JKCL-KABUM-02-KHA-065

From Khyentse Lineage - A Tsadra Foundation Project

‎‎

ཧེ་རུ་ཀ་དཔལ་ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ་བསྟོད་པ་ཁྲག་འཐུང་དཔའ་བོའི་གད་རྒྱངས།
Wylie title he ru ka dpal khrag 'thung nam mkha' 'jigs med la bstod pa khrag 'thung dpa' bo'i gad rgyangs JKCL-KABUM-02-KHA-065.pdf
Location chos kyi blo gros bka' 'bum
Volume 2, Text 65, Pages 571-573 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Citation 'jam dbyangs mkhyen brtse chos kyi blo gros. he ru ka dpal khrag 'thung nam mkha' 'jigs med la bstod pa khrag 'thung dpa' bo'i gad rgyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 571-573. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་མེ་བྱ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་བྲིས་པའོ། །སརྦ་མངྒ་ལ་ཛ་ཡནྟུ། །

/ces pa'ang me bya sa ga zla ba'i tshes bco lnga la 'jigs med nam mkha'i rdo rje tshe dbang grub pa rtsal gyis bris pa'o/____/sarba mang+ga la dza yan+tu/__/_

[edit]
ཧེ་རུ་ཀ་དཔལ་ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ་བསྟོད་པ་ཁྲག་འཐུང་དཔའ་བོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། །ཨ་ཧོ། དཔལ་གྱི་སྐུ་ནི་འཁོར་འདས་ཆེ་བའི་མཆོག །འཇིགས་རུང་གར་དགུས་རྣམ་པར་རོལ་པ་ལས། །དཔལ་ལྡན་ས་གསུམ་དབང་བསྒྱུར་ཆེན་པོ་ལ། །རྣལ་འབྱོར་བདག་གིས་རབ་ཏུ་བསྟོད་པར་བགྱི། །འབར་བ་ཆེན་པོའི་ཡེ་ཤེས་སྐུ་མཆོག་ནི། །ཉི་མ་འབུམ་གྱི་གཟི་འོད་རབ་འཕྲོ་ཞིང་། །སྡང་མིག་ཤས་ཙམ་བསྒྲད་པ་དེ་ཡི་མོད། །ལོག་འདྲེན་བདུད་བགེགས་བསྲེགས་པར་མཛད་ལ་བསྟོད། །གདོད་མ་ཉིད་ནས་ཁྲག་འཐུང་ཆེན་པོ་དང་། །གཉིས་མེད་མངོན་བྱང་ངོ་བོ་ཉིད་ཀྱི་སྐུ། །སྐུ་གསུམ་ལྷུན་གྲུབ་རྣམ་དབྱེར་མེད་གྱུར་ཀྱང་། །སྲིད་འདིར་ཡེ་ཤེས་གར་གྱིས་རྩེན་ལ་བསྟོད། །གཉིས་མིན་གཉིས་སུ་སྣང་བའི་རིག་འཛིན་གཟུགས། །གཅིག་དང་དུ་མའི་སྤྲོས་པ་ཉེར་ཞི་ཡང་། །མི་རྟོག་རྟོག་བྲལ་སྤྲུལ་པའི་སྐུར་སྟོན་པ། །ཐ་མལ་གཟུགས་ཀྱི་རྣམ་པར་བསྒྱུར་ལ་བསྟོད། །རིགས་མཆོག་དག་པ་འོད་གསལ་ལྷ་ཡི་རིགས། །རྒྱལ་སྲས་གཞོན་ནུ་དཔའ་བོ་སྟོབས་ལྡན་གཟུགས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་འོད་དཀར་རྫོགས། །བློ་གྲོས་ཆེན་པོ་བླ་མའི་ཞབས་ལ་འདུད། །ཡོངས་འཛིན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །འདྲེན་པ་མཆོག་གྱུར་བསོད་ནམས་དབང་པོ་ཡི། །ཐུགས་ཀྱི་བཅུད་ཐོབ་དགོངས་པའི་བྱིན་འཕོས་པས། །གསང་གསུམ་དབྱེར་མེད་མཐུ་བྱིན་བརྙེས་ལ་བསྟོད། །དབེན་པའི་གནས་སུ་སྒྲུབ་པའི་རྟགས་ཐོན་ནས། །རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་སྡུད། །ནང་གི་ས་ལམ་ཡོངས་སུ་རྫོགས་པ་ལས། །ངོ་མཚར་མཆོག་གི་དངོས་གྲུབ་དབང་མཛད་བསྟོད། །རྡོ་རྗེའི་གནས་ཡུལ་ཀུན་ཏུ་རྒྱུ་བ་ན། །དཔའ་བོ་མཁའ་འགྲོའི་ཚོགས་དང་དགྱེས་རྒུར་སྤྱོད། །གསང་སྔགས་བདེ་མཆོག་རྡོ་རྗེའི་རོལ་མོ་འཁྲོལ། །ཀུན་རྟོག་ཟ་བྱེད་འཇིགས་མཛད་ཆེན་པོར་བསྟོད། །ཁྱད་པར་ཚེ་རབས་ཀུན་གྱི་མགོན་གཅིག་པུ། །པད་འབྱུང་བི་མས་ཡང་ཡང་བྱིན་གྱིས་བརླབས། །རྡོ་རྗེ་ཕག་མོས་དགྱེས་ཞལ་རྟག་ཏུ་ངོམ། །རྡོ་རྗེ་བཙུན་མོའི་ཚོགས་དཔོན་མཛད་ལ་བསྟོད། །བལྟར་མི་མངོན་པའི་ཐོར་ཅོག་དབུ་རྒྱན་དང་། །རུས་རྒྱན་སྟག་ཤམ་ཁ་ཊྭཱྃ་ཅང་ཏེ་འཁྲོལ། །བཞད་པ་བརྒྱད་ཀྱི་ང་རོ་རབ་ཏུ་བསྒྲགས། །ས་གསུམ་སྐྲག་མཛད་ཧེ་རུ་ཀ་ལ་བསྟོད། །པད་འོད་གཉིས་པ་འབྲས་གཤོངས་མཁའ་འགྲོའི་གླིང་། །རི་ཆེན་སྒོ་མོ་བྱང་ནས་འབྱེད་པ་དང་། །རྣལ་འབྱོར་མཆེད་བཞི་འགྲན་པ་ལྟར་གྱུར་ནས། །ཁྲག་འཐུང་རིགས་བཞིའི་ཚོམ་བུ་ཚོགས་ལ་བསྟོད། །ངོ་མཚར་སྦས་གནས་རབ་ཏུ་གསལ་བ་དང་། །བླ་མ་ཡི་དམ་ཌཱ་ཀིའི་དགྱེས་ཞལ་ངོམ། །བདེ་མཆོག་སྒྱུ་མའི་གར་གྱིས་སྙོམས་ཞུགས་པས། །རྩ་གསུམ་སྒྲུབ་པའི་ཆོས་མཛོད་ཕྱུངས་ལ་བསྟོད། །ཁྱད་པར་ལྷ་རི་འོད་གསལ་སྙིང་ཕུག་ཏུ། །དག་པའི་སྣང་བ་འབྱམས་ཀླས་ཐིག་ལེར་འཁྱིལ། །རིག་པའི་བཅུད་འདུས་རྡོ་རྗེ་སྙིང་པོ་ཡི། །སྤྲིན་གྱི་ཐོལ་གླུས་མཁའ་དབྱིངས་ཁྱབ་ལ་བསྟོད། །མཐའ་ཡས་འགྲོ་བ་གཟུགས་ཅན་གཟུགས་མེད་རྣམས། །ཞིང་རྡུལ་མཉམ་པ་རབ་ཏུ་སྨིན་པ་དང་། །སྣོད་བཅུད་ཐམས་ཅད་གསང་མཆོག་ཞིང་དུ་བསྒྱུར། །དྭངས་མའི་འཇའ་སྐུར་སྨིན་པར་མཛད་ལ་བསྟོད། །སླར་ཡང་དང་པོའི་གཞི་ཀློང་མངོན་བྱང་ཆུབ། །སྲིད་པ་ཇི་སྲིད་གནས་ཀྱི་བར་དག་ཏུ། །སྣ་ཚོགས་སྤྲུལ་པའི་གར་གྱིས་འགྲོ་བ་འདུལ། །ཕྲིན་ལས་འཛད་མེད་བླ་མ་མཆོག་ལ་བསྟོད། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་ཁྲག་འཐུང་ནམ་མཁའ་འཇིགས་མེད་དང་། །འབྲལ་བ་མེད་ཅིང་གསང་གསུམ་དབྱེར་མེད་འདྲེས། །རྡོ་རྗེའི་རིག་འཛིན་རྩེ་མོར་ཕྱིན་པར་ཤོག །ཅེས་པའང་མེ་བྱ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་བྲིས་པའོ། །སརྦ་མངྒ་ལ་ཛ་ཡནྟུ། ། །།
[edit]

he ru ka dpal khrag 'thung nam mkha' 'jigs med la bstod pa khrag 'thung dpa' bo'i gad rgyangs zhes bya ba bzhugs so/____/a ho/__dpal gyi sku ni 'khor 'das che ba'i mchog__/'jigs rung gar dgus rnam par rol pa las/____/dpal ldan sa gsum dbang bsgyur chen po la/____/rnal 'byor bdag gis rab tu bstod par bgyi/____/'bar ba chen po'i ye shes sku mchog ni/____/nyi ma 'bum gyi gzi 'od rab 'phro zhing /____/sdang mig shas tsam bsgrad pa de yi mod/____/log 'dren bdud bgegs bsregs par mdzad la bstod/____/gdod ma nyid nas khrag 'thung chen po dang /____/gnyis med mngon byang ngo bo nyid kyi sku/____/sku gsum lhun grub rnam dbyer med gyur kyang /____/srid 'dir ye shes gar gyis rtsen la bstod/____/gnyis min gnyis su snang ba'i rig 'dzin gzugs/____/gcig dang du ma'i spros pa nyer zhi yang /____/mi rtog rtog bral sprul pa'i skur ston pa/____/tha mal gzugs kyi rnam par bsgyur la bstod/____/rigs mchog dag pa 'od gsal lha yi rigs/____/rgyal sras gzhon nu dpa' bo stobs ldan gzugs/____/mkhyen brtse nus pa'i yon tan 'od dkar rdzogs/____/blo gros chen po bla ma'i zhabs la 'dud/____/yongs 'dzin dge ba'i bshes kyis rjes su bzung /____/'dren pa mchog gyur bsod nams dbang po yi/____/thugs kyi bcud thob dgongs pa'i byin 'phos pas/____/gsang gsum dbyer med mthu byin brnyes la bstod/____/dben pa'i gnas su sgrub pa'i rtags thon nas/____/rtsa rlung thig le dbu ma'i dbyings su sdud/____/nang gi sa lam yongs su rdzogs pa las/____/ngo mtshar mchog gi dngos grub dbang mdzad bstod/____/rdo rje'i gnas yul kun tu rgyu ba na/____/dpa' bo mkha' 'gro'i tshogs dang dgyes rgur spyod/____/gsang sngags bde mchog rdo rje'i rol mo 'khrol/____/kun rtog za byed 'jigs mdzad chen por bstod/____/khyad par tshe rabs kun gyi mgon gcig pu/____/pad 'byung bi mas yang yang byin gyis brlabs/____/rdo rje phag mos dgyes zhal rtag tu ngom/____/rdo rje btsun mo'i tshogs dpon mdzad la bstod/____/bltar mi mngon pa'i thor cog dbu rgyan dang /____/rus rgyan stag sham kha T+wA~M cang te 'khrol/____/bzhad pa brgyad kyi nga ro rab tu bsgrags/____/sa gsum skrag mdzad he ru ka la bstod/____/pad 'od gnyis pa 'bras gshongs mkha' 'gro'i gling /____/ri chen sgo mo byang nas 'byed pa dang /____/rnal 'byor mched bzhi 'gran pa ltar gyur nas/____/khrag 'thung rigs bzhi'i tshom bu tshogs la bstod/____/ngo mtshar sbas gnas rab tu gsal ba dang /____/bla ma yi dam DA ki'i dgyes zhal ngom/____/bde mchog sgyu ma'i gar gyis snyoms zhugs pas/____/rtsa gsum sgrub pa'i chos mdzod phyungs la bstod/____/khyad par lha ri 'od gsal snying phug tu/____/dag pa'i snang ba 'byams klas thig ler 'khyil/____/rig pa'i bcud 'dus rdo rje snying po yi/____/sprin gyi thol glus mkha' dbyings khyab la bstod/____/mtha' yas 'gro ba gzugs can gzugs med rnams/____/zhing rdul mnyam pa rab tu smin pa dang /____/snod bcud thams cad gsang mchog zhing du bsgyur/____/dwangs ma'i 'ja' skur smin par mdzad la bstod/____/slar yang dang po'i gzhi klong mngon byang chub/____/srid pa ji srid gnas kyi bar dag tu/____/sna tshogs sprul pa'i gar gyis 'gro ba 'dul/____/phrin las 'dzad med bla ma mchog la bstod/____/deng nas bzung ste tshe rabs thams cad du/____/dpal ldan khrag 'thung nam mkha' 'jigs med dang /____/'bral ba med cing gsang gsum dbyer med 'dres/____/rdo rje'i rig 'dzin rtse mor phyin par shog__/ces pa'ang me bya sa ga zla ba'i tshes bco lnga la 'jigs med nam mkha'i rdo rje tshe dbang grub pa rtsal gyis bris pa'o/____/sarba mang+ga la dza yan+tu/__/____//_

Footnotes

Other Information