ཆོས་དབང་ཐུགས་ཆེན་འཁོར་བ་དོང་སྤྲུགས་ཀྱི་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-010
Wylie title chos dbang thugs chen 'khor ba dong sprugs kyi gshin po rjes 'dzin thugs rje'i lcags kyu JKCL-KABUM-05-CA-010.pdf
Location chos kyi blo gros bka' 'bum
Volume 5, Text 10, Pages 185-193 (Folios 1a1 to 5a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (Gu ru chos kyi dbang phyug)
Citation 'jam dbyangs mkhyen brtse chos kyi blo gros. chos dbang thugs chen 'khor ba dong sprugs kyi gshin po rjes 'dzin thugs rje'i lcags kyu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 185-193. Bir, H.P.: Khyentse Labrang, 2012.
Genre Funerary Rituals - gnas lung - byang chog  ·  Ritual and Liturgical Texts - cho ga phyag len
Cycle ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ (thugs rje chen po 'khor ba dong sprug)
Deity thugs rje chen po
Colophon

།ཅེས་པའང་མཁྱེན་གཟིགས་མཚུངས་བྲལ་གཙང་སར་མཆོག་སྤྲུལ་རིན་པོ་ཆེས་སྔ་སོར་བཀས་བསྐུལ་བ་དང་། བྲག་ལྗོངས་སྤྱི་མཛོད་མིང་སྲིང་མཆོག་གིས་གསུང་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུ་བྷཾ།

/ces pa'ang mkhyen gzigs mtshungs bral gtsang sar mchog sprul rin po ches snga sor bkas bskul ba dang /__brag ljongs spyi mdzod ming sring mchog gis gsung ngor 'jam dbyangs chos kyi blo gros pas bris pa 'dis kyang sems can la phan pa rgya chen po 'byung bar gyur cig__/shu b+haM/

1 Texts in this Section (sde tshan or chos tshan)

[edit]
༄༅། །ཆོས་དབང་ཐུགས་ཆེན་འཁོར་བ་དོང་སྤྲུགས་ཀྱི་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས། ། ན་མོ་མ་ཧཱ་ཀ་རུ་ཎི་ཀཱ་ཡ། གང་གི་མཚན་ཙམ་ཐོས་པས་ཀྱང་། །ངན་འགྲོའི་དུཿཁ་ལས་སྐྱོབས་པ། །ཐུགས་རྗེ་ཆེན་པོར་གུས་བཏུད་ནས། །གནས་ལུང་ཆོ་ག་མདོར་བསྡུས་དབྱེ། །དེ་ཡང་སྦྱོར་བའི་སྐབས་སུ་བུམ་པ་བཅུད་དང་ལྡན་པ་བཤམས། གཟུངས་རྡོར་འཇོག་ལ་ཕྱི་སྒྲུབ་རྐྱང་པའམ། དྲིལ་སྒྲུབ་གང་བྱེད་ཀྱི་དངོས་གཞིའི་བཟླས་པའི་མཐར། བུམ་པ་འོད་དམར་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་གདན་ལ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་གཅེར་བུ་རྒྱན་མེད་དམར་གསལ་པད་ཕྲེང་དང་བུམ་པ་འཛིན་པ་རིགས་བདག་སྣང་བ་མཐའ་ཡས་དང་བཅས་པ་སྐད་ཅིག་གིས་གསལ་བ་དང་། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བུམ་ལྷའི་ཐུགས་རྒྱུད་བསྐུལ་སྐུ་ཡི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམ་ལ་གཟུངས་ཐག་འཛིན་ནས་ཡིག་བདུན་དང་། སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་བཟླ་འོད་ཞུ་མི་བྱེད། དེ་ནས་མདུན་དུ་དྲི་རྟེན་དང་མིང་བྱང་། ཞི་དྲག་གི་སྦྱངས་བ་དང་ཏིལ་སྦྱངས་རྣམས་བཤམས་ལ། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀཿལས་ཚེ་འདས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨ་ཀཪྵ་ཡ་ཛཿས་རྣམ་ཤེས་དང་། ཨོཾ་སརྦ་པཱ་པཾ་ཨ་ན་ཡ་ཧཱུྃཿགིས་སྡིག་པ་བཀུག་ནས། ཛཿཧཱུྃ་བྃ་ཧོཿས། རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། གཏོར་མ་གསུམ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱ་ན྄་ན་མཿསརྦ་སོགས་ལན་གསུམ་གྱི་ཞི་བ་དང་། ཏིང་ལོ་དང་ཆང་བུ་བསྐོར་ཞིང་། སུམྦྷ་ནི་གསུམ་གྱིས་ཕྱེད་མ། རང་ཉིད་དབང་ཆེན་རྟ་མགྲིན་གྱི་སྐུར་གྱུར། ན་མོ། རྩ་བརྒྱུད་ཀྱི་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་གནས་པ་དང་། གཤིན་གྱི་དུས་སུ་སྡིག་པ་སྦྱང་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག་གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱེད་རྣམས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། སུམྦྷ་ནིའི་སྔགས་དང་བཅས་སྟེ་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོའི་སྦྱང་བའོ། །དེ་ནས་སྤྲོ་ན་གཡས་གཡོན་དུ་མེ་ཆུ། མདུན་དུ་ཏིལ་ཅུང་ཟད་བཅས་འདུ་བགྱིས་པ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོའི་མེས་དེད་སྣ་སྒོ་ནས་སྡིག་པ་རྭ་ཅན་གྱི་རྣམ་པས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེ་དང་ཆུས་བསྲེག་ཅིང་སྦྱངས་བར་བསམ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ༔ཚེ་ལས་འདས་པའི་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱིར་དོར་རོ། །ཡིག་བདུན་དང་གཟུངས་སྔགས་བཟླས་པའི་བྱེ་མས་བྲབ་དྲི་རྟེན་གྱི་གཟུགས་བརྙན་མེ་ལོང་གི་ངོས་སུ་ཤར་བ་ལས་བུམ་གྱི་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱངས་མཛད་ཅིང་། །ཕྱིན་དྲུག་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཞེས་མཚམས་རྣམས་སུ་ཡིག་བདུན་དང་གཟུང་སྔགས་བཟླ་བཞིན་བཀྲུ་བའི་མཐར། ཚེ་ལས་འདས་པའི་དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས། ཕ་རོལ་དུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །མཆོག་གསུམ་བདེན་པས་དུག་བཅོམ་མོ། །ཡིག་བདུན་སྔགས་མཐར། ཚེ་ལས་འདས་པའི་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །ཡུམ་ཆེན་བཞི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཡིག་བདུན་སྔགས་མཐར། ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་རིགས་ཀྱི་ཡུམ་བཞིའི་བདེན་པས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྱང་ཆུབ་སྙིང་པོར་གཤེགས་པ་ན། །སོགས་ཀྱི་མཐར། ཚེ་ལས་འདས་པས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྤངས་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། ཚེ་འདས་ཉིད་དཀོན་མཆོག་རྩ་གསུམ་རྒྱ་མཚོར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ། མགོན་པོ་ཐུགས་རྗེ་ཆེ་ལྡན་སོགས་ཤྭ་ལོ་ཀ་གསུམ་དང་། རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔འཁོར་བ་དོང་ནས་སྤྲུགས་མཛད་པའི༔ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ཕྱག་བྱར་འོས་པ་སོགས་ཀྱིས་ཕྱག་འཚལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། སོགས་བརྗོད། དབང་བསྐུར་ན། ཚེ་འདས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ་པར་མོས་ལ། ཡིག་བདུན་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་པས་དབབ། ཏིཥྛ་བཛྲ་ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱས། བུམ་པ་ཐོགས་ལ། རྣམ་རྒྱལ་བུམ་པ་འོད་ཕུང་དམར་པོའི་རང་བཞིན་གྱི་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་བཞུགས་པའི་སྤྱི་མགྲིན་སྙིང་གའི་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་དཀར་དམར་མཐིང་གསུམ་བྱུང་། ཚེ་འདས་ཀྱི་སྒོ་གསུམ་ལ་ཐིམ་པས་སྒྲིབ་པ་དག །གསང་བ་གསུམ་གྱི་བྱིན་རླབས་ཐོབ་ལུས་ནང་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་གང་བར་སྒོམས་ཤིག །ཧྲཱིཿཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔རྣམ་རྒྱལ་བུམ་པའི་དབང་མཆོག་འདི༔སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔གསང་གསུམ་དབང་བསྐུར་ཐོབ་པར་ཤོག༔ཡིག་བདུན་མཐར། ཀ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་བརྗོད་ལ་བུམ་པ་གནས་གསུམ་འཇོག་ཅིང་བུམ་ཆུས་གཏོར། འདོད་ཡོན་གྱི་དངོས་པོ་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་བསམ་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །ཐུགས་རྗེ་ཆེན་པོའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་ཨཱཪྻ་ལོ་ཀེ་ཤྭ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་བསྔོས། ལམ་སྦྱངས་བསྟན་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པ་ཟུངས། །འོག་མིན་བདེ་ཆེན་ཞིང་ཁམས་སུ། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨོ་འདམ་གྱིས་མ་གོས་ལྟར། སོགས་ཀྱིས་མཐར། ཕཊ྄། ཚེ་ལས་འདས་པའི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང་། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ། སླར་ཡང་རྣམ་ཤེས་གཤེགས་པའི་བྱང་བུ་སྡིག་སྒྲིབ་དང་མཉམ་དུ་ཡེ་ཤེས་ཀྱི་མེས་བསྲེག་ཅིང་སྦྱངས་པར་མོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་ཡམ་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་བས། །ཚེ་འདས་ཉོན་མོངས་བག་ཆགས་སྲེག །ཡིག་བདུན་མཐར། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་བརྗོད་ཅིང་བྱང་བུ་བསྲེག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །སོགས་སྨོན་ལམ་ཇི་ལྟར་རིགས་པ་གདབ། བྱང་རོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱཿདཀར་པོ་འོད་ཟེར་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ་ལ། ཡིག་བདུན་དང་གཟུང་སྔགས་བཟླས་པའི་དྲི་བཟང་གི་ཆུས་བཀྲུས། སྔགས་བཟླ་བཞིན་པར་སཱཙྪ་གདབས། སུ་པྲ་ཏིཥྛ་ས་མེ་ཏོག་འཐོར་ཞིང་རབ་ཏུ་གནས། དབེན་གནས་སམ་ཆུ་ཀླང་ཆེན་པོར་སྤྱན་འདྲེན་པར་བྱའོ། །ངན་འགྲོ་སྐྱོབ་ལ་ཟླ་མེད་པའི། །གནས་ལུང་ཆོ་ག་འདི་བགྱིས་པས། །འབྲེལ་ཚད་སྡུག་བསྔལ་མཚོ་ལས་ཐར། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །ཅེས་པའང་མཁྱེན་གཟིགས་མཚུངས་བྲལ་གཙང་སར་མཆོག་སྤྲུལ་རིན་པོ་ཆེས་སྔ་སོར་བཀས་བསྐུལ་བ་དང་། བྲག་ལྗོངས་སྤྱི་མཛོད་མིང་སྲིང་མཆོག་གིས་གསུང་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུ་བྷཾ། །། །

Footnotes

Other Information