་མདོག་སེར་པོ། ས་གནོན་མཉམ་བཞག་གི་ཕྱག་རྒྱ་ཅན། སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ་ཞིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པར་གྱུར། ལག་གཡས་ཆོས་སྟོན་གྱི་ཕྱག་རྒྱ་བྱས་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་དང་། བདག་གིས་སྦྱིན་པ་རྣམ་བཞི་བྱིན་པའི་མཐུས། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤིང་། །བྱམས་པའི་སྟོབས་དང་གནོད་སྦྱིན་སྤུན་ལྔ་ལྟར། །ཁྱེད་རྣམས་བདག་གི་གདུལ་བྱར་འགྱུར་བར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ལྷ་འདྲེ་གདོད་ནས་མ་གྲུབ་ཀྱང་། །འདྲེར་འཛིན་རྟོག་པ་ཤར་བ་ན། །འཆར་མཁན་གཞི་མེད་རྩ་བྲལ་དུ། །ཡིད་ཆེས་ཐག་ཆོད་ལྟ་གདིང་གིས། །གཅོད་ཀྱི་འགྲོ་དོན་མཐར་ཕྱིན་ཤོག །བདུད་རྣམས་རང་བྱུང་རང་ཤར་ལ། །ཆེད་དུ་བཅད་རྒྱུ་གང་ཡང་མེད། །གདུག་རྩུབ་ཚེ་འཕྲུལ་ཅི་བྱུང་ཡང་། །རང་ངོ་ཤེས་པའི་ཉམས་ལེན་གྱིས། །གཅོད་ཀྱི་འགྲོ་དོན་མཐར་ཕྱིན་ཤོག །གཉན་ས་རི་ཁྲོད་ཕྱོགས་མེད་དུ། །ལྷ་འདྲེ་བདེ་ལ་འགོད་པ་དང་། །མཉམ་རྗེས་དབྱེར་མེད་བསྲེ་བ་དང་། །དུ་མ་རོ་གཅིག་རྟོགས་ཕྱིར་དུ། །གསང་སྤྱོད་ཉམས་སུ་ལེན་པར་ཤོག །འབྱུང་པོ་གང་དག་ཕྱོགས་འདིར་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །བཞི་པ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པར། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་གྲུབ་གྱུར་ཅིག །དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་འབྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་འཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོང་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་བརྟེན་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །ལྔ་པ་ནི། དེ་ལྟར་ས་ལམ་བསྟན་པས་ལན་ཆགས་དང་། །སྙིང་རྗེའི་མགྲོན་ཚོགས་ཕོ་རྣམས་སྤྱན་རས་གཟིགས། །མོ་རྣམས་སྒྲོལ་མར་གྱུར་ཏེ་དག་ཞིང་ལྔར། །བྱ་ཁྱུ་འཕུར་ལྟར་ཐོགས་མེད་གཤེགས་པར་གྱུར། ཕཊ། ཞེ་སྡང་བྱས་པས་ལན་ཆགས་གནོད་བྱེད་དང་། །དམྱལ་བའི་འགྲོ་ཀུན་མངོན་དགའི་ཞིང་དུ་གཤེགས། །སེར་སྣ་བྱས་པས་ལན་ཆགས་གནོད་བྱེད་དང་། །ཡི་དྭགས་འགྲོ་ཀུན་དཔལ་ལྡན་ཞིང་དུ་གཤེགས། །རྨོངས་པས་ལན་ཆགས་བར་དོའི་ཚོགས་བཅས་དང་། །བྱོལ་སོང་འགྲོ་ཀུན་སྟུག་པོ་བཀོད་དུ་གཤེགས། །ཕྲག་དོག་བྱས་པ་ལན་ཆགས་གནོད་བྱེད་དང་། །ལྷ་མིན་འགྲོ་ཀུན་ལས་རབ་ཞིང་དུ་གཤེགས། །འདོད་ཆགས་ཁེངས་པས་ལན་ཆགས་རིགས་གྱུར་དང་། །མི་རྣམས་ལྷ་བཅས་བདེ་བ་ཅན་དུ་གཤེགས། །རྒྱུད་ལྔའི་འགྲོ་ཀུན་ཞིང་ལྔར་བདེ་གཤེགས་ལྔའི། །སྲས་སུ་གྱུར་ཏེ་ལམ་ལྔ་མཐར་སྦྱིན་ནས། །ཡེ་ཤེས་ལྔ་རྟོགས་བྱང་ཆུབ་ལྷུན་གྱིས་གྲུབ། །ཐམས་ཅད་ཕྱམ་གཅིག་སྐུ་ལྔར་སངས་རྒྱས་ཤོག །ཕཊ། ཕཊ། དྲུག་པ་ལ། མཆོད་དང་བསྟོད་ཕྱག་འདོད་གསོལ་གསུམ། དང་པོ་ནི། ལྷ་དང་བཅས་པའི་འཇིག་རྟེན་ན། །བླ་མ་དཀོན་མཆོག་མ་གཏོགས་པ། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ནམ་མཁའ་བླ་མ་དང་ལྷ་ཡིས་གང་བ་ལ། །ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །ནང་བཅུད་ཀྱི་ལོངས་སྤྱོད་འདོད་ཡོན་ཚོགས། །སྣང་སྲིད་གཞིར་བཞེངས་སུ་ལྟོས་པ་མེད་པར་འབུལ། པཎ་ཆེན་འཇམ་དབྱངས་མགོན་པོའི་གསུང་ངོ་། །གཉིས་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འདུད། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་བའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་མཁའ་འགྲོ་རྣམས་ལ་བསྟོད། །སྟོན་པའི་བསྟན་པ་རིན་པོ་ཆེ། །སྟོན་པ་ཉིད་ཀྱི་ཞབས་དྲུང་དུ། །ཇི་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །གསུམ་པ་ནི། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་བླ་མ་དམ་པ་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་ཡི་དམ་གྱི་ལྷ་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་མའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་མཁའ་འགྲོ་མའི་ཚོགས་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདུན་པ་ནི། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུྃ་ཕཊ། ཚར་གསུམ་དང་། ཐལ་མོ་སྦྱར་ལ། བདག་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ལ་སོགས་པ་ཉེས་པ་བགྱིས་པ་མཐའ་དག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ་གྱི། བདག་ཅག་ལ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང་། ཨོཾ་བཛྲ་སཏྭ་ཨཱཿ ཚར་བདུན་བཟླ།

བརྒྱད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་མའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བླ་མ་ལ་དབུལ་བར་བགྱིའོ། །བླ་མ་ལ་ཕུལ་བས་བླ་མ་རིན་པོ་ཆེ་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་དུ་མཆོད་པའི་བྱེ་བྲག་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་ཅན་ཐམས་ཅད་འཁོར་བ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་བདག་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པ་མཐའ་དག་གི་བླ་མ་བྱེད་པར་གྱུར་ཅིག །དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །རྗེ་བཙུན་དམ་པ་སངས་རྒྱས་ཀྱི་གསུང་ངོ་། །དགུ་པ་ལ། སྤྱི་དང་བྱེ་བྲག་ཁྱད་པར་གསུམ། དང་པོ་ནི། རྗེ་མཁྱེན་པས་གཟིགས་ཤིག་དྲིན་ཆེན་བླ་མ་རྣམས། །ཐུགས་བརྩེ་བས་དགོངས་ཤིག་ཡི་དམ་ལྷ་ཡི་ཚོགས། །དུས་འབྲལ་བ་མེད་པར་སྐྱོངས་ཤིག་དཀོན་མཆོག་གསུམ། །འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས་ཤིག་མཁའ་འགྲོ་ཆོས་སྐྱོང་ཚོ། །བདག་འདིར་ཚོགས་ཀྱི་སྐལ་བཟང་སྒྲུབ་པོ་ལ། །ཐུགས་བརྩེ་བ་ཡི་ཀློང་ནས་བྱིན་ཕོབས་ལ། །ཚེ་ཡར་བ་རྣམས་བསྡུས་ལ་ཉམས་པ་ཁོངས། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་ཏུ་གསོལ། །ཅེས་གསོལ་ལ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱི་ཐུགས་ཀ་ནས། །འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས། །བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་དགེ་ལེགས་བཀྲ་ཤིས་ཐམས་ཅད་དང་། ཁྱད་པར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཚེའི་རིག་འཛིན་གྲུབ་པའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཆི་མེད་བདུད་རྩི་ཁ་དོག་ལྔ་ལྡན་གྱི་རྣམ་པར་སྤྱན་དྲངས། ཚོགས་ཞིང་རྣམས་ལ་ཐིམ། སླར་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དང་འཆི་མེད་བདུད་རྩིའི་རྒྱུན་ཆི་ལི་ལི་བྱུང་བ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པས། ལུས་ཀྱི་ནང་ཐམས་ཅད་རིམ་བཞིན་ཁེངས་པའི་སྣ་ལ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་ངན་པ་ཐམས་ཅད་ཐུར་དུ་བརྡས་ཏེ་རྐང་མཐིལ་ནས་ནག་བུན་གྱིས་ཐོན། ས་རིམ་པ་བཅུ་གསུམ་གྱི་འོག་ཏུ་སོང་། མཐར་དབང་ཆེན་གསེར་གྱི་ས་གཞི་དང་འོག་གི་རྒྱ་མཚོ་དང་བཅས་པའི་ཡང་འོག་ཏུ་སོང་བ་སྲིད་པའི་རླུང་གིས་གཏོར་ཏེ་རྗེས་མེད་དུ་སྦྱངས། སྡིག་སྒྲིབ་ནང་དུ་མ་ལུས་ཚེ་བཅུད་ཕྱི་རུ་མ་ཟག་པར། བདུད་རྩི་ཁ་དོག་ལྔ་ལྡན་གྱིས་རྐང་བའི་མཐེ་བོང་སོགས་སོར་མོའི་ནང་ཚུན་ཆད་ནས། རིམ་གྱིས་ཡར་ལ་ཚངས་བུག་མན་ཆད་ཁྲིག་མེར་གྱིས་གང་། འཆི་མེད་ཚེ་ཡི་བུམ་པའི་དབང་དང་གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འགྱུར་མེད་བཞི་པའི་དབང་ཐོབ་སྟེ་མཐུ་སྟོབས་ཕུན་སུམ་ཚོགས་པའི་ཚེ་ཡི་རིག་འཛིན་བརྙེས་པར་གྱུར། ཅེས་དམིགས་བཞིན་དུ། བླ་མ་བདེ་གཤེགས་ཡི་དམ་ལྷ། །མ་དང་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཁྱེད་རྣམས་ལ་ནི་བདག་སྐྱབས་སོ། །ཁྱེད་རྣམས་ལ་ནི་རྟེན་བཅའ་འོ། །བདག་གི་ཚེ་སྲོག་མི་འགྱུར་བ། །གཡུང་དྲུང་ལྟ་བུར་བྱིན་གྱིས་རློབས། །བདག་གི་ཚེ་སྲོག་མི་འཇིག་པ། །རྡོ་རྗེ་ལྟ་བུར་བྱིན་གྱིས་རློབས། །བདག་གི་ཚེ་སྲོག་མི་ནུབ་པ། །རྒྱལ་མཚན་ལྟ་བུར་བྱིན་གྱིས་རློབས། །འཆི་མེད་རིག་འཛིན་མཆོག་བརྙེས་པའི། །ཚེ་དཔག་མེད་དུ་བྱིན་གྱིས་རློབས། །གཉིས་པ་ནི། སངས་རྒྱས་ཀུན་གྱི་ངོ་བོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་བོ་རིགས་ཀྱི་བདག །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོགས་པར་བྱིན་གྱིས་རློབས། །བདག་གི་དགེ་སྦྱོར་འཕེལ་བ་དང་། །ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་རང་སོ་སོའི་གཙོ་བོ་རྣམས་ལ་ཐིམ། གཙོ་བོ་ཡབ་ཡུམ་ཀུན་གྱི་དཔྲལ་མགྲིན་སྙིང་གའི་ཨོཾ་ཨཱཿ ཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བ་རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །དབང་བཞི་ཐོབ། ལམ་བཞི་བསྒོམ་པ་ལ་དབང་། འབྲས་བུ་སྐུ་བཞིའི་ས་བོན་རྒྱུད་ལ་བཞག །ཡི་དམ་ལྷ་དང་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར། ཅེས་བསྒོམ་བཞིན་དུ། སྣང་སྲིད་ཀུན་བླ་མའི་རོལ་པ་ལས། །སྤང་བླང་གི་སྤྲོ་བསྡུ་མི་དགོས་པར། །རྩོལ་མེད་ཀྱི་གདུང་ཤུགས་དྲག་པོ་ཡིས། །ལམ་བླ་མས་བགྲོད་པར་བྱིན་གྱིས་རློབས། །ཕ་ཀུན་ཤེས་ཀུན་རིག་དམ་པ་པོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་མཆོག་འགྲོ་བའི་མགོན། །བྱིན་རླབས་ནམ་མཁའི་དབྱིངས་རུམ་འདྲ། །མཐའ་དབུས་མེད་པར་ཁྱབ་བརྡལ་ལེ། །ཅིར་སྣང་རང་བྱུང་རིག་པའི་ངང་། །སྣང་སྟོང་གཞི་མེད་རྩ་བ་བྲལ། །མ་འགགས་སྣང་བ་ཟང་ཐལ་ལེ། །གང་ཤར་རིས་མེད་སྟོང་པའི་ངང་། །རང་ཡལ་ཤར་གྲོལ་ཕྱམ་བརྡལ་ལེ། །རང་བྱུང་ཡེ་ཤེས་ཆོས་ཉིད་ངང་། །གཟུང་འཛིན་རང་གྲོལ་མཁའ་ལྟར་དག །གཏད་མེད་རིག་པ་སོ་མ་དེ། །རང་གསལ་རྗེན་པར་བུད་གྱུར་ཅིག །གཉིས་སྣང་གི་འཁྲུལ་པ་རྫུན་པོ་ལ། །མཚན་འཛིན་གྱིས་བསླད་པ་ཀུན་སངས་ནས། །རྟེན་འབྲེལ་གྱི་འགྲོ་དོན་དུས་བབ་ཏེ། །ཕྲིན་ལས་ཀྱི་ནམ་མཁའ་ཁེངས་པར་ཤོག

།གསུམ་པ་ནི། སྐུ་མཐོང་བ་དོན་ལྡན་སྤྲུལ་པའི་སྐུ། །གསུང་མི་འགག་ཚངས་དབྱངས་ལོངས་སྤྱོད་རྫོགས། །ཐུགས་མི་འགྱུར་བདེ་ཆེན་ཆོས་ཀྱི་སྐུ། །དབྱིངས་ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ། །ཕ་སྐུ་བཞིའི་དབང་ཕྱུག་བླ་མ་ལ། །འདུ་བྲལ་མེད་པར་གསོལ་བ་འདེབས། །མགོན་སྐུ་ཡི་སྤྲུལ་པ་བསམ་མི་ཁྱབ། །སྤྲུལ་སྐུ་ལགས་པས་བུམ་དབང་སྩོལ། །གསུང་གི་བརྗོད་བྱ་བསམ་མི་ཁྱབ། །ལོངས་སྐུ་ལགས་པས་གསང་དབང་སྩོལ། །ཐུགས་བདེ་སྟོང་གཉིས་པོ་བསམ་མི་ཁྱབ། །ཆོས་སྐུ་ལགས་པས་ཤེར་དབང་སྩོལ། །སྐུ་གསུམ་དབྱེར་མེད་རྡོ་རྗེའི་སྐུ། །ཉིད་སྐུ་ལགས་པས་ཚིག་དབང་སྩོལ། །ཡང་དག་དོན་གྱི་འོག་མིན་ན། །བཞུགས་པའི་རྡོ་རྗེ་འཆང་ཆེན་དེ། །བླ་མ་ལ་གུས་ཡོད་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །ཛམ་བུ་གླིང་གི་རྒྱན་གཅིག་བུ། །རྗེ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །ལབ྄༵་ནི་འཁྲུངས་ཡུལ་རྒྱལ་བའི་ཞིང་། །ཁྱ྄ེ༵་ནི་གདུང་ལས་དྲས་པའི་མཚན། །སྒྲོན྄༵་ནི་མ་རིག་མུན་པ་སེལ། །མ྄༵་རྒྱལ་བའི་ཡུམ་ལ་གསོལ་བ་འདེབས། །ཚེ་འདི་བློས་བཏང་ཆོས་བརྒྱད་སྤངས། །འབར་འཛག་གཏུམ་མོའི་བདེ་དྲོད་རྒྱས། །མ་མཁའ་འགྲོས་ལུང་བསྟན་དངོས་གྲུབ་བརྙེས། །དཔལ་ཐང་སྟོང་རྒྱལ་པོའི་ཞབས་ལ་འདུད། །རྗེ་ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །ཕྱོགས་མེད་ལྟ་བས་ཞེན་པ་གྲོལ། །མཉམ་ཉིད་བསྒོམས་པས་དམིགས་པ་གྲོལ། །སྐྱེ་མེད་རྟོགས་པས་འཁོར་བ་གྲོལ། །རྟོག་མེད་སྤྱོད་པས་ཉམ་ང་གྲོལ། །ཡེ་ཤེས་མཁའ་འགྲོའི་ཚོགས་དང་བཅས། །འགྲོ་བའི་དོན་ལ་བསྐྱོད་ཙ་ན། །གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་སྤྲིན་ཕུང་ཐོ་ལོ་ལོ། །དངོས་གྲུབ་ཆར་རྒྱུན་ཆི་ལི་ལི། །གཅོད་ཀྱི་མན་ངག་ས་ལ་ལ། །སྙེམ་བྱེད་རྟོག་པ་མྱ་ལ་ལ། །བདེ་སྟོང་རྒྱུད་ལ་འཁྲི་ལི་ལི། །འཁྲུལ་སྣང་དབྱིངས་སུ་ཡ་ལ་ལ། །རིག་པ་སྟོང་གསལ་པུ་རུ་རུ། །རིས་མེད་ལྟ་བ་ཕྱ་ལ་ལ། །གཟུང་འཛིན་མདུད་པ་ཁྲོ་ལོ་ལོ། །སྣང་ཆའི་ན་བུན་ཐ་ལ་ལ། །མཁའ་འགྲོ་མང་པོ་ཐིབས་སེ་ཐིབ། །དམ་ཅན་ལས་ལ་འཁྱུགས་སེ་འཁྱུག །མཉམ་ཉིད་དགོངས་པ་ཝ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །བྱིན་རླབས་གནས་སུ་དེང་བདག་མཛོད། །རྗེ་རྨོག་ཅོག་པ་དང་ཐོང་སྨྱོན་བསམ་འགྲུབ་སོགས་ཀྱི་གསུང་ལས་སོ། །དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་སྟེང་འོག་ཕྱོགས་མཚམས་ཀུན་གྱི་ཚོགས་ཞིང་གཙོ་བོ་གཙོ་མོ་ཐམས་ཅད། ཐུགས་རྗེ་བརྩེ་བས་རྗེས་སུ་ཆགས་ཤིང་བདེ་སྟོང་མཉམ་ཉིད་ཆེན་པོར་འོད་དུ་ལྟེམ་གྱིས་ཞུ་བ་རྣམས། དབུས་ཀྱི་དཔལ་གྲུབ་པའི་དབང་ཕྱུག །ཡུམ་ལབ་ཁྱེ་སྒྲོན་མ། ཡབ་དམ་པ་སངས་རྒྱས། ཁྱབ་བདག་རྡོ་རྗེ་འཆང་སྟེ། སྐུ་བཞིའི་དབང་ཕྱུག་བླ་མ་བཞི་ལ་ཐིམ་པས་དེ་རྣམས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས། གསོལ་བ་བཏབ་ན་སྨོས་ཅི། མཚན་ཙམ་ཐོས་པས་ཀྱང་ངན་འགྲོའི་སྒོ་ཁེགས་ཤིང་། ཕྱིར་མི་ལྡོག་པའི་ས་ལ་འགོད་པར་མཛད་པའི་བདག་ཉིད་ཅན་དུ་གྱུར། ཅེས་སྙིང་ནས་ངེས་ཤེས་བསྐྱེད་ཅིང་མོས་གུས་དུང་དུང་པ་བྱས་ལ། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབང་བཞིའི་རྟོགས་པ་ཆིག་ཆོད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ལྟོས་མེད་བཞི་ལ་རང་རྒྱུད་འབྱོངས་པར་བྱིན་གྱིས༴སྐུ་བཞིའི་རྟེན་འབྲེལ་ཚེ་འདིར་འགྲིགས་པར༴ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར༴དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར༴ད་ལྟ་ཉིད་དུ་བྱིན་གྱིས༴མྱུར་བ་ཉིད་དུ༴འདུག་ས་འདི་རུ༴སྟན་ཐོག་འདི་ཉིད་དུ༴ཚེ་དུས་ལ་མ་ལྟོས་པར་མངོན་སུམ་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཡིད་རྩེ་གཅིག་པའི་སྒོ་ནས་ཅི་ཙམ་ནུས་བར་གསོལ་བ་བཏབ་ལ། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མ་རྣམ་བཞིའི་དཔྲལ་བ་ནས་སྐུ་ཡི་ངོ་བོ་ཡི་གེ་ཨོཾ་དཀར་པོ་འོད་ཟེར་འཕྲོ་བཞིན་པ་བྱོན། རང་གི་དཔྲལ་བའི་གནས་སུ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །བླ་མ་དམ་པའི་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། འབྲས་བུ་སྤྲུལ་སྐུ་ཐོབ་པར་གྱུར། བླ་མ་རྣམ་བཞིའི་མགྲིན་པ་ནས་གསུང་གི་ངོ་བོ་ཡི་གེ་ཨཱཿ དམར་པོ་འོད་ཟེར་འཕྲོ་བཞིན་པ་བྱོན། རང་གི་མགྲིན་པའི་གནས་སུ་ཐིམ་པས་གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་དག །བླ་མ་དམ་པའི་གསུང་གི་བྱིན་རླབས་ངག་ལ་ཞུགས། །འབྲས་བུ་ལོངས་སྐུ་ཐོབ་པར་གྱུར། ཡང་བླ་མ་རྣམ་བཞིའི་ཐུགས་ཀ་ནས་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག་འོད་ཟེར་འཕྲོ་བཞིན་བ་བྱོན། རང་གི་སྙིང་གའི་གནས་སུ་ཐིམ་པས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྡིག་སྒྲིབ་དག །བླ་མ་དམ་པའི་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། འབྲས་བུ་ཆོས་སྐུ་ཐོབ་པར་གྱུར། ཅེས་བསྒོམས་ཞིང་སྙིང་ཁོང་རུས་པའི་དཀྱིལ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་ཅག་མོས་པ་དག་པའི་གདུལ་བྱ་ཡི། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཞུགས་ཏེ། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་པའི་གསོལ་འདེབས་མང་དུ་བྱས་ཏེ། བླ་མ་མཉམ་མེད་སེམས་ཉིད་ངོ་སྤྲོད་པའི། །རང་དོན་མཐར་ཕྱིན་གཞན་དོན་ནང་དུ་ལོན། །ཕྱོགས་མེད་མཁྱེན་པའི་ཐུགས་རྗེ་ཀུན་ལ་སྙོམས། །བླ་མ་དྲིན་ཅན་རྣམས་ཀྱིས་ཉམས་རྟོགས་སྩོལ། །བླ་མའི་དྲིན་གྱིས་ཕན་པའི་ལམ་རྙེད་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །རང་རིག་རང་ལ་འཆར་བར་བྱིན་གྱིས་རློབས། །མ་རིག་བདུད་ལས་རྒྱལ་བར་བྱིན་གྱིས་རློབས། རང་སེམས་སངས་རྒྱས་སུ་རྟོགས་པར་བྱིན་གྱིས་རློབས། །རྟོགས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །འཕེལ་བ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་རྣམས་དགྱེས་པ་ཆེན་པོས་འོད་ཟེར་གྱི་གོང་བུར་ཞུ་སྟེ། རྡོ་རྗེ་འཆང་ཡབ་ཡུམ་རང་གི་དཔྲལ་བ་ནས་ཐིམ། དམ་པ་སངས་རྒྱས་རང་གི་མགྲིན་པ་ནས་ཐིམ། དབྱིངས་ཕྱུག་མ་གཅིག་རང་གི་སྙིང་ག་ནས་ཐིམ། རྗེ་གྲུབ་ཐོབ་ཆེན་པོ་རང་གི་ལྟེ་བ་ནས་སིབ་ཀྱིས་ཐིམ་པས་བླ་མ་སྐུ་བཞི་རང་དང་ཐ་མི་དད་པར་ཆུ་ལ་ཆུ་བཞག་པ་ལྟར་འདྲེས། སད་རྨི་གཉིད་སྟུག་འཕོ་བའི་གནས་སྐབས་བསྐྱེད་པའི་ཐིག་ལེ་བཞི་སྦྱངས། དགའ་བ་བཞིའི་ཡེ་ཤེས་དང་གདོད་མ་ནས་གནས་པའི་རྡོ་རྗེ་བཞི་མངོན་དུ་གྱུར། དབང་བཞི་པ་ཐོབ། སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག །བླ་མ་དམ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་བ་རང་གི་ལུས་ངག་ཡིད་གསུམ་ལ་ཞུགས། དམ་ཚིག་ཉམས་ཆག་ཐམས་ཅད་གསོས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་གྱུར། བཅུ་པ་ནི། དངོས་སློབ་མངའ་རིས་ལོ་ཙཱ་པའི་གསུང་། ཅིར་སྣང་འཁོར་འདས་དབྱེར་མེད་རང་གི་སེམས། །མ་སྐྱེས་མི་འགག་སྤྲོས་པའི་མཐའ་དང་བྲལ། །གཞི་ནས་རང་གྲོལ་ཀུན་ཁྱབ་ཕྱག་རྒྱ་ཆེ། །སེམས་ཀྱི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རྒྱུ་ལས་མ་བྱུང་རང་བཞིན་ལྷུན་གྱིས་གྲུབ། །རྐྱེན་གྱིས་མི་འཇིག་གཉེན་པོ་ཀུན་དང་བྲལ། །འགྲོ་འོང་མི་བདོག་དུས་གསུམ་འཕོ་འགྱུར་མེད། ཀུན་ཁྱབ་རང་སེམས་བླ་མས་བྱིན་གྱིས་རློབས། །རང་སེམས་བླ་མ་སངས་རྒྱས་རིན་པོ་ཆེ། །སྟོང་ཉིད་རང་ཆས་ཆོས་སྐུ་བཙལ་མི་དགོས། །ཅིར་སྣང་རང་ཤར་གཟུགས་སྐུ་དགག་མི་དགོས། །རང་བབ་རང་གྲོལ་ཆེན་པོར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག །ཕཊ། ཅེས་རང་སེམས་བླ་མ་དང་དབྱེར་མེད་པའི་སྣང་སྟོང་སྤྲོས་བྲལ་འཛིན་མེད་བདེ་བ་ཆེན་པོའི་ངང་དེར་ཅི་ནུས་སུ་མཉམ་པར་བཞག་གོ

།བཅུ་གཅིག་པ་ནི། རྗེ་གྲུབ་དབང་ཆེན་པོའི་ཞལ་སློབ་གྲུབ་ཐོབ་ཕྱར་ཐུལ་ཅན་གྱི་གསུང་རྒྱུན་འདི་ལྟར། སེམས་ཉིད་དག་པའི་མཁའ་ལ་ཉི་ཤར་བཞིན། །འཇའ་ཚོན་སྣ་ལྔ་མཛེས་པའི་གུར་ཁང་དུ། །རབ་བཞད་ཆུ་སྐྱེས་ཟླ་བ་རྒྱས་པའི་སྟེང་། །ཧྲཱིཿལས་ཐུགས་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །གངས་རི་ལྟར་དཀར་འོད་སྐུ་ཞལ་གཅིག་འཛུམ། །སྤྱན་གསུམ་ཕྱག་བཞི་ལང་ཚོ་དར་ལ་བབ། ཞབས་གཉིས་མཉམ་པར་བཞེངས་སྟབས་མཆོག་ཏུ་སྒེག །དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་ཀྱི་འོག་མས་ཤེལ་དཀར་ཕྲེང་བ་བགྲང་། །གཡོན་གྱི་འོག་མས་པདྨ་དཀར་པོ་བསྣམས། །དར་དང་རིན་ཆེན་རི་དྭགས་པགས་པས་སྤྲས། །འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་བརྒྱན། །གནས་གསུམ་ཨོཾ་ཨཱཿ ཧཱུྃ་ལས་འོད་འཕྲོས་བས། །སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ། །སྒྲ་གྲགས་ཐམས་ཅད་ཡི་གེ་དྲུག་པའི་སྔགས། །དྲན་རྟོག་ཐམས་ཅད་གསལ་སྟོང་སྙིང་རྗེའི་དང་། །མདུན་མཁར་བླ་མ་གྲུབ་དབང་ཐང་སྟོང་པའི། །ཐུགས་ནས་འོད་འཕྲོས་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་ལྷ་ཚོགས་ཡེ་ཤེས་ཆོས་སྐྱོང་བཅས། །བླ་མར་ཡོངས་བསྟིམ་སྐྱབས་ཀུན་ངོ་བོར་གྱུར། །རྩ་བའི་བླ་མ་སངས་རྒྱས་རིན་པོ་ཆེས། །བདག་གིས་གཞན་དོན་འགྲུབ་པར་བྱིན་གྱིས་རློབས། །གསོལ་བ་བཏབ་པས་བླ་མ་རང་ལ་ཐིམ། །འགྲོ་ལ་སྙིང་རྗེ་ཆེན་པོ་དུང་དུང་ཤར། །སྙིང་རྗེའི་རྐྱེན་གྱིས་རང་ཉིད་སྤྱན་རས་གཟིགས། །ཤིན་ཏུ་ཆེ་བའི་ཐུགས་ཀར་པད་ཟླའི་དབུས། །ཇོ་བོ་ཚོན་གང་ཐུགས་དཀྱིལ་ཟླ་སྟེང་ཧྲཱིཿཡིག་དྲུག་བཅས་ལས་ཇོ་བོ་དཔག་མེད་བྱུང་། །འགྲོ་ཀུན་སྒྲིབ་སྦྱངས་སྤྱན་རས་གཟིགས་སུ་བཀོད། །མ་ཎིའི་སྒྲ་དབྱངས་འུར་དིར་ལྷང་ངེར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། མ་གཅིག་གིས། སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་བསམས་ལ། རང་གཞན་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་མང་དུ་བཟླ། ཞེས་གསུངས་པས་ཇི་ཙམ་ནུས་པ་བཟླས་པའི་མཐར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྒོམས་ལ། བདག་གི་དགེ་བའི་རྩ་བ་འདིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། གཞན་དོན་འབའ་ཞིག་འགྲུབ་པར་གྱུར་ཅིག །བདག་གི་ལུས་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག །ངག་གི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག །ཡིད་ཀྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག །ལུས་ངག་ཡིད་གསུམ་གྱིས་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་སྟོང་པར་མ་གྱུར་གྱི་བར་དུ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག །ཅེས་དང་། བདག་ནི་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་གྱུར་ནས་ཀྱང་། །སེམས་ཅན་ཀུན་གྱི་རེ་འདོད་ཀུན། །ཚུལ་བཞིན་དུ་ནི་སྐོངས་གྱུར་ཅིག །འདི་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །བཅུ་གཉིས་པ་ནི། འདི་ལྟར་རང་གཞན་གྱིས་འབད་པའི་དུས་གསུམ་གྱི་དགེ་བའི་ཚོགས་ལ་བརྟེན་ནས། །བདག་དང་ཕ་མ་སེམས་ཅན་ཐམས་ཅད་ཀྱིས་བདག་འཛིན་གྱི་འགོང་པོ་ཐུལ་བར་གྱུར་ཅིག །གཟུང་འཛིན་གྱི་འཁྲི་བ་ཆོད་པར་གྱུར་ཅིག །ངར་འཛིན་རྩ་བ་ནས་བརླག་པར་གྱུར་ཅིག །མ་རིག་འཁྲུལ་པ་རྗེས་མེད་དུ་ཐོངས་པར་གྱུར་ཅིག །རི་ཁྲོད་པ་བདག་ལ་ཕན་བཏགས་པ། གནོད་པ་བསྐྱལ་བ། མཐོང་བ། ཐོས་པ། རེག་པ། དྲན་པ་རྣམས་ཀྱི་སྡུག་བསྔལ་ཟད་ནས་སངས་རྒྱས་ཐོབ་པར་གྱུར་ཅིག །དེ་རྣམས་གང་དུ་སྐྱེས་ཀྱང་བདག་གིས་ཕན་ཐོགས་ནས་ཆོས་བྱེད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ལམ་རྒྱུད་ལྔའི་སེམས་ཅན་རྣམས་ཀྱིས་ལས་ངན་སྡིག་སྒྲིབ་གང་བསགས་ཚད་དུས་སྐད་ཅིག་ལ་དག་ནས། ངན་སོང་གསུམ་གྱི་རྩ་བ་སྟོངས་པར་གྱུར་ཅིག །ཐམས་ཅད་འོད་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །བླ་མ་རྒྱལ་བ་སྲས་དང་བཅས་པས་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་པར་ཤོག་ཅིག །ཅེས་གདབ་ཅིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། ཞེས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་བརྗོད་བས་སྔ་མས་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་པ་དང་། ཕྱི་མས་དགེ་བ་གང་བྱས་འབུམ་འགྱུར་དུ་འཕེལ་བར་གསུངས་སོ།

།བཅུ་གསུམ་པ་ནི། རྩ་བརྒྱུད་བླ་མ་ཡི་དམ་རྣལ་འབྱོར་མ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །གནས་སྐབས་མཐར་ཐུག་རྒུད་པ་ཀུན་ཞི་ཞིང་། །ཕན་བདེའི་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་གསོལ་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་བ་བྱུང་ནས། བདེ་ལེགས་ཀྱི་དབྱངས་སྣ་ཚོགས་བསྒྲག་པས་གནས་དུས་དཔོན་སློབ་ཐམས་ཅད་བྱིན་གྱིས་བརླབ་པར་གྱུར། ཅེས་བསྒོམ་ལ་སྙན་པའི་དབྱངས་ཀྱིས། ཡིན་ལུགས་དོན་ལ་སྐྱེ་བ་མེད་གྱུར་ཀྱང་། །རིགས་དྲུག་ངན་འགྲོའི་སྐྱེ་གནས་བསམ་མི་ཁྱབ། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་སྐྱེ་མེད་རྟོགས་པའི་བཀྲ་ཤིས་ཤོག །ཡིན་ལུགས་དོན་ལ་རྒས་པ་མེད་གྱུར་ཀྱང་། །ན་ཚོད་འགྱུར་བའི་སྡུག་བསྔལ་བསམ་མི་ཁྱབ། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། ཡིན་ལུགས་རྒས་མེད་རྟོགས་པའི་བཀྲ་ཤིས་ཤོག །ཡིན་ལུགས་དོན་ལ་ན་བ་མེད་གྱུར་ཀྱང་། །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་བསམ་མི་ཁྱབ། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་ནད་མེད་རྟོགས་པའི་བཀྲ་ཤིས་ཤོག །ཡིན་ལུགས་དོན་ལ་འཆི་བ་མེད་གྱུར་ཀྱང་། །ས་སྟེང་འདི་ན་རྟག་པར་སྡོད་དབང་མེད། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་འཆི་མེད་རྟོགས་པའི་བཀྲ་ཤིས་ཤོག །ཉམས་དང་འོད་གསལ་འདྲེས་པའི་བཀྲ་ཤིས་ཤོག །འོད་གསལ་མ་བུ་འདྲེས་པའི་བཀྲ་ཤིས་ཤོག །རང་ལ་རང་ཕན་བྱེད་པའི་བཀྲ་ཤིས་ཤོག །གཞན་ཕན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་སྤངས་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་གྱུར་ཅིག །ཅེས་མེ་ཏོག་གི་ཆར་སིལ་མར་བསྙིལ་ཞིང་རོལ་མོའི་སྒྲ་སྙན་ལ་རིང་བས་དགེ་ལེགས་སུ་བྱའོ། །དོན་གསུམ་པ་དེ་ལྟར་ཚོགས་འཁོར་བྱས་པའི་ཕན་ཡོན་ནི། བདེ་མཆོག་ངེས་པར་བརྗོད་པའི་རྒྱུད་བླ་མ་ལ། སྐྱེ་བོ་ཉན་ཐོས་མཐའ་ཡས་ལས། །སྦྱིན་དང་བསོད་ནམས་སྤེལ་བ་བས། །ཚོགས་ཆུང་གཅིག་གི་བསོད་ནམས་ཀྱི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་གསུང་པ་ལྟར་རོ། །སླར་སྨྲས་པ། རྡོ་རྗེ་ཕག་མོ་ཧཱུྃ་ཀཱ་ར་སོགས་ཀྱིས། །གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོ་ལ། །སྙན་བརྒྱུད་གདམས་པ་ཌཱ་ཀིའི་ཐུགས་ཁྲག་འདི། །ཟབ་དོན་བདུད་གཅོད་ཀུན་ལས་ཁྱད་པར་འཕགས། །རྩ་བའི་གཞུང་བཟང་དག་གི་བཅུད་བསྡུས་ཏེ། །དམ་པ་གྲུབ་ཐོབ་བརྒྱུད་པའི་གསུང་ཕྲེང་ལས། །རིགས་མཐུན་བཏུས་ཏེ་འཇུག་བདེར་བསྡེབས་པ་ལ། །ནོངས་པར་གྱུར་ཀུན་བླ་མ་མཁའ་འགྲོར་བཤགས། །ལེགས་བྱས་དགེ་བས་ཚོགས་ཀྱི་ཕྲིན་ལས་འདི། །གངྒཱའི་ཆུ་རྒྱུན་བཞིན་དུ་རབ་འཕེལ་ནས། །འགྲོ་ཀུན་གཟུང་འཛིན་སྒྲིབ་ཚོགས་དབྱིངས་སུ་ཞི། །མོས་སུས་རྩལ་རྫོགས་ལམ་གསང་མཐར་ཕྱིན་ཤོག །ཅེས་རྗེ་གྲུབ་ཐོབ་ཆེན་པོའི་བཀའ་སྲོལ་གྱི་བླ་མའི་རྣལ་འབྱོར་གསང་སྤྱོད་སྙན་བརྒྱུད་དང་སྦྱར་བའི་ཚོགས་ཀྱི་ཕྲིན་ལས་རིག་འཛིན་མཁའ་འགྲོ་དགྱེས་པའི་རོལ་མོ་ཞེས་བྱ་བ་འདི། དཔལ་གྲུབ་པའི་དབང་ཕྱུག་ཆེན་པོའི་ཐུན་མོང་མ་ཡིན་བའི་སྙན་བརྒྱུད་དཔའ་བོ་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ལ་གཅིག་ཏུ་དད་ཅིང་མི་ཕྱེད་པའི་མོས་པ་བརྟན་པོ་དང་ལྡན་པའི་རང་སློབ་ལྷ་རྗེ་དགེ་སློང་ཚེ་རིང་ཕུན་ཚོགས་ནས་མཎྜལ་གྱི་རྟེན་དང་བཅས་སྔ་ཕྱིར་ནན་ཏན་ཆེན་པོས་བསྐུལ་བའི་ངོར། སྐྱབས་རྗེ་ཐམས་ཅད་མཁྱེན་པ་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང་། ཀུན་སྤངས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་རྗེ་འཇམ་དབྱངས་བསྟན་འཕེལ་རྣམ་གཉིས་སོགས་ལས་ཐབ་ཆོས་འདི་དག་གི་གདམས་སྐོར་ཡོངས་སུ་རྫོགས་པ་ཐོབ་པའི་སྐལ་བཟང་ཅན། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་ལུག་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། རྗེ་གྲུབ་ཐོབ་ཆེན་པོ་དངོས་དང་དབྱེར་མི་ཕྱེད་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ། དཔེ་ཁྱེར་མཁན་གྱི་དཀྱུས་བཞིན་བཀླགས་པས་གྲུབ་པར་བསྡེབས་པའི་ཡི་གེ་པ་ནི་བཀྲ་ཤིས་དབང་ཕྱུག་གིས་བགྱིས་པ་འདིས་ཀྱང་། ཡབ་རྗེ་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོའི་བཀའ་བབས་བརྒྱད་ཀྱི་རིང་ལུགས་སྤྱི་དང་གསང་སྤྱོད་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ཏེ་རིས་སུ་མ་ཆད་པའི་བསྟན་འགྲོ་ཡོངས་ལ་ཕན་པ་མཐའ་ཡས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information