གེ་སར་སྐྱེས་བུ་དོན་གྲུབ་རྗེཿ བླ་མ་ཡི་དམ་ལྟར་སྒྲུབ་པཿ དངོས་གྲུབ་རོལ་མཚོ་ཞེས་བྱ་བཿ ཤིན་ཏུ་གསང་བའི་རྒྱ་ཅནཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-06-CHA-031
Wylie title ge sar skyes bu don grub rje bla ma yi dam ltar sgrub pa dngos grub rol mtsho zhes bya ba shin tu gsang ba'i rgya can
Location mdo mkhyen brtse bka' 'bum
Volume 6, Text 31, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Deity ge sar
Colophon

ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྣམ་སྤྲུལ་ཁྲོ་ཆེན་མི་དབང་ལ་ཡུ་ག་གའི་མཚན་ཅན་གྱི་ནན་ཏན་ཆེན་པོས་ལན་གྲངས་ཉེར་གཅིག་གི་བར་དགོངས་གཏེར་གཏན་ལ་འབེབས་དགོས་པའི་བསྐུལ་མ་བྱུང་བ་དངཿ ཆོས་བདག་ཌཱཀྐི་མས་བརྡའ་འཁྲོལ་བ་བཞིན་ས་མོ་ལུག་ལོ་དབོ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་གྲུབ་པར་བགྱིས་པ་ཤིན་ཏུ་གསང་བའི་སྡེ་ཚན་ནོཿ བཀྲ་ཤིས་དཔལ་འབར་ཨེ་མ་ཧོཿ དགེའོ། །དགེའོ། །དགེའོ། སརྦ་མངྒ་ལཾ།

lha sras dgra lha rtse rgyal gyi rnam sprul khro chen mi dbang la yu ga ga'i mtshan can gyi nan tan chen pos lan grangs nyer gcig gi bar dgongs gter gtan la 'bebs dgos pa'i bskul ma byung ba dang: chos bdag DAk+ki mas brda 'khrol ba bzhin sa mo lug lo dbo zla'i dmar phyogs mkha' 'gro 'du ba'i tshes la grub par bgyis pa shin tu gsang ba'i sde tshan no:_dge'o/_/dge'o/_/dge'o/_sarba mang+ga laM/

[edit]
༄༅། །གེ་སར་སྐྱེས་བུ་དོན་གྲུབ་རྗེཿ བླ་མ་ཡི་དམ་ལྟར་སྒྲུབ་པཿ དངོས་གྲུབ་རོལ་མཚོ་ཞེས་བྱ་བཿ ཤིན་ཏུ་གསང་བའི་རྒྱ་ཅན་བཞུགསཿ

༄༅། «།སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ པདྨ་རྒྱལ་པོ་ཉིད་ལ་འདུདཿ ཡེ་ཤེས་ཌཱཀྐིའི་ཚོགས་རྣམས་ཀྱིསཿ བཀའ་ཡི་གནང་བ་བསྩལ་དུ་གསོལཿ གླིང་རྗེ་གེ་སར་རྒྱལ་པོ་ཉིདཿ བླ་མ་ལྟར་དུ་སྒྲུབ་པ་ནིཿ» ན་མོཿ སྟོན་པ་བླ་མེད་སངས་རྒྱས་དངཿ སྐྱོབ་པ་བླ་མེད་དམ་པའི་ཆོསཿ འདྲེན་མཆོག་འཕགས་པའི་དགེ་འདུན་ལཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ «ལན་གསུམཿ སྐྱབས་འགྲོ་སོང་ཞིང་སེམས་བསྐྱེད་པཿ »མ་རིག་གསུམ་གྱི་རྒྱུ་བྱས་ཏེཿ ང་མེད་ངར་བཟུང་འཁྲུལ་བ་ཡིཿ སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིརཿ བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིཿ« ལན་གསུམཿ» མདུན་མཁར་འཇའ་འོད་སྤྲིན་ཕུང་དབུསཿ སེང་ཁྲི་པདྨ་ཉི་ཟླའི་སྟེང་ཿ སངས་རྒྱས་ཀུན་འདུས་བླ་མ་ནིཿ འཛམ་གླིང་རྒྱན་གཅིག་གེ་སར་རྗེཿ སྐུ་མདོག་དཀར་དམར་ལང་ཚོ་རྒྱསཿ དར་གྱི་ན་བཟའ་ལ་ཐོད་ཅནཿ སྐྱིལ་ཀྲུང་མཉམ་བཞག་ནོར་བུ་བསྣམསཿ ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགསཿ གཅིག་ཆོག་ནོར་བུའི་ལུགས་སུ་བསྒོམཿ« ཡན་ལག་བདུན་པ་ནིཿ »བདག་དང་ཁམས་གསུམ་སེམས་ཅན་གྱིསཿ བརྒྱ་ཕྲག་ལུས་སྤྲུལ་ཕྱག་འཚལ་ལོཿ ལྷ་མིའི་ལོངས་སྤྱོད་མཆོད་པ་འབུལཿ ལོག་ལྟ་ཐེ་ཚོམ་ཤོར་བ་བཤགསཿ འགྲོ་དོན་མཛད་ལ་རྗེས་ཡི་རངསཿ རླབས་ཆེན་སེམས་ཅན་དོན་མཛད་བསྐུལཿ འཁོར་བ་མ་སྟོངས་བར་དུ་བཞུགསཿ བདག་ཅག་སྐལ་ལྡན་རྗེས་སུ་ཟུངསཿ དགེ་བ་མ་གྱུར་འགྲོ་ལ་བསྔོཿ «ལན་གསུམ་ཕུར་ཚུགས་གསོལ་བ་གདབ་པ་ནིཿ »ཀྱཻཿཀྱཻཿའཛམ་གླིང་སྤྲུལ་པའི་སྐུཿ བདག་ནི་འཁོར་བའི་གནས་སུ་འཁྱམསཿ ལས་ཉོན་སྡུག་བསྔལ་དྲག་པོས་གཟིརཿ གཟུང་འཛིན་ཞགས་པས་ཀུན་ནས་དཀྲིསཿ རང་སེམས་སངས་རྒྱས་དོན་མ་རྟོགསཿ ངན་སོང་ལམ་ལས་མི་ཐར་བསཿ སྐྱབས་བྲལ་མགོན་དང་དཔུང་གཉེན་མེདཿ ཁྱོད་ལས་རེ་ས་གཞན་མ་མཆིསཿ ཀྱེ་མ་ཀྱེ་ཧུད་བྱམས་བརྩེའི་མགོནཿ སངས་རྒྱས་ཐམས་ཅད་འདུས་པའི་དཔལཿ བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་ཀྱིསཿ འབྲས་བུ་དུས་ལས་མ་ཡོལ་བརཿ བྱིན་རླབས་ནུས་པའི་རྩལ་ཤུགས་ཕྱུངསཿ བདག་དང་དད་ལྡན་ཚོགས་རྣམས་ལཿ འདྲེན་པའི་དེད་དཔོན་ཆེན་པོར་མཛོདཿ ཚེ་འདིའི་འགལ་རྐྱེན་ཀུན་ཞི་ཞིངཿ མཐུན་རྐྱེན་ཚེ་དཔལ་སྙན་གྲགས་རྒྱསཿ མ་རིག་ཉོན་མོངས་མུན་པ་སེལཿ ཁྱོད་ཀྱི་དགོངས་པ་རྟོགས་པར་ཤོགཿ «གསོལ་འདེབས་མོས་གུས་རྩེ་གཅིག་གིསཿ ཉེར་གཅིག་བཅུ་གསུམ་སྐབས་དང་སྦྱརཿ »ཨོཾ་ཨཱཿཧཱུཾཿ མ་ཧཱ་གུ་རུ་མ་ཎི་རཏྣ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃཿ «བརྒྱ་སྟོང་ཁྲི་འབུམ་གང་ལྕོག་བཟླཿ བྱིན་རླབས་འཇུག་པར་ཐེ་ཚོམ་མེདཿ ཡི་དམ་ལྟར་དུ་སྒྲུབ་འདོད་ནཿ དཀྱིལ་འཁོར་ཡུལ་དུས་དང་སྦྱར་བའི༔ དབུས་སུ་ཐོད་པ་མཚན་ལྡན་གང་ཿ མྱོང་གྲོལ་ག་བུར་རྫས་ལྡན་གྱིསཿ ཨ་མྲྀ་ཏ་ཡིས་སུམ་གཉིས་བཀངཿ དར་དམར་ཁེབ་དང་མེ་ལོང་བཀབཿ གཏོར་མ་དཀར་གསུམ་ཟས་སྣས་བརྒྱནཿ སྨན་རག་མཆོད་པས་མཐའ་བསྐོར་ཞིངཿ སྤོས་དང་ཤིང་རྩི་དྲི་བཟང་བདུགཿ »ཀྱེ་མ་རིག་པ་ལས་རྣམ་རྟོག་བྱུངཿ དེའི་རྐྱེན་གཙང་བཙོག་རེ་དོག་ཤརཿ གཟུང་དང་འཛིན་པའི་རྒྱུ་རྐྱེན་ལསཿ འབྱུང་ལྔས་བསྡུས་པའི་སྣོད་བཅུད་ལཿ གྲིབ་དང་མི་གཙང་ཕོག་པ་ཀུནཿ ཆོས་ཉིད་ཆོས་ཅན་བདེན་པ་དངཿ རྟེན་འབྲེལ་ཟབ་མོའི་སྟོབས་ཤུགས་ཀྱིསཿ ཡེ་ཤེས་ལྔ་ཡི་ཀློང་དུ་བསངཿ རྣམ་པར་རྟོག་པ་ལས་བྱུང་བའིཿ རྩ་བ་ཡན་ལག་དམ་ཉམས་གྲིབཿ མི་མཁོན་ལྷ་ལ་ཕོག་པ་དངཿ ལྷ་མཁོན་མི་ལ་ཕོག་པའི་གྲིབཿ དམེ་ཡུག་ནལ་དང་མཛེ་བོའི་གྲིབཿ མཆོད་པའི་རྫས་དང་ཡོ་བྱད་ལཿ མི་གཙང་མནོལ་གྲིབ་ཤོར་བ་ཀུནཿ ཏིང་ངེ་འཛིན་གྱིས་སྦྱངས་གྱུར་ཅིགཿ ཤིང་རྩི་སྤོས་ཀྱི་དུད་པ་ཡིསཿ བསང་ཞིང་དག་ནས་སོར་ཆུད་ཅིངཿ སྣོད་བཅུད་དག་པ་རབ་འབྱམས་དངཿ ཨོཾ་ཤུདྡྷེ་ཤུདྡྷེ་སང་ས་ལེ་སྭཱ་ཧཱཿ «གཙང་མའི་ཆབ་ཀྱིས་བྲན་བྱས་ལཿ» ཀྱེཿ ཡུམ་ཆེན་མ་ཀའི་མཁའ་ཀློང་ལསཿ བྱུང་བའི་ལྷ་ཆབ་གཙང་མ་འདིཿ བྲན་པས་མ་དག་ཉེས་པའི་ཚོགསཿ ཐུགས་རྗེའི་ཤུགས་ཀྱིས་ཡོངས་དག་ནསཿ སྣོད་བཅུད་དག་པ་རབ་འབྱམས་ཆེརཿ མཆོད་རྫས་ཡེ་ཤེས་བདུད་རྩི་ཡིསཿ དཔལ་ཡོན་ཕུན་སུམ་ཚོགས་པར་གྱུརཿ ཤུདྡྷེ་ཤུདྡྷེ་ཨ་མྲྀ་ཏ་ཨཱཿཧཱུྃཿ «ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནསཿ གསོལ་འདེབས་ཡན་བཟུང་གོང་ལྟར་བྱཿ »བླ་མ་འོད་ཞུ་རང་ལ་ཐིམཿ རང་ལུས་ནམ་མཁའི་འཇའ་ཚོན་ལྟརཿ དབང་ཆེན་ཧྱ་གྷྲྀ་ཝའི་སྐུཿ དམར་གསལ་དབྱུག་ཏེ་ཞགས་པ་འཛིནཿ ཁྲོ་བོའི་ཆ་ལུགས་སྐུ་ལ་རྫོགསཿ དོར་སྟབས་མེ་དཔུང་དབུས་སུ་འགྱིངསཿ ཞལ་ནས་དྲག་སྔགས་འབྲུག་སྟོང་འདིརཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ «དཀར་དམར་གཏོར་མ་སྔགས་དྲུག་དང་ཿ ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབསཿ »ཧཱུྃཿཧྲཱིཿ སྔོན་ཚེ་འཛམ་གླིང་སྐྱེས་མཆོག་གིཿ བཀའ་དང་དམ་ལ་གནས་པ་ཡིཿ ལྷ་ཀླུ་གཉན་དང་སྡེ་བརྒྱད་རིགསཿ དཀར་ཕྱོགས་སྐྱོང་བའི་ཚོགས་རྣམས་ཀུནཿ འདིར་གཤེགས་དཀར་གསུམ་རྒྱན་ལྡན་དངཿ ཤ་ཁྲག་དམར་གྱི་གཏོར་མ་ལོངསཿ རོ་ལྡན་སྐྱེམས་ཕུད་འདི་བཞེས་ལཿ སྔོན་གྱི་ཞལ་བཞེས་དྲན་པར་མཛོདཿ སངས་རྒྱས་བསྟན་པ་སྐྱོང་བ་དངཿ རྣལ་འབྱོར་བདག་གི་འདོད་པའི་དོནཿ ཐོགས་པ་མེད་པར་ཡོངས་སྒྲུབ་ཅིངཿ དཀར་ཕྱོགས་སྐྱོང་བའི་ཕྲིན་ལས་མཛོདཿ« གླད་ཀྱི་གཏོར་མ་བསྔོ་བ་ནིཿ »རཾ་ཡཾ་ཁཾཿ «ལན་གསུམཿ» ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ཞུ་བ་ལས་ལན་ཆགས་གླུད་ཀྱི་གཏོར་མ་དབང་པོ་ཀུན་ཚང་འདོད་པའི་ཡོན་ཏན་ལྔའི་འོད་ཟེར་འཕྲོ་བའི་རང་བཞིན་དུ་གྱུརཿ ཨོཾ་ཨཱཿཧཱུྃཿ «ལན་གསུམཿ »ན་མོ་སངས་རྒྱས་ཆོས་དང་དགེ་འདུན་དངཿ རྩ་བ་གསུམ་གྱི་མཐུ་སྟོབས་ཀྱིསཿ ལན་ཆགས་བུ་ལོན་མ་འཁོར་ཞིངཿ བར་དུ་གཅོད་པའི་འབྱུང་པོའི་རིགསཿ ཁྲོ་རྒྱལ་ཆེན་པོའི་བཀའ་བྱུང་གིཿ སྐད་ཅིག་ཙམ་གྱིས་འདིར་འདུས་ཤིགཿ ཌཱཀྐི་ར་ཙ་སརྦ་བྷིགྣན་ཨཾ་ཀུ་ཤ་ཛཿ« ལན་གསུམ་གྱིས་བཀུག་བསྔོ་བ་ནིཿ »བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་བྲལ་བ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདོད་པ་ཐམས་ཅད་ཡོངས་སུ་འགྲུབ་པའི་རྒྱལ་པོ་ལ༴ ན་མ༴ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃཿ «ལན་བདུནཿ »གླུད་གཏོར་འདོད་པའི་ཡོན་ཏན་ལྔ་ལྡན་འཛད་མེད་ནམ་མཁའི་གཏེར་ཆེན་དུ་གྱུརཿ ཧོཿ འཁྲུལ་སྣང་བདག་ཏུ་བཟུང་བ་ཡིཿ གདོན་བགེགས་ལོག་འདྲེན་འབྱུང་པོའི་ཚོགསཿ གླུད་ཀྱི་གཏོར་མ་འདི་ཁྱེར་ལཿ རྒྱ་མཚོ་ཆེན་པོའི་ཕ་མཐའམཿ སྡང་བྱེད་དགྲ་བོའི་ཡུལ་དུ་སོངཿ གནས་འདིའི་འཁོར་ཡུག་ཚུན་ཆད་དུཿ སྐད་ཅིག་ཙམ་དུ་འཁོར་གྱུར་ཀྱངཿ དབང་ཆེན་ཁྲོ་རྒྱལ་འབར་བ་ཡིཿ སྐུ་ལས་བྱུང་བའི་ཁྲོ་མཚོན་དངཿ ཡེ་ཤེས་མེ་དཔུང་དབལ་ཚ་བསཿ ཐལ་བའི་རྡུལ་དུ་རློག་བྱེད་ཅིངཿ རྣམ་ཤེས་མནར་མེད་སྡུག་བསྔལ་མྱོང་ཿ དེ་བས་བཀའ་ལས་མ་འདའ་ཞིགཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨོཾ་སུཾ་བྷ་«སོགས་»ར་ཛ་ཀྲོ་ཏ་ཧཱུྃ་ཕཊཿ ཨོཾ་བཛྲ་སརྦ་དུཥྟཾ་མ་ར་ཡ་ཛྭ་ལ་རཾ་རཾ་ཨུཥྩ་ཏ་ཡ་ཕཊཿ «ཞེས་པའི་བགེགས་རྣམས་ཕྱིར་བསྐྲད་ཅིང་ཿ བསྲུང་བའི་འཁོར་ལོ་བསྒོམ་པ་ནིཿ »ཧཱུྃཿ གནོད་བྱེད་དཔུང་ཚོགས་ཕྱིར་བསྐྲད་ཅིངཿ ཁྲོ་མཚོན་མེ་དཔུང་ཚུར་འདུས་པའིཿ བསྲུང་བ་རྡོ་རྗེའི་གུར་ཆེན་ནིཿ ཕྱི་རོལ་མཚོན་ཆའི་ཚྭ་ཚྭ་འཕྲོཿ ཡེ་ཤེས་བསྐལ་པའི་མེ་ཆེན་དངཿ སྤུ་གྲི་རེག་ཆོད་རླུང་གིས་གཏམཿ འཇིག་མེད་ཡོངས་གྲུབ་ཆེན་པོར་གྱུརཿ ཨོཾ་བཛྲ་ཙཀྲ་ཛྭ་ལ་རཀྵ་རཀྵ་ཀུ་རུ་བྷྲུཾཿ «བྱིན་ཆེན་དབབ་པ་ནིཿ གདུང་བའི་དབྱངས་དང་སྤོས་རོལ་བཅསཿ» ཧཱུྃཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ ཆོས་ལོངས་སྤྲུལ་པ་སྐུ་ཡི་ཞིང་ཁམས་ནཿ ཀུན་བཟང་རིགས་ལྔ་སེམས་དཔའ་སེམས་མ་དངཿ འགྲོ་འདུལ་སྤྲུལ་པ་སྐུ་ཡི་ལྷ་ཚོགས་རྣམསཿ བྱིན་ཆེན་བྱིན་ཕོབ་དངོས་གྲུབ་མཆོག་སྩོལ་ལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ མེ་རི་འབར་དང་གཏུམ་དྲག་རོལ་པའི་ཞིངཿ དབང་དྲག་རོལ་པའི་ཕོ་བྲང་ཆེན་པོ་ནསཿ ཁྲག་འཐུང་ཁྲོ་བོ་རོལ་པའི་ལྷ་ཚོགས་དངཿ དབང་ཆེན་དབང་གི་རྒྱལ་པོ་རྟ་མགྲིན་དཔལཿ སྲིན་པོ་འདུལ་མཛད་རཀྵ་ཐོད་ཕྲེང་རྩལཿ ཡི་དམ་ཞི་ཆགས་ཁྲོ་བོའི་ལྷ་ཚོགས་རྣམསཿ བྱིན་ཆེན་བྱིན་ཕོབ་དངོས་གྲུབ་མཆོག་སྩོལ་ལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ རྒྱ་གར་དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་ཿ ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིསཿ མཁའ་སྤྱོད་ས་སྤྱོད་སྤྲུལ་པའི་གནས་མཆོག་ནསཿ ཡེ་ཤེས་དམ་ཚིག་ལས་མཛད་ཌཱཀྐི་མཿ བྱིན་ཆེན་བྱིན་ཕོབ་དངོས་གྲུབ་མཆོག་སྩོལ་ལཿ སྐུུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལཿ རང་བཞིན་སྤྲུལ་པའི་ཞིང་མཆོག་ཉམས་དགའ་བཿ མཁའ་དབྱིངས་རྣམ་པར་དག་པའི་གནས་མཆོག་ནསཿ བྱིན་རླབས་མྱུར་སྩོལ་དཔའ་བོ་དཔའ་མོའི་རིགསཿ ལྷ་འཁོར་སུམ་ཅུ་སྤྲུལ་པ་བཅས་རྣམས་ཀྱིསཿ བྱིན་ཆེན་བྱིན་ཕོབ་དངོས་གྲུབ་མཆོག་སྩོལ་ལཿ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལཿ སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་རྣམས་ཀྱིསཿ ཕྲིན་ལས་གཅིག་བསྡུས་སྐྱེས་མཆོག་སྤྲུལ་པའི་སྐུཿ རིག་འཛིན་དཔའ་བོ་མཁའ་འགྲོ་དགྲ་བླ་དངཿ ཝེར་མ་ཆོས་སྐྱོང་ལས་མཁན་ཕོ་ཉ་བཅསཿ བྱིན་ཆེན་བྱིན་ཕོབ་དངོས་གྲུབ་མཆོག་སྩོལ་ལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ བདག་ཅག་ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལཿ སྐད་ཅིག་གཅིག་གིས་འཛིན་ཞེན་རང་གྲོལ་ནསཿ རྡོ་རྗེ་གསུམ་གྱི་ས་བོན་ཐོབ་པ་དང་ཿ དུག་ལྔ་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབསཿ ཨོཾ་གུ་རུ་དཱེ་ཝ་ཌཱཀྐི་ཛྙཱ་ན་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡཱ་ཛཿ« སླར་ཡང་མཆོད་རྫས་བྱིན་བརླབ་ནིཿ »རཾ་ཡཾ་ཁཾཿ དབྱིངས་ལས་རཾ་ཡཾ་ཁཾཿགསུམ་བྱུངཿ མཆོད་པའི་མ་དག་བསྲེགས་གཏོར་བཀྲུསཿ ཨོཾ་གྱིས་དངོས་པོར་འཛིན་པ་སྦྱངསཿ ཨཱཿཡིས་ནམ་མཁའ་གང་བར་སྤེལཿ ཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུརཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཿ ཨོཾ་ཨཱཿཧཱུྃ་བ་ལིངྟ་ཧཱུྃ་ཧྲཱི་ཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཧཱུྃ་ཧྲཱི་ཋཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་ཨཱཿཧཱུྃཿ «དེ་དག་སྔོན་དུ་འགྲོ་བ་སྟེཿ དངོས་གཞིའི་དང་པོ་ལྷ་བསྐྱེད་པཿ» ཨཱཿ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུནཿ ཡེ་ནས་མ་གྲུབ་སྟོང་པའི་ངང་ཿ རང་ལུས་དམིགས་མེད་འཇའ་ལྟར་ཡལཿ རིག་པ་དེ་བཞིན་ཉིད་ཀྱི་དབྱིངསཿ མཚན་མར་འཛིན་པའི་རྣམ་རྟོག་བྲལཿ དེ་ཡང་ངང་ལས་རང་བྱུང་རྩལཿ སྒྱུ་མ་ལྟ་བུའི་སྙིང་པོ་ནིཿ སེམས་ཅན་ཀུན་ལ་སྙོམས་པར་ཤརཿ མ་བཅོས་རིག་པའི་གདངས་ཤར་བཿ ཉི་མ་དང་ནི་ཟླ་དཀྱིལ་ལཿ སྐྱེ་མེད་ཡི་གེ་ཨཱཿདཀར་པོཿ དེ་ལས་འོད་འཕྲོས་རྒྱལ་བ་མཆོདཿ སེམས་ཅན་ཀུན་ཀྱི་སྡིག་སྒྲིབ་སྦྱངསཿ ཚུར་འདུས་རྒྱུ་ཡི་ཡི་གེ་དེཿ འོད་ཞུ་ནོར་བུ་འབར་བར་གྱུརཿ ཟེར་གྱིས་ཕྱི་སྣོད་འཇིག་རྟེན་སྦྱངསཿ རིན་ཆེན་ལྔ་ལས་གྲུབ་པ་ཡིཿ ཕོ་བྲང་གཞལ་ཡས་ཉམས་དགའ་བཿ རྒྱན་བཀོད་ཕུན་ཚོགས་བལྟ་ན་སྡུགཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགསཿ དྭངས་གསལ་སྒྲིབ་གཡོགས་བྲལ་བའི་དབུསཿ རིན་ཆེན་ཁྲི་སྟེང་ཟ་འོག་གིཿ འབོལ་བརྩེགས་གཏུམ་པོ་སྟག་ལྤགས་ཏེཿ ནོར་བུ་ཡོངས་སུ་གྱུར་པ་ལསཿ བླ་མ་ཡི་དམ་ཀུན་འདུས་དཔལཿ གེ་སར་སྐྱེས་མཆོག་སྤྲུལ་པའི་སྐུཿ སྐུ་མདོག་དཀར་དམར་ཅུང་ཟད་སྨུགཿ མཛེས་འཛུམ་གཟི་བརྗིད་འོད་ཟེར་འབརཿ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབཿ ཕྱག་གཡས་ཌ་རུ་ནམ་མཁར་འཁྲོལཿ རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལཿ གཡོན་པས་བདུད་རྩིའི་ཐོད་པ་བསྣམསཿ རྩ་གསུམ་དཔའ་བོ་མཁའ་འགྲོ་མཆོདཿ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུངཿ དབུ་ལ་རིན་ཆེན་སྲོག་ཞུ་དངཿ ཡིད་བཞིན་ནོར་བུའི་ཏོག་གིས་མཛེསཿ སྐུ་ལ་ཟ་འོག་བེར་ཆེན་གསོལཿ མགུལ་རྒྱན་ཕྱག་ཞབས་གདུ་བུ་སོགསཿ རིན་ཆེན་རྒྱན་ཆ་དུ་མས་སྤྲསཿ སྙིང་གར་དབང་ཆེན་རྟ་མགྲིན་དམརཿ རྣམ་འགྱུར་ཕྱག་མཚན་སྣ་ཚོགས་སྟོནཿ རྒྱལ་བསེན་འབྱུང་པོ་དམ་སྲི་དང་ཿ གསར་སྐྱེས་འདྲེ་རྒོད་རྒྱ་འདྲེའི་རིགསཿ ཏིང་འཛིན་དམིགས་པས་འགུགས་འཆིང་སྡོམཿ མྱོས་ཤིང་ཐུགས་ཀའི་འོད་ཟེར་གྱིསཿ བསྲེགས་ཤིང་རྣམ་ཤེས་དབྱིངས་སུ་སྤརཿ སྤྱི་བོར་རིགས་ཀྱི་བདག་པོ་ནིཿ སངས་རྒྱས་ཀུན་འདུས་པདྨ་རྒྱལཿ དམར་གསལ་ཆགས་པའི་ཉམས་དང་ལྡནཿ ཕྱག་གཡས་ཅང་ཏེ་ནམ་མཁར་འཁྲོལཿ དཔའ་བོ་མཁའ་འགྲོ་དབང་དུ་སྡུདཿ གཡོན་པའི་མེ་ལོང་ལྕགས་ཀྱུ་ཡིསཿ སྲིད་པ་གསུམ་པོ་དབང་མེད་འགུགསཿ ཐོར་ཚུག་རིན་ཆེན་རུས་པའི་རྒྱནཿ སྟག་ཤམས་གསང་ཕོད་དམར་ཁྲ་གསོལཿ པདྨ་ཉི་ཟླར་རོལ་སྟབས་བཞུགསཿ ཡུམ་ཆེན་ཁམས་གསུམ་དབང་བྱེད་དམརཿ ཞི་ཆགས་དགའ་བདེའི་གཟི་འོད་འབརཿ མདའ་དར་ཞགས་པ་འཛིན་ཅིང་སྦྱོརཿ ཤར་དུ་ཚེ་འཛིན་གྲུབ་རྒྱལ་དཀརཿ མདའ་དར་ཚེ་བུམ་མཁའ་འགྲོའི་ཆསཿ ལྷོ་རུ་རྒྱས་བྱེད་ས་སྙིང་མདོགཿ གསེར་དང་དངུལ་གྱི་དྲིལ་བུ་འཁྲོལཿ ནུབ་ཏུ་དབང་བྱེད་རྩལ་ལྡན་དམརཿ ལྕགས་ཀྱུ་གཡས་ལ་ཐོད་པ་གཡོནཿ བྱང་དུ་ལྷ་མོ་མྱུར་མགྱོགས་མཿ སྔོ་སངས་རལ་གྲི་ཞགས་པ་བསྣམསཿ བར་མཚམས་དཔའ་བོ་མཁའ་འགྲོ་དངཿ རིག་འཛིན་གྲུབ་ཐོབ་སྤྲིན་ལྟར་འཁྲིགསཿ སྟེང་ཕྱོགས་རྡོ་རྗེ་དབྱིངས་ཀྱི་ལྷཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་འཁྲིགསཿ གཙོ་བོའི་གཡས་གཡོན་མདུན་རྒྱབ་བཞིརཿ ལས་མཛད་ཁྲོ་རྒྱལ་དམར་ནག་དངཿ གསང་ཡུམ་ཌཱཀྐི་མཆེད་གཉིས་བཞུགསཿ འཁོར་དུ་དཔའ་བོ་གིང་ཆེན་དངཿ ལས་དམ་ཤ་ཟ་ཌཱཀྐིས་བསྐོརཿ སྒོ་བཞིར་ཕོ་ཉ་ལས་མཁན་བཞིཿ ལས་མཛད་འཇིག་རྟེན་མཁའ་འགྲོ་དངཿ མཐའ་སྐོར་དགྲ་བླ་ཝེར་མའི་ཚོགསཿ དྲེགས་པ་སྡེ་བརྒྱད་སྤྲུལ་འཁོར་བཅསཿ ལྷ་མའི་ཁྲོམ་ཚོགས་ཇི་བཞིན་གསལཿ ཐུགས་ཀའི་འོད་ཀྱི་འཕྲོ་འདུས་ལསཿ རྒྱལ་བ་རིགས་ལྔ་སྤྱི་བོར་དྲངསཿ ཨོཾ་ཧཱུྃ་ཏྲཾཿཧྲཱིཿཨཱཿ ཨ་ནུ་རུ་ག་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾཿ རིགས་ལྔ་ཡབ་ཡུམ་སྦྱོར་བ་ཡིསཿ བྱང་སེམས་ཡེ་ཤེས་བདུད་རྩིའི་ཆུ༔ སྤྱི་བོ་ནས་ཞུགས་གནས་ལྔར་བབསཿ སྒོ་གསུམ་ཉོན་ཤེས་སྒྲིབ་པ་དགཿ བུམ་གསང་ཤེས་རབ་རྩལ་དབང་ཐོབཿ རིག་འཛིན་བཞི་ཡི་ས་བོན་ཐེབསཿ འབྲས་བུས་སྐུ་བཞི་ཡོངས་སྨིན་ཞིངཿ ཆུ་ལྷག་ཡར་ལུད་རིགས་ཀྱི་བདགཿ སྣང་མཐའ་བླ་མ་དབྱེར་མེད་གྱུརཿ སླར་ཡང་སྤྱི་མགྲིན་སྙིང་ག་རུཿ ཟླ་བ་པདྨ་ཉི་མ་ལཿ སྐུ་གསུང་ཐུགས་ཀྱི་ཡི་གེ་ཡིཿ རྒྱས་གདབ་སྙིང་གའི་འོད་ཟེར་གྱིསཿ རྒྱལ་བ་རབ་འབྱམས་ཡེ་ཤེས་ལྷཿ རང་སྣང་སྤྲུལ་པའི་ཞིང་ཁམས་ནསཿ བྱིན་རླབས་ལྷ་ཚོགས་ས་མ་ཛཿ« གཉིས་པ་སྤྱན་འདྲེན་མོས་གུས་དངཿ གདུང་བའི་དབྱངས་ཀྱིས་འདི་སྐད་བརྗོདཿ »ཧྲཱིཿ སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་ནསཿ ཀུན་བཟང་རིགས་ལྔའི་ལྷ་ཚོགས་དངཿ བདེ་བ་ཅན་དང་པོ་ཊ་ལཿ པདྨ་འོད་ཀྱི་གཞལ་ཡས་ནསཿ ཆོས་ལོངས་སྤྲུལ་པ་སྐུ་ཡི་ཚོགསཿ རྩ་གསུམ་དཔའ་བོ་མཁའ་འགྲོ་བཅསཿ ས་སྤྱོད་རིག་འཛིན་སྤྲུལ་པའི་ཞིངཿ བདུད་འདུལ་ཡི་དམ་ལྷ་ཚོགས་ཀུནཿ ཐུགས་དམ་བསྐུལ་ལོ་བརྩེ་བས་དགོངསཿ རྫུ་འཕྲུལ་ཐུགས་རྗེའི་ཤུགས་བསྐྱེད་ལཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ བདག་རྒྱུད་བྱིན་གྱིས་བརླབས་པ་དངཿ མ་རུང་བདུད་སྡེའི་གཡུལ་ངོ་བཟློགཿ བགེགས་དཔུང་ལོག་འདྲེན་ཚར་གཅོད་ཅིང༌། མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃཿབཛྲ་གུ་རུ་པདྨ་རཱ་ཛ་དེ་ཝ་པུཥྤེ་ཌ་ཀ་ཌཱཀྐི་ནི་བཛྲ་ས་མ་ཡཱ་ཛ་ཛཿ ཨ་ཝེ་ཤ་ཡ་ཕེམ་ཕེམ༔ «དྲི་ཞིམ་སྤོས་བདུག་རོལ་མོ་སྒྲོགསཿ གསུམ་པ་བཞུགས་སུ་གསོལ་བ་ནིཿ »ཧོཿ སྦྲང་ཆར་རྒྱ་མཚོར་ཐིམ་པ་ལྟརཿ ཡེ་ཤེས་ལྷ་ཚོགས་དམ་ཚིག་པརཿ དབྱེར་མེད་གཅིག་ཏུ་འདྲེས་ནས་ཀྱངཿ བྱིན་རླབས་ཐུགས་རྗེའི་རྩལ་ཤུགས་ཕྱུངསཿ ཛ་ཧཱུྃ་བཾ་ཧོཿཏིཥྛ་ལྷནཿ« བཞི་པ་ཕྱག་འཚལ་དགྱེས་སྐོང་ནིཿ »ན་མོཿ ལྷ་ཉིད་རང་དང་དབྱེར་མེད་ཀྱངཿ རང་ལས་སྤྲུལ་པའི་ལྷ་མོ་ཡིསཿ ཕྱག་རྒྱ་གར་གྱིས་བརྡའ་ཕྱག་འཚལཿ གཉིས་མེད་དགྱེས་པ་ཆེན་པོ་ཡིཿ ཚོགས་རྫོགས་སྒྲིབ་པ་ཡོངས་དག་ཤོགཿ ན་མ་ཏེ་ཧཱུྃ༔ ན་མ་མེ་ཧཱུྃཿ ན་མོ་ན་མ་ཧཱུྃཿ «ལྔ་པ་མཆོད་པའི་རིམ་པ་ནིཿ དང་པོ་ཕྱི་མཆོད་འབུལ་བ་ནིཿ »ཨོཾ་ཨཱཿཧཱུྃཿ འབྲུ་བཅུད་གཙང་མའི་ཡོན་ཆབ་དངཿ ཡན་ལག་བརྒྱད་ལྡན་ཞབས་བསིལ་ཆུཿ མཛེས་པའི་མེ་ཏོག་སྣ་ཚོགས་དངཿ དྲི་ཞིམ་སྦྱར་བའི་སྤོས་ཀྱི་རིགསཿ འབྲུ་མར་རྩི་མར་སྣང་གསལ་བཀྲཿ སྨན་སྤོས་དྲི་ངད་སྦྱར་བའི་ཆབཿ ལྷ་ཡི་ཞལ་ཟས་རོ་བཅུད་ལྡནཿ རྐང་གླིང་ཐོད་རྔ་རོལ་མོའི་ཚོགསཿ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོདཿ ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷཻ་ནཻ་ཝི་དྱ་ཤབྟ་པུ་ཙ་ཧོཿ «གཉིས་པ་ནང་མཆོད་འབུལ་བ་ནིཿ» སྨན་སྤོས་མེ་ཏོག་སྣ་ཚོགས་དང་ཿ དཀར་གསུམ་མངར་གསུམ་འབྲུ་དཀར་ཕྱེསཿ གཙང་མར་སྦྱར་བའི་གཏོར་ཆེན་དངཿ བདུད་རྩི་ལྔ་སྦྱར་ཨ་མྲྀ་ཏཿ རྒྱུ་གཉིས་རྐྱེན་བཞིའི་རཀྟ་དམརཿ ཤ་ཁྲག་རུས་པ་ཟས་སྣ་སོགསཿ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལཿ མ་ཧཱ་བ་ལིངྟ་ལ་ཁཱ་ཧིཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁཱ་ཧིཿ «སླར་ཡང་སྨན་མཆོད་འབུལ་བ་ནིཿ »ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ལོངས་སྐུ་རིགས་ལྔའི་སངས་རྒྱས་ཞལ་དུ་སརྦ༴ མགོན་པོ་ཚེ་དཔག་མེད་པའི༴ འགྲོ་འདུལ་སྤྱན་རས་གཟིགས་དབང་ཞལ་དུ༴ སྤྲུལ་སྐུ་པདྨ་རྒྱལ་པོའི༴ གྲུབ་བརྙེས་རིག་འཛིན་རྣམས་ཀྱི་ཞལ་དུ༴ ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ མ་རྒྱུད་མཁའ་འགྲོ་རྒྱ་མཚོའི༴ སྐྱེ་མཆེད་སྤྲུལ་པ་སྐུ་ཡི༴ བྱིན་རླབས་མཁའ་འགྲོ་སྡེ་བཞིའི༴ རིག་འཛིན་དཔའ་བོ་མཁའ་འགྲོའི་ཞལ་དུ༴ བཀའ་སྡོད་དམ་ཅན་རྒྱ་མཚོའི༴ དགྲ་བླ་ཝེར་མའི་ཚོགས་བཅས་ཞལ་དུ༴ བཀའ་འཁོར་དྲེགས་པ་སྡེ་བརྒྱད་ཞལ་དུ༴ ལྷ་ཀླུ་གཉན་གྱི་དམག་ཚོགས་རྣམས་«སོགས་»ཨ་མྲྀ་ཏ་ཁཱ་ཧིཿ དམ་རྫས་བདུད་རྩི་སྨན་གྱི་མཆོད་པ་རྒྱ་ཆེན་པོ་འདི་ཉིད་ཕུལ་བས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་སྦྱངས་ཤིང་དམ་ཚིག་ཉམས་ཆགས་ཐམས་ཅད་སོར་ཆུད་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་གཟི་བརྗིད་དང་མཐུ་སྟོབས་ནུས་པ་རྒྱས་ཤིང་བགེགས་དཔུང་ལོག་པར་འདྲེན་པའི་ཚོགས་ཀུན་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་ཞིང་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་གྱུར་བར་བསམཿ ཨོཾ་ཨཱཿཧཱུྃཿམཚན་དང་ལྡན་པའི་བྷནྡྷ་རུཿ རྒྱལ་བ་རྣམས་ཀྱི་གསང་བ་གསུམཿ བདུད་རྩི་ཨོཾ་ཨཱཿཧཱུྃ་གིས་མཚནཿ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱས་བླངསཿ གནས་གསུམ་འབྲུ་གསུམ་མཚན་པ་ལསཿ ཐིམ་པའི་བྱིན་རླབས་ཡེ་ཤེས་ཞུགསཿ ཀཱ་ཡ་སིདྡྷི་ཧཱུྃཿ ཝཀྐཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃཿ «སྤྱི་བོ་ལྕེ་དང་སྙིང་གར་བཞགཿ གསུམ་པ་རྨད་བྱུང་གསང་མཆོད་ནིཿ »ཉམས་པ་བདུན་ལྡན་སྡང་དགྲ་དངཿ བར་ཆད་ལོག་པར་འདྲེན་པའི་བགེགསཿ དམིགས་རྟེན་ཤ་ཁྲག་རུས་པར་བསྟིམཿ ཁྲོ་རྒྱལ་འབར་བའི་མཚོན་གྱིས་གཟིརཿ རྣམ་པར་ཤེས་པ་དབྱིངས་སུ་སྤོརཿ དུག་གསུམ་ཤ་ཁྲག་རུས་པ་འབུལཿ ཨ་ལ་ལ་སྟེ་བསྒྲལ་མཆོད་བཞེསཿ གྷ་ན་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀིང་ནི་རི་ཏི་ཁཱ་ཧིཿ མཚན་ལྡན་ལྷ་མོ་རི་དྭགས་མིགཿ ཆགས་པ་ཆེན་པོའི་བརྡས་བསྐུལ་ཞིངཿ དགའ་བ་བཞི་ལ་ཡང་དག་སྦྱོརཿ ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེཿ དཔའ་བོ་ཆེན་པོ་རབ་མཉེས་ཤིངཿ གཟས་པོའི་རྣམ་ཤེས་ཡུམ་གྱི་མཁའཿ ནས་བརྒྱུད་སྐྱེ་མེད་ཐུགས་ཀློང་སྤརཿ མ་ཧཱ་ར་ག་ཛཿཧཱུྃ་བཾ་ཧོ་ཏ་ན་སུ་ཁཱ་པཱུ་ཙ་ཧོཿ «བཞི་བ་ཡང་གསང་བླ་ན་མེད་པའི་མཆོད་པ་ནིཿ» ཧོཿ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུནཿ བདེན་མེད་སྒྱུ་མར་རྟོགས་པ་ཡིསཿ ཞེན་པ་མེད་པ་ངང་ནས་རོལཿ རེ་དོགས་བྲལ་བའི་ཤེས་པ་ལཿ སྤང་བླང་བྲལ་བ་ངོ་མཚར་ཆེཿ དུ་མ་རོ་གཅིག་ཆེན་པོར་སྤྱོདཿ ཨ་ལ་ལ་ཧོ་ཡེ་སངས་རྒྱསཿ དུག་ལྔ་ཡེ་ཤེས་ལྔའི་རང་བཞིནཿ བླང་དོར་བྲལ་བའི་མཆོད་པའོཿ མཱའ་ཧཱ་མུ་ཏྲ་པཱུ་ཙ་ཧོཿ «དྲུག་པ་བསྟོད་པ་བྱ་བ་ནིཿ »ཧཱུྃཿ སངས་རྒྱས་ཐམས་ཅད་འདུས་པའི་སྐུཿ འགྲོ་བའི་དོན་དུ་ཕྲིན་ལས་ཀྱིཿ སྤྲུལ་པའི་སྐུ་རུ་ཡོངས་ཤར་བཿ དཔའ་བོ་ཆེན་པོའི་སྐུ་ལ་བསྟོདཿ གྲགས་སྟོང་མ་འགགས་རྡོ་རྗེའི་གསུངཿ ཚངས་དབྱངས་ཡན་ལག་དྲུག་ཅུའི་སྒྲཿ འགྲོ་བའི་དོན་དུ་སྒྲོགས་མཛད་པཿ འགགས་པ་མེད་པའི་གསུང་ལ་བསྟོདཿ ཆོས་ཉིད་དོན་ལས་མ་གཡོས་ཀྱངཿ སྣ་ཚོགས་རྩལ་གྱིས་འགྲོ་དོན་མཛདཿ གང་འདུལ་ཕྲིན་ལས་སྣ་ཚོགས་སྟོནཿ འགྱུར་བ་མེད་པའི་ཐུགས་ལ་བསྟོདཿ དགོས་འདོད་ཀུན་འབྱུང་ནོར་བུ་ལཿ གསོལ་བ་བཏབས་བཞིན་མོས་བློ་དངཿ མཐུན་པ་བྱིན་རླབས་དངོས་གྲུབ་སྟེརཿ ཡོན་ཏན་ཟད་པ་མེད་ལ་བསྟོདཿ ཞི་རྒྱས་དབང་དང་དྲག་པོ་ཡིཿ ཐོགས་པ་མེད་པའི་རྫུ་འཕྲུལ་གྱིསཿ འགྲོ་བའི་སྡུག་བསྔལ་ཡོངས་སེལ་བའིཿ ཕྲིན་ལས་ཐོགས་པ་མེད་ལ་བསྟོདཿ བླ་མ་ཡི་དམ་མཁའ་འགྲོ་དངཿ རིག་འཛིན་དཔའ་བོ་དཔའ་མོ་བཅསཿ ཆོས་སྐྱོང་དགྲ་བླ་ཝེར་མའི་ཚོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོདཿ «བདུན་པ་བཤགས་པ་འབུལ་བ་ནིཿ »བདག་ཅག་མ་རིག་ལིང་ཏོག་གིསཿ གསང་གསུམ་ཡོན་ཏན་མ་མཐོང་ཞིངཿ ལོག་ལྟ་ཐེ་ཚོམ་སྐུར་བ་བཏབཿ གསང་སྔགས་ཟབ་མོའི་སྤྱོད་པ་ཀུནཿ བློར་མ་ཤོང་ཞིང་སྐྱོན་དུ་རིགཿ སོ་ཐར་བྱང་སེམས་བསླབ་སྡོམ་འཆལཿ གསང་སྔགས་དམ་ཚིག་ཉམས་འགལ་རལཿ སྙིང་ནས་འགྱོད་པ་དྲག་པོས་བཤགསཿ སེམས་དཔའ་ཆེན་པོའི་ཐུགས་བསྐྱེད་ཀྱིསཿ བྱང་ཞིང་དག་པར་མཛད་དུ་གསོལཿ «ཡི་གེ་བརྒྱ་བ་ལན་གསུམ་བརྗོདཿ བརྒྱད་པ་བསྙེན་བསྒྲུབ་ལས་གསུམ་ལསཿ དང་པོ་བསྙེན་པ་བཟླས་པ་ནིཿ »བདག་ཉིད་ཡི་དམ་ཀུན་འདུས་ལྷར་གསལ་བའིཿ ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་དབུསཿ པད་ཉིར་ཡི་དམ་དབང་ཆེན་སྐུ་མདོག་དམརཿ ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་འདོར་སྟབས་བཞུགསཿ གཅེར་བུ་ཕྱག་མཚན་མེད་ཅིང་འཛིན་སྟངས་ཚུལཿ གར་དགུ་རོལ་པའི་སྟབས་སུ་གཟི་འོད་འབརཿ དེ་ཡི་ཐུགས་ཀར་པདྨ་ཉི་ཟླའི་སྟེངཿ ཧྲཱིཿཡིག་མཐའ་མར་སྔགས་ཀྱི་ཕྲེང་བ་ནིཿ འོད་ཀྱི་རང་བཞིན་གཡས་སུ་བཀོད་པ་སྟེཿ རང་སྒྲ་དང་བཅས་གཡོན་དུ་འཁོར་བ་ལཿ སེམས་བཟུང་བཟླས་པས་འོད་ཟེར་ཕྱོགས་བཅུར་འཕྲོསཿ ཞིང་ཁམས་རྩ་གསུམ་རྒྱལ་བ་རབ་འབྱམས་མཆོདཿ ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་ཀུན་བྱང་ནསཿ དཀྱིལ་འཁོར་ལྷ་ཚོགས་མཁའ་ལ་འཇའ་སྣང་བཞིན༔ གསལ་སྟོང་ངང་ནས་སྔགས་ཀྱི་རང་སྒྲ་སྒྲོགསཿ ཨོཾ་ཨཱཿཧཱུྃཿམ་ཧཱ་གུ་རུ་དྷེ་ཝ་པུཥྤེ་མ་ཎི་རཏྣ་སརྦ་སིདྡྷི་ཧཱུྃཿ« མ་གཡེང་རྩེ་གཅིག་ངང་ནས་ཤུད་བུར་བཟླས༔ འབུམ་ཕྲག་གསུམ་གྱི་རྟགས་མཚན་མཐོང་གསུངས་ཀྱང་ཿ འདི་ལ་བཟླས་གྲངས་དམིགས་ཀྱི་བསལ་བ་མེདཿ དངོས་ཉམས་རྨི་ལམ་རྟགས་མཚན་མཐོང་བར་བཤདཿ འདི་ཡི་ཡོན་ཏན་བརྗོད་པར་མི་དགོས་ཏེཿ དད་དང་དམ་ཚིག་ལྡན་པའི་སྐྱེས་བུ་ཡིསཿ ལེགས་པར་བསྒྲུབ་ན་རྟགས་མཚན་གསལ་བར་ངེསཿ གཉིས་པ་བསྒྲུབ་ཅིང་དམིགས་པའི་རིམ་པ་ནིཿ »བདག་ཐུགས་འོད་ཀྱི་མཆོད་པས་རྩ་གསུམ་མཉེསཿ ཐུགས་རྒྱུད་བསྐུལ་ཞིང་བྱིན་རླབས་འོད་ཕུང་གཡོསཿ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་རུཿ ཁ་ཆར་བུ་ཡུག་འཚུབ་བཞིན་བྱུང་བ་ཀུནཿ བདག་ལ་ཐིམ་ཞིང་ཡེ་ཤེས་སེམས་དཔར་བསྡུསཿ སླར་ཡང་རང་ལས་འོད་ཟེར་འཕྲོས་པ་ཡིསཿ དཀྱིལ་འཁོར་ལྷ་ཚོགས་གཟི་བརྗིད་ནུས་སྟོབས་རྒྱསཿ རིགས་བདག་བླ་མའི་ཐུགས་དམ་རྒྱུད་བསྐུལ་ཞིངཿ ཡབ་ཡུམ་སྐུ་ལས་འོད་ཟེར་འཕྲོས་པ་ཡིསཿ མཁའ་ཁྱབ་སེམས་ཅན་ལས་ཉོན་སྡིག་སྒྲིབ་སྦྱངསཿ ཐམས་ཅད་དཔའ་བོ་དཔའ་མོར་ཡོངས་དག་ནསཿ གསང་སྔགས་སྙིང་པོའི་བུང་བ་ཚང་ཞིག་ལྟརཿ སྒྲོགས་ཤིང་འཁྱེར་སོ་གསུམ་གྱི་ལམ་ཁྱེར་དངཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་ཝ་པུཥྤེ་མ་ཎི་རཏྣ་ཛྙཱ་ན་ཨ་ཝཻ་ཤ་ཡ་སརྦ་སིདྡྷི་ཧཱུྃ་ཧྲཱིཿ« སྐབས་སུ་སྣང་བ་གཏད་མོད་ངང་ཉིད་ནསཿ རིག་འཛིན་དཔའ་བོ་དཔའ་མོ་ཐམས་ཅད་ཀྱིསཿ ཧཱུྃ་གླུ་ལེན་ཞིང་ཨ་ར་ལི་དང་ཕེམ་ཕེམཿ སྒྲ་སྒྲོགས་ཆོས་ཉིད་ཉམས་ཀྱི་སྣང་བ་ཀུནཿ གྲོ་གར་སྤྲུལ་བསྒྱུར་སྣ་ཚོགས་མཛད་པ་ཡིཿ སྲིད་གསུམ་ཡོམ་ཡོམ་ཤིག་ཤིག་འགུལ་བར་བསམཿ རྣམ་རྟོག་འགགས་ཤིང་རིག་པའི་ཡེ་ཤེས་ངང་ཿ འབྱམས་ཀླས་གཏད་མེད་རྒྱ་ཡན་ཆེན་པོར་སྦྱངསཿ ཞིང་ཁམས་མཐོང་ཞིང་དག་པའི་སྣང་བ་ཤརཿ ས་གཞི་བྱིན་རླབས་འབྱུང་པོ་ཡུལ་འདོན་ཞིང་ཿ ལུས་ངག་ཡིད་ལ་བྱིན་ཆེན་འབེབས་པར་འགྱུརཿ གསུམ་པ་ལས་ལ་སྦྱོར་བ་རྣམ་པ་གཉིསཿ དབང་གི་ལས་སྦྱོར་དགོས་འདོད་ཀུན་འབྱུང་ནིཿ »ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཟེར་གྱིསཿ སྤྱི་བོར་རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལཿ ལྕགས་ཀྱུ་ལྟ་བུའི་འོད་ཟེར་སྣ་ཚོགས་འཕྲོསཿ ལྷ་ཀླུ་གནོད་སྦྱིན་མིའམ་ཅི་དང་ནིཿ དྲི་ཟ་གྲུལ་བུམ་ས་ཆུ་མེ་རླུང་ལྷཿ གཤིན་རྗེ་སྲིན་པོ་སྡེ་བརྒྱད་དྲེགས་པ་ཅནཿ ཁམས་གསུམ་སྲིད་པ་གསུམ་ལ་གནས་བཅས་དང་ཿ བན་བཙུན་སེར་སྐྱ་ཕོ་མོ་མི་ཡི་རིགསཿ ཆགས་སྡང་བར་མའི་སེམས་ལྡན་གང་ཡང་རུངཿ བརྟན་པ་བྲལ་བར་ཤོག་སྐྱ་རླུང་བསྐྱོད་བཞིནཿ རང་དབང་མེད་པར་བཀུག་ཅིང་མདུན་དུ་འཁོརཿ དགའ་མགུ་ཡི་རངས་དད་གུས་ལྡན་པ་ཡིསཿ ལུས་བཏུད་ཐལ་མོ་སྦྱར་ཞིང་དད་ཕྱག་འཚལཿ བསོད་ནམས་རླུང་རྟ་དབང་ཐང་འོད་དུ་བསྡུསཿ བདག་ལ་ཐིམ་ཞིང་གཟི་བརྗིད་རྒྱས་པར་དམིགསཿ སླར་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིསཿ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཀུནཿ བླ་མར་བསྡུས་ཤིང་ཡབ་ཡུམ་རོལ་བ་ཡིསཿ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་ཏེཿ བདག་གི་སྤྱི་བོ་ནས་ཞུགས་ལུས་གང་ཞིངཿ གདོས་བཅས་དངོས་པོར་འཛིན་པའི་ཞེན་པ་དགཿ སྟོང་གསལ་མཁའ་ལ་འཇའ་ཚོན་བཀྲ་བ་བཞིནཿ དབང་བཞི་མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་དྷེ་ཝཱ་པུཥྤེ་མ་ཎི་རཏྣ་ལོ་ཀ་སརྦ་ཝ་ཤཾ་ཀུ་རུ་བསྡུས་བསྡུས་ན་ན་ཁ་དྷི་སིདྡྷི་ཧཱུྃཿ «ཏིང་འཛིན་རྩེ་གཅིག་ངང་ནས་བརྒྱ་ཕྲག་བཟླསཿ» «ཁམས་གསུམ་དབང་བྱེད་ཚེ་བསོད་དཔལ་འབྱོར་རྒྱསཿ» རླུང་རྟ་དར་ཞིང་སྙན་གྲགས་ཕྱོགས་བཅུར་ཁྱབཿ དགོས་པ་བྱུང་ཚེ་དྲག་ལས་སྦྱོར་བ་ནིཿ མདུན་དུུ་ཏིང་འཛིན་དམིགས་པའི་ཧོཾ་ཁུང་དབུསཿ རྣྲྀ་ཏྲི་ལས་བྱུང་དགྲ་གདོན་དངོས་སུ་གསལཿ བདག་ཐུགས་དབང་ཆེན་ཐུགས་ཀའི་འོད་ཟེར་གྱིསཿ སྣོད་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོསཿ དམིགས་པའི་ཡུལ་གྱུར་དགྲ་གདོན་འབྱུང་པོ་གཙོསཿ ཉམས་པ་བདུན་དང་ལྡན་པའི་ཨ་མུ་ཀཿ རྒྱལ་འགོང་དམ་སྲི་མོ་གདོན་འདྲེ་མོའི་རིགསཿ གསར་སྐྱེས་འབྱུང་པོ་ཤི་གསོན་འདྲེ་རིགས་དངཿ རྒྱ་འདྲེ་གློ་བུར་ལྷག་པའི་གདུག་པ་ཅནཿ བརྟན་པ་བྲ་བར་བྱིའུ་ཆུང་ཁྲས་དེད་བཞིནཿ འགུགས་འཆང་བསྡོམ་མྱོས་དམིགས་པའི་རྟེན་ལ་བསྟིམཿ ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་རྩ་བ་གསུམཿ ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོའི་ཚོགསཿ ཆོས་སྐྱོང་དམ་ཅན་དགྲ་བླ་ཝེར་མ་བཅསཿ ལྷ་སྔགས་ཏིང་འཛིན་ཆོས་ཉིད་ཆོས་ཅན་མཐུཿ གསང་སྔགས་རིགས་སྔགས་ཟབ་མོའི་བདེན་སྟོབས་ཀྱིསཿ སྡང་བར་བྱེད་པའི་དམ་ཉམས་དགྲ་བོ་དངཿ བར་ཆད་བདུད་རིགས་གནོད་བྱེད་བགེགས་དཔུང་ཀུནཿ ས་འོག་ས་སྟེང་ས་བླ་གར་གནས་ཀྱངཿ སྐད་ཅིག་ཙམ་གྱིས་དམིགས་རྟེན་འདི་ལ་ཁུགཿ རྣྲྀ་ཏྲི་ཤ་ཏྲུན་དགྲ་གདོན་བཛྲ་ཨཾ་ཀུ་ཤ་ཛཿ རཏྣ་པ་ཤ་ཧཱུྃཿ པདྨ་སྥོ་ཊ་བཾཿ ཀརྨཱ་གྷནྡྷེ་ཧོཿ སྤྲུལ་པའི་ཕོ་ཉ་ལས་མཁན་ཚོགས་རྣམས་ཀྱིསཿ ཡེ་ཤེས་དྲག་པོའི་མཚོན་གྱིས་བསྒྲལ་ཞིང་གཏུབཿ རྣམ་ཤེས་ཨ་དཀར་སྒྲིབ་གཉིས་བག་ཆགས་སྦྱངསཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀར་འཕངཿ ཚེ་བསོད་རྣྲྀ་ཡིག་ལྗང་སེར་བདག་ལ་ཐིམཿ གཟུགས་ཕུང་ཤ་ཁྲག་རུས་པ་ནང་རོལ་བཅསཿ ལས་མཁན་དགྲ་བླ་ཝེར་མས་ལྷག་མེད་དུཿ རྔམས་ཟས་བྱས་པས་དགྲ་གདོན་གནས་རྟེན་སྟོངསཿ སྐྱེ་མེད་རིག་པའི་ཀློང་དུ་ས་མ་ཏིཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་ཝ་ཀྲོ་ཏ་རཱ་ཛ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཌ་ཀ་ཌཱཀྐི་ནི་སརྦ་དུཥྟཾ་ཨ་མུ་ཀ་བྷིགྣན་ཛཿཧཱུྃཿབཾ་ཧོཿརྣྲྀ་ཏྲི་ཤ་ཏྲུན་མ་ར་ཡ་ཕཊཿ «བརྒྱ་རྩ་བརྒྱད་བཟླས་ཞིང་དམིགས་པས་གཟིརཿ གང་ལ་དམིགས་པས་བརླག་བྱེད་ཅིངཿ འཇིགས་མེད་རྒྱལ་བའི་བཙན་ས་ཟིནཿ ཤིན་ཏུ་ཟབ་པའི་མན་ངག་གོཿ གསང་བ་ལས་གཞན་ཆེར་གསང་བཿ ཡང་གསང་བླ་ན་མེད་པ་འདིཿ སྙིང་དང་འདྲ་བའི་བུ་མཆོག་ལསཿ ཁྱབ་གདལ་སྤེལ་ན་མི་རུང་བསཿ དམ་ཚིག་སྲོག་གི་བཀའ་རྒྱ་ཡོདཿ གླིང་ལྷ་གདུག་རྩུབ་ཆེ་བའི་ཕྱིརཿ བཀའ་ཡི་ཆད་པ་བྱུང་ཏ་རེཿ དེ་ཕྱིར་གསང་སྒོ་དམ་པར་མཛོདཿ ཐུན་མཐར་དབྱངས་གསལ་འདོད་གསོལ་དངཿ རྟེན་སྙིང་ཡིག་བརྒྱ་སྤྱི་ལྟར་རོཿ» ན་མོ་བྷུདྷ་དྷརྨ་སངྒ་ཡ། ཞིང་བདེ་བ་ཅན་དུ་སྣང་མཐའ་ཡས། །གནས་གྲུ་འཛིན་ཕོ་བྲང་འཇིག་རྟེན་དབང༌། །དཔལ་པདྨ་འོད་གླིང་ཐོད་ཕྲེང་སྩལ། །བདུད་སྲིན་པོ་འཇོམས་པའི་དཔའ་བོ་སྟེ། །གླིང་གེ་སར་རྒྱལ་པོ་ཁྱོད་ལ་བསྟོད། །བདག་མི་ནོར་འཁོར་བཅས་གར་འགྲོ་ཡང༌། །དགྲ་བདུད་དཔུང་འཇོམས་པའི་དཔའ་བོ་མཛོད། །དཔལ་གཡང་དུ་འཁོར་བའི་ནོར་ལྷ་མཛོད། ཚེ་མི་འགྱུར་བསྟན་པའི་སྲོག་ཤིང་མཛོད། དོན་བསམ་ཀུན་འགྲུབ་པའི་ཕྲིན་ལས་མཛོད། «ཁྲག་འཐུང་དཔའ་བོས་སོ། རྗེས་ལ་ཚོགས་ཀྱི་མཆོད་པ་ནིཿ ཚོགས་གཏོར་ཟས་སྣ་ཤ་ཐབས་དངཿ» «རྩི་བཅུད་འབྲུ་བཅུད་ཆང་ཤེས་རབཿ གང་འབྱོར་བཤམས་ཤིང་བྱིན་རླབས་ནིཿ »རང་གི་ཐུགས་ལས་ལས་བྱེད་ཀྱིཿ མཁའ་འགྲོ་དམར་མོ་འཕྲོས་པ་ཡིསཿ སྐུ་ལས་མེ་རླུང་ཆུ་བྱུང་བསཿ མཆོད་པའི་མ་དག་བསྲེགས་གཏོར་བཀྲུསཿ རིག་བདག་ཐུགས་ལས་ཨོཾ་ཨཱཿཧཱུྃཿ འཕྲོས་པས་ངོ་བོ་ཡེ་ཤེས་ཀྱིཿ ཟག་མེད་བདུད་རྩིའི་རང་བཞིན་ལཿ རྣམ་པ་ལྷ་ཡི་ཞལ་ཟས་དངཿ ཤ་ལྔ་བདུད་རྩི་ལྔ་རུ་བསྒྱུརཿ རཾ་ཡཾ་ཁཾཿ «ལན་གསུམཿ »ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ཚོགས་མགྲོན་ལྷ་ཚོགས་སྤྱན་འདྲེན་པཿ »ཧཱུྃཿ ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་རྫོགསཿ འགྲོ་འདུལ་སྤྲུལ་པ་སྐུ་ཡི་ཞིངཿ དབང་དྲག་རོལ་བའི་ཕོ་བྲང་དངཿ དུར་ཁྲོད་བརྒྱད་དང་གནས་ཡུལ་ནཿ བཞུགས་པའི་སྐུ་གསུམ་ལྷ་ཚོགས་དངཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ དབྱེར་མེད་སྐྱེས་མཆོག་སེང་ཆེན་རྗེཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ ཚོགས་མཆོད་མགྲོན་ལ་སྤྱན་འདྲེན་གཤེགསཿ ས་སྤྱོད་རིག་འཛིན་སྤྲུལ་ཞིང་ནསཿ ཡི་དམ་དབང་གྲགས་ཧེ་རུ་ཀཿ ཕྲིན་ལས་ཐོགས་མེད་བདུད་སྡེའི་དགྲཿ གསང་ཡུམ་ལས་མཛད་ཁྲོ་བོ་དངཿ འཁོར་ཚོགས་སྤྲུལ་པར་བཅས་པ་རྣམསཿ གློག་ལྟར་མྱུར་བར་འདིར་གཤེགས་ལཿ དཔའ་བོ་དང་ནི་མཁའ་འགྲོའི་ཚོགསཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམསཿ རིན་ཆེན་རུས་རྒྱན་སི་ལི་ལིཿ ཅང་ཏེའུ་དྲིལ་བུ་ཁྲོ་ལོ་ལོཿ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུགཿ བཤུགས་པའི་གླུ་ལེན་ཀྱུ་རུ་རུཿ ལག་ན་ཕྱག་མཚན་སྣ་ཚོགས་འཛིནཿ ཚོགས་ཁང་འདི་ལ་བྱིན་ཅིག་ཕོབཿ རྣལ་འབྱོར་ཕོ་མོར་དངོས་གྲུབ་སྩོལཿ ཚོགས་གཏོར་འདི་ལ་བཅུད་ཅིག་སྤེལཿ འཁྲུལ་བའི་སྣང་བ་དག་པར་མཛོདཿ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛཿ «ལས་བྱེད་སྤྲུལ་པའི་མཁའ་འགྲོ་ལསཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ »ཧྲཱིཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ བླ་མ་ཡི་དམ་མཁའ་འགྲོ་དངཿ དཔའ་བོ་དཔའ་མོ་ཚོགས་བཅས་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ དགྱེས་པ་ཆེན་པོས་བཞེས་ནས་ཀྱངཿ ཚོགས་ཆེན་རྣམ་གཉིས་རྫོགས་པར་ཤོགཿ ག་ཎ་ཙཀྲ་པུ་ཙ་ཁཱ་ཧིཿ «བར་བ་བཤགས་པ་བྱ་བ་ནིཿ» ཀྱེ་ཐོག་མར་འཁྲུལ་བ་ནས་བཟུང་སྟེཿ སྒོ་གསུམ་བག་མེད་དབང་གྱུར་པསཿ རྩ་བ་ཡན་ལག་དམ་ཉམས་ཤིངཿ བག་མེད་འཁྲུལ་བའི་དབང་གྱུར་ཀུནཿ ཤ་ཆེན་ལྔ་དང་བདུད་རྩི་ལྔའིཿ རང་བཞིན་ཚོགས་ཀྱི་མཆོད་པ་འདིཿ ཕུལ་བས་བྱང་ཞིང་དག་གྱུར་ཅིགཿ སརྦ་པཉྩ་པཱུ་ཙ་ཧོཿཧཱུྃ་ས་མ་ཡཱ་ཤུདྡྷེ་ཨཱཿ «ཐ་མ་བསྒྲལ་མཆོད་འབུལ་བ་ནིཿ» མ་རིག་གཟུང་འཛིན་རཱུ་ཏྲའི་གཟུགསཿ རིག་པ་ཡེ་ཤེས་མཚོན་གྱིས་བསྒྲལཿ ཟག་མེད་བདུད་རྩིར་བྱིན་གྱིས་བརླབསཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཧོཿ «ལྷ་ཚོགས་ཐུགས་དམ་བསྐང་བ་ནིཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལཿ» ཧཱུྃཿ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེརཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་ནསཿ རིགས་འདུས་བླ་མ་པདྨ་ཐོད་ཕྲེང་རྩལཿ སྐུ་གསུམ་རྒྱལ་དང་རྩ་གསུམ་འདུས་པའི་དཔལཿ ཕྲིན་ལས་རྣམ་རོལ་སེམས་དཔའ་ཆེན་པོ་བཅས༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ སྣ་ཚོགས་རིན་ཆེན་མཛེས་པའི་ཁྲི་ལ་བཞུགསཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དངཿ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་མཆོདཿ ཚོགས་གཏོར་ཞལ་ཟས་རོ་དྲུག་ནུས་པ་ལྡནཿ མི་རྟ་ཁྱི་དང་རྨ་བྱ་གླང་ཆེན་ཤཿ ཟླ་རྒྱས་ཟླ་ཁྲོམ་དཀར་གསུམ་མངར་གསུམ་དངཿ ལ་དུ་ལ་ཕུག་ཤིང་ཐོག་འབྲུ་སྨན་ཟསཿ མཾ་ས་དཀར་རྩི་དམར་རྩི་དྲི་ཆེན་ཆུཿ སྦྱར་བའི་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེཿ གཞན་ཡང་བཏུང་བའི་བྱེ་བྲག་སྣ་ཚོགས་རིགསཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དངཿ རེག་འཇམ་དབང་པོ་དྲུག་ལ་ཚིམ་བྱེད་རིགསཿ འཕན་གདུགས་བླ་བྲེ་ཕྱེ་འཕུར་བ་དན་དངཿ རྔ་མའི་བསིལ་ཡབ་རོ་མོའི་བྱེ་བྲག་སོགསཿ དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་པ་ཡིསཿ བྱེ་བྲག་ཀུན་བཟང་མཆོད་པའི་སྤྲིན་ཕུང་གིསཿ ཆོས་ལོངས་སྤྲུལ་པའི་སངས་རྒྱས་ཐུགས་དམ་བསྐངཿ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པཿ རིག་འདུས་མ་ཧཱ་གུ་རུའི་ཐུགས༴ དགོངས་རྒྱུད་བརྡའ་དང་མན་ངག་ལུང་སྟོན་པའིཿ རྫོགས་ཆེན་དོན་བརྒྱུད་བླ་མའི་ཐུགས༴ བླ་མ་མཁའ་འགྲོ་དབང་བསྐུར་བྱིན་གྱིས་རློབསཿ སྤྲུལ་སྐུ་བདུད་འདུལ་རྒྱལ་པོའི་ཐུགས༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའིཿ ཡི་དམ་ཞི་ཆགས་ཁྲོ་བོའི་ཐུགས༴ ས་དང་ལམ་གྱི་བར་ཆད་ཀུན་སེལ་བའིཿ མ་རྒྱུད་མཁའ་འགྲོའི་ཚོགས་ཀྱི་ཐུགས༴ དགྲ་གདོན་གདུག་པ་འདུལ་བའི་གཤེད་དུ་རྔམསཿ དབང་དྲག་ཧེ་རུ་ཀ་ཡི་ཐུགས༴ བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེདཿ ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐུགས༴ ཁམས་གསུམ་སྲིད་པ་གསུམ་ལ་དབང་བསྒྱུར་བའི༴ མི་རྒྱུད་མཁའ་འགྲོའི་ཚོགས་ཀྱི༴ དབྱིངས་ནས་འདུ་འབྲལ་མེད་པར་གྲོགས་མཛད་པའི༴ བྱིན་རླབས་མྱུར་མཛད་ལྷ་ཚོགས་ཐུགས༴ བསོད་ནམས་དབང་ཐང་རླུང་རྟ་སྙན་གྲགས་སྤེལཿ དགྲ་བླ་ལྷ་འཁོར་ཚོགས་ཀྱི་ཐུགས༴ དགྲ་དཔུང་འཇོམས་པའི་ཕྲིན་ལས་གློག་ལྟར་མྱུརཿ དྲག་པོ་ཝེར་མའི་ཚོགས་ཀྱི་ཐུགས༴ རྒྱལ་བསེན་དམ་སྲི་རྒྱ་འདྲེ་འབྱུང་པོ་འདུལཿ ཕོ་ཉ་ལས་བྱེད་ཚོགས་ཀྱི་ཐུགས༴ མ་བཅོལ་པར་ཡང་ཕྲིན་ལས་ཐོགས་མེད་སྒྲུབཿ བཀའ་འཁོར་དྲེགས་པ་འབུམ་སྡེའི་ཐུགས༴ བསོད་ནམས་ཟ་ཐང་ལོངས་སྤྱོད་སྤེལ་བ་ཡིཿ གནོད་སྦྱིན་དེད་དཔོན་ཚོགས་ཀྱི་ཐུགས་དམ་བསྐངཿ ཐུགས་དམ་བསྐང་བར་བྱེད་པའི་དམ་རྫས་དངཿ བྱ་རིགས་གཅན་གཟན་ཆུ་གནས་རི་དྭགས་དངཿ གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་དངཿ གཡང་དྭགས་སྐྱེད་ཚལ་སྨན་ལྗོངས་མེ་ཏོག་བཀྲཿ གོ་མཚོན་རིན་ཆེན་སྣ་ཚོགས་དཀོར་ནོར་རྫསཿ ས་དང་བར་སྣང་ནམ་མཁའི་ཁྱོན་གང་བཿ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཐུགས༴ བདག་ཅག་ཤ་ཁྲག་སྒྱུ་མའི་གྲོང་ཁྱེར་སྦུབསཿ གཟུང་འཛིན་རྣམ་རྟོག་གཞན་དབང་གྱུར་པ་ཡིཿ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དངཿ ལུས་ངག་ཡིད་གསུམ་བག་མེད་དབང་གྱུར་པསཿ ཁྱེད་རྣམས་སྐུ་གསུང་ཐུགས་དང་འགལ་བའི་ལསཿ ཅི་བགྱིས་མཐོལ་ལོ་བཤགས་སོ་བཟོད་པར་གསོལཿ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡངཿ འཇིག་རྟེན་ས་མཚམས་འཛིན་པ་དྲེགས་པའི་སྡེཿ དམ་འགལ་སྐྱོན་མཐོང་ཙམ་གྱིས་ཆད་པ་གཅོདཿ སྤྱང་ཀི་ལྟོགས་ཀྱང་རང་གི་ཤ་མི་ཟཿ གླིང་ལྷ་འཁྲུགས་ཀྱང་རང་ལ་མི་སྡིག་པའིཿ སྔོན་གྱི་ཐ་ཚིག་ཡལ་བར་མ་དོར་བརཿ བུ་ལྟར་སྐྱེངས་ཤིང་ཕྲིན་ལས་ཐོགས་མེད་སྒྲུབསཿ དགྲ་གདོན་ཐལ་བར་བརླག་པའི་ཕྲིན་ལས་མཛོདཿ «ལྷ་འཁོན་ཉམས་ཆག་སྦྱངས་བའི་ཐབསཿ བསྐང་བཤགས་འདི་ལ་ནན་ཏན་བྱཿ ༈ དེ་ནས་རང་ཉིད་ལྷར་གསལ་བསཿ དགའ་སྟོན་ཚོགས་ཀྱི་འཁོར་ལོ་ལཿ བྲམ་ཟེ་སྐྱེ་བདུན་སྐུ་ཤ་དངཿ ཡེ་ཤེས་བདུད་རྩིའི་རང་བཞིན་དམིགསཿ དམ་ཚིག་ལྡན་པ་མང་འདུས་ནཿ གླུ་དང་གར་གྱི་མཆོད་པའང་བྱཿ ༈ ཚོགས་རྗེས་ལྷག་མ་བསྔོ་བ་ནིཿ སྔོན་དུ་གཙང་ལྷག་བྱིན་གྱིས་བརླབསཿ »ཨོཾ་ཨཱཿཧཱུྃཿཔཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿལྷག་མའི་གཏོར་མ་ཤ་ཁྲག་རུས་གསུམ་ནང་རོལ་དང་བཅས་པ་དཔལ་ཆེན་པོའི་ཕ་འབབ་དམིགས་བྱའི་སྲོག་དབུགས་འདུས་པའི་རང་བཞིན་དུ་གྱུརཿ ཧྲཱིཿ ཕྱོགས་བཞིའི་འཇིགས་པའི་དུར་ཁྲོད་ནསཿ ཤ་ཟ་འཇིག་རྟེན་མཁའ་འགྲོ་མཿ འཇིགས་རུང་ཕྲིན་ལས་ཐོག་ལྟར་མྱུརཿ སྣ་ཚོགས་མདོག་ཅན་ཁྲོས་པའི་གཟུགསཿ ཕྱག་མཚན་མཚོན་ཆ་སྣ་ཚོགས་བསྣམསཿ དགྲ་གདོན་བརླག་ཅིང་བྱད་ཕུར་བཟློགཿ གློག་ལྟར་མྱུར་བར་འདིར་གཤེགས་ལཿ ཚོགས་ལྷག་བཀའ་ཡི་ཕ་འབབ་ལོངསཿ དགྲ་གདོན་འབྱུང་པོའི་སྙིང་ཁྲག་འཇིབསཿ ཤ་ཁྲག་རུས་པ་ནང་རོལ་ཟོཿ བྱད་དམ་རང་གཤེད་རང་ལ་བཟློགཿ ཆགས་ཆེ་ཉམས་ང་ནད་མཚོན་དངཿ འབྱུང་བཞི་དུས་ཀྱི་གཡོ་འཁྲུགས་བཟློགཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ མ་མ་ལོ་ཀ་ཌ་ཀ་ཌཱཀྐི་ནི་རྣྲྀ་ཏྲི་ཤ་ཏྲུཾ་ཨུཥྩི་ཊ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀིང་ནི་རི་ཏི་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ «བཤལ་ཆུ་ཕྱིར་དོར་བཙོག་ལྷག་ནིཿ» ཨ་ཀ་རོ་«སོགས་འདོན་ཡོན་སྣ་ཚོགས་བྱིན་བརླབས་ལཿ» ཀྱཻ་མཐུ་ལྡན་ཚོགས་ཀྱི་རྗེས་འབྲང་བའིཿ ལྷག་ལ་རེ་བ་འབྱུང་པོའི་སྡེཿ བསྟན་པ་སྲུང་ཞིང་དཀར་ཕྱོགས་སྐྱོངསཿ འཁོར་བཅས་བཀའ་ཡི་ཕ་འབབ་ལོངསཿ རྐྱེན་ངན་བར་ཆད་བཟློག་པ་དངཿ མི་ཕྱུགས་ནད་རིམས་གོད་ཁ་ཞིཿ བསེ་རག་འབྱུང་པོ་འདུལ་བ་དངཿ རང་ཕྱོགས་རྒྱལ་བའི་ལས་སྒྲུབས་ཤིགཿ ཨུཥྩི་ཊ་ཁ་ཁ་ཁཱ་ཧི་སྭཱ་ཧཱཿ «ལན་ཆགས་བསྔོ་བ་ནིཿ »ཨོཾ་ཨཱཿཧཱུྃཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་«སོགས་མཚན་བཞི་འདོནཿ» སཾ་བྷ་ར་«སོགས་ལན་བདུནཿ »བགེགས་རྒྱལ་བཱི་ན་ཡ་ག་དང་ཿ ཁ་འབར་མ་དང་འཇུར་འགེགས་མའིཿ གཙོར་གྱུར་སྙིང་པོའི་མགྲོན་དུ་གྱུརཿ བུ་ལོན་ལན་ཆགས་མ་འཁོན་རིགསཿ ཆང་བུའི་གཏོར་མ་འདི་ཁྱེར་ལཿ བུ་ལོན་ལན་ཆགས་ཀུན་བྱང་ནསཿ བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ གནོད་སེམས་གདུག་སེམས་ཀུན་ཞི་ཞིངཿ མཐར་ཐུག་སངས་རྒྱས་ཐོབ་པར་ཤོགཿ སརྦ་བྷུ་ཏ་གཙྪཿ «དེ་ནས་ཆོས་སྐྱོང་དྲེགས་པའི་སྡེརཿ ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ བསྐུལ་བ་གནམ་ལྕགས་ཐོགས་མདའ་བཞུགསཿ དམར་གཏོར་ཤ་ཁྲག་སྙིང་གིས་བརྒྱནཿ བསང་དང་གསེར་སྐྱེམས་མཆོད་པ་བཤམསཿ »བསྭཽ་ནམ་མཁའ་མཐིང་དང་འཇའ་འོད་མེ་དཔུང་ནཿ རཀྟའི་དབའ་ཀློང་ཆེན་པོ་འཁྲུགས་པའི་ཀློངཿ མི་རོ་གསར་རྙིང་སྣ་ཚོགས་ཁྲི་སྟེང་དུཿ ལྷ་རྟ་རྐྱང་རྒོད་འཕེལ་པོའི་ཆིབས་གོང་ནཿ འཛམ་གླིང་རྒྱན་གཅིག་གེ་སར་དགྲ་འདུལ་རྒྱལཿ དམར་སྨུག་ཁྲོ་གཏུམ་ཞལ་གཅིག་རྔམས་བག་ཅནཿ ཁྲབ་ནག་ཟིར་པ་ཐོག་རྒྱུག་སྐུ་ལ་གསོལཿ ཐབས་ཤེས་རང་བཞིན་སྟག་དོང་གཟིག་ཤུབ་བཀྲཿ དགྲ་སྲོག་གཅོད་ཕྱིར་རལ་གྲི་སྐར་ལྟར་འཁྱུགསཿ རྨོག་དཀར་རྒྱལ་བའི་དོན་འགྲུབ་དབུ་ལ་གསོལཿ ཕྱག་གཡས་ལྕག་ཚན་ཀླད་ལ་སྐོར་ཞིང་བརྡེགསཿ དམ་ཉམས་ཕུང་ཁམས་གྲུ་གུ་དམར་ཐག་གཅོདཿ གཡོན་པས་སྲབ་མདའ་སྦྲུལ་ནག་ཞགས་པ་ཐོགསཿ བགེགས་དཔུང་མ་ལུས་ཐལ་བའི་རྡུལ་དུ་རླགས༔ སྤྱི་གཙུག་འཇའ་འོད་མེ་ཟོར་འཁྲུགས་པའི་ཀློངཿ པདྨ་འབྱུང་གནས་རྡོ་རྗེ་གྲོ་བོ་ལོདཿ རྒྱལ་བསེན་དམ་སྲི་འདུལ་བའི་གཉེན་པོར་བཞུགསཿ དགྲ་བླ་བཅུ་གསུམ་ཝེར་མ་བཅུ་གསུམ་དངཿ ཚ་ཞང་ལ་སོགས་ཕུ་ནུའི་འཁོར་གྱིས་བསྐོརཿ ལྷ་ཀླུ་གཉན་དམག་ཁ་བ་བུ་ཡུག་འཚུབསཿ མ་ལུས་འཁོར་བཅས་དྲག་པོའི་ལས་ལ་བཞེངསཿ ལྷ་ཤིང་བསང་གསོལ་མཆོད་སྤྲིན་རྒྱ་ཆེན་པོཿ བཞེས་ལ་མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོདཿ ཛ༔བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངསཿ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལཿ མཛོད་ཅིག་མཛོད་ཅིག་དགྲ་ལ་ཕྲིན་ལས་མཛོདཿ སྤོར་ཅིག་སྤོར་ཅིག་རྣམ་ཤེས་བདེ་ཆེན་སྤོརཿ ཁྱེད་སྔོན་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུཿ ཕྱོགས་བཞིའི་དགྲ་བཞི་སྒྲོལ་བར་མ་ཆད་དམཿ སངས་རྒྱས་བསྟན་དགྲ་སྒྲོལ་བར་མ་ཆད་དམཿ དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམཿ རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམཿ བོད་ཁམས་བདེ་ལ་འགོད་པར་མ་ཆད་དམཿ ད་ལྟ་མངོན་སྤྱོད་ཕྲིན་ལས་མི་མཛད་ནཿ སྔོན་གྱི་བདུད་རྒྱལ་སྤྲུལ་པས་ས་གཞི་ཁྱབཿ ཤི་འདྲེ་ཕོ་མོས་ཉིན་པར་ཀུ་ཅོ་འདོནཿ དབེན་གནས་ཆོས་འཁོར་རྣམས་ཀྱང་ཇག་པས་བཤིགསཿ དམ་ཉམས་དགྲ་བོས་རྣལ་འབྱོར་བདག་ལ་འཚེཿ སངས་རྒྱས་བསྟན་པའི་ཉི་མ་ནུབ་ལ་ཉེཿ བོད་ཁམས་མི་བདེ་སྡུག་པའི་དུས་མཐའ་བྱུངཿ ད་ནི་མཐུ་རྩལ་བྱུང་བའི་དུས་ལ་བབསཿ སངས་རྒྱས་བསྟན་དགྲ་སྒྲོལ་བའི་དུས་ལ་བབསཿ བླ་མའི་སྐུ་དགྲ་སྒྲོལ་བའི་དུས་ལ་བབསཿ རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་དུས་ལ༴ བདག་ལ་སྡང་བའི་དམ་ཉམས་དགྲ་བོ་འདིའིཿ སྲོག་རྩ་དམར་པོར་རྦད་ཀྱིས་ཆོད་ལ་ཤོག༔ ཁོང་ཁྲག་དམར་པོ་ཧུབ་ཀྱིས་དྲོངས་ལ་ཤོགཿ རྣམ་ཤེས་བདེ་ཆེན་དག་པའི་ཞིང་ལ་དྲོངསཿ ལོ་དང་ཟླ་བར་མ་བཞག་ད་ལྟ་སོདཿ ཞག་དང་ཟ་མར་མ་འགྱང་མྱུར་དུ་སྒྲོལཿ དོ་ནུབ་ནམ་གྱི་ཕར་ཕྱི་ཚུར་ཕྱེད་ལཿ བསད་རྟགས་གློ་སྙིང་དམར་པོ་ཁྱེར་ལ་ཤོག །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོདཿ «ཅེས་བརྗོད་གཏོར་མ་དགྲ་ཕྱོགས་འཕེནཿ དགྲ་དཔུང་རྡུལ་དུ་བརླག་པར་ངེསཿ ཁྲག་འཐུང་དཔའ་བོའི་བརྡ་རིགས་ལས་སོ། ཆད་ཐོ་བསྒྲགས་ཤིང་གཏོར་མ་བརྔནཿ »ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ« ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབསཿ» ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལཿ དབང་ཆེན་པདྨ་ཧེ་རུ་ཀསཿ གསང་ཆེན་རོལ་པའི་དུར་ཁྲོད་ནསཿ དབང་དྲག་དཀྱིལ་འཁོར་ཞལ་ཕྱེས་ཚེཿ ཁས་བླངས་དམ་ལ་གནས་པ་ཡིཿ ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་ནིཿ བསིལ་བ་ཚལ་གྱི་དུར་ཁྲོད་དུཿ བདུད་འདུལ་པདྨ་རྒྱལ་པོ་ཡིསཿ རྔམས་བརྗིད་དཀྱིལ་འཁོར་ཞལ་ཕྱེས་ཚེཿ དབང་བསྐུར་རྡོ་རྗེའི་ཐ་ཚིག་བླངཿ བསྟན་པ་བསྲུང་བར་དམ་བཅས་པའིཿ མ་མགོན་གཟའ་དམ་བསྙོ་ཁ་སོགསཿ དེ་རྗེས་བོད་ཁམས་གནས་བརྒྱད་དུཿ སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིསཿ ཟིལ་གནོན་དཀྱིལ་འཁོར་ཞལ་ཕྱེས་ཚེཿ དཀར་ཕྱོགས་བསྟན་པ་སྐྱོང་བ་དངཿ གསང་སྔགས་གཏེར་གྱི་སྲུང་མ་རུཿ ཁས་བླངས་དམ་གནོས་དབང་བསྐུར་བའིཿ ལྷ་ཀླུ་གཉན་དང་དྲེགས་པའི་སྡེཿ གནོད་སྦྱིན་དེད་དཔོན་ཆེན་པོའི་ཚོགསཿ དམ་ཚིག་དགོངས་ལ་གནས་འདིར་གཤེགསཿ དམ་རྫས་ཆད་ཐོའི་གཏོར་མ་ལོངསཿ ཐ་ཚིག་གཉན་པོ་མ་གཡེལ་བརཿ གསང་སྔགས་བསྟན་སྲུངས་བསྟན་འཛིན་སྐྱོངསཿ མངའ་ཐང་ཉི་འོག་ཁྱབ་པ་དངཿ བསམ་ངན་སྦྱོར་རྩུབ་སྡང་བའི་དགྲཿ ཚེ་བསོད་སྟོབས་འབྱོར་མངའ་ཐང་ལཿ བར་དུ་གཅོད་པའི་གདོན་བགེགས་རིགསཿ རྣོ་ངར་དྲག་པོའི་མཚོན་གྱིས་གཞོམསཿ མིང་གི་ལྷག་མ་མེད་པར་མཛོདཿ འདོད་པའི་དོན་ཏུ་གཉེར་བའི་ལསཿ མྱུར་འགྲུབ་ལས་ལ་མ་གཡེལ་ཅིགཿ «བརྟན་མ་གཞི་བདག་གཏོར་འབུལ་ནིཿ བྱིན་གྱིས་བརླབས་ལ་འདི་སྐད་དོཿ» ཀྱེཿ བོད་ཁམས་སྐྱོང་བར་མཛད་པ་ཡིཿ གནོད་སྦྱིན་མ་བཞི་སྨན་མོ་བཞིཿ བདུད་མོ་བཞི་སོགས་བསྟན་པ་སྐྱོངསཿ བཅུ་གཉིས་གཙོར་གྱུར་དཀར་ཕྱོགས་ལཿ གནས་པའི་ཟོ་དོར་འཁོར་དང་བཅསཿ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངསཿ ནད་མཚོན་མུ་གེ་འཁྲུགས་རྩོད་དངཿ སད་སེར་བཙའ་ཐན་གོད་ཁ་ཞིཿ འབྱུང་བཞིའི་གནོད་པ་ཀུན་བཟློག་ཅིངཿ ཆར་ཆུ་དུས་འབེབ་ལོ་ཕྱུགས་ལེགསཿ བསོད་ནམས་རླུང་རྟ་འཕེལ་ཞིང་རྒྱསཿ བོད་ཁམས་བདེ་བའི་ཕྲིན་ལས་མཛོདཿ མ་མ་ཏིང་ཏིང་ཤག་བྷ་ལིངྟ་ཁ་ཁ་ཁཱ་ཧིཿ« ལས་མཐའ་མནན་པ་བསྡུ་བ་ནིཿ ཏིང་འཛིན་དམིགས་གནད་ལྡན་པ་ཡིཿ »ཧྲཱིཿ རང་ཉིད་ཡི་དམ་ཐུགས་ཀ་ནསཿ ཁྲོ་རྒྱལ་ཌ་ཀི་རཱ་ཛ་འཕྲོསཿ དམ་སྲི་རྒབ་འདྲེ་ཐེའུ་རང་དང་ཿ མི་ལ་བསེ་རག་ཀུན་བཀུག་ཅིངཿ དགྲ་སྟྭ་བསྣུན་པས་ས་གཞི་གསཿ མཚོ་དབུས་ཀླུ་བདུད་ཏི་པ་ཙཿ ཞལ་གདངས་གྲེ་བར་ཐམས་ཅད་དེདཿ ཁ་བསྡམ་རིམ་དགུས་ས་འོག་སོངཿ ཡུམ་ཆེན་ལྔ་ཡི་རྒྱ་བཏབ་པསཿ ནམ་ཡང་ལྡང་མི་ནུས་པར་གྱུརཿ སྟྭཾ་བྷ་ཡ་ནནཿ མུཾ་ལཾ་མཾ་པཾ་ཏཾ་ཨ་ཨཱཿ «མཆོད་ཅིང་བསྟོད་པའི་རིམ་པ་ནིཿ» ཧཱུྃཿ ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་ལཿ ཕྱི་ནང་མཆོད་པ་གཟུགས་སྒྲ་དྲི་རོ་རེགཿ སྨན་གཏོར་རཀྟ་སྦྱོར་སྒྲོལ་བདེ་བ་ཆེཿ འབུལ་ལོ་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་པདྱཾ་«སོགས་»ཤབྟ་སརྦ་པཉྩ་རཀྟ་བྷ་ལིངྟ་ཏ་ན་ག་ཎ་པཱུ་ཙ་ཁཱ་ཧིཿ བཀའ་རྒྱུད་བླ་མ་རྣམས༴ ཡི་དམ་ལྷ་ཚོགས་རྣམས༴ མཁའ་འགྲོ་ཆོས་སྐྱོངས་རྣམས༴ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ« སྒྲུབ་པ་མཐའ་རྫོགས་དངོས་གྲུབ་ལེནཿ དཀྱིལ་འཁོར་དབུས་ཀྱི་བྷནྡྷ་ཐོགསཿ »ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེའི་གཏེརཿ ཀུན་འདུས་ཡི་དམ་བདུད་འདུལ་ཧེ་རུ་ཀཿ རིགས་བདག་པདྨ་རྒྱལ་པོ་ཡབ་ཡུམ་དངཿ ཧྱ་གྷྲྀ་ཝ་རིགས་བཞིའི་མཁའ་འགྲོ་མཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ བདག་ཅག་དམ་གཙང་རྣལ་འབྱོར་སྒྲུབ་པ་པོརཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་བསྐུར་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལཿ འཇིགས་པ་བརྒྱད་སྐྱོབས་ཞི་བའི་དངོས་གྲུབ་སྩོལཿ འབྱོར་བ་དྲུག་ལྡན་རྒྱས་པའི་དངོས་གྲུབ༴ མོས་པ་རྣམ་བཞི་དབང་གི༴ དགྲ་བགེགས་ཚར་གཅོད་དྲག་པོའི༴ ལས་བཞི་ལྷུན་གྱིས་གྲུབ་པའི༴ བདེ་སྟོང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལཿ གྲུབ་པ་བརྒྱད་དང་དབང་བཅུ་ཕྱི་ནང་གཉིསཿ ཚེ་འདིར་རིག་འཛིན་བླ་མ་མཆོག་འགྲུབ་ནསཿ སྐུ་ལྔ་ཡེ་ཤེས་འབྲས་བུས་མངོན་གྱུར་ཤོགཿ ཨོཾ་ཨཱཿཧཱུྃཿགུ་རུ་དཱེ་ཝ་པུཥྤེ་མ་ཎི་རཏྣ་སརྦ་སིདྡྷི་ཧཱུྃཿ ཀཱ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་ཤིནྟཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་མ་ཧཱ་མུ་ཏྲ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿ «གནས་ལྔར་གཏུག་ཅིང་བཅུད་ལ་རོལཿ མེ་ལོང་ལྟ་ཞིང་ཐུགས་ཡིད་བསྲེཿ ལྟ་བའི་ངང་མདངས་དར་ཅིག་བཞགཿ དངོས་གྲུབ་ཐོབ་པར་ཐེ་ཚོམ་མེདཿ ལོག་ལྟའི་ཐེ་ཚོམ་གྱིས་མ་བསླདཿ དད་དང་མོས་གུས་དམ་ཚིག་ལྡནཿ »གསང་ཐུབ་རིག་འཛིན་སྐྱེས་བུ་ལཿ མཆོག་ཐུན་དངོས་གྲུབ་སྒྲུབ་ཐབས་མཆོགཿ ཡོན་ཏན་ནུས་པ་བརྗོད་མི་ལང་ཿ «སླར་ཡང་མཆོད་བསྟོད་རྒྱས་པར་བྱཿ འགལ་འཁྲུལ་ནོངས་པ་བཤགས་པ་ནིཿ »ཧྲཱིཿ ཡི་དམ་རྩ་གསུམ་ལྷ་ཚོགས་དཀྱིལ་འཁོར་དུཿ བསྙེན་སྒྲུབ་མཆོད་པ་གཞུང་བཞིན་བགྱིས་པ་ལཿ མ་རིག་དབང་གིས་ཆོ་ག་ལྷག་ཆད་ཤོརཿ བསྐྱེད་རིམ་མ་གསལ་བཟླས་བརྗོད་གྲངས་ཉུལ་བཿ ཏིང་འཛིན་བྱིང་རྨུག་ལེ་ལོའི་དབང་དུ་ཤོརཿ སེར་སྣའི་དབང་གིས་མཆོད་རྫས་ཕྲི་བ་དངཿ ཐེ་ཚོམ་ལོག་ལྟ་དམ་ཉམས་ཤོར་བ་ཀུནཿ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགསཿ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ« ཡི་གེ་བརྒྱ་བ་ལན་བདུན་བརྗོདཿ བརྟན་བཞུགས་བསྡུ་རིམ་བྱ་བ་ནིཿ »བླ་མ་ཡི་དམ་ལྷ་ཚོགས་མ་ལུས་ཀུནཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པརཿ བདག་དང་འབྲལ་མེད་རྟག་པར་བཞུགས་ནས་ཀྱངཿ ཚེ་འདིར་མི་མཐུན་བདུད་ཀྱི་གཡུལ་ལས་རྒྱལཿ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དངཿ མཐར་ཐུག་རྒྱལ་དབང་པདྨ་འོད་འབར་གྱིཿ ཐུགས་ཀྱི་ཐིག་ལེར་རོ་གཅིག་འདྲེས་པར་མཛོདཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཕྱི་སྣོད་ནང་བཅུད་རྟེན་དང་བརྟེན་པ་རྣམསཿ གཙོ་བོར་བསྡུས་ཞིང་རིགས་བདག་བླ་མ་དངཿ འོད་དུ་ཞུ་ནས་རང་དང་དབྱེར་མེད་འདྲེསཿ རང་ཡང་སྙིང་ཀའི་ཡེ་ཤེས་སེམས་དཔར་ཐིམཿ དེ་ཉིད་ཐུགས་སྲོག་ལ་ཐིམ་འཇའ་ལྟར་ཡལཿ རང་རིག་སྨྲ་བསམ་བརྗོད་མེད་ངང་དུ་བཞགཿ སླར་ཡང་རྗེས་ཐོབ་ཆུ་ལ་ཉ་འཕར་ལྟརཿ རིགས་བདག་བླ་མ་ཡི་དམ་དབྱེར་མེད་པཿ དབང་ཆེན་དམར་པོར་ཐོད་དབྱུག་ཞགས་པ་འཛིནཿ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིངཿ གསལ་སྟོང་མཁའ་ལ་འཇའ་ཚོན་ཤར་བ་བཞིནཿ སྤྱོད་ལམ་ཀུན་ཏུ་ལམ་ཁྱེར་མ་བྲལ་ངངཿ ཨོཾ་པདྨ་ཏ་ཀྲྀ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ «བརྒྱའམ་སྐོར་གཅིག་དག་པར་བསྒྲངསཿ འགྲོ་འདུག་ཟ་ཉལ་རྒྱུན་སྤྱོད་དུས་ཀུན་ཏུཿ བསྐྱེད་རིམ་གསལ་སྟོང་རྫོགས་རིམ་རིག་པའི་གཤིསཿ འབྲལ་མེད་རྒྱུན་སྐྱོང་བསྲུང་བའི་མཆོག་ཡིན་ནོཿ འདི་ལ་དགོས་པ་ཁྱད་པར་ཅན་འགའ་ཡོདཿ ཟག་བཅས་ཟག་མེད་དགེ་བ་བསྔོ་བ་ནིཿ »དེང་འདིར་བསྐྱེད་རྫོགས་བཟླས་བརྗོད་ཟབ་ལམ་གྱིཿ རྨད་བྱུང་དགེ་བ་འདིས་མཚོན་དུས་གསུམ་དུཿ བསགས་པའི་ཟག་བཅས་ཟག་མེད་རྣམ་དཀར་དགེཿ མར་གྱུར་ནམ་མཁའ་ཁྱབ་པའི་སེམས་ཅན་རྣམསཿ སྡུག་བསྔལ་ལས་ཐར་སངས་རྒྱས་ཐོབ་པའི་ཕྱིརཿ འཁོར་གསུམ་དམིགས་པ་མེད་པའི་དབྱིངས་སུ་བསྔོཿ «དེ་ནས་འདུན་པ་རྩེ་གཅིག་སྨོན་ལམ་གདབཿ» སངས་རྒྱས་ཆོས་དང་བྱང་སེམས་འཕགས་པའི་ཚོགསཿ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོཿ རྒྱལ་བ་བུ་རཾ་ཤིང་པའི་བསྟན་པ་འདིརཿ ཚེ་གཅིག་གྲོལ་བའི་གདམས་པ་ཨ་ཏིའི་ཆོསཿ འཕྲད་པ་དཀའ་བར་མཇལ་བ་ངོ་མཚར་ཆེཿ ད་དུང་བསྟན་པ་ཉི་འོག་ཀུན་ཏུ་ཁྱབཿ འཛིན་སྐྱོང་སྤེལ་བའི་རིག་འཛིན་སྐྱེས་བུ་འཕེལཿ སྐུ་ཚེ་མཐར་ཕྱིན་མཛད་ཕྲིན་འཁོར་ཚོགས་རྒྱསཿ མ་འོངས་བྱམས་པ་མགོན་པོ་མ་བྱོན་བརཿ ཐིག་ལེ་སྐོར་གསུམ་ནུས་པ་མེད་པར་ཤོགཿ རྒྱལ་དབང་པདྨའི་ཕྲིན་ལས་སྤྲུལ་པའི་གརཿ གསང་ཆོས་མ་ནོར་འཛིན་མཛད་སྤྲུལ་པའི་སྐུཿ ས་སྤྱོད་རིག་འཛིན་ཞིང་ལ་དབང་བསྒྱུར་བའིཿ གེ་སར་སྐྱེས་བུས་ཐུགས་དགོངས་ཡོངས་རྫོགས་ཤིངཿ འགྲོ་དོན་མཐར་ཕྱིན་གདུལ་བྱ་འདྲེན་པར་ཤོགཿ ནག་ཕྱོགས་བསྟན་ལ་སྡང་བའི་འདྲེ་རྒོད་དངཿ རྒྱ་འདྲེ་འབྱུང་པོ་གསར་སྐྱེས་རྒྱལ་བསེན་རིགསཿ རྣོ་ངར་དྲག་པོའི་མཚོན་གྱི་རབ་གཞོམ་ནསཿ རྣམ་ཤེས་བཙན་ཐབས་ཉིད་དུ་སྤར་ནས་ཀྱངཿ འཁོར་བ་མཐའ་ཅན་འགྲོ་དོན་ནུས་པར་ཤོགཿ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག་པ་ཀུནཿ རྩ་རླུང་ཐིག་ལེ་འདུ་བ་ཡོངས་སྨིན་ཞིངཿ བསྐྱེད་དང་རྫོགས་པའི་ལམ་མཆོག་མཐར་ཕྱིན་ནསཿ རང་རིག་འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིནཿ དགྲ་གདོན་བདུད་ཀྱི་གཡུལ་ངོ་ལས་རྒྱལ་ཞིངཿ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཤོགཿ དམ་གཙང་འབྲེལ་བས་བསྡུས་པའི་གང་ཟག་དངཿ སྒྲོལ་བ་སྙིང་རྗེ་ཆེན་པོས་རྗེས་བཟུང་ཀུནཿ ཉོན་ཤེས་གཟུང་འཛིན་སྒྲིབ་པ་ཀུན་དག་ནསཿ འཁྲུལ་བ་རྨི་ལམ་སད་པ་ལྟར་གྱུར་ཞིངཿ སྐུ་གསུམ་པདྨ་འོད་དུ་གྲོལ་བར་ཤོགཿ ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་ཀུནཿ ཉོན་མོངས་དུག་ལྔའི་ཚ་གདུང་ཀུན་ཞི་ཞིངཿ བྱང་ཆུབ་སེམས་ཀྱི་མྱུ་གུ་རྒྱུད་ལ་འཁྲུངསཿ ཞི་བ་བྱང་ཆུབ་ལམ་བཟང་མཆོག་རྙེད་ནསཿ འཁོར་བ་དོང་སྤྲུགས་སྨོན་ལམ་མཐར་ཕྱིན་ཤོགཿ «ཤིས་བརྗོད་མེ་ཏོག་འཐོར་བ་ནིཿ »ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་སྤྲིན་ཕུང་འཁྲིགསཿ བྱིན་རླབས་ཉི་འོད་དངོས་གྲུབ་སྦྲང་ཆར་འབེབསཿ བཀའ་རྒྱུད་བླ་མའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ ཞི་ཆགས་ཁྲོ་བོའི་རྣམ་འགྱུར་སྣ་ཚོགས་སྟོནཿ འགྲོ་བའི་མཚན་འཛིན་རྣམ་རྟོག་བག་ཆགས་གཞོམསཿ ཡི་དམ་ལྷ་ཚོགས་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་འདིར༴ ཡེ་ཤེས་དམ་ཚིག་ལས་དང་ཤ་ཟའི་ཚུལཿ ཕྲིན་ལས་རྣམ་བཞིའི་སྒྲུབ་པའི་བར་ཆད་སེལཿ མ་ཚོགས་མཁའ་འགྲོའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང༴ ཡེ་སངས་རྒྱས་ཀྱང་འཇིག་རྟེན་ཚུལ་བཟུང་ཞིངཿ མ་རུང་སྐྱེ་འགྲོ་གདུག་པ་འདུལ་བའི་གཤེདཿ དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་༴ གང་འདུལ་ཕྲིན་ལས་སྣ་ཚོགས་ཐབས་ལ་མཁསཿ འགྲོ་བའི་དོན་ཏུ་ཕྲིན་ལས་ཐོགས་པ་མེདཿ དཔའ་བོ་དཔའ་མོའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང༴ མ་རུང་བདུད་སྡེ་དགྲ་གདོན་ཐལ་བར་བརླགཿ རིག་འཛིན་སྐྱེས་བུའི་ཕྲིན་ལས་ཐོགས་མེད་སྒྲུབཿ དགྲ་བླ་ཝེར་མའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ སངས་རྒྱས་བསྟན་སྐྱོང་ཤར་ཕྱོགས་དབུ་འཕང་བསྟོདཿ དམ་ལ་གནས་ཤིང་གསང་སྔགས་བསྟན་པ་སྐྱོངཿ དྲེགས་པའི་སྡེ་དཔོན་བཀྲ་ཤིས་གང་ལགས་པཿ དམ་པ་དེས༴ བཀྲ་ཤིས་དཔལ་འབར་བདེ་སྐྱིད་ཉི་མ་ཤརཿ རྫོགས་ལྡན་གསར་བའི་དཔལ་ལ་ལོངས་སྤྱོད་ཅིངཿ ཟབ་གསང་བླ་མེད་ཨ་ཏི་ཡོ་ག་ཡིཿ བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤོགཿ ཉིན་མོ་བདེ་ལེགས་མཚན་བདེ་ལེགསཿ ཉི་མའི་གུང་ཡང་བདེ་ལེགས་ཤིངཿ ཉིན་མཚན་རྟག་ཏུ་བདེ་ལེགས་པཿ དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོགཿ ཨེ་མཿ «བོད་ཁམས་སངས་རྒྱས་བསྟན་པ་དར་བའི་ཕྱིརཿ བདུད་སྡེའི་གཡུལ་བཅོམ་དགྲ་གདོན་ཐལ་བར་རློགཿ སླར་ཡང་རྒྱལ་བསྟན་མི་ནུབ་དེ་སྲིད་དུཿ བསྟན་པ་སྐྱོངས་ཤིང་འགྲོ་དོན་སྤྱོད་པ་ཡིཿ ཁས་བླང་དབུགས་འབྱུང་གཟེངས་བསྟོད་ས་སྤྱོད་གནསཿ འཛིན་ཞིང་གང་འདུལ་ཕྲིན་ལས་ཐབས་མཁས་པཿ གེ་སར་སྐྱེས་བུ་ཡི་དམ་ལྟར་སྒྲུབ་ཐབསཿ ལྷ་མོ་དངུལ་དཀར་སྒྲོན་མས་བརྡའ་བསྐུལ་ལྟརཿ པདྨ་རྒྱལ་པོས་གསུང་ཞིང་བརྡའ་རིས་བཀོདཿ འདི་ནི་ཤིན་ཏུ་གསང་བར་བྱ་བ་སྟེཿ དམ་ཚིག་མིག་འབྲས་ལྟར་དུ་གཅེས་སྤྲས་བྱེདཿ ཆོས་ཀྱི་དོན་དུ་རིན་ཆེན་སྲོག་གཏོང་ཞིངཿ སླར་ཡང་དམ་ཚིག་ཉམས་པར་མི་འགྱུར་བརཿ ཡིད་ཆེས་ལས་གཞན་ཁྱབ་གདལ་སྤེལ་མི་བྱཿ དེ་ཡང་ལོ་བརྒྱའི་བར་དུ་གསུམ་བརྒྱུད་དོཿ གླིང་ལྟ་མྱུར་མགྱོགས་མཐུ་རྩལ་རྣོ་བ་དང་ཿ ཆོས་འདི་བྱིན་རླབས་ཚན་ཁ་ཆེ་བའི་ཕྱིརཿ ཤིན་ཏུ་གསང་བར་བྱེད་པ་སྲོག་གི་རྒྱཿ གསང་ཐུབ་དམ་ཚིག་ལྡན་པ་གང་ཞིག་ལཿ བྱིན་རླབས་དངོས་གྲུབ་རྟགས་མཚན་མཐོང་བར་ངེསཿ གནས་པའི་ཕྱོགས་ཀུན་བཀྲ་ཤིས་བདེ་ལེགས་འཕེལཿ འདི་ལ་ཁ་ན་མ་ཐོབ་ཡོད་མ་ཡིནཿ མི་ལོ་ཉེར་གཅིག་བར་དུ་གསང་རྒྱ་བཏབཿ ཆོས་བདག་ཌཱཀྐི་མ་ཡིས་བརྡའ་ཁྲོལ་ཞིང་ཿ རིགས་ལྡན་སྐྱེས་བུས་བསྐུལ་བ་བྱུང་བའི་ཚེཿ དུས་མཐའི་གཏེར་སྨྱོན་ཨ་ཙར་དམར་པོ་ཡིསཿ རིན་ཆེན་ཤེལ་གྱི་ཤོག་དྲིས་ངོས་ནས་ཕབཿ འཚུབ་སློང་གདུག་པ་སྣ་ཚོགས་བྱུང་ན་ཡངཿ ཡན་ལག་ལྟ་བའི་ཟིལ་གྱིས་ནོན་བྱས་ཏེཿ སྙིང་སྟོབས་གཉན་པོའི་དབང་དུ་བཏང་བ་ཡིནཿ ཡི་གེ་འདུ་བྱེད་ཉེར་གནས་རས་སྨིས་བགྱིསཿ པིར་གྱི་ཁ་བཞིན་སྡོམ་ལ་ཉམས་སུ་ལོངསཿ གསང་མ་ཐུབ་ན་ཆད་པ་འབྱུང་ཏ་རེཿ ས་མ་ཡཱཿ སྐུ་གསུང་ཐུགས་ཀྱི་རྒྱཿ དམ་ཚིག་གི་རྒྱཿ སྲོག་གི་རྒྱཿ གུ་ཧྱཿ ཁ་ཐམཿ ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྣམ་སྤྲུལ་ཁྲོ་ཆེན་མི་དབང་ལ་ཡུ་ག་གའི་མཚན་ཅན་གྱི་ནན་ཏན་ཆེན་པོས་ལན་གྲངས་ཉེར་གཅིག་གི་བར་དགོངས་གཏེར་གཏན་ལ་འབེབས་དགོས་པའི་བསྐུལ་མ་བྱུང་བ་དངཿ ཆོས་བདག་ཌཱཀྐི་མས་བརྡའ་འཁྲོལ་བ་བཞིན་ས་མོ་ལུག་ལོ་དབོ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་གྲུབ་པར་བགྱིས་པ་ཤིན་ཏུ་གསང་བའི་སྡེ་ཚན་ནོཿ བཀྲ་ཤིས་དཔལ་འབར་ཨེ་མ་ཧོཿ དགེའོ། །དགེའོ། །དགེའོ། སརྦ་མངྒ་ལཾ།