འཛམ་གླིང་གེ་སར་ལྷ་འཁོར་བསངཿ བཀྲ་ཤིས་དཔལ་གྱི་ཉི་མཿ

From Khyentse Lineage - A Tsadra Foundation Project
Wylie title 'dzam gling ge sar lha 'khor bsang bkra shis dpal gyi nyi ma
Location mdo mkhyen brtse bka' 'bum
Volume 6, Text 32, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Deity ge sar
Colophon

འཛམ་གླིང་སྐྱེས་བུའི་བསང་མཆོད་སྒྲུབཿ བཀྲ་ཤིས་དཔལ་གྱི་ཉི་མ་འདིཿ བདག་འདྲ་པདྨ་ཐོད་ཕྲེང་ནིཿ སྐལ་ལྡན་རྗེས་འཇུག་དོན་དུ་སྨྲསཿ བྱིན་བརླབས་རྣོ་མྱུར་ཁྱད་འཕགས་པཿ གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་པདྨའི་གསུང་བཞིན་ཕབ་པ་ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་ཡི་གེར་བཀོད་པའོཿ

'dzam gling skyes bu'i bsang mchod sgrub: bkra shis dpal gyi nyi ma 'di: bdag 'dra pad+ma thod phreng gis: skal ldan rjes 'jug don du smras: byin rlabs rno myur khyad 'phags pa: gter smyon khrag 'thung rdo rjes pad+ma'i gsung bzhin phab pa chos bdag rig pa'i ye shes kyis yi ger bkod pa'o:

[edit]
༄༅། །འཛམ་གླིང་གེ་སར་ལྷ་འཁོར་བསངཿ བཀྲ་ཤིས་དཔལ་གྱི་ཉི་མ་བཞུགསཿ

༄༅། །«པདྨ་ཐོད་ཕྲེང་རྩལ་ལ་འདུདཿ འཛམ་བུའི་གླིང་ལ་དབང་བསྒྱུར་ཞིངཿ རྒྱལ་བའི་ཕྲིན་ལས་ཕོ་ཉ་ངཿ སེང་ཆེན་ནོར་བུ་དགྲ་འདུལ་གྱིཿ བསང་མཆོད་ཝེར་མའི་དགྱེས་སྐོང་བསྟནཿ བསང་དང་གསེར་སྐྱེམས་འདུ་བྱས་ལཿ »རཾ་ཡཾ་ཁཾཿ བསང་གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྣམ་ལྔའི་སྤྲིན་ཕུང་འཕྲོ་བར་གྱུརཿ ཨོཾ་ཨཱཿཧཱུྃཿ ཧ་ཧོ་ཧྲཱིཿ «ལན་གསུམཿ »ཀྱཻཿ འཛམ་གླིང་དབང་སྒྱུར་རིགས་ལྡན་སྤྲུལ་པའི་སྐུཿ ཤཱཀ་ཐུབ་བསྟན་པ་མ་རྫོགས་དེ་སྲིད་དུཿ རྒྱ་བོད་དཀར་པོའི་ཆོས་ལ་སྒྱུར་བ་ཡིཿ ཞལ་བཞེས་གངས་རིའི་ལྗོངས་ལ་གནས་བཅས་པའིཿ དགྲ་ལྷ་གེ་སར་ནོར་བུ་དགྲ་འདུལ་དཔལཿ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལཿ བཛྲ་ས་མ་ཡཱ་ཛཿ ངོ་མཚར་རྒྱན་བཀོད་ཕུན་སུམ་ཚོགས་པ་ཡིཿ སྤྲུལ་པའི་གཞལ་ཡས་འདི་ལ་བཞུགས་སུ་གསོལཿ ཁྱེད་ལ་དད་ཅིང་གུས་པས་ཕྱག་བགྱིའོཿ སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པར་མཛོདཿ ཀྱཻཿ ཡུམ་ཆེན་འབྱུང་ལྔའི་མཁའ་ཀློང་ནས་བྱུང་ཞིང་ཿ ཟས་སྣ་འབྲུ་སྨན་ཤིང་རྩིར་སྦྱར་བ་ཡིསཿ དྲི་ཞིམ་བསང་གི་དུད་པས་ས་གསུམ་ཁྱབཿ འདོད་པའི་ཡོན་ཏན་ལྔ་ཡི་སྤྲིན་ཕུང་འཁྲིགསཿ བུར་བཅུད་བདུད་རྩིའི་སྐྱེམས་ཕུད་མཚོ་ལྟར་བསྐྱིལཿ དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་པསཿ དགྲ་བླ་ལྷ་འཁོར་ཚོགས་བཅས་བསང་ངོ་མཆོདཿ འཛམ་གླིང་སྐྱེས་མཆོག་དབང་གི་རྒྱལ་པོ་བསངཿ རྨོག་དཀར་རིན་ཆེན་ཁྱུང་གཤོག་ལྡེམ་འཕྲུ་བསང་ཿ གོ་ཆ་ཁྲབ་ནག་རྡོ་རྗེ་ཐོག་རྒྱུག་བསངཿ སྟག་རལ་གཡས་ན་གསེར་ལྟོང་སུམ་ཅུ་བསངཿ གཟིག་ཤུབས་གཡོན་ན་རྭ་རྒོད་འཁྱིལ་བ་བསངཿ ཤ་ཟན་མཚོན་ནག་རྡོ་རྗེ་བྲག་ཆོད༴ དགྲ་སྲོག་གཅོད་པའི་ཤེལ་གྱི་གྲི་ཆུང་༴ གསེར་སྒ་བལ་སྟན་གསེར་སྲབ་གཡུ་མཐུར་བསངཿ མགྱོགས་པ་རླུང་གཤོག་གཉན་རྒོད་འཕེར་བ༴ སྐྱབས་ཡུལ་རྩ་གསུམ་ལྷ་དང་སྲུང་མ་བསང་ཿ ལྷ་ཀླུ་གཉན་གྱི་དམག་ཚོགས་འཁོར་བཅས༴ ཕོ་ལྷ་མོ་ལྷ་དགྲ་ལྷ་ཝེར་མ༴ ལྕམ་སྲིང་དགྱེས་སྡེ་ཡུམ་གྱི་ཚོགས་བཅས༴ སྐུ་འཁོར་དམག་དཔོན་ཕུ་ནུ་སུམ་ཅུ༴ ཕྱི་འཁོར་ལྷ་སྲིན་སྡེ་བརྒྱད་དམག་ཚོགས༴ གཞན་ཡང་མཆོད་པར་འོས་པ་ཐམས་ཅད་བསངཿ འདོད་ཡོན་ལྔ་ལྡན་བསང་གིས་མཉེས་གྱུར་ཅིགཿ མི་གཙང་ཉམས་གྲིབ་དམེ་མཁོན་ཀུན་དག་ནསཿ བདུད་རྩི་གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོདཿ དགྱེས་པའི་ཞལ་སྟན་འཛུམ་པའི་མདངས་ཕྱུངས་ལཿ པདྨའི་རིང་ལུགས་གསང་སྔགས་བསྟན་པ་སྐྱོངསཿ བདག་ཅག་རིག་འཛིན་ཚོགས་ལ་དངོས་གྲུབ་སྩོལཿ འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིརཿ ནད་མཚོན་མུ་གེ་དགྲ་གདོན་གནོད་པ་བཟློགཿ ཆབ་སྲིད་བསོད་ནམས་མངའ་ཐང་རིགས་རྒྱུད་སྤེལཿ བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་མཛོདཿ ཁྱོད་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེཿ དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འདུལ་མཛད་ནཿ སྔ་འགྱུར་བསྟན་ལ་སྡང་བའི་གདུག་པ་ཅནཿ བདུད་དང་དམ་སྲི་རྒྱལ་བསེན་འབྱུང་པོའི་སྡེཿ སྡང་དགྲ་བསམ་ངན་འཆང་བའི་གདུག་པ་ཅནཿ མིང་གི་ལྷག་མ་མེད་པར་རྡུལ་དུ་རློགཿ མཐུ་ལྡན་དཔའ་བོའི་དམག་ཚོགས་ངོ་སོ་བསྟོདཿ དགྲ་ལྷ་ཀི་བསྭོ་ཆ་འོ་ལྷ་རྒྱལ་ལོཿ ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོགཿ «འཛམ་གླིང་སྐྱེས་བུའི་བསང་མཆོད་སྒྲུབཿ བཀྲ་ཤིས་དཔལ་གྱི་ཉི་མ་འདིཿ བདག་འདྲ་པདྨ་ཐོད་ཕྲེང་ནིཿ སྐལ་ལྡན་རྗེས་འཇུག་དོན་དུ་སྨྲསཿ བྱིན་བརླབས་རྣོ་མྱུར་ཁྱད་འཕགས་པཿ གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་པདྨའི་གསུང་བཞིན་ཕབ་པ་ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་ཡི་གེར་བཀོད་པའོཿ»