ཤྲཱི་ཧེ་རུ་ཀ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-064
Wylie title shrI he ru ka lha btsun chen po nam mkha' 'jigs med la bstod pa rdo rje sgra ma'i dbyangs snyan JKCL-KABUM-02-KHA-064.pdf
Location chos kyi blo gros bka' 'bum
Volume 2, Text 64, Pages 567-569 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Citation 'jam dbyangs mkhyen brtse chos kyi blo gros. shrI he ru ka lha btsun chen po nam mkha' 'jigs med la bstod pa rdo rje sgra ma'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 567-569. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཞེས་པའང་དད་པའི་པདྨོ་བཞད་པ་ལས་འཇིགས་མེད་ནམ་མཁའི་རྡོ་རྗེས་མེ་བྱ་སྤྲེལ་ཟླའི་ཚེས་གཅིག་ལ་འབྲས་ལྗོངས་སྒང་ཐོག་བཀྲ་ཤིས་དགེ་འཕེལ་དུ་གསོལ་བ་བཏབ་པའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

zhes pa'ang dad pa'i pad+mo bzhad pa las 'jigs med nam mkha'i rdo rjes me bya sprel zla'i tshes gcig la 'bras ljongs sgang thog bkra shis dge 'phel du gsol ba btab pa'o/____/dge zhing bkra shis par gyur cig__/

1 Texts in this Section (sde tshan or chos tshan)

[edit]
ཤྲཱི་ཧེ་རུ་ཀ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ལ་བསྟོད་པ་རྡོ་རྗེ་སྒྲ་མའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དཔལ་གྱི་སྐུ་ནི་དཔལ་གྱི་དབང་ཕྱུག་ཆེ། །དཔལ་གྱི་ཡོན་ཏན་དཔལ་ཆེན་ཧེ་རུ་ཀ། དཔལ་འབྱོར་ཕྲིན་ལས་འཛད་མེད་ཤུགས་འཆང་བའི། །དཔལ་གྱིས་འཛིན་མའི་ཁྱོན་ཀུན་ཁྱབ་ལ་བསྔགས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྦྲང་རྩིས་མྱོས། །ཀུན་ཏུ་དགའ་བའི་འཇོ་སྒེག་མིག་འཕྲུལ་ལྟར། །རྣལ་འབྱོར་དབང་ཕྱུག་ཚོགས་དང་ལྷན་ཅིག་རྩེན། །བདེ་མཆོག་བདེ་བའི་དབང་ཕྱུག་ཞབས་ལ་བསྟོད། །བསྐལ་མང་གོང་ནས་ཡེ་གྲོལ་གཞི་རིགས་སད། །བྱང་ཆུབ་ཐུགས་བསྐྱེད་རྩ་བ་རབ་བརྟན་པས། །མཆོག་དམན་བར་མའི་སྤྲུལ་བསྒྱུར་བསམ་ཡས་ཀྱིས། །རྣམ་མང་བསྟན་འགྲོའི་དོན་ཆེན་སྒྲུབ་ལ་བསྟོད། །འོད་གསལ་ལྷ་རིགས་ཐིག་ལེའི་གོང་བུ་ནི། །བསིལ་ལྡན་ལྗོངས་ཀྱི་བསོད་ནམས་མགྲོན་དུ་བབས། །རིམ་བརྒྱུད་རྒྱལ་སྲས་ཌཱ་ཀིའི་མིང་པོ་ཆེ། །མཁའ་ལས་ཐོག་བབས་ཚུལ་དུ་འཁྲུངས་ལ་བསྟོད། །གཞོན་ནུ་དུས་ནས་ཡོན་ཏན་འབད་མེད་རྫོགས། །མཁས་དང་གྲུབ་པའི་ཐུགས་ཀྱི་བཅུད་ཐོབ་ཅིང་། །རྡོ་རྗེའི་གནས་སུ་རྡོ་རྗེའི་མཁའ་ལྡིང་དབང་། །གྲུབ་པའི་གཤོག་རྩལ་ཅིར་ཡང་ངོམ་ལ་བསྟོད། །རྡོ་རྗེའི་སྐུ་ཡི་དཀྱིལ་འཁོར་རྣམ་བཞི་ལ། །སྐུ་བཞིའི་ས་བོན་དབང་བཞིའི་ཆུ་བོས་བསྐྱེད། །རིག་འཛིན་བཞི་ཡི་གོ་འཕང་རྩེ་མོར་སོན། །མཆོག་དངོས་གྲུབ་པའི་རྒྱལ་པོ་ཁྱེད་ལ་བསྟོད། །ཟབ་ཡངས་ཆོས་འཁོར་ཆེན་པོ་ཉེས་རྡུལ་ལས། །སྐྱོབ་པའི་ཐུགས་བསྐྱེད་རྔ་ཡབ་དཀར་པོ་ཡིས། །དྲི་མ་རབ་སེལ་ལྷ་མིའི་མཆོད་སྡོང་དུ། །ངོ་མཚར་ལྟ་བས་མི་ངོམས་བསྐྲུན་ལ་བསྟོད། །འབྲས་ལྗོངས་པདྨ་འོད་ཀྱི་ཕོ་བྲང་ཆེར། །རྫུ་འཕྲུལ་ཅང་ཤེས་གོམ་སྟབས་བགྲོད་པ་དང་། །ཧི་ཧིའི་སྒྲ་ཡིས་རྣལ་འབྱོར་ཚོགས་རྣམས་སྡུད། །སྦས་པའི་རི་ཆེན་སྒོ་བཞི་འབྱེད་ལ་བསྟོད། །ས་འཛིན་པདྨ་སྤུངས་པའི་ལྟེ་བ་རུ། །མཚོ་སྐྱེས་ཡབ་ཡུམ་བཞད་པའི་གླིང་བུའི་སྒྲས། །ཇི་ལྟར་བསྐུལ་ཞིང་བཀྲ་ཤིས་ལྡིང་གུར་དུ། །རྩ་གསུམ་དཀྱིལ་འཁོར་བཀྲག་གསལ་གཟིགས་ལ་བསྟོད། །ཀུན་མཁྱེན་འཇམ་དབྱངས་བླ་མའི་འཛུམ་ཟེར་གྱིས། །ཐུགས་དབུས་པདྨོ་དགོད་དང་ལྷན་ཅིག་ཏུ། །པད་འབྱུང་བི་མ་ཡེ་ཤེས་དྷཱ་ཀི་ཡི། །དག་སྣང་གསང་བའི་མཛོད་ཆེན་འབྱེད་ལ་བསྟོད། །རིག་འཛིན་བླ་མའི་སྲོག་གི་སྒྲུབ་པ་དང་། །འོད་གསལ་རྡོ་རྗེ་སྙིང་པོ་ནོར་བུའི་སྤྲིན། །མཁའ་དབྱིངས་ཁྱབ་པར་བྲེས་པའི་ཐོལ་གླུ་ཡིས། །ཐེག་མཆོག་རྩེ་མོའི་བསྟན་པ་གསལ་ལ་བསྟོད། །ཟབ་རྒྱས་ཆོས་ཀྱི་དགའ་ཚལ་ལྷ་དབང་གི། རྩེ་འཆག་མདུན་སར་སྐལ་བཟང་བུང་བ་སྡུད། །སྨིན་གྲོལ་འཆི་མེད་བདུད་རྩིས་བསྐྱེད་བསྲིངས་པས། །འཇའ་ལུས་འོད་སྐུར་སྨིན་པར་མཛད་ལ་བསྟོད། །རང་སྣང་དག་པ་མཁའ་སྤྱོད་འཇའ་འོད་ཞིང་། །མ་ཚོགས་མཁའ་འགྲོ་བྱེ་བའི་ཚོགས་དཔོན་དུ། །བདེ་མཆོག་གར་གྱི་ཉམས་བརྒྱས་རབ་རྩེན་ཏེ། །རིགས་རྣམས་སྤྲོ་དང་བསྡུ་བའི་བྱེད་པོར་བསྟོད། །དེ་ལྟར་བསྟོད་བསྔགས་རྒྱུད་མངས་ཤས་ཙམ་ཞིག །སྒྲོགས་པའི་མཐུ་ལས་ནམ་མཁའི་རྣལ་འབྱོར་ཆེ། །སྙིང་དང་སྤྱི་བོའི་འཁོར་ལོར་རྟག་བཞུགས་ནས། །བར་ཆད་ཀུན་སེལ་བྱིན་རླབས་དངོས་གྲུབ་སྩོལ། །སྒྱུ་མའི་རྣལ་འབྱོར་ཡེ་ཤེས་སྐུ་ཅན་གྱིས། །སྙིགས་མར་སྐྱེས་པའི་སྒྱུ་ལུས་སྡུག་བདེན་འདི། །སྐྱིད་སྡུག་ལེགས་ཉེས་སྒྱུ་མ་ཅི་སྣང་ཡང་། །སྒྱུ་མ་ཧར་སངས་རྡོ་རྗེར་སྒྲུབ་མཛོད་ཀྱེ། །ཞེས་པའང་དད་པའི་པདྨོ་བཞད་པ་ལས་འཇིགས་མེད་ནམ་མཁའི་རྡོ་རྗེས་མེ་བྱ་སྤྲེལ་ཟླའི་ཚེས་གཅིག་ལ་འབྲས་ལྗོངས་སྒང་ཐོག་བཀྲ་ཤིས་དགེ་འཕེལ་དུ་གསོལ་བ་བཏབ་པའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། །།

Footnotes

Other Information