ཐུགས་ཆེན་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་ཆིག་དྲིལ་དུ་སྒྲུབ་པའི་ལས་བྱང་པདྨའི་སྡོང་པོ།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-009
Wylie title thugs chen 'khor ba dong sprugs kyi sgrub thabs phyi nang gsang gsum chig dril du sgrub pa'i las byang pad+ma'i sdong po JKCL-KABUM-05-CA-009.pdf
Location chos kyi blo gros bka' 'bum
Volume 5, Text 9, Pages 153-184 (Folios 1a to 16b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (Gu ru chos kyi dbang phyug)
Citation 'jam dbyangs mkhyen brtse chos kyi blo gros. thugs chen 'khor ba dong sprugs kyi sgrub thabs phyi nang gsang gsum chig dril du sgrub pa'i las byang pad+ma'i sdong po. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 153-184. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Cycle ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ (thugs rje chen po 'khor ba dong sprug)
Deity thugs rje chen po
Colophon

།ཅེས་པའང་བྲག་ལྗོངས་རྒྱལ་ཁབ་ཀྱི་སྤྱི་ཁྱབ་དཱ་ཧན་མཁན་པོ་མཆོག་གི་རྟེན་དང་བཅས་གསུང་བསྐུལ་ནན་ཏན་ཆེན་པོའི་ཞལ་ངོ་མ་ལྕོགས་པས་རང་བཟོ་འགྱུར་ཤས་ཆེ་ཡང་༧འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ལྗགས་བསྒྲིགས་ལ་གཞི་བཅོལ། གཏེར་གཞུང་གི་དགོངས་པར་དཔྱད་ནས་ཕྱི་ནང་གསང་གསུམ་དཀྱུས་གཅིག་ཏུ་བཏང་བའི་ཚུལ་འདི་ནི་༧རྗེ་བླ་མ་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བསྙེན་མཚམས་ཀྱི་བར་གསེང་རྒྱལ་ཟླའི་ཚེས་༦ལ་བསྒྲིགས་པ་འདི་ལ་ནོངས་པ་གང་མཆིས་རྩ་གསུམ་སྤྱན་སྔར་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ། །།

/ces pa'ang brag ljongs rgyal khab kyi spyi khyab dA han mkhan po mchog gi rten dang bcas gsung bskul nan tan chen po'i zhal ngo ma lcogs pas rang bzo 'gyur shas che yang 7'jam mgon kong sprul rin po che'i ljags bsgrigs la gzhi bcol/__gter gzhung gi dgongs par dpyad nas phyi nang gsang gsum dkyus gcig tu btang ba'i tshul 'di ni 7rje bla ma mkhyen brtse'i phrin las kyi sprul ming 'dzin pa 7'jam dbyangs chos kyi blo gros pas bsnyen mtshams kyi bar gseng rgyal zla'i tshes 6la bsgrigs pa 'di la nongs pa gang mchis rtsa gsum spyan sngar bshags shing dge bas sems can thams cad bla ma thugs rje chen pos rjes su 'dzin pa'i rgyur gyur cig__/sarba mang+ga laM/__shu b+haM/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཐུགས་ཆེན་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་ཆིག་དྲིལ་དུ་སྒྲུབ་པའི་ལས་བྱང་པདྨའི་སྡོང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འགྲོ་ལ་རྗེས་སུ་བརྩེ་བའི་སྤྱན་མངའ་བ། །ཐུགས་རྗེའི་འཛུམ་ཕྲེང་རྟག་པར་གཡོ་བ་ཡི། །མགོན་པོ་སྤྱན་རས་གཟིགས་དབང་མཚན་གསོལ་བ། །དེ་ཡི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་ཕུལ། །ཐུགས་རྗེ་ཆེ་དངོས་ཆོས་ཀྱི་དབང་ཕྱུག་གི། ཟབ་གཏེར་འཁོར་བ་དོང་སྤྲུགས་སྒྲུབ་པའི་ཐབས། །ཕྱི་ནང་གསང་གསུམ་དྲིལ་སྒྲུབ་འདིར་དབྱེ་བྱ། །དེ་ལ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འདི་ཡི་ཕྱི་ནང་གསང་སྒྲུབ་སྟབས་གཅིག་ཏུ་ཉམས་སུ་བླང་བར་འདོད་པས། དབང་གིས་རྒྱུད་སྨིན་པར་བྱས་ནས་སྦྱོར་བ་རྟེན་དང་མཆོད་གཏོར་ཕྱི་སྒྲུབ་དཀར་ཟླུམ། ནང་གསང་དམར་རྩི་ཅན་དང་བདུད་རྩི་ཀ་པཱ་ལ་སོགས་འདུ་བྱ། ཕྲིན་ལས་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། ངེས་འབྱུང་དང་། བྱང་ཆུབ་སེམས་གཉིས་སྒོམ་པ་སྔོན་དུ་འགྲོ་བས་ཐོག་མར་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ནི། སྣང་བ་མཐའ་ཡས་ཌཱ་ཀི་གར་དབང་མོ། །པདྨ་སཾ་བྷ་ཡེ་ཤེས་མཚོ་རྒྱལ་མ། །ཆོས་ཀྱི་དབང་ཕྱུག་པདྨ་དབང་ཆེན་དང་། །སངས་རྒྱས་ཀུན་གྲོལ་ཞབས་ལ་གསོལ་བ་འདེབས། །ཆོས་ཉིད་རང་གྲོལ་སངས་རྒྱས་ལྷུན་དབང་དང་། །རྡོ་རྗེ་གཞོན་ནུ་དཀོན་མཆོག་དཔལ་བཟང་པོ། །གནུབ་སྟོན་རིན་དཔལ་རྒྱལ་སྲས་པདྨའི་མཚན། །བཀྲ་ཤིས་དཔལ་བ་རྣམས་ལ་གསོལ་བ་འདེབས། །སྨོན་ལམ་རྒྱལ་མཚན་འཇམ་དབྱངས་མཁྱེན་བརྩེའི་དབང་། །བྱམས་པ་སྐལ་བཟང་དབང་ཕྱུག་རབ་བརྟན་དང་། །ངག་དབང་ཕུན་ཚོགས་བློ་མཆོག་རྡོ་རྗེའི་ཞབས། །ལེགས་བཤད་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །དབང་ཕྱུག་གྲགས་པ་གསང་བདག་རྡོ་རྗེ་འཛིན། །པདྨ་ཚེ་དབང་འཇམ་དབྱངས་ཆོས་རྒྱལ་མཚན། །ཐུགས་རྗེ་ཆེ་དངོས་མཁྱེན་བརྩེའི་དབང་པོ་དང་། །བློ་གྲོས་མཐའ་ཡས་པདྨ་རྣམ་རྒྱལ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །འཁོར་བ་དོང་ནས་སྤྲུགས་མཛད་སྤྱན་རས་གཟིགས། །རྒྱལ་བ་སྲས་དང་བཅས་ལ་གསོལ་བཏབ་མཐུས། །བྱང་ཆུབ་སེམས་གཉིས་རྩོལ་མེད་རྒྱུད་ལ་སྐྱེས། །མཁའ་ཁྱབ་འགྲོ་བའི་འདྲེན་པ་མཆོག་གྱུར་ཤོག །སྐྱབས་འགྲོ་ནི། ན་མོ༔སྐུ་གསུམ་ཐུགས་རྗེ་ལྡན་པའི་བླ་མ་དཀོན་མཆོག་ལ༔། སྒོ་གསུམ་དད་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔དུས་འདི་ནས་བཟུང་ཇི་སྲིད་བྱང་ཆུབ་མ་ཐོབ་བར༔སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་གཏིང་ནས་འཆའ་ལགས་སོ༔ལན་གསུམ། སེམས་བསྐྱེད་པ་ནི། ཀྱེ་མ༔རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔རང་ངོ་མ་ཤེས་སྡུག་ལ་གཏད༔འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ཐུགས་རྗེ་ཆེན་པོར་སེམས་བསྐྱེད་དོ༔ལན་གསུམ། ཚོགས་བསགས་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགས༔ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ཕྱི་ནང་གསང་གསུམ་མཆོད་པ་འབུལ་ལོ་བཞེས༔ཉམས་ཆག་སྡིག་སྒྲིབ་ཐམས་ཅད་སོ་སོར་བཤགས༔གསང་སྔགས་སྒྲུབ་པར་བྱེད་ལ་རྗེས་ཡི་རང་༔ཕྱི་ནང་ཐེག་པའི་ཆོས་འཁོར་བསྐོར་དུ་གསོལ༔མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔བདག་གཞན་སེམས་ཅན་ཀུན་གྱི་དགེ་བ་རྣམས༔ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་ཕྱིར་བསྔོ༔བླ་མའི་རྣལ་འབྱོར་དང་འབྲེལ་བའི་ལམ་དབང་བླངས་བར་སྤྲོ་ན། ཧྲཱིཿརྟོག་མེད་ངང་ལས་རང་རིག་ཧྲཱིཿདཀར་དམར་འོད་ལྡན་གདན་སྟེང་དུ༔གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔དེ་ཉིད་མ་ཡེངས་འོད་ཕུང་ལས༔ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔གཡོན་པས་བདུད་རྩིའི་བུམ་པ་བསྣམས༔རྒྱན་མེད་གཅེར་བུ་གཟི་མདངས་ཅན༔འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ཉི་ཟླ་པདྨའི་གདན་ལ་བཞུགས༔ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔སྣང་ལ་རང་བཞིན་མེད་པའི་སྐུ༔མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ༔ལམ་དུས་ཀྱི་དབང་ལེན་པའི་ཕྱིར་མདུན་བསྐྱེད་ནི། མདུན་གྱི་ནམ་མཁར་གདན་པདྨ་ཉི་ཟླའི་སྟེང་དུ། བླ་མ་དང་དབྱེར་མི་ཕྱེད་པའི་ཐུགས་རྗེ་ཆེན་པོ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ། འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཛྲ་ས་མཱ་ཛཿཧཱུྃ༔སྔོན་གྱི་བསྐལ་པ་དང་པོ་ལ༔ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔པདྨ་གེ་སར་སྡོང་པོ་ལ༔ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔པདྨ་འབྱུང་གནས་ཞེས་སུ་གྲགས༔འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ཞེས་པས་སྤྱན་དྲངས་པ་མདུན་གྱི་བླ་མ་སྤྱན་རས་གཟིགས་ཀྱི་དབུ་གཙུག་ཏུ་བཞུགས་པར་བསམ༔ཐུགས་རྗེ་ཆེན་པོ་དང་སློབ་དཔོན་པདྨའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་ཧྲཱིཿགསལ་ལ། མཎྜལ་འབུལ་བ་ནི། ན་མོ༔བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔རིན་ཆེན་རྣམ་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔དཀོན་མཆོག་བླ་མ་ཡི་དམ་ལྷ་ཚོགས་མཆོད༔བདག་དང་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ཞེས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ། ན་མོ༔ཐུགས་རྗེའི་བདག་པོ་དགོངས་སུ་གསོལ༔བདག་སོགས་འཁོར་བའི་སེམས་ཅན་རྣམས༔བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར༔ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ༔ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ཡི་དམ་དུ་ཡང་ཞུ་བར་བགྱི༔ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ལས་འོད་དཀར་ནར་གྱིས་བྱུང་༔བདག་གི་སྨིན་མཚམས་སུ་ཕོག༔ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག༔སྐུའི་བྱིན་རླབས་ཞུགས༔བུམ་པའི་དབང་ཐོབ༔བསྐྱེད་རིམ་བསྒོམ་པ་ལ་དབང་༔འབྲས་བུ་སྤྲུལ་སྐུ་ཐོབ༔ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་བསམ༔མགྲིན་པའི་ཨཱཿལས་འོད་དམར་ནར་གྱིས་བྱུང་༔བདག་གི་མགྲིན་པ་ནས་ཞུགས༔ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག༔གསུང་གི་བྱིན་རླབས་ཞུགས༔ཨོཾ་ཨཱཿཧཱུྃ༔ཞེས་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་བསམ༔གསང་བའི་དབང་ཐོབ༔ངག་སྙིང་པོ་བཟླ་བ་ལ་དབང་༔འབྲས་བུ་ལོངས་སྐུ་ཐོབ༔ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་བསམ༔ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་༔བདག་གི་སྙིང་གར་ཐིམ༔ཡིད་ཀྱི་དྲི་མ་དག༔ཐུགས་ཀྱི་བྱིན་རླབས་ཞུགས༔ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང་༔འབྲས་བུ་ཆོས་སྐུ་ཐོབ༔ལུས་ཐམས་ཅད་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་བསམ༔དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི༔ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ༔ཞེས་ངོ་སྤྲོད་གསུང་བར་བསམ༔ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག༔དབང་བཞི་པ་ཐོབ༔ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང་༔འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ༔དབང་བརྟན་པར་ཞུ་བ་ནི། ཨོ་རྒྱན་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་དབྱེར་མེད་དུ་འདྲེས་པའི་ངང་ལ་ཅི་གནས་སུ་བཞག༔དེའི་ངང་ལས་རང་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ལ༔སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་ཡིད་བཞིན་ནོར་བུ་ལྟར་གྱིས་ཤིག༔ཅེས་གསུང་བར་བསམ་མོ༔སྔོན་འགྲོ་བགེགས་གཏོར་བཤམས་པ་ལ་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱིཿབླ་མ་རྣམས་ཀྱི་བྱིན་རླབས་དང་༔ཡི་དམ་ལྷ་ཡི་ཏིང་འཛིན་དང་༔མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔འདི་རུ་མ་འདུག་གཞན་དུ་དེངས༔མཚམས་བཅད་པ་ནི། ཧཱུྃ༔ང་ནི་ཡེ་ནས་ངང་གིས་ཁྲོས༔མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔སུ་ཡང་འདའ་བར་མ་བྱེད་ཅིག༔ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ༔མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་པདྨོ་རྣམ་པར་སྣང་བའི་རྒྱན་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ཆོས་དབྱིངས་རྒྱས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ། ཞེས་རོལ་མོ་བྱ། བཤགས་པ་ནི། ཧཱུྃ༔བླ་མ་ཡི་དམ་མཁའ་འགྲོ་དགོངས༔ཁྱེད་ནི་རྣམ་དག་དྲི་མ་མེད༔བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔བཛྲ་ས་མ་ཡ་ཤུདྡྷེ་ཨ༔གཉིས་པ་དངོས་གཞི་ལ་ཐོག་མར་དམ་ཚིག་གི་འཁོར་ལོ་གསལ་འདེབས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རང་གི་སེམས་ཉིད་དུས་གསུམ་གྱི་རྟོག་པ་དང་བྲལ་ནས་རྣམ་པར་མི་རྟོག་པའི་ངང་ནས་སྣོད་བཅུད་ཐམས་ཅད་སྟོང་པར་གྱུར༔སྟོང་པའི་ངང་ལས་སྣ་ཚོགས་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རིག་པ་མ་འགགས་པའི་ངོ་བོ་ཧྲཱིཿཡིག་དམར་པོ་དཀར་ལ་དམར་བའི་མདངས་ཅན་གསུམ་གྱི་མཐར་ཨོཾ་མ་ཎི་པདྨེ་ཧཱུྃ་དཀར་ལ་དམར་བའི་མདངས་ཅན་གྱིས་བསྐོར་བ་དེ་རྣམས་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས༔བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ༔བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་བསྡུས་ཏེ༔སླར་ཧྲཱིཿཡིག་གསུམ་ལ་ཐིམ་དེ་རྣམས་འོད་དམར་པོ་འཁྱིལ་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས༔དབུས་སུ་ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔དབུ་གཙུག་ན་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་བསྣམས་ཤིང་༔གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ༔ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་རྒྱན་ཐམས་ཅད་སྤངས་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ལ་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུར་གྱུར༔དེ་ཡི་གཡས་སུ་པདྨ་དམར་པོ་འདབ་བཞིའི་སྟེང་དུ་ནང་སྒྲུབ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔གཡས་པདྨ་རཱ་གའི་ཕྲེང་བ་བསྣམས་པ༔གཡོན་རིན་པོ་ཆེའི་བུམ་པ་སྤྱི་བླུགས་བསྣམས་པ༔སྐུ་ལྡེམ་བག་ཅན་རྒྱན་མེད་གཅེར་བུ་གཟི་མདངས་ཅན༔སྤྱི་བོར་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པར་བསམ༔སྐུ་ལ་ཡུམ་གསང་བ་ཡེ་ཤེས་འཁྲིལ་བ༔སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག༔གཡོན་ཐོད་ཁྲག༔དབུ་ལ་རུས་པའི་འཁོར་ལོ་དང་༔རུས་པའི་རྒྱན་ཆ་དང་རིན་པོ་ཆེས་བརྒྱན་པ༔དར་དཔྱངས་ཀྱིས་མཛེས་པ༔ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་ཡབ་ལ་འཁྲིལ་སྦྱོར་ཅན༔ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་དང་དཔའ་བོ་སྡེ་བཞི་བསྒོམ༔ཡབ་ཀྱི་ལྟེ་བ་ལ་སྒྲོལ་མ་དཀར་མོ༔སྤྱི་བོ་ན་པདྨ་ཡབ་ཡུམ༔ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ་ཧྲཱིཿདམར་པོས་མཚན་པར་གྱུར། དེའི་གཡོན་དུ་གསང་སྒྲུབ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔གཡས་པདྨའི་ཕྲེང་བ་གཡོན་བདུད་རྩིའི་བུམ་པ་བསྣམས་ཏེ་ཡུམ་ལ་འཁྱུད་པ༔ཞལ་ཞི་མ་ཁྲོ་མཆེ་བ་ཅུང་ཟད་གཙིགས་པ༔སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ཞབས་ཉི་ཟླ་པདྨ་རོའི་གདན་ལ་བཞུགས་པ༔ཡུམ་གསང་བ་ཡེ་ཤེས་ཞལ་གཅིག་ཕྱག་གཉིས་མ༔སྐུ་མདོག་དམར་མོ་གཡས་གསེར་གྱི་ཌཱ་མ་རུ་བསྣམས་པ༔གཡོན་བདུད་རྩིའི་ཀ་པཱ་ལ་བསྣམས་ཏེ་ཡབ་ལ་འཁྱུད་པ༔དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ༔ནུ་མ་དང་བྷ་ག་རྒྱས་ཤིང་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ཡབ་ཡུམ་གཉིས་འཁྲིལ་སྦྱོར་དུ་བདེ་སྟོང་གི་ཉམས་དང་ལྡན་པར་བསྒོམ༔དེ་ནས་ཡབ་ཀྱི་དཔུང་པ་གཡས་པའི་སྟེང་དུ་རྡོ་རྗེ་རིགས་ཀྱི་དཔའ་བོ༔དཔུང་པ་གཡོན་པའི་སྟེང་དུ་རིན་ཆེན་དཔའ་བོ༔པུས་མོ་གཡས་པའི་སྟེང་དུ་པདྨའི་དཔའ་བོ༔པུས་མོ་གཡོན་པའི་སྟེང་དུ་ལས་ཀྱི་དཔའ་བོ༔དེ་ནས་ཡུམ་གྱི་དཔུང་པ་གཡས་པའི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ༔དཔུང་པ་གཡོན་པའི་སྟེང་དུ་རིན་ཆེན་མཁའ་འགྲོ་མ༔པུས་མོ་གཡས་པའི་སྟེང་དུ་པདྨ་མཁའ་འགྲོ་མ༔པུས་མོ་གཡོན་པའི་སྟེང་དུ་ལས་ཀྱི་མཁའ་འགྲོ་མ༔དེ་དག་ཐམས་ཅད་ཀྱང་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔རུས་པའི་རྒྱན་གྱིས་བརྒྱན་པ༔དེ་དག་ཐམས་ཅད་ཀྱི་གནས་གསུམ་དུ་ཉི་ཟླ་པདྨའི་གདན་ལ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་སྣང་བ་མཐའ་ཡས་ཀྱི་གཙོར་བྱས་རིགས་ལྔའི་སངས་རྒྱས་སྤྱན་དྲངས་པ་ལ་མཆོད་པར་བསམ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔སོགས་ཉེར་སྤྱོད་ལྔས་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ༔ཞེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་རིགས་ཀྱི་ལྷ་མོ་བུམ་པ་ཐོགས་པ་ལྔ་བྱུང་ནས༔བདུད་རྩིའི་ཆུ་རྒྱུན་གྱི་བདག་ལ་དབང་བསྐུར་བས༔ལུས་ཕྱི་ནང་གི་སྒྲིབ་པ་ཐམས་ཅད་དག་ནས༔བདུད་རྩི་ཡར་འཁྱིལ་བ་ལས༔དབང་རྟགས་སུ་སྣང་བ་མཐའ་ཡས་སྤྲུལ་པའི་སྐུའི་ཆ་ལུགས་ཀྱི་དབུར་བརྒྱན༔ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་འཕྲོས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་བསྐུལ་བས་ཡེ་ཤེས་པ་ནམ་མཁའ་གང་བ་སྤྱན་དྲངས་པར་གྱུར། ཧཱུྃ༔བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི༔སེམས་ཅན་དོན་དགོངས་འཕགས་པ་སྤྱན་རས་གཟིགས༔ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ༔རྒྱལ་བ་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ཧྲཱིཿལྷོ་ནུབ་ཨོ་རྒྱན་དུར་ཁྲོད་ནས༔རིག་འཛིན་བྱེ་བ་འབུམ་གྱི་དབུས༔སློབ་དཔོན་པདྨ་གཤེགས་སུ་གསོལ༔བདེ་བ་ཅན་གྱི་ཞིང་ཁམས་ནས༔གསུང་མཆོག་པདྨ་རིགས་ཀྱི་གཙོ༔སྣང་བ་མཐའ་ཡས་གཤེགས་སུ་གསོལ༔རི་བོ་ཏཱ་ལའི་རྩེ་མོ་ནས༔འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ཚད་མེད་འགྲོ་བ་བསྐྱབ་པའི་ཕྱིར༔ཐུགས་རྗེ་ཆེན་པོ༴མཁའ་དབྱིངས་རྣམ་དག་དུར་ཁྲོད་ནས༔དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ༔གསང་བ་ཡེ་ཤེས༴འགྱུར་བ་མེད་པའི་ཕོ་བྲང་ནས༔རྡོ་རྗེ་མཁའ་འགྲོ༴དགོས་འདོད་འབྱུང་བའི་དུར་ཁྲོད་ནས༔རིན་ཆེན་མཁའ་འགྲོ༴ཆགས་པ་བྲལ་བའི་དུར་ཁྲོད་ནས༔པདྨ་མཁའ་འགྲོ༴ཕྲིན་ལས་སྒྲུབ་པའི་དུར་ཁྲོད་ནས༔ལས་ཀྱི་མཁའ་འགྲོ༴རོ་ལངས་འབྱུང་བའི་དུར་ཁྲོད་ནས༔དེ་བཞིན་མཁའ་འགྲོ་གཤེགས་སུ་གསོལ༔ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔བཞུགས་སུ་གསོལ་བ་ནི། ཧཱུྃ༔སྣ་ཚོགས་རིན་ཆེན་ཕོ་བྲང་འདིར༔གདུགས་དང་བླ་རེ་བ་དན་བརྒྱན༔ཉི་ཟླ་པདྨའི་གདན་ཁྲི་ལ༔གཉིས་མེད་དགྱེས་པའི་ཚུལ་གྱིས་བཞུགས༔ས་མ་ཡ་ཏིཥྛ་ལྷན༔ཕྱག་འཚལ་བ་ནི། ཧྲཱི༔ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ༔ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ལ༔བདག་སྤྲོ་མོས་ཤིང་དང་བས་ཕྱག་འཚལ་ན༔ཐུགས་རྗེ་བརྩེ་བའི་ཚུལ་གྱིས་བཞེས་སུ་གསོལ༔ན་མོ་པུ་རུ་ཤ་ཡ་ཧོ༔ཕྱི་མཆོད་ནི། ཧྲཱིཿཡན་ལག་བརྒྱད་ལྡན་ཡོན་ཆབ་འདི༔ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ཁ་དོག་དབྱིབས་ལེགས་མེ་ཏོག་འདི༔ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ལྷན་སྐྱེས་སྦྱར་བའི་བདུག་སྤོས་འདི༔ཕྱི་ཡི་མཆོད་པར་བཞེས༴མ་རིག་མུན་སེལ་སྣང་གསལ་འདི༔ཕྱི་ཡི་མཆོད་པར༴སྤོས་དང་སྨན་སྦྱར་དྲི་ཆབ་འདི༔ཕྱི་ཡི་མཆོད་པར༴རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི༔ཕྱི་ཡི་མཆོད་པར༴སིལ་སྙན་རོལ་མོ་སྣ་ཚོགས་འདི༔ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ནང་མཆོད་ནི། ཧྲཱིཿའདོད་པའི་ཡོན་ཏན་རྣམ་པ་ལྔ༔ནང་གི་མཆོད་པར་བཞེས་སུ་གསོལ༔ཐབས་ཀྱི་ཤ་ཆེན་རྣམ་པ་ལྔ༔ནང་གི་མཆོད་པར༴ཤེས་རབ་བདུད་རྩི་རྣམ་པ་ལྔ༔ནང་གི་མཆོད་པར༴ཐབས་ཀྱི་ཕུང་པོ་རྣམ་པ་ལྔ༔ནང་གི་མཆོད་པར༴དྲན་རྟོག་དབང་པོ་རྣམ་པ་ལྔ༔ནང་གི་མཆོད་པར་བཞེས་སུ་གསོལ༔གསང་བའི་མཆོད་པ་ནི། ཧཱུྃ༔ཐབས་ཀྱི་རང་བཞིན་ཡབ་རྣམས་ལ༔ཤེས་རབ་ཡུམ་གྱི་མཆོད་པ་འབུལ༔ཤེས་རབ་རང་བཞིན་ཡུམ་རྣམས་ལ༔ཐབས་ཆེན་ཡབ་ཀྱི་མཆོད་པ་འབུལ༔ཐབས་དང་ཤེས་རབ་ཡབ་ཡུམ་གཉིས༔མཁའ་གསང་བྱིན་རླབས་རོལ་པ་ལས༔བསྲུབ་དང་བསྐྱོད་པའི་སྦྱོར་བ་ཡིས༔དགའ་བ་བཞི་དང་བདེ་བ་བརྒྱད༔སྐད་ཅིག་བཞི་དང་ཡེ་ཤེས་ལྔ༔བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔གསང་བའི་མཆོད་པར་བཞེས་སུ་གསོལ༔དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧྲཱིཿགཏི་མུག་ཆོས་དབྱིངས་མཆོད་པ་འདི༔སངས་རྒྱས་རིགས་ཀྱིས་བཞེས་སུ་གསོལ༔ཞེ་སྡང་ཡེ་ཤེས་མཆོད་པ་འདི༔རྡོ་རྗེ་རིགས་ཀྱིས༴ང་རྒྱལ་མཉམ་ཉིད་མཆོད་པ་འདི༔རིན་ཆེན་རིགས་ཀྱིས༴འདོད་ཆགས་བདེ་བའི་མཆོད༴པདྨ་རིགས་ཀྱིས༴ཕྲག་དོག་ནན་ཏན་མཆོད༴ལས་ཀྱི་རིགས་ཀྱིས༴འཁོར་བ་མྱང་འདས་མཆོད་པ་འདི༔དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔བསྟོད་པ་ལ། ཕྱི་སྒྲུབ་ཀྱི་བསྟོད་པ་ནི། ཧྲཱིཿརྣམ་པར་མི་རྟོག་ནམ་མཁའ་ལ༔རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔རྩོལ་བྲལ་འགྲོ་བ་འདུལ་བའི་སྐུ༔ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔དབུ་གཙུག་སངས་རྒྱས་མཐའ་ཡས་བཞུགས༔ཐུགས་ཀར་ཡིག་བདུན་གསལ་བར་གནས༔ཕྱག་གཡས་པད་ཕྲེང་དམར་པོ་འཛིན༔གཡོན་པ་བདུད་རྩིའི་བུམ་པ་བསྣམས༔ཉི་ཟླ་པདྨའི་གདན་སྟེང་ན༔ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔རྒྱན་མེད་གཅེར་བུ་མདངས་དང་ལྡན༔འཁོར་བ་དོང་ནས་སྤྲུགས་མཛད་པའི༔རང་བྱུང་ཐུགས་རྗེའི་དཔལ་ལ་བསྟོད༔ཅེས་པ་ཙམ་མམ། རྟགས་བསྟོད་སྤྲོ་ན། ཧྲཱིཿརྣམ་པར་མི་རྟོག་ནམ་མཁའ་ནི༔སྤྲོས་བྲལ་ཆོས་སྐུར་སངས་པའི་རྟགས༔རང་བྱུང་ཐུགས་རྗེ་ཆེན་པོ་ནི༔མ་འགགས་ལོངས་སྤྱོད་རྫོགས་པའི་རྟགས༔རྩོལ་མེད་འགྲོ་བ་འདུལ་བ་ནི༔བྱིན་རླབས་སྤྲུལ་པའི་སྐུར་རྫོགས༴ཐུགས་ཀར་ཡིག་བདུན་གསལ་བ་ནི༔དོན་གྱི་སྙིང་པོ་གསལ་བའི༴ཞལ་གཅིག་ཕྱག་གཉིས་སྐུ་དམར་བ༔གཉིས་མེད་ཐུགས་རྗེས་དབང་བསྐུར༴དབུ་གཙུག་མཐའ་ཡས་བཞུགས་པ་ནི༔མཐའ་བྲལ་ཡོན་ཏན་རྒྱས་པའི་རྟགས༔ཕྱག་གཡས་པད་ཕྲེང་འཛིན་པ་ནི༔ཐབས་ཀྱིས་འགྲོ་བ་འདྲེན་པའི༴ཕྱག་གཡོན་བདུད་རྩིའི་བུམ་པ་ནི༔ཤེས་རབ་བདུད་རྩིས་གཟུང་འཛིན་ནད་འཇོམས༴ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས་པ་ནི༔གཉིས་མེད་སྤྱོར་བའི་བདེ་བ་རྒྱས་པའི༴ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནིཿབདེ་གསལ་མི་རྟོག་རྣམ་པར་བཞུགས་པའི༴རྒྱན་མེད་གཅེར་བུ་གཟི་མདངས་ལྡན་པ་ནི༔རང་རིག་དྲི་མེད་སྟོང་གསལ་མདངས་ལྡན་རྟགས༔འཁོར་བ་དོང་སྤྲུགས་དྲི་མེད་མདངས་དང་ལྡན༔ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པའི་སྐུ༔མཁའ་གསལ་འོད་ཀྱི་དཀྱིལ་འཁོར་རྟགས་ཆེན་བཅུ་གཉིས་རྫོགས༔ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཁྱེད་ལ་ཕྱག་འཚལ་བསྟོད༔ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿནང་སྒྲུབ་ཀྱི་བསྟོད་པ་ནི། ཧྲཱིཿསྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔འགག་མེད་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ༔སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད༔བྱམས་པའི་སྤྱན་གྱིས་འགྲོ་ལ་ཐུགས་རྗེས་གཟིགས༔བདེན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད༔ཕྱག་གཡས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན༔གཡོན་པ་བུམ་པས་འཁོར་བ་དོང་ནས་སྤྲུགས༔ཞབས་གཉིས་འགྲོ་བའི་དོན་ལ་ལྡེམ་བག་ཅན༔འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་སྡུད་པའི༔ཐུགས་རྗེ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ལོངས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔སྐུ་མདོག་དམར་གསལ་སྤྲུལ་པའི་སྐུ༔དུས་གསུམ་སངས་རྒྱས་ཀུན་གྱི་གསུང་༔ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔དུས་གསུམ་བདེ་གཤེགས་གསང་བའི་ཡུམ༔ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས༔གསང་བ་ཡེ་ཤེས་ཌཱ་ཀི་མ༔སྐུ་མདོག་དམར་མོ་དབང་གི་ཚུལ༔རྣམ་རྟོག་རྩད་གཅོད་གྲི་གུག་གཡས༔འཁོར་བ་དབང་སྡུད་ཐོད་ཁྲག་གཡོན༔ཐབས་དང་ཤེས་རབ་བརྐྱང་བསྐུམ་མཛད༔གཉིས་མེད་ཚུལ་གྱིས་ཡབ་ལ་འཁྲིལ༔འདོད་ཡོན་རང་དག་རུས་པས་བརྒྱན༔གཞོན་ཚུལ་ཆེ་ལ་ཅུང་ཟད་ཁྲོ༔ཐུགས་རྗེའི་ཆགས་པས་དབང་སྡུད་ལ༔ནམ་མཐོང་དྲན་པས་ཡེ་ཤེས་སྐྱེ༔ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔པདྨ་རིགས་ཀྱི་ཌཱ་ཀི་མ༔ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔དབང་དང་དངོས་གྲུབ་ད་ལྟ་སྩོལ༔ཨོཾ་བུདྡྷ་ཌཱ་ཀི་ནཱི༔ཨོཾ་བཛྲ་ཌཱ་ཀི་ནི༔ཨོཾ་རཏྣ་ཌཱ་ཀི་ནཱི༔ཨོཾ་པདྨ་ཌཱ་ཀི་ནཱི༔ཨོཾ་ཀརྨ་ཌཱ་ཀི་ནཱི༔སིདྡྷི་སིདྡྷི་ཧཱུྃ༔གསང་སྒྲུབ་བསྟོད་པ་ནི། ཧྲཱིཿནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔དུས་གསུམ་སངས་རྒྱས་གསུང་མཆོག་འདུས་པའི་ལྷ༔འོད་དཔག་མེད་ཀྱི་ཐུགས་ལས་སྤྲུལ་པ་ནི༔ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་བའི་མདངས༔པད་ཕྲེང་བུམ་པ་བསྣམས་ནས་ཤེས་རབ་ཡུམ་ལ་འཁྱུད༔རུས་པའི་རྒྱན་ལྡན་པད་ཉིའི་གདན་ལ་བཞུགས༔འགྲོ་བ་འདྲེན་མཛད་སྤྱན་རས་གཟིགས་ལ་བསྟོད༔ཧྲཱིཿདུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔བདེ་སྟོང་ཟུང་འཇུག་ཅང་ཏེའུ་ཐོད་ཁྲག་བསྣམས༔གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔བཅུ་དྲུག་ལོ་ལོན་སྒེག་པའི་ཉམས་དང་ལྡན༔ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་ཡབ་ལ་འཁྲིལ༔མཁའ་འགྲོའི་གཙོ་མོ་དངོས་གྲུབ་ཆར་ལྟར་འབེབས༔གསང་བའི་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ཧྲཱིཿའབྱུང་བཞིའི་ངོ་བོ་རྣམ་དག་ཅིང་༔ཡི་གེ་བཞི་ལས་སྐྱེས་པ་ཡི༔རྡོ་རྗེའི་རིགས་དང་རིན་ཆེན་རིགས༔པདྨའི་རིགས་དང་ལས་ཀྱི་རིགས༔དཀར་སེར་དམར་དང་ལྗང་གུའི་མདོག་འཛིན་ཅིང་༔གྲི་གུག་ཐོད་ཁྲག་རུས་པའི་རྒྱན་འཛིན་ཅིང་༔ཞབས་གཉིས་བརྐྱང་བསྐུམ་ཁ་ཊྭཱྃ་གྲུ་མོར་བརྟེན༔ཞི་རྒྱས་དབང་དང་མངོན་སྤྱོད་ལས་བཞི་འཛིན༔དཔའ་བོ་མཁའ་འགྲོ་བརྒྱད་ལ་ཕྱག་འཚལ་བསྟོད༔དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀུན༔རྣལ་འབྱོར་བདག་ལ་དུས་འདིར་མྱུར་དུ་སྩོལ༔བདག་གི་ཅི་འདོད་ཐམས་ཅད་ཡོངས་རྫོགས་མཛོད༔ཕྱི་ནང་གསང་གསུམ་ཐམས་ཅད་ལ་དོན་བསྟོད་འདི་ལྟར་བྱ་སྟེ། ཧྲཱིཿསྣང་ཞིང་སྲིད་པའི་གཟུགས་རྣམས་ཀུན༔ཐུགས་རྗེ་ཆེན་པོའི་སྐུ་རུ་གཅིག༔སྣང་བ་སྐུ་ལ་ཕྱག་འཚལ་བསྟོད༔ཧྲཱིཿསྟོང་ཞིང་གྲགས་པའི་སྒྲ་རྣམས་ཀུན༔ཐུགས་རྗེ་ཆེན་པོའི་གསུང་དུ་གཅིག༔སྒྲ་གྲགས་གསུང་ལ་ཕྱག་འཚལ་བསྟོད༔ཧྲཱིཿའགྱུ་ཞིང་དྲན་པའི་རྟོག་ཚོགས་ཀུན༔ཐུགས་རྗེ་ཆེན་པོའི་ཐུགས་སུ་གཅིག༔དྲན་རྟོག་ཐུགས་ལ་ཕྱག་འཚལ་བསྟོད༔དེ་དག་གིས་ལུས་ལྷ་ཡི་འཁོར་ལོ་བསྒོམ་པ་རྫོགས་བྱེད་ཀྱི་ཡན་ལག་བཅས་སོང་དེ་ནས་ངག་སྔགས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་དང་བཟླས་པ་སྒྲུབ་ཚུལ་ལ་གསུམ་ལས་དང་པོ་ཕྱི་སྒྲུབ་ཀྱི་བཟླས་པ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རང་སྒྲ་སྒྲོགས་པར་བསམ༔དེའི་མཐའ་སྐོར་དུ་ཡི་གེ་བདུན་མ༔དེའི་མཐར་གཟུངས་རིང་གིས་བསྐོར་བར་བསམ༔སྔགས་ཀྱི་ཕྲེང་བ་དམར་པོ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་བས་ཚོགས་རྫོགས༔གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་འོད་ཟེར་གྱི་ཚུལ་དུ་རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས༔སླར་ཡང་སངས་རྒྱས་རྣམས་ཀྱི་སྐུའི་བྱིན་རླབས་ཐུགས་རྗེ་ཆེན་པོ༔གསུང་གི་བྱིན་རླབས་གཟུངས་སྔགས་ཀྱི་རྣམ་པཿཐུགས་ཀྱི་བྱིན་རླབས་ཕྱག་མཚན་གྱི་རྣམ་པར་བསྡུས་ཏེ་རང་གི་གནས་གསུམ་དུ་ཐིམ༔མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ༔ཡང་འོད་ཟེར་འཕྲོས༔འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དང་༔ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་ནས་ཡི་གེ་དྲུག་པའི་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟ་བུ་འུར་དི་རི་རི་སྒྲོགས་པར་བསམ་ལ་ཡི་གེ་བདུན་པ་ཆུ་བོའི་རྒྱུན་ལྟར་བཟླས་པར་བྱའོ། །དེ་ནས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་བཟླ་བར་འདོད་ན། སླར་ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔རང་གི་ལུས་ཐམས་ཅད་གང་ནས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པ་དེ་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ཤ་སྟག་ཏུ་གྱུར་པར་བསམས་ལ། ཐོག་མར། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ཨོཾ་ཨ་མི་དྷེ་ཝ་ཧྲཱིཿསངས་རྒྱས་མ་ཆགས་པདྨ་ཅན་ལ་ཕྱག་འཚལ་ལོ༔ཨོཾ་བྷྲཱུྃ་ཨཱ་ཡུར་ཧཱུྃ་ནྲྀ་ཛ༔སངས་རྒྱས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ཨོཾ་མ་ཎི་པདྨེ་ཧཱུྃ་རྣམས་དང་། ཧྲཱིཿའི་བཟླས་པ་སྔོན་དུ་སོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོཿབཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔བདག་གི་རིག་སྔགས་འདི་འགྲུབ་པར་གྱུར་ཅིགཿཨོཾ་བི་པུ་ལ་གརྦྷེ༔མ་ཎི་པྲ་བྷེ༔ཏ་ཐཱ་ག་ཏེ༔ནིརྡྷེ་ཤཱ་ནི༔མ་ཎི་མ་ཎི་སུ་པྲ་བྷེ༔བི་མ་ལ་སཱ་ག་ར༔གམྦྷི་ར་ཧཱུྃ་ཧཱུྃ༔ཛྭ་ལ་ཛྭ་ལཿབུདྡྷ་བི་ལོ་ཀི་ཏེ༔གུ་ཧྱ་ཨཱ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔པདྨོ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ཞེས་བཟླས་རྗེས། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ལས་ངན་པའི་རྣམ་པར་སྨིན་པ་དང་༔ཉོན་མོངས་པ་དང་༔སྡུག་བསྔལ་བ་དང་༔བག་ཆགས་ངན་པའི་ཚོགས་ཐམས་ཅད་རྩ་བ་ནས་མ་ལུས་པ་བྱང་ཞིང་དག་པར་གྱུར་ཏེ༔སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ནང་སྒྲུབ་ཀྱི་བཟླས་པ་ནི། ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ་ཧྲཱིཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས་པས༔སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས༔ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ༔འོད་ཟེར་ཚུར་འདུས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས༔ཡེ་ཤེས་རང་གསལ་གྱི་དོན་རྒྱུད་ལ་སྐྱེས་པར་བསྒོམ༔ཨོཾ་མ་ཎི་པདྨེ་བྃ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧཱུྃ་ཧྲཱིཿའབུམ་ཚོ་གསུམ་བཟླ། གསང་སྒྲུབ་བཟླས་དམིགས་ནི། བདག་གི་ཐུགས་ཀའི་ཟླ་བའི་དལ་ལ་ཡིག་དྲུག༔ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཧྲཱིཿཡུམ་གྱི་སྙིང་པོས་བསྐོར་བར་བསམ༔ཡབ་ཀྱི་ལྟེ་བར་དགའ་བ་འཁྱིལ་པ་ལ་ཐབས་ཀྱི་སྙིང་པོ་ལྔ་བཀོད༔ཡུམ་གྱི་ལྟེ་བར་དགའ་བ་འཁྱིལ་པ་ལ༔ཤེས་རབ་ཀྱི་སྙིང་པོ་ལྔ་བཀོད༔བདག་གིས་སྔགས་ཀྱི་ཛབ྄་བཟླས་པའི་དུས་སུ༔བདག་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བའི་འོད་ཟེར་དེ༔ལྟེ་བའི་དགའ་བ་འཁྱིལ་པ་ལ་ཕོག་པས་གཡོན་དུ་འཁོར་བའི་འོད་ཟེར་གསང་བ་ནས་ཡུམ་གྱི་བྷ་གར་ཐིམ༔དེའི་འོད་ཟེར་གྱིས་ཡུམ་གྱི་དགའ་བ་འཁྱིལ་པ་ལ་ཕོག་པས་དེ་རབ་ཏུ་འཁོར་བའི་འོད་ཟེར་དེ༔ཐུགས་ཀའི་སྔགས་ཕྲེང་ལ་ཕོག་ནས༔དེ་འཁོར་བའི་འོད་ཟེར་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཐིམ་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམས་ལ༔ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་སརྦ་སིདྡྷི་ཧཱུྃ་ཛཿཅེས་བཟླས་པས་གསང་གནས་གཉིས་ཀྱི་བར་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས༔འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས༔ཕྱི་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་༔འོད་ཟེར་དམར་པོའི་རྦ་ཀློང་འཁྲུགས་པ༔ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས༔ཕོ་ཐམས་ཅད་ཐུགས་རྗེ་ཆེན་པོ་མོ་ཐམས་ཅད་གསང་བ་ཡེ་ཤེས་སུ་བསྒོམ༔དེ་དག་གི་སྙིང་ལ་ཕོ་ཡིག་མོ་ཡིག་བཞི་འཁོར་བས༔དེ་དག་ཡིད་བསྐུལ་ནས༔དེ་དག་ཐམས་ཅད་མ་ཎི་པདྨེ་འབྲུག་སྒྲ་ལྟར་སྒྲོགས་པ༔མཆོངས་པ་དང་༔འཁྲབ་པ་དང་༔རྒྱུག་པ་དང་༔བྲོ་བརྡུང་བ་དང་༔གར་བྱེད་པར་བསམ་མོ། །ཞབས་གཉིས་ཀྱི་བར་ནས་འོད་ཟེར་འཕྲོས་པས༔ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་༔བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་གི་ཞལ་དུ་ཐིམ་པས༔བདག་ཉིད་བཀྲག་དང་གཟི་བརྗིད་ལྡན་པར་བསམས་ལ་སྔགས་བཟླའོ༔བསྙེན་སྒྲུབ་ཀྱི་སྐབས་སོགས་མདུན་གྱི་རྟེན་ཡོད་ན་དངོས་གྲུབ་བསྡུ་བའི་དམིགས་བཟླས་ནི། མདུན་གྱི་མཎྜལ་ཕྱིའི་གཞལ་ཡས་ཁང་༔ཐོད་པ་ནང་གི་ཕོ་བྲང་དུ༔ཡིག་འབྲུ་རྣམས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་ལྷ་ཚོགས་སུ་གསལ༔བདག་གི་སྔགས་ཕྲེང་ལས་འོད་འཕྲོས་པས༔མདུན་གྱི་ལྷ་ཚོགས་ཀྱི་ཐུགས་ཀྱི་རྒྱུད་བསྐུལ་བས༔དེ་ལས་སྤྲུལ་པའི་དཔའ་བོ་དང་༔མཁའ་འགྲོ་མ་གྲངས་མེད་པ་སྤྲོས་པས༔ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དབང་དུ་བསྡུས༔འཇིག་རྟེན་གྱི་ལོངས་སྤྱོད༔སྟེང་ལྷའི་ལོངས་སྤྱོད༔བར་མིའི་ལོངས་སྤྱོད༔འོག་ཀླུའི་ལོངས་སྤྱོད༔ཁྱད་པར་དུ་དཔལ་དང་གྲགས་པ་དང་༔བཀྲག་དང་གཟི་མདངས༔སྙིང་གི་དཀྱིལ་ནས་རྣམ་པར་ཤེས་པ་རྣམས་དབང་དུ་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་ལ་བསྟིམ་ཞིང་ཏིང་ངེ་འཛིན་གྱི་འཕྲོ་འདུ་རྒྱུན་མི་གཅོད་པར་སྔགས་བཟླའོ། །གསང་སྒྲུབ་ཀྱི་ལས་སྦྱོར་རྣམས་ནི་གཏེར་གཞུང་དང་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལས་རྟོགས་པར་བྱའོ། །ཐུན་ལས་ལྡང་བ་ན་དབྱངས་གསལ་ཡེ་དྷར་ཡིག་བརྒྱ་རྣམས་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་སྐོངས། སྟོང་ཚིག་མཆོད་བསྟོད་དང་། ཡིག་བརྒྱ་ཚར་གསུམ་བརྗོད་པས་བརྟན་པར་བྱའོ། །གསུམ་པ་རྗེས་གཏོར་མ་འབུལ་བ་ལ་ཕྱི་སྒྲུབ་ཀྱི་གཙང་གཏོར་འབུལ་བ་ནི། རིན་པོ་ཆེའི་སྣོད་དུ་ཟས་སྣ་ཞིམ་དགུ་མངར་བཅུ་གཙུང་མ་བཤམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལན་གསུམ་གྱིས། གཏོར་མའི་དངོས་འཛིན་ཐམས་ཅད་སྦྱངས༔ཡང་ཡིག་བདུན་ལན་གསུམ་གྱིས། སྣོད་བཅུད་འཇིག་རྟེན་དང་མཉམ་པར་སྤེལ༔ཡང་ཡིག་བདུན་ལན་བདུན་གྱིས། ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་མདུན་དུ་བཀུག༔ཧྲཱིཿསྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར༔ཧྲཱིཿབླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས༔ཀུན་གྱིས་གཏོར་མ་གསོལ་བར་བསམ་ལ༔གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ལན་གསུམ། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་༔ཨོཾ་མ་ཎི་པདྨེ་ཧཱུྃ༔བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿལན་གསུམ། མགྲོན་རིགས་རྣམས་ཀྱི་དབང་པོ་ལྔའི་སྒོ་རུ་འདོད་ཡོན་ལྔའི་མཆོད་པས་ཚིམས་པར་གྱུར༔སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། ཨོཾ་ཨཱཿཧཱུྃ༔བདག་མཆོད་ཀུན་མཉེས་དངོས་གྲུབ་ཡ་མཚན་ཆེན་པོར་གྱུརཿབླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཁམས་གསུམ་འགྲོ་དྲུག་སེམས་ཅན་ཁྱབ་པར་གཏོར་མས་ཚིམས་ཏེ༔བདག་མེད་སྤྲོས་བྲལ་ཀུན་ཁྱབ་མ་བཅོས་རང་མདངས་སུ་ས་ལེ་བཞག་པས༔སྒོ་གསུམ་གཏོར་མ་ཆོས་ཀྱི་དབྱིངས་སུ་ཐིངས་པར་གྱུར་ཅིག །ཅེས་བརྗོད། ནང་སྒྲུབ་ཀྱི་གཏོར་མ་འབུལ་བ་ནི། གཏོར་སྣོད་ཀ་པཱ་ལ་མཚན་ཉིད་དང་ལྡན་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་འདོད་ཡོན་ལྔའི་སྤྲིན་ཕུང་འཕྲོ་བར་གྱུར༔ཨོཾ་ཨཱཿཧཱུྃ༔ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་ཚོགས་སྤྱན་དྲངས་ལ༔འབུལ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ༔ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔གསུམ་ལ་སོགས་པས་ཕུལ་ལ་གོང་ལྟར་ནང་སྒྲུབ་ཀྱི་བསྟོད་གསོལ་བྱའོ། །གསང་སྒྲུབ་ཀྱི་བདུད་རྩི་ལག་མཆོད་འབུལ་བ་ནི། ཀ་པཱ་ལ་བདུད་རྩིས་གང་བ་བཤམས་ལ། རྃ་ཡྃ་ཁྃ༔སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་ཡེ་ཤེས་ཀྱི་ཀ་པཱ་ལར་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར་གྱུར་པ་རླུང་མེའི་སྦྱོར་བས་རྫས་རྣམས་ཞུ་ཤིང་ཁོལ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ༔ལན་གསུམ་གྱི་བྱིན་གྱིས་བརླབས། ལག་པ་གཡོན་པའི་མཐིལ་དུ་གཡས་པའི་མཐེབ་སྲིན་གྱིས༔དང་པོར་ཟླུམ་པོར་བསྐོར༔ཆོས་སྐུ་མཚོན༔དེའི་དབུས་སུ་ཆོས་འབྱུང་བྲིས་པས་ལོངས་སྤྱོད་རྫོགས་སྐུ་མཚོན༔དེའི་དབུས་སུ་པདྨ་འདབ་བཞིས་སྤྲུལ་པའི་སྐུ་མཚོན༔དེའི་སྟེང་དུ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྐད་ཅིག་གིས་གསལ་བར་གྱུར་པ་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་མཆོད་པ་ལྔས་མཆོད། གཡས་པའི་སྲིན་ལག་རོ་ཡི་ལྷ་མོས༔བདུད་རྩིའི་མཆོད་པ་ཕུལ་བས་མཉེས་ཏེ་ཡབ་ཡུམ་སྦྱོར་མཚམས་ནས༔ཡེ་ཤེས་ཀྱི་བདུད་རྩི་བབས་པས་ལག་པའི་ཆོས་འབྱུང་ཁེངས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ཞེས་བདུན་ནམ་ཉེར་གཅིག་སོགས་ཕུལ་ལ། ཧྲཱིཿརྣམ་པར་མི་རྟོག་ནམ་མཁའ་ལ༔རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔འཁོར་བ་དོང་ནས་སྤྲུགས་མཛད་པའི༔ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ཞེས་པས་བསྟོད་པ་བྱས་ལྷ་ཡང་འོད་དུ་ཞུ་བར་བསམས་ལ༔ལག་པའི་སྟེང་དུ་ཀ་པཱ་ལ་བླངས་ནས། གཡས་པའི་མཐེབ་སྲིན་གྱི་རང་ལྷ་ཡི་དཀྱིལ་འཁོར་དུ་གསལ་བ་ལ་གཏོར་སྟེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཁ་རཾ་ཁཱ་ཧི་ཁཱ་ཧིཿཡང་གནས་ཁང་ལ་གཏོར་བས་ཨོ་རྒྱན་དུ་བྱིན་གྱིས་བརླབ་པར་མོས་ལ་སྔགས་བརྗོད། ཚོགས་གཏོར་བཤམས་ཡོད་ན་ཚོགས་མགྲོན་ལ་གཏོར་བས་དཔའ་བོ་དཔའ་མོར་བྱིན་གྱིས་བརླབས་པར་བསམས་ལ་སྔགས་བརྗོད། ཚོགས་གཏོར་ལ་ཐིག་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་པར་མོས་ལ་འབྲུ་གསུམ་བརྗོད། དེ་ནས་རོལ་མོའི་སྒྲ་དང་བཅས། ཧཱུྃ༔སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང་༔མཁའ་ལ་སྤྲིན་ལྟར་གཏིབ་པ་དེ༔རྩ་བ་བརྒྱུད་པའི་བླ་མ་དང་། །སྣང་བ་མཐའ་ཡས་ཐུགས་རྗེའི་བདག །གསང་བ་ཡེ་ཤེས་མཁའ་འགྲོ་ལྔ། །འཇིག་རྟེན་མཁའ་འགྲོ་ཆོས་སྐྱོངས་རྣམས། །འདིར་གཤེགས་གཏོར་མའི་མཆོད་པ་བཞེས། །གསང་སྒྲུབ་ཀྱི་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ་ལ་གསང་སྒྲུབ་ཀྱི་བསྟོད་གསོལ་གོང་དུ་ཡོད་པ་ལྟར་བྱའོ། །དེ་ནས་ཚོགས་མཆོད་འབུལ་བ་ལ་མ་ད་ན་མཱཾ་ས་གཙོ་བོར་གྱུར་པའི་ཚོགས་རྫས་ཅི་འབྱོར་པ་འདུ་བྱས་ལ། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར། ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རོལ་པ་འདོད་ཡོན་གྱི་སྤྲིན་ཕུང་མཐའ་ཡས་པ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། ཚོགས་མགྲོན་དྲངས་ཤིང་མཆོད་པ་ནི། ཧྲཱིཿསྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང་༔མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔བརྒྱུད་པའི་བླ་མ་མ་ལགས་སམ༔འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔སྣ་ཚོགས་རོལ་མོའི༴མཁའ་ལ་སྤྲིན་ལྟར༴སྣང་བ་མཐའ་ཡས༴འདིར་གཤེགས་ཚོགས་ཀྱི༴སྣ་ཚོགས་རོལ་མོའི༴མཁའ་ལ་སྤྲིན་ལྟར༴ཐུགས་རྗེ་ཆེན་པོ༴འདིར་གཤེགས་ཚོགས་ཀྱི༴སྣ་ཚོགས་རོལ་མོའི༴མཁའ་ལ་སྤྲིན་ལྟར༴གསང་བ་ཡེ་ཤེས༴འདིར་གཤེགས་ཚོགས་ཀྱི༴སྣ་ཚོགས་རོལ་མོའི༴མཁའ་ལ་སྤྲིན་ལྟར༴འཇིག་རྟེན་མཁའ་འགྲོ༴འདིར་གཤེགས་ཚོགས་ཀྱི༴སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང་༔མཁའ་ལ་སྤྲིན་ལྟར་གཏིབ་པ་དེཿཆོས་སྐྱོང་སྲུང་མ་མ་ལགས་སམ༔འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔བྱེ་བྲག་ཏུ་དང་པོས་མཆོད་པ་ནི། ཧྲཱིཿཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔སྐུ་གསུང་ཐུགས་ལྡན་ལྷ་ཚོགས་རྣམས༔གཙོ་འཁོར་བྲན་དང་བཅས་པ་ཡིས༔ཚོགས་ཕུད་མཆོད་པར་བཞེས་སུ་གསོལ༔ཅེས་དང་། སྙིང་པོའི་མཐར། ག་ཎ་ཙཀྲ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ཞེས་འབུལ། བར་པས་བཤགས་པ་ནི། ཧྲཱིཿབླ་མ་ཡི་དམ་ལྷ་ཚོགས་དགོངས༔འབྱོར་ཚོགས་ཆུང་བས་སྐུ་མ་བསྐངས༔བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐོན༔རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས༔ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ས་མ་ཡ་ཧོཿཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཚོགས་ཐ་མ་ལ་རྟེན་བྱས་ཏེ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛ༔ཛཿཧཱུྃ་བྃ་ཧོཿཧྲཱིཿཧཱུྃ༔དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ༔དམར་ནག་ཞལ་གཅིག་ཕྱག་གཉིས་པ༔རི་རབ་ཕུར་པ་དགྲ་ལ་གཟིར༔གདུག་པའི་ཚོགས་བསྒྲལ་ཞལ་དུ་སྟོབ༔ཧ་ཧ་ཁཱ་ཧི་ཁཱ་ཧི༔ཧྲཱིཿཔདྨཱནྟ་ཀྲྀཏ་དགྲ་བགེགས་མཱ་ར་ཡ་ཛཿརྦད༔དེ་ནས་བརྡའི་འབུལ་ལེན་བཅས་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ། ལྷག་མ་རྣམས། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཧྲཱིཿདཔལ་གྱི་བཀའ་ཉན་ལྷག་སྡུད་ཚོགས༔ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔སྔོན་ཚེ་གཡར་དམ་བཅས་པ་བཞིན༔འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས༔མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ཞེས་བསྔོ། དེ་ནས་ཕྱི་ནང་གསང་གསུམ་གྱི་བསྟོད་པ་གོང་དུ་འབྱུང་བ་རྣམས་ཀྱིས་བསྟོད་ཅིང་བསྐུལ་བ་ནི། ཧྲཱིཿམ་བཅོས་ལྷུན་གྲུབ་བདེ་ཆེན་ཞིང་ཁམས་ནས༔རང་བྱུང་ཡེ་ཤེས་ཐུགས་རྗེའི་ལྷ་ཚོགས་རྣམས༔མ་འགག་འགྲོ་བ་འདུལ་བར་ཐུགས་དམ་བསྐུལ༔རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ཆད་མདོའི་གཏོར་སྐྱོང་ནི། ཧྲཱིཿདཔལ་གྱི་གཏོར་ལེན་དམ་ཚིག་ཅན༔མཁའ་འགྲོ་ཤུགས་འགྲོ་མ་མོའི་ཚོགས༔དང་པོར་ཞལ་བཞེས་དམ་མ་འདའ༔དགྲ་བགེགས་ཤ་ཁྲག་གཏོར་མ་འདིཿབཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔བཛྲ་པྲ་མོ་ཧ་ཟློག་བྷྱོཿབརྟན་མ་ནི། ཧྲཱིཿཧཱུྃ༔བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔རང་རང་གནས་ནས་འདིར་བྱོན་གཏོར་མ་བཞེས༔རྣལ་འབྱོར་བདག་ཅག་འཁོར་སྲུངས་རྐྱེན་ཟློག་ཅིག༔ཅེས་འབུལ། དེ་ནས་སྔགས་ཙམ་གྱིས་མཆོད། ཧྲཱིཿརྣམ་པར་མི་རྟོག་ནམ་མཁའ་ལ༔རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔འཁོར་བ་དོང་ནས་སྤྲུགས་མཛད་པའི༔ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ། དེ་ནས་དྲན་རྟོགས་ཐུགས་ཀྱི་འཁོར་ལོ་ནི། རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔སྣོད་དང་བཅུད་རིགས་དྲུག་གནས་འགྱུར་གྱི་ལྷ་ཐམས་ཅད་ཡི་གེ་བདུན་པ་འབའ་ཞིག་ཏུ་གྱུར། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཐིམ༔གཡས་གཡོན་གྱི་ལྷ་རྣམས་ཀྱང་བ་སྤུའི་བུ་ག་ནས་ཚུར་འདུས་རང་ལ་ཐིམ། རང་ཡང་ཡི་གེ་དྲུག་ལ་ཐིམ༔དེ་ཡང་དབུས་ཀྱི་ཧྲཱིཿལ་ཐིམ༔ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔གི་གུ་ཡང་མི་དམིགས་པར་གྱུར༔ཅེས་མཉམ་པར་བཞག །དེའི་ངང་ལས་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར༔ཅེས་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་། བསྔོ་སྨོན་ནི། ཅི་བྱས་དགེ་བའི་རྩ་བ་འདིས༔འགྲོ་དྲུག་བདེ་བ་ཐོབ་པར་ཤོག༔འགྲོ་རྣམས་བདེ་ཆེན་སར་གནས་ཤོག༔འཁོར་བ་དོང་ནས་སྤྲུགས་པར་ཤོག༔ཤིས་བརྗོད་སྤྱི་མཐུན་ཅི་རིགས་པས་གྲུབ་བོ། །འདིར་འབད་དགེ་བ་སྦྲང་རྩི་ལྟར་མངར་བའི། །མཐུ་ལས་མཁའ་ཁྱབ་ཡིད་ཅན་འགྲོ་བ་རྣམས། །ལས་ཉོན་སྡུག་བསྔལ་གཟེབས་ལས་རབ་གྲོལ་ཏེ། །ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་བྲག་ལྗོངས་རྒྱལ་ཁབ་ཀྱི་སྤྱི་ཁྱབ་དཱ་ཧན་མཁན་པོ་མཆོག་གི་རྟེན་དང་བཅས་གསུང་བསྐུལ་ནན་ཏན་ཆེན་པོའི་ཞལ་ངོ་མ་ལྕོགས་པས་རང་བཟོ་འགྱུར་ཤས་ཆེ་ཡང་༧འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ལྗགས་བསྒྲིགས་ལ་གཞི་བཅོལ། གཏེར་གཞུང་གི་དགོངས་པར་དཔྱད་ནས་ཕྱི་ནང་གསང་གསུམ་དཀྱུས་གཅིག་ཏུ་བཏང་བའི་ཚུལ་འདི་ནི་༧རྗེ་བླ་མ་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བསྙེན་མཚམས་ཀྱི་བར་གསེང་རྒྱལ་ཟླའི་ཚེས་༦ལ་བསྒྲིགས་པ་འདི་ལ་ནོངས་པ་གང་མཆིས་རྩ་གསུམ་སྤྱན་སྔར་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ། །། །

Footnotes

Other Information