ཀློང་གསལ་མི་འཁྲུགས་བའི་བསྙེན་ཡིག་ཉུང་གསལ་མངོན་དགའི་སྒོ་འབྱེད།

From Khyentse Lineage - A Tsadra Foundation Project
Wylie title klong gsal mi 'khrugs ba'i bsnyen yig nyung gsal mngon dga'i sgo 'byed JKCL-KABUM-06-CHA-032.pdf
Location chos kyi blo gros bka' 'bum
Volume 6, Text 32, Pages 417-427 (Folios 1a1 to 6a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཀློང་གསལ་སྙིང་པོ་ (klong gsal snying po)
Citation 'jam dbyangs mkhyen brtse chos kyi blo gros. klong gsal mi 'khrugs ba'i bsnyen yig nyung gsal mngon dga'i sgo 'byed. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 417-427. Bir, H.P.: Khyentse Labrang, 2012.
Genre Recitation Manual - bsnyen yig
Cycle ཀློང་གསལ་རྡོ་རྗེ་སྙིང་པོ་ (klong gsal rdo rje snying po)
Deity rdo rje mi 'khrugs pa
Colophon

།ཅེས་པའང་ཀཿཐོག་མཁན་རིན་པོ་ཆེ་དུལ་བའི་སྡེ་དང་། ཉིན་དགོན་སྒྲུབ་སྡེ་རྣམས་ཀྱིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྒྱུད་སྡེ་ལྷ་ཁང་གི་གཟིམ་ཁང་དུ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།།

/ces pa'ang kaHthog mkhan rin po che dul ba'i sde dang /__nyin dgon sgrub sde rnams kyis lha rdzas dang bcas gsung bskul ngor/__'jam dbyangs chos kyi blo gros pas rgyud sde lha khang gi gzim khang du sbyar ba dge legs mchog tu gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀློང་གསལ་མི་འཁྲུགས་བའི་བསྙེན་ཡིག་ཉུང་གསལ་མངོན་དགའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བླ་མ་མཆོག་དང་མི་འཁྲུགས་པ། །རྣམ་དབྱེར་མེད་ལ་གུས་བཏུད་ནས། །བསྙེན་ཡིག་ཉུང་གསལ་སྙིང་པོ་ནི། །མངོན་དགའི་སྒོ་འབྱེད་འདིར་སྤེལ་བྱ། །དེ་ལའང་བསྙེན་པ་ལ་འཇུག་པའི་རིམ་པ་དང་། འཇུག་ནས་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། ཡར་ངོའི་ཚེས་སོགས་གཟའ་སྐར་སྦྱོར་བ་ལེགས་པར་གནས་གཙང་ཞིང་ཡིད་དུ་འོང་བར་ཕྱགས་དར་དང་དྲིའི་ཆག་ཆག་གདབ། རྣམ་སྨེ་སོགས་ཀྱིས་བསྒྲུབས་པའི་བུམ་ཆུས་ཁྲུས་བྱ། ལྷ་འདིའི་ཁུངས་དང་གཟུངས་སྔགས་ཆོ་ག་རྣམས་གཙོ་བོར་བྱ་སྤྱོད་དང་མཐུན་པར་གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཀྲལ་བས་ཁྲུས་དང་གཙང་སྦྲ་དཀར་སྤྱོད་གྲུབ་ན་མཆོག་ཏུ་ལེགས། མལ་འོག་ཏུ་ཀུ་ཤའི་ཆུན་པོ་དགྲམ། གཏོར་མ་ཆ་གསུམ་བཏང་བའམ། མ་གྲུབ་ན་ལས་གཞུང་ལྟར་དཀར་གཏོར་བཏང་། དགེ་བའི་ཚོགས་གསོག་བྱ། རང་དབང་དུ་འདུ་ངེས་ཚུན་ལ་མཚམས་ཐོ་སྤྱི་ལྟར་འཇོག །མདུན་དུ་དཀོན་མཆོག་གི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་དང་། དཀར་ཟླུམ་པད་འདབ་བཞི་པ་དཀར་མངར་གྱིས་བསྐོར་བ་ཆུ་གཉིས་ཉེར་སྤྱོད་སོགས་བཤམས། རང་གི་མདུན་དུ་རྡོར་དྲིལ། འཐོར་ནས། ཉེ་རེག་གི་ཆུ་རིལ་བ་སྤྱི་བླུག་ལྟ་བུར་བླུགས། །གཉིས་པ་འཇུག་ནས་ཇི་ལྟར་བྱ་བའི་རིམ་པ་ལ། དངོས་གཞི་དང་། རྗེས་ཀྱི་བྱ་བའོ། །དང་པོ་ནི། དགོང་ཐུན་ནས་མགོ་བརྩམ། སྐྱབས་སེམས་བརྒྱ་རྩ་སོགས་གྲངས་གསོག །མཆོད་པ་བྱིན་རླབས་ནས་བཟླས་པའི་བར་དང་། བཟླས་པའི་དབུར་ཕྲེང་བ་བྱིན་བརླབ་བྱ། བཟླས་པ་ཅི་རིགས་མཐར་དབྱངས་གསལ་ཡེ་དྷར་ཡིག་བརྒྱ་རྣམས་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་སྐོང་། འདོད་དོན་གསོལ་གདབ་དང་། གཏོར་འབུལ་བྱིན་རླབས་མཐར། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་རྡོ་རྗེ་མི་འཁྲུགས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཡ་ཛཿཔདྨ་ཀ་མ་ལཱ་ཡ་སྟྭཾ། དེ་ཉིད་བཅོམ་ལྡན་ཐུགས་རྗེའི་སོགས་ལས་བྱང་གཞུང་ལྟར་བྱའོ། །ཕྱི་གཏོར་བྱས་ཀྱང་ལེགས། མ་བྱས་ན་ཆད་སྐྱོན་མེད། ནོངས་བཤགས་དང་། བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ། བསྡུ་ལྡང་བསྔོ་སྨོན་བྱས་པས་གྲུབ་བོ། །ཕྱིར་ནངས་སྔ་བར་ལངས། སྐྱབས་སེམས་ནས་བཏང་། དངོས་གཞི་ལྷ་སྔགས་ཀྱི་བསྒོམ་དོན་མདོར་བསྡུས་ནི། ཤཱུ་ནྱ་ཏའི་སྔགས་བརྗོད་པས། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་པའི་སྔགས་དོན་ལ་བློ་འཇོག་པ་སྟེ། བདག་ཉིད་སྤྲོས་པ་དང་བྲལ་བའི་རང་བཞིན་འོད་གསལ་ལ་གཟུང་འཛིན་གྱི་རྣམ་རྟོག་གིས་མ་བསླད་པའི་ངང་དེར་ཡུན་རིང་དུ་མཉམ་པར་བཞག་པ་ནི། བདག་གི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ནི། བདག་གི་དེ་ཁོ་ན་ཉིད་ལྟར་ལྷའི་དེ་ཉིད་ཀྱང་དེ་ལྟར་ཡིན་པས། ལྷ་དང་བདག་དབྱེར་མེད་དོན་དམ་བྱང་སེམས་ཀྱི་ངོ་བོར་མཉམ་པར་འཇོག་པ་ནི་སྟོང་པའི་ལྷའོ། །སྟོང་པའི་ངང་ལས་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབ་རྒྱན་དང་བཅས་པ་ནང་ནས་རིམ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ་འདོད་སྣམ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་བྱས་པ། དོ་ཤལ་དང་། དྲྭ་ཕྱེད། རྔ་ཡབ་ནོར་བུའི་རྒྱན་ཅན་འཕན་གདུགས་སོགས་ཀྱིས་བརྒྱན་པའི་ནང་དུ་སྣ་ཚོགས་པདྨ་ཟླ་བའི་གདན་ལ། སྟོང་ཉིད་སྙིང་རྗེའི་རང་རྩལ་ཧཱུྃ་སྔོན་པོ་འོད་ཟེར་འབར་བས་མཚན་པར་བསམ་པ་ནི་ཡི་གེའི་ལྷ། ཧཱུྃ་དེ་ལས་སྔགས་ཀྱི་རང་སྒྲ་སྒྲོགས་པར་བསམ་པ་ནི་སྒྲ་ཡི་ལྷ། ཧཱུྃ་དེ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་བསམ་པ་ནི་ཕྱག་རྒྱའི་ལྷ་སྟེ་འདི་དག་གཏེར་གཞུང་དུ་དངོས་ཟིན་མེད་ཀྱང་དམིགས་པ་མ་ཆད་ན་ལེགས། དེ་ཡོངས་སུ་གྱུར་པ་ལས་མགོན་པོ་མི་འཁྲུགས་པ་སྤྲུལ་སྐུའི་ཆ་བྱད་ཅན་དུ་བསྒོམ་པ་ནི་གཟུགས་ཀྱི་ལྷ། གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀར་ཟླ་བ་ལ་ཧཱུྃ་ཡིག་སྔགས་ཕྲེང་གིས་མཚན་པར་བསྒོམ་པ་ནི་ཕྱག་རྒྱའི་ལྷ། དེའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམ། རང་ལས་སྤྲོས་པའི་ལྷ་མོས་ཕྱག་མཆོད་བསྟོད་པ་དང་། མཐར་ལྷ་མོ་རྣམས་རང་ལ་བསྡུ། རང་སྣང་ལ་རང་བཞིན་མེད་པའི་ལྷའི་སྐུར་གསལ་བ་ལ་རྩེ་གཅིག་ཏུ་སེམས་བཟུང་ནས་རླུང་ནང་དུ་བཅིངས་ནས་ཇི་སྲིད་ལྷ་ལ་གསལ་སྣང་ཐོབ་པའམ་མི་སྐྱོ་བའི་བར་དུ་མཉམ་པར་བཞག །དེས་སྐྱོ་ན། ཐུགས་ཀར་ཟླ་སྟེང་དུ་ཧཱུྃ་སྔོན་པོ་བཻཌཱུ་ཪྻའི་མདོག་ལྟ་བུ་འོད་ཟེར་སྣ་ལྔ་འཕྲོ་བའི་མཐར་གཟུངས་སྔགས་ཀྱི་ཕྲེང་བ་ཡིག་ངོ་ནང་བསྟན་གཡས་བསྐོར་དུ་སྦྲུལ་འཁྱིལ་གྱི་ཚུལ་དུ་མི་གཡོ་བར་བཀོད་པ་གསལ་གདབ་ལ་གཟུངས་སྔགས་བཟླ། དེ་ཡང་བཟླས་པའི་དེ་ཁོ་ན་ཉིད་ལ་གཞི་དང་པོ་རང་སེམས་བདག་གཉིས་ཀྱིས་སྟོང་པའི་གཟོད་ནས་རྣམ་དག་གི་བདེ་གཤེགས་སྙིང་པོ། གཞི་གཉིས་པ་དེ་ཉིད་མི་འཁྲུགས་པའི་སྐུའི་རྣམ་པར་ཤར་བའི་ཐུགས་ཀར་ཀུན་རྫོབ་བྱང་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཧཱུྃ་ཡིག་སྔགས་ཕྲེང་སྒྲ་གདངས་ཅན་གྱིས་མཚན་པར་དམིགས་ནས། ལག་གཡས་པའི་གུང་མོ་མཐེའུ་ཆུང་བརྐྱངས། མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར། མཐེ་བོང་གིས་སྲིན་ལག་སྟེང་ནས་སྙིང་གའི་ཐད་དུ་ཕྲེང་བ་བགྲང་། དེས་ངལ་ན་ལག་གཡོན་པས་བགྲང་བ་གཉིས་ཅི་བདེར་བྱའོ། །སེམས་ཡུལ་ལ་གཡེང་བ་ཐམས་ཅད་སྤངས་ནས་ལྷ་སྔགས་སྒྲ་དང་བཅས་པ་ལ་སེམས་རྩེ་གཅིག་པའི་དྲན་འདུན་རྒྱུན་མི་ཆད་པ་བཟླས་པ་ལ་གཞོལ། དམིགས་པ་ཅུང་ཟད་བརྟན་པ་ན། ས་བོན་སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་འདུས་རང་ལ་ཐིམ་པས་བདག་ཉིད་ཀྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བསམ་པ་ནི་ཡན་ལག་ལན་གསུམ་གྱིས་བཟླས་པའི་གཞི་འཛིན་ཏེ་ཐོག་མར་སྒྲ་བཅས་དང་རིམ་པར་ཤུབ་བུར་བཟླའོ། །དངོས་གྲུབ་སྒྲུབ་པའི་བཟླས་པ་ནི། ངག་བཟླས་འབུམ་གསུམ་སོགས་སོང་ནས། རླུང་བསྡམ་ནས་ཟླ་བ་སྔགས་ཕྲེང་ལ་སེམས་རྩེ་གཅིག་ཏུ་བཞག་ནས་ཡིད་བཟླས་བྱ། རླུང་བཏང་བ་ན་བདག་གི་དེ་ཁོ་ན་ཉིད་དང་ལྷའི་ང་རྒྱལ་བཟུང་བ་ལ་བསླབ། སྐྱོན་སྤང་གྲངས་ཚད་བསྟན་པ་ནི། བཟླས་པ་བྱེད་ཚེ་མྱུར་ཆེས་པ་དང་། དལ་ཆེས་པ་སྒྲ་ཆེ་བ་མ་ཡིན། ཧ་ཅང་ཆུང་བ་མ་ཡིན། སྨྲ་བཞིན་མ་ཡིན། སེམས་གཞན་དུ་མི་གཡེངས། གུག་སྐྱེད་དང་ཀླད་ཀོར་ཚེག་དྲག་ཉམས་པ་མིན། ཡི་གེ་ལྷག་ཆད་གྱུར་པ་རྣམས་སྤང་བ་དང་། གླལ་བ་དང་། སྦྲིད་བ། ལུ་བ། འོག་རླུང་བྱུང་བ་སོགས་ཤོར་ན་ཆབ་བླང་། ཕྲེང་རྡོག་ཆ་ཤས་སྔགས་གྲངས་སུ་མི་བརྩི་བར་བསྐྱུར། སྔགས་བཟླ་སྐབས་ཟས་ཟ་བ་སོགས་སྤངས། སྔགས་ཀྱི་སྒྲ་ཟུར་ཕྱིན་པར་བཟླ་དགོས། གྲངས་ཚད་ནི་གཟུངས་རིང་རབ་འབུམ་ཕྲག་བཞི། ཐ་མ་འབུམ་ཕྲག་གཅིག་ཁ་སྐོང་བཅས་བསྙེན་པ་དང་། འཇམ་མགོན་གྱི་ཆོག་ཁྲིགས་སུ་མི་གསལ་ཡང་། གཏེར་གཞུང་ནས་འབྱུང་བའི་སྙིང་པོ་འབུམ་ཕྲག་བཅུའམ་བཞི་འདོན་ན་ལེགས་པར་འགྱུར། དེ་གྲུབ་ནས་མདུན་བསྐྱེད་སྒྲུབ་མཆོད་དང་འབྲེལ་བའི་གཟུངས་རིང་ཁྲི་གཅིག་ཙམ་བཟླ། བར་མཚམས་སུ་ངལ་གསོ་བ་ནི། ངག་བཟླས་ཡིད་བཟླས་སོགས་ཀྱིས་དུབ་པ་ན་ཏིང་ངེ་འཛིན་བཏང་ནས་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག་སྟེ་ངལ་གསོ་ཞིང་ཐུན་མཚམས་ལ་འཇུག་པར་གསུངས། ཐུན་རེ་ལ་སྔགས་གྲངས་ཇི་ཙམ་ནུས་པ་བཟླས་པའི་མཐར་དབྱངས་གསལ་ཡེ་དྷར་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། སྔ་ཐུན་ལྟ་བུའི་མཐར་གཏོར་མ་འབུལ། མདུན་བསྐྱེད་སྒྲུབ་མཆོད་སྐབས་ལས་ཕྱི་གཏོར་རྒྱུན་དུ་མ་གྲུབ་ཀྱང་ཆོག །མདུན་བསྐྱེད་སྒྲུབ་མཆོད་སྐབས་དབང་ཆོག་ལྟར་དཀྱིལ་འཁོར་དབང་རྫས་སོགས་བཤམས། བུམ་པ་བསྒྲུབ་པ་ཡང་གྲུབ་ན་ལེགས། དེ་ལྟར་བསྙེན་སྒྲུབ་ཀྱི་སྐབས་སུ་བཟླས་པའི་སྒང་ལ་ལངས་འདུག་བཤང་གཅི་དོར་བ་རྣམས་སྤང་། ཆབ་བསིལ་དགོས་ན་གྲུབ་མ་ཐག་ཁྲུས་ཆུས་ཉེ་རེག་བྱ། བཟླས་གྲངས་སྟན་ཐོག་གཅིག་ཏུ་གྲུབ་པ་དང་། །ཉལ་བ་དང་། སྙེས་པ་སོགས་བྱ་བཞིན་སྔགས་ཟློས་མི་བྱ། ལྷ་ལ་གསོལ་བ་རྩེ་གཅིག་ཏུ་གདབ་ནས་གུས་པའི་ཚུལ་གྱིས་བཟླ། རྟོག་པ་འོག་འགྱུར་མ་ཤོར་བ་སོགས་སྤང་བླང་གལ་ཆེའོ། །བསམ་གཏན་གྱི་དེ་ཁོ་ན་ཉིད་ལས་མི་གནས་ཀྱི་དེ་ཁོ་ན་ཉིད་ནི། རང་ལྷག་པའི་ལྷའི་ཐུགས་ཀར་མར་མེའི་མེ་ལྕེ་འདྲ་བའི་མེ་འབར་བ་ཚ་རེག་མེད་པའི་ནང་དུ་བཟླ་བའི་སྔགས་ཕྲེང་གཅིག་ནས་གཅིག་ཏུ་བརྒྱུད་པར་སེམས་གཏད་དེ་སྲོག་རྩོལ་བསྡམ། སྒྲ་གནས་ཀྱི་དེ་ཉིད་ནི། མེ་ལྕེ་ལྟ་བུ་དེའི་དབུས་གཟུངས་སྔགས་ཕྲེང་བ་གསལ་བར་བསྒོམ་པ་ལས། ཅུང་ཟད་ཙམ་ན་སྔགས་ཕྲེང་དེའི་རྣམ་པ་མི་དམིགས་པ་དྲིལ་བུའི་སྒྲ་ལྟ་བུའི་སྔགས་ཀྱི་སྒྲ་དབྱངས་ལ་སེམས་གཏད་ནས་སྲོག་རྩོལ་བསྡམ། སྒྲ་མཐའི་དེ་ཉིད་ནི་སྔགས་སྒྲ་དེའང་དཔྱད་ན་སྐྱེ་འགགས་གནས་གསུམ་བྲལ་བར་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་བཞག་པར་བྱའོ། །གཉིས་པ་རྗེས་ཀྱི་བྱ་བ་ནི། ཡར་ངོའི་གཟའ་སྐར་བཟང་པའི་ཉིན་སོང་གྲོལ་བའི་དོ་དགོང་ནས་མཆོད་གཏོར་གསར་པ་བཤམས། ལྷུང་བཟེད་དུ་དཀར་གསུམ་མངར་གསུམ་སྦྱར་བའི་ཞོ་ཟན་རིལ་བུ་བླུགས། དར་ཚོན་གྱིས་ཁ་བཀབ། དེ་སྟེང་རྡོ་རྗེ་བཞག །མདུན་དཀྱིལ་གྱི་སྟེགས་བུའི་མདུན་དུ་བཀོད། གྲུབ་ན་མཚན་ཐོག་ཐག་བཟླས་པ་བྱ། བཟའ་བཏུང་གི་སྐབས་སུའང་ཡིད་བཟླས་ཀྱིས་སྔགས་མ་ཆད་པར་བྱ་དགོས། མི་ལྕོགས་ན་ཉིན་མོ་བཟླས་པས་ཀྱང་ཆོག །སང་ཐོ་རངས་སྔ་ཆར་བདག་མདུན་བུམ་བཟླས་གྲུབ་ནས། ལྷུང་བཟེད་ལག་གཡོན་དུ་བཞག །ལག་གཡས་པས་ཁ་བཀབ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བྱོན་ཏེ་རིལ་བུ་ལ་ཐིམ་པས་དངོས་གྲུབ་ཀྱི་བཅུད་དུ་འཁྱིལ་བར་དམིགས་ལ། སྔགས་རིང་ཐུང་སྟོང་རྩ་སོགས་བཟླ། ནམ་ལངས་པ་ན་མཆོད་བསྟོད་མདུན་བསྐྱེད་ལྟར་ཕུལ། །ཨོཾ། བཅོམ་ལྡན་མགོན་པོ་མི་འཁྲུགས་པ། །བདག་ལ་དགོངས་པར་མཛད་དུ་གསོལ། །བསྙེན་དང་བསྒྲུབས་པས་ལྷ་མཉེས་ནས། །དངོས་གྲུབ་སྦྱོར་བ་དེང་འདིར་སྩོལ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་དམ་པ་བསྩལ་ནས་ཀྱང་། །བྱང་ཆུབ་གསུམ་ལ་བཀོད་པ་དང་། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག །ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །ངན་འགྲོའི་འགྲོ་རྣམས་སྐྱོབས་པ་དང་། །བརྩེ་བས་བཟུང་ཞིང་བྱིན་གྱིས་རློབས། །བདག་ཅག་དོན་མཆོག་འགྲུབ་གྱུར་ཅིག །ཅེས་གནས་གསུམ་བཞག །དངོས་གྲུབ་ཀྱི་རྫས་ལ་རོལ། བདག་འཇུག་གི་ཆོ་ག་ཡང་རྒྱས་པར་བྱ། སླར་ཡང་མཆོད་བསྟོད་ནོངས་བཤགས་སོགས་ལས་རིམ་ལྟར་བྱས་ལ། སྔགས་ཀྱི་ལྷག་ཆད་བསྐང་བའི་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ཏིལ་དང་རྩ་སྔགས་སྦྲག་པ་ལ་གྲངས་བཟུང་བས་མྱུར་དུ་སྔགས་ཀྱི་འབྲས་བུ་འབྱིན་པར་འགྱུར་ཞིང་། རིམ་གྱིས་མཚམས་གྲོལ་ནས་གྲོགས་དམ་ཚིག་ལྡན་པ་རྣམས་དང་འཕྲད་པ་སོགས་གསང་བ་སྤྱིའི་བསྙེན་ཡིག་ལྟར་ཤེས་པར་བྱའོ། །འདིར་འབད་རྣམ་པར་དཀར་བ་ལས། །བྱུང་བའི་དགེ་ཚོགས་བདུད་རྩིའི་རྒྱུན། །འགྲོ་བའི་སྤྱི་བོར་འཇོ་བ་ཡིས། །སྒྲིབ་གཉིས་བྱང་ཞིང་དག་གྱུར་ཅིག །འདི་ནས་ཚེ་རབས་ཐམས་ཅད་དུ། །མི་འཁྲུགས་མགོན་པོས་རྗེས་བཟུང་ཞིང་། །མངོན་དགའི་ཞིང་དུ་དབུགས་དབྱུང་ནས། །ལམ་ལྔ་ས་བཅུ་བགྲོད་གྱུར་ཅིག །ཅེས་པའང་ཀཿཐོག་མཁན་རིན་པོ་ཆེ་དུལ་བའི་སྡེ་དང་། ཉིན་དགོན་སྒྲུབ་སྡེ་རྣམས་ཀྱིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྒྱུད་སྡེ་ལྷ་ཁང་གི་གཟིམ་ཁང་དུ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།། །།
[edit]

@#/__/klong gsal mi 'khrugs ba'i bsnyen yig nyung gsal mngon dga'i sgo 'byed ces bya ba bzhugs so/__/ oM swasti/__bla ma mchog dang mi 'khrugs pa/__/rnam dbyer med la gus btud nas/__/bsnyen yig nyung gsal snying po ni/__/mngon dga'i sgo 'byed 'dir spel bya/__/de la'ang bsnyen pa la 'jug pa'i rim pa dang /__'jug nas ji ltar bya ba'i rim pa'o/__/dang po ni/__yar ngo'i tshes sogs gza' skar sbyor ba legs par gnas gtsang zhing yid du 'ong bar phyags dar dang dri'i chag chag gdab/__rnam sme sogs kyis bsgrubs pa'i bum chus khrus bya/__lha 'di'i khungs dang gzungs sngags cho ga rnams gtso bor bya spyod dang mthun par grub pa'i slob dpon rnams kyis bkral bas khrus dang gtsang sbra dkar spyod grub na mchog tu legs/__mal 'og tu ku sha'i chun po dgram/__gtor ma cha gsum btang ba'am/__ma grub na las gzhung ltar dkar gtor btang /__dge ba'i tshogs gsog bya/__rang dbang du 'du nges tshun la mtshams tho spyi ltar 'jog__/mdun du dkon mchog gi rten ring bsrel gyi snying po can dang /__dkar zlum pad 'dab bzhi pa dkar mngar gyis bskor ba chu gnyis nyer spyod sogs bshams/__rang gi mdun du rdor dril/__'thor nas/__nye reg gi chu ril ba spyi blug lta bur blugs/__/gnyis pa 'jug nas ji ltar bya ba'i rim pa la/__dngos gzhi dang /__rjes kyi bya ba'o/__/dang po ni/__dgong thun nas mgo brtsam/__skyabs sems brgya rtsa sogs grangs gsog__/mchod pa byin rlabs nas bzlas pa'i bar dang /__bzlas pa'i dbur phreng ba byin brlab bya/__bzlas pa ci rigs mthar dbyangs gsal ye d+har yig brgya rnams lan gsum res sngags kyi lhag chad kha skong /__'dod don gsol gdab dang /__gtor 'bul byin rlabs mthar/__rang gi thugs ka nas 'phros pa'i 'od kyis rdo rje mi 'khrugs pa 'khor dang bcas pa badz+ra sa mA ya dzaHpad+ma ka ma lA ya s+t+waM/__de nyid bcom ldan thugs rje'i sogs las byang gzhung ltar bya'o/__/phyi gtor byas kyang legs/__ma byas na chad skyon med/__nongs bshags dang /__bris sku sogs yod na brtan bzhugs dang /__med na gshegs gsol bya/__bsdu ldang bsngo smon byas pas grub bo/__/phyir nangs snga bar langs/__skyabs sems nas btang /__dngos gzhi lha sngags kyi bsgom don mdor bsdus ni/__shU n+ya ta'i sngags brjod pas/__stong nyid ye shes rdo rje'i rang bzhin gyi bdag nyid nga'o zhes pa'i sngags don la blo 'jog pa ste/__bdag nyid spros pa dang bral ba'i rang bzhin 'od gsal la gzung 'dzin gyi rnam rtog gis ma bslad pa'i ngang der yun ring du mnyam par bzhag pa ni/__bdag gi de kho na nyid do/__/lha'i de kho na nyid ni/__bdag gi de kho na nyid ltar lha'i de nyid kyang de ltar yin pas/__lha dang bdag dbyer med don dam byang sems kyi ngo bor mnyam par 'jog pa ni stong pa'i lha'o/__/stong pa'i ngang las gzhal med khang gru bzhi sgo bzhi rta bab rgyan dang bcas pa nang nas rim bzhin sngo ser dmar ljang dkar ba'i rtsig pa rim pa lnga dang ldan pa 'dod snam la mchod pa'i lha mo bcu drug gis mchod pa byas pa/__do shal dang /__drwa phyed/__rnga yab nor bu'i rgyan can 'phan gdugs sogs kyis brgyan pa'i nang du sna tshogs pad+ma zla ba'i gdan la/__stong nyid snying rje'i rang rtsal hU~M sngon po 'od zer 'bar bas mtshan par bsam pa ni yi ge'i lha/__hU~M de las sngags kyi rang sgra sgrogs par bsam pa ni sgra yi lha/__hU~M de rdo rje sngon po rtse lnga pa lte bar hU~M gis mtshan pa las 'od zer spro bsdus don gnyis byas par bsam pa ni phyag rgya'i lha ste 'di dag gter gzhung du dngos zin med kyang dmigs pa ma chad na legs/__de yongs su gyur pa las mgon po mi 'khrugs pa sprul sku'i cha byad can du bsgom pa ni gzugs kyi lha/__gnas gsum yig 'bru gsum dang thugs kar zla ba la hU~M yig sngags phreng gis mtshan par bsgom pa ni phyag rgya'i lha/__de'i 'od zer gyis ye shes pa spyan drangs/__dam tshig pa la dbyer med du bstim/__rang las spros pa'i lha mos phyag mchod bstod pa dang /__mthar lha mo rnams rang la bsdu/__rang snang la rang bzhin med pa'i lha'i skur gsal ba la rtse gcig tu sems bzung nas rlung nang du bcings nas ji srid lha la gsal snang thob pa'am mi skyo ba'i bar du mnyam par bzhag__/des skyo na/__thugs kar zla steng du hU~M sngon po baiDU R+Ya'i mdog lta bu 'od zer sna lnga 'phro ba'i mthar gzungs sngags kyi phreng ba yig ngo nang bstan g.yas bskor du sbrul 'khyil gyi tshul du mi g.yo bar bkod pa gsal gdab la gzungs sngags bzla/__de yang bzlas pa'i de kho na nyid la gzhi dang po rang sems bdag gnyis kyis stong pa'i gzod nas rnam dag gi bde gshegs snying po/__gzhi gnyis pa de nyid mi 'khrugs pa'i sku'i rnam par shar ba'i thugs kar kun rdzob byang sems kyi rang bzhin zla ba'i dkyil 'khor hU~M yig sngags phreng sgra gdangs can gyis mtshan par dmigs nas/__lag g.yas pa'i gung mo mthe'u chung brkyangs/__mdzub mo gung mo'i rgyab tu sbyar/__mthe bong gis srin lag steng nas snying ga'i thad du phreng ba bgrang /__des ngal na lag g.yon pas bgrang ba gnyis ci bder bya'o/__/sems yul la g.yeng ba thams cad spangs nas lha sngags sgra dang bcas pa la sems rtse gcig pa'i dran 'dun rgyun mi chad pa bzlas pa la gzhol/__dmigs pa cung zad brtan pa na/__sa bon sngags phreng las 'od zer 'phros/__'jig rten gyi khams thams cad snang bar byas/__sems can thams cad kyi sdig sgrib sbyangs/__sangs rgyas thams cad kyi thugs rgyud bskul/__'od zer slar 'dus rang la thim pas bdag nyid kyis tshe rabs thog med nas bsags pa'i las ngan sdig sgrib thams cad byang zhing dag par bsam pa ni yan lag lan gsum gyis bzlas pa'i gzhi 'dzin te thog mar sgra bcas dang rim par shub bur bzla'o/__/dngos grub sgrub pa'i bzlas pa ni/__ngag bzlas 'bum gsum sogs song nas/__rlung bsdam nas zla ba sngags phreng la sems rtse gcig tu bzhag nas yid bzlas bya/__rlung btang ba na bdag gi de kho na nyid dang lha'i nga rgyal bzung ba la bslab/__skyon spang grangs tshad bstan pa ni/__bzlas pa byed tshe myur ches pa dang /__dal ches pa sgra che ba ma yin/__ha cang chung ba ma yin/__smra bzhin ma yin/__sems gzhan du mi g.yengs/__gug skyed dang klad kor tsheg drag nyams pa min/__yi ge lhag chad gyur pa rnams spang ba dang /__glal ba dang /__sbrid ba/__lu ba/__'og rlung byung ba sogs shor na chab blang /__phreng rdog cha shas sngags grangs su mi brtsi bar bskyur/__sngags bzla skabs zas za ba sogs spangs/__sngags kyi sgra zur phyin par bzla dgos/__grangs tshad ni gzungs ring rab 'bum phrag bzhi/__tha ma 'bum phrag gcig kha skong bcas bsnyen pa dang /__'jam mgon gyi chog khrigs su mi gsal yang /__gter gzhung nas 'byung ba'i snying po 'bum phrag bcu'am bzhi 'don na legs par 'gyur/__de grub nas mdun bskyed sgrub mchod dang 'brel ba'i gzungs ring khri gcig tsam bzla/__bar mtshams su ngal gso ba ni/__ngag bzlas yid bzlas sogs kyis dub pa na ting nge 'dzin btang nas bdag gi de kho na nyid rnam par mi rtog pa'i ngang du mnyam par bzhag ste ngal gso zhing thun mtshams la 'jug par gsungs/__thun re la sngags grangs ji tsam nus pa bzlas pa'i mthar dbyangs gsal ye d+har yig brgya lan gsum gyis lhag chad kha bskang /__snga thun lta bu'i mthar gtor ma 'bul/__mdun bskyed sgrub mchod skabs las phyi gtor rgyun du ma grub kyang chog__/mdun bskyed sgrub mchod skabs dbang chog ltar dkyil 'khor dbang rdzas sogs bshams/__bum pa bsgrub pa yang grub na legs/__de ltar bsnyen sgrub kyi skabs su bzlas pa'i sgang la langs 'dug bshang gci dor ba rnams spang /__chab bsil dgos na grub ma thag khrus chus nye reg bya/__bzlas grangs stan thog gcig tu grub pa dang /__/nyal ba dang /__snyes pa sogs bya bzhin sngags zlos mi bya/__lha la gsol ba rtse gcig tu gdab nas gus pa'i tshul gyis bzla/__rtog pa 'og 'gyur ma shor ba sogs spang blang gal che'o/__/bsam gtan gyi de kho na nyid las mi gnas kyi de kho na nyid ni/__rang lhag pa'i lha'i thugs kar mar me'i me lce 'dra ba'i me 'bar ba tsha reg med pa'i nang du bzla ba'i sngags phreng gcig nas gcig tu brgyud par sems gtad de srog rtsol bsdam/__sgra gnas kyi de nyid ni/__me lce lta bu de'i dbus gzungs sngags phreng ba gsal bar bsgom pa las/__cung zad tsam na sngags phreng de'i rnam pa mi dmigs pa dril bu'i sgra lta bu'i sngags kyi sgra dbyangs la sems gtad nas srog rtsol bsdam/__sgra mtha'i de nyid ni sngags sgra de'ang dpyad na skye 'gags gnas gsum bral bar bdag gi de kho na nyid rnam par mi rtog pa'i ye shes kyi ngang du bzhag par bya'o/__/gnyis pa rjes kyi bya ba ni/__yar ngo'i gza' skar bzang pa'i nyin song grol ba'i do dgong nas mchod gtor gsar pa bshams/__lhung bzed du dkar gsum mngar gsum sbyar ba'i zho zan ril bu blugs/__dar tshon gyis kha bkab/__de steng rdo rje bzhag__/mdun dkyil gyi stegs bu'i mdun du bkod/__grub na mtshan thog thag bzlas pa bya/__bza' btung gi skabs su'ang yid bzlas kyis sngags ma chad par bya dgos/__mi lcogs na nyin mo bzlas pas kyang chog__/sang tho rangs snga char bdag mdun bum bzlas grub nas/__lhung bzed lag g.yon du bzhag__/lag g.yas pas kha bkab/__mdun bskyed kyi thugs ka nas sku gsung thugs yon tan phrin las thams cad 'od zer sna lnga'i rnam par byon te ril bu la thim pas dngos grub kyi bcud du 'khyil bar dmigs la/__sngags ring thung stong rtsa sogs bzla/__nam langs pa na mchod bstod mdun bskyed ltar phul/__/oM/__bcom ldan mgon po mi 'khrugs pa/__/bdag la dgongs par mdzad du gsol/__/bsnyen dang bsgrubs pas lha mnyes nas/__/dngos grub sbyor ba deng 'dir stsol/__/'jig rten 'jig rten 'das pa yi/__/dngos grub dam pa bstsal nas kyang /__/byang chub gsum la bkod pa dang /__/rdzogs sangs rgyas su bdag gyur cig__/lhag pa'i lha yis rjes bzung zhing /__/ngan 'gro'i 'gro rnams skyobs pa dang /__/brtse bas bzung zhing byin gyis rlobs/__/bdag cag don mchog 'grub gyur cig__/ces gnas gsum bzhag__/dngos grub kyi rdzas la rol/__bdag 'jug gi cho ga yang rgyas par bya/__slar yang mchod bstod nongs bshags sogs las rim ltar byas la/__sngags kyi lhag chad bskang ba'i zhi ba'i sbyin sreg bsnyen pa'i bcu cha'i grangs til dang rtsa sngags sbrag pa la grangs bzung bas myur du sngags kyi 'bras bu 'byin par 'gyur zhing /__rim gyis mtshams grol nas grogs dam tshig ldan pa rnams dang 'phrad pa sogs gsang ba spyi'i bsnyen yig ltar shes par bya'o/__/'dir 'bad rnam par dkar ba las/__/byung ba'i dge tshogs bdud rtsi'i rgyun/__/'gro ba'i spyi bor 'jo ba yis/__/sgrib gnyis byang zhing dag gyur cig__/'di nas tshe rabs thams cad du/__/mi 'khrugs mgon pos rjes bzung zhing /__/mngon dga'i zhing du dbugs dbyung nas/__/lam lnga sa bcu bgrod gyur cig__/ces pa'ang kaHthog mkhan rin po che dul ba'i sde dang /__nyin dgon sgrub sde rnams kyis lha rdzas dang bcas gsung bskul ngor/__'jam dbyangs chos kyi blo gros pas rgyud sde lha khang gi gzim khang du sbyar ba dge legs mchog tu gyur cig__/mang+ga laM//___//

Footnotes

Other Information