གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་དོན་བསྡུས་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར།

From Khyentse Lineage - A Tsadra Foundation Project
DKYD-DZINDROL-055
Wylie title gcod kyi gshed 'dul gdug pa tshar gcod kyi don bsdus snying po phyogs las rnam par rgyal ba'i gser 'khor DKYD-DZINDROL-055.pdf
Location mdo mkhyen brtse 'dzin grol
Volume 1, Text 55, Pages 559-609 (Folios 1a1 to 26a5)
Author འཇིགས་མེད་འཕྲིན་ལས་འོད་ཟེར་
Less details More details
Citation Dodrupchen, 1st. Gcod kyi gshed 'dul gdug pa tshar gcod kyi don bsdus snying po phyogs las rnam par rgyal ba'i gser 'khor. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 559-609. Delhi: Shechen Publications, 2020.
Genre Funerary Rituals - gnas lung - byang chog  ·  Ritual and Liturgical Texts - cho ga phyag len
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
[edit]

༄༅། །གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་དོན་བསྡུས་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསེར་འཁོར་ཞེས་བྱ་བ་བཞུགས།།

འདུལ་དཀར་སྒྲིབ་སྦྱོང་དང་མཐའ་སྡུད་སྲེག་གནན་ཉེར་བསྡུས་བཅས་ཡོད། །

སྐྱེ་མེད་ཆོས་སྐུ་ཀུན་བཟང་ཡུམ་ཆེན་མོ། །འགག་མེད་ལོངས་སྐུ་ཕག་མོ་རིགས་ལྔ་ཡུམ། །གང་འདུལ་སྤྲུལ་སྐུ་མཚོ་རྒྱལ་ལབ་སྒྲོན་སོགས། །མ་རྒྱུད་མཁའ་འགྲོའི་ཡབ་གཅིག་བླ་མར་འདུད། །བདུད་བཞི་དབྱིངས་སུ་གཅོད་བྱེད་ལབ་སྒྲོན་མའི། །སྙིང་ཐིག་ཟབ་གནད་ལས་ཀྱང་ཆེས་ཟབ་དོན། །གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི། །སྙིང་པོའི་བྱེ་མར་ཐོན་པའི་གསེར་འདི་འོ། །དེ་ལ་གཅོད་ཀྱི་ཡར་གཞི་བཅའ་བཤམ་སོགས། །སྤྲོས་པ་ཆེ་ཆུང་དང་བསྟུན་སོམ་ཉི་སྤང་། །མར་གཞི་ནག་པོར་རི་སྣ་གསུམ་གྱི་རྡོ། །བླངས་ལ་སྒྱེད་པུའི་ཚུལ་བཙུགས་དེ་ཡི་ཁར། ཁྲག་གིས་གྲུ་གསུམ་བྲིས་པའི་སླ་ང་འཛུགས། །དེའི་ཁར་གྲི་གསུམ་ལྟག་པ་ཕྱིར་བསྟན་ནས། །ཧོམ་ཁུང་ཚུལ་དུ་བཞག་པའི་མཐའ་སྐོར་དུ། །འོག་གི་འདོན་ཆ་མཐུན་པའི་རྫས་རྣམས་དང་། །ཕུར་བུ་གཅིག་ཀྱང་གདན་ལ་བཙུགས་ཏེ་བཞག །དེ་ནས་ལིང་ག་བྲི་བ་ལ་རྒྱས་པར་ན་ཆགས་མེད་གསུང་གཅོད་འདུལ་ནང་ལྟར་དང་། བསྡུ་ན་ཤི་སྲི་ཤ་བའི་མགོ་ཅན་གྱི་སྙིང་གར་ནྲྀ་ཏྲི་དུ། ཡན་ལག་བཞིར་ཛཿཧཱུྃ་བཾ་ཧོ་དང་ཞ་བཞི་བྲི། ལིངྒའི་སྲོག་ཡིག་མཐར་གནོད་བྱེད་དུར་སྲི་དམ་སྲི་ཕོ་སྲི་མོ་སྲི་ཆུང་སྲི་གཞོན་སྲི་འགག་སྲི་མདའ་སྲི་མདུང་སྲི་གྲི་སྲི་སོགས་གང་ཡིན་ཁུག་མཱ་ར་ཡ་ཛ་ཛཿ ཞེས་སྒོས་ལིང་བྲི་ནུས་ན་དང་། མིན་ཡང་སྤྱི་ལིང་ལ་དེ་ལྟར་བྲིས་པས་ཆོག་གོ། །ཤིན་ཏུ་བསྡུ་ན་ཤིང་བྱང་ལ་ནྲྀ་ཏྲི་ཛཿབྲིས་པ་དང་། །ཟན་ལིང་ཙམ་གྱིས་རུང་ངོ་། །ཅིའི་ཕྱིར་ན་གཅོད་ནི་དམིགས་པ་གཙོ་ཆེ་བའི་ཕྱིར་རོ། །དེ་ཡང་མཁའ་འགྲོའི་ཆོ་ག་གཞུང་བསྲངས་ནས་ཚོགས་ལྷག་ལ་མ་ཐུག་བར་བཏང་ལ། དེ་ནས། ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ལབ་ཀྱི་སྒྲོན་མ་ཁྲོས་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། སྤྱན་གཡས་གཡོན་ཉི་ཟླའི་འོད་ཟེར་འཕྲོ་བ། དབུས་མ་ལ་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་གྱིས་སྲིད་གསུམ་གཟིགས་པ། དབུ་སྐྲ་ཕྱེད་བཅིངས་པའི་ཟར་བུ་ལ་ལྕགས་སྲེག་གི་ཕུར་པ་རེ་རེས་བརྒྱན་པ། དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཞབས་གཡས་གཡོན་བསྐུམ་ཞིང་བརྐྱངས་པས་རི་རབ་རྩེ་ནས་མནན་ཅིང་རྒྱ་མཚོ་གཏིང་ནས་དཀྲུགས་པ། སྤྱི་བོར་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོག་པས་སྡེ་བརྒྱད་བྲན་དུ་བཀོལ་བ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཕྱར་ཞིང་གཡོན་མི་རྐང་གི་གླིང་བུ་འབུད་པ། འཁོར་རང་འདྲའི་མཁའ་འགྲོ་འབུམ་གྱིས་བསྐོར་བའི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་གཟུ་དང་དཔང་པོ་དྲང་ཤན་གྱི་ཚུལ་དུ་བཞུགས་པར་གྱུར། ཅེས་བསམ་ལ། ཀྱེ། དགོངས་ཤིག་མཆོག་གསུམ་རྩ་གསུམ་ལྷ། །གསོན་ཅིག་བཀའ་སྲུང་དམ་ཅན་རྣམས། །ཉོན་ཅིག་ལྷ་སྲིན་དྲེགས་པ་ཅན། །ང་ནི་མ་ཉེས་དགྲ་འདྲེའི་ལན། །ཐོག་མཐའ་བར་གསུམ་གང་དུ་ཡང་། །བདག་གི་སྒོ་གསུམ་མ་ཉེས་སོ། །མ་ཉེས་དཔང་དུ་ཁྱེད་རྣམས་བཞུགས། །དམ་ཉམས་དགྲ་གཤེད་སྡིག་ཅན་འདིས། །རྒྱལ་བསྟན་བཤིག་ཅིང་མཆོག་གསུམ་སྨད། །བླ་མར་བརྙས་ཤིང་སྔགས་ལ་གཤེས། །དམ་སྡོམ་ཁྱད་བསད་དགེ་བཅུ་བསྐྱུར། །མི་དགེ་བཅུ་སྤྱོད་འགྲོ་ལ་འཚེ། ཁྱད་པར་བདག་དང་བསྲུང་བྱ་ཡི། །མི་ནོར་རྟ་ཕྱུགས་ཡོངས་ལ་འཚེ། །ཚེ་དཔལ་སྟོབས་འབྱོར་ཕུན་ཚོགས་ཕྲི། །ཐོས་བསམ་སྒོམ་ལ་བར་ཆད་བརྩམས། ཁྱོད་ཀྱིས་ངན་སྦྱོར་སྣ་ཚོགས་བྱས། །དེ་ཕྱིར་བསྒྲལ་བའི་ཞིང་དུ་གྱུར། །ཞིང་བཅུ་ཚང་བའི་དགྲ་གཤེད་ཁྱོད། །བསྒྲལ་བའི་ཆོ་ག་བྱེད་པ་འདི། །ངན་སོང་གནས་ནས་འདྲེན་པའི་རྟགས། །སྒྲོལ་ཆས་སྣ་ཚོགས་བཀྲམ་པ་འདི། །གང་འདུལ་ཕྲིན་ལས་འགྱེད་པའི་རྟགས། །སྣ་ཚོགས་རྫས་སྣ་བསགས་པ་འདི། །རྟེན་འབྲེལ་ཐབས་ལ་མཁས་པའི་རྟགས། །ཨེ་མ་གཤེད་པོ་སྙིང་རེ་རྗེ། །མི་དགེ་བཅུ་པོ་སྤྱད་སྤྱད་ནས། །ངན་སོང་གསུམ་དུ་ལྷུང་དོགས་ཀྱིས། །སྙིང་རྗེས་སྒྲོལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར། །ལྷ་དང་སྲུང་མ་ཐམས་ཅད་ཀྱིས། །གསེར་སྐྱེམས་གཉན་པོ་འདི་གསོལ་ལ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཅེས་བརྗོད་ལ་གཤེད་པོ་རྒྱབ་རྟེན་ཐམས་ཅད་དང་བྲལ་བར་བསམ་ལ། ཕཊ྄ཿཤར་མང་དུ་བྱའོ། །དེ་ནས་འདུལ་ཆས་རྣམས། ཕཊ྄ཿ གཤེད་གཞི་མི་ལྤགས་ཀྱི་གཡང་གཞི་ས་གཞི་ཁྱབ་པའི་སྟེང་དུ། གཤེད་རྡོ་མི་མགོའི་སྒྱེད་བུ་གསུམ་གྱི་ཁར། སླ་ང་དམྱལ་བའི་ཟངས་དམར་ལྟར་ཁྲོ་ཆུ་ཁོལ་མས་གང་བ། གཤེད་སྒྲོ་མི་ལྤགས་ཀྱི་སྒྲོ་བ་རླུང་ཐུབ་པ། གཤེད་འབྲེང་རྒྱུ་མའི་ཞགས་པ་འདོམ་དགུ་པ། གཞན་ཡང་གཤེད་སྟྭ་ཁ་ཆེ། གཤེད་ཟོར་འགུག་མོ། མདའ་མདུང་གྲི་དང་རྔ་ནག །ཐོ་བ་ཐུན་རྫས་ཕུར་པ། རྡུང་ཤ་ལག་པ་བཅས་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བ། རེག་པ་ཙམ་གྱིས་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བསམ་ལ། ཕཊ྄ཿ ལིང་ག་མི་དམིགས་པའི་ངང་ལས། གནོད་བྱེད་ཤི་འདྲེ་ཤི་སྲི་གང་ཡིན་པ་དེ་ཉིད་མྱང་ངན་གྱི་འདུག་སྟངས་ཅན། རྐང་ལག་ལྕགས་སུ་བཅུག་པ། བུ་ག་དགུ་ནས་ཁྲག་འཛག་པ། མདོག་སྔོ་ཞིང་མདངས་ཉམས་པ། གཅེར་བུ་ལྷགས་པས་གདུངས་པ་བཞིན་འདར་ཕྲི་ལི་ལི་བྱེད་པ། དེའི་སྙིང་གའི་སྲོག་ཡིག་ལས་འོད་ཟེར་འཕྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཐིམ་པར་གྱུར། ཕཊ྄ཿ ན་མོ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། མཆོག་གསུམ་རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ ཁྱད་པར་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ལ་བརྟེན་ནས། བསྟན་དང་བསྟན་འཛིན་གྱི་སྤྱི་དགྲ། རྣལ་འབྱོར་བདག་དང་བསྲུང་བྱའི་སྒོས་དགྲ། ཁྱད་པར་དུའང་བསྲུང་བྱ་རྣམས་ལ་ལན་ཆགས་དང་ཤ་འཁོན་མ་འཁོར་བའི་རིགས་སུ་གྱུར་པའི་གཤིན་པོ་རྣམས་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པ། གཤིན་པོ་གནས་མི་བདེ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པའི་ཟ་འདྲེ་ཤི་གཤེད། སྲོག་གཅོད་དབུགས་ལེན། ཚེ་ལེན་མདངས་འཕྲོག །གསོན་བདུད་གཤིན་ལྕག །ཆེ་སྲི་ཆུང་སྲི་དར་སྲི་སྒབ་འདྲེ་གནོད་པར་བྱེད་པ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་གླིང་བཞི་གླིང་ཕྲན་བརྒྱད། ས་འོག་ས་སྟེང་ས་བླ་སྲིད་པ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་མིང་བྱང་བུ་འདི་ལ་ཁུག་ཅིག བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཱཎྜེ་ཧོ། བཛྲ་ཨཱ་བེ་ཤ་ཡ་ཨཱཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་རྐང་དུང་དང་ཌཱ་དྲིལ་དྲག་ཏུ་དཀྲོལ་ལོ། །འགུགས་གཞུག་ལན་གསུམ་བྱས་ལ། ལིང་ག་བྱང་བུ་རྣམས་སྒྲོ་བར་བཅུག་ནས་གཤེད་འབྲེང་གིས་སེ་ཆིངས་མདུད་པ་བྱས་ལ། གཅོད་གཡོག་པས་སྟྭ་རེ་ཕྲག་པ་གཡོན་དུ་ཕྱར། འབྲེང་པ་གྲུ་མོ་གཡོན་ལ་བསྐོན། ཟོར་བ་ལག་གཡོན་དུ་ཐོགས། གཡས་པས་གཤེད་སྒྲོ་བཟུང་ནས་ལངས་ཏེ་འདུག་ལ། ཤར་སོགས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་སོ་སོར་ཁ་གྱུ་ལ་གཤེད་སྒྲོ་རྡེབ་བཞིན། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །སྲིད་གསུམ་འདུལ་བའི་མཐུ་མོ་ཆེ། །ཕག་ཞལ་གཟུགས་མེད་ཁམས་སུ་ངུར། །སྐུ་སྟོད་གཟུགས་ཁམས་གནས་སུ་འགྱིང་། །སྐུ་སྨད་འདོད་ཁམས་གནས་སུ་རོལ། །ཞབས་ཀྱིས་ངན་སོང་གསུམ་པོ་མནན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །སྤྲུལ་པའི་ཕོ་ཉས་སྟོང་གསུམ་གང་། །སྐུ་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །དུང་གི་བུད་མེད་དཀར་མོས་བཅིབས། །ཡོན་ཏན་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གསེར་གྱི་བུད་མེད་སེར་མོས་བཅིབས། །གསུང་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །བྱེ་རུའི་བུད་མེད་དམར་མོས་བཅིབས། །ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གཡུ་ཡི་བུད་མེད་ལྗང་མོས་བཅིབས། །ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །མཐིང་གི་བུད་མེད་སྔོན་མོས་བཅིབས། །སྤྲུལ་པའི་ཕོ་ཉ་མཁའ་འགྲོ་ལྔའི། །ཀླད་ན་བླ་བྱ་རང་མདོག་ལྡིང་། །རོལ་དུ་བླ་ཁྱི་རང་མདོག་ཁྲིད། །མཁའ་འགྲོ་སྡེ་ལྔ་སོ་སོ་ཡིས། །བླ་འཛིན་དྲྭ་བ་རྒྱབ་ཏུ་ཁུར། །གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུག་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་འབྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ཕྱོགས་རྣམས་ཀུན་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིས་རྡོབས་ལ་ཤོག །གཤེད་སྟྭ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུག་མོས་ཟུངས་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུགས། གཤེད་འབྲེང་འདོམ་དགུས་སྡོམས་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས། གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕག་ཐམས་ཅད་ནྲི་ཏྲི་ཨཾ་གུ་ཤ་ཛཿཛཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ནས་་་་༼སླ་ངའི་ཁར་གྲི་སོ་ཡར་བཟེད་ཐོག་ཏུ་བྱོ། བྱང་བུ་ཕོ་ཁ་སྦུབ་མོ་ཡར་བསྟན་ན་ཁུག་པ་ཧོམ་ཁུང་ནང་དུ་བཅུག །ཕྱག་ལེན་ནན་ཏན་བྱེད་ན་ཁུག་པ་རྣམས་ལ་ཁྲམ་རིས་བྲིས་ལ་ཡང་ཡང་ཁུག་ནས་ཧོམ་ཁུང་དུ་བཅུག །ཡང་ཡང་མ་ཁུག་ན་མགོ་སྐོར་ཡིན་པར་ཤེས་པས་གཟབ་དགོས་པར་གསུངས། ཚེ་འདས་མིང་བྱང་དང་རྡེལ་དཀར་གཟུགས་བརྙན་ཡོད་ན་ཡར་གཞིའི་ཉེ་འགྲམ་དུ་བཞག །ད་དུང་༽མཆན་་་་བྱང་བུ་མ་ཁུག་པ་ཡོད་ན་དང་། མེད་ཀྱང་ཟན་ལིང་སྒྲོ་བར་བཅུག་ལ་ཁྱིམ་གྱི་མགོ་མཇུག་ཀུན་ལ་གཤེད་སྒྲོ་རྡེབ་ཅིང་འདི་སྐད་དོ། །ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། ཁྱོད་ལ་གབ་སའི་ཡུལ་མེད་ཅིང་། ཁྱོད་ལ་བསྐུང་སའི་ས་ཡང་མེད། ཁྱོད་འབྱུང་ལྔའི་ཁམས་སུ་གབ་སྙམ་ཞིང་། ཁ་དོག་ལྔ་པོར་སྐུང་སྙམ་ན། །འབྱུང་ལྔ་ཡུམ་ཆེན་ལྔ་ཡིན་ཕྱིར། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་འབྱུང་ལྔའི་ཁམས་ལྟར་གཡོ། །རང་མདོག་མཁའ་འགྲོ་སྡེ་ལྔ་པོ། ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། ཁྱེད་རྣམས་ཐུགས་དམ་དུས་ལ་བབས། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞགས་པ་འབར་བས་མགུལ་ནས་ཆིངས། །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །དྲིལ་བུ་འབར་བས་མྱོས་སུ་ཆུགས། །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་སུས། །གཟུགས་བརྙན་ལིང་ག་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་སྟིམས། །རང་དབང་མེད་པར་འདིར་ཁུག་ཅིག །ཕཊ྄ཿ ཅེས་གབ་སྐུང་ཕུད་པར་བྱའོ། །ད་དུང་མ་ཁུག་པ་འདུག་གམ་མིན་ཡང་ཟན་ལིང་དང་ཤོག་ལིང་བཅས་སྒྲོ་བར་བཅུག་ལ། གདོང་ཅན་བཞིས་འགུགས་བསྒྲལ་ནི། གཤེད་སྒྲོ་དེ་གཤེད་འབྲེང་གིས་བཀྱིགས་ལ་རུས་མི་གཅིག་པ་གཉིས་ཀྱིས་ཕར་འཐེན་ཚུར་འཐེན་བྱེད་ཅིང་ཕྱོགས་བཞིར་རྡེབ་བཅུག་ལ། གདོང་ཅན་རྣམས་ཀྱིས་ཕྱོགས་སོ་སོ་ནས་གཡང་གཞི་རྡེབ་བཞིན་དེད་བྱུང་བ། ལས་བྱེད་དམར་མོ་ཞགས་པ་འཛིན་པ་གཉིས་ཀྱིས་ཞགས་པ་འཕངས་པ་སྐེ་ལ་ཐེབས་ནས་ཕར་འཐེན་ཚུར་འཐེན་བྱས་པས་སྐད་ངན་ཙིར་ཙིར་འདོན་པར་བསམ་ལ། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཡོངས་ཀྱི་རྒྱུད་འགྲོལ་མ། །ཐུགས་དམ་བསྐུལ་ལོ་མཁའ་འགྲོའི་ཚོགས། །སངས་རྒྱས་མཁའ་འགྲོའི་དུས་ལ་བབས། ཁྲོས་མ་ནག་མོའི་དུས་ལ་བབས། །དུར་ཁྲོད་བདག་མོའི་དུས་ལ་བབས། །ཧཱུྃ། ཤར་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་ཆེན་མོ་སེང་གདོང་མའི། །ཕྱོགས་བཞིར་སེང་གདོང་ལས་བཞིའི་མདོག །ཤར་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ཤར་ཕྱོགས་མཁའ་འགྲོའི་དུས་ལ་བབས། །སྲོག་གཅོད་དབུགས་ལེན་འགུག་པའི་དུས་ལ་བབས། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས། །བཀུག་ནས་བསྒྲལ་བའི་དུས་ལ་བབས། །དུས་ལ་བབས་སོ་ས་མ་ཡ། །ཕཊ྄ཿ ཧཱུྃ། ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་ཆེན་མོ་སྟག་གདོང་མའི། །ཕྱོགས་བཞིར་སྟག་གདོང་ལས་བཞིའི་མདོག །ལྷོ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ལྷོ་ཕྱོགས་མཁའ་འགྲོའི་དུས་ལ་བབས། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབས། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས། །བཀུག་ནས་བསྒྲལ་བའི་དུས་ལ་བབས། །དུས་ལ་བབས་སོ་ས་མ་ཡ། །ཕཊ྄ཿ ཧཱུྃ། ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་ཆེན་མོ་ཆུ་སྲིན་གདོང་། །ཕྱོགས་བཞིར་ཆུ་སྲིན་ལས་བཞིའི་མདོག །ནུབ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །ནུབ་ཕྱོགས་མཁའ་འགྲོའི་དུས་ལ་བབས། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབས། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས། །བཀུག་ནས་བསྒྲལ་བའི་དུས་ལ་བབས། །དུས་ལ་བབས་སོ་ས་མ་ཡ། །ཕཊ྄ཿ ཧཱུྃ། བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོ་ཆེན་མོ་འབྲུག་གདོང་མའི། །ཕྱོགས་བཞིར་འབྲུག་གདོང་ལས་བཞིའི་མདོག །བྱང་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང་། །ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ། །གཡོན་པ་འགུགས་པའི་ལྕགས་ཀྱུ་བསྣམས། །བྱང་ཕྱོགས་མཁའ་འགྲོའི་དུས་ལ་བབས། །སྲོག་གཅོད་དབུགས་ལེན་འགུག་པའི་དུས་ལ་བབས། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས། །བཀུག་ནས་བསྒྲལ་བའི་དུས་ལ་བབས། །དུས་ལ་བབས་སོ་ས་མ་ཡ། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ནས་ཤིང་བྱང་ཟན་ལིང་བཅས་སླ་ངར་བྱོས་ལ། བྲོས་ལམ་གཅད་པ་ནི། སྦྱིན་བདག་ཕོ་མོ་རྣམས་འདུལ་ཆས་བཟུང་ཞིང་སླ་ང་བསྐོར་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །སྣང་སྲིད་ཐམས་ཅད་ང་ལས་བྱུང་། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །ཕྱོགས་བཞི་མཚམས་བཞི་སྟེང་འོག་སོགས། །གང་དུ་ཡང་ནི་མ་བྲོས་ཤིག །གལ་ཏེ་འབྲོ་བར་སྙམ་ན་ཡང་། །དེར་བཞུགས་མཁའ་འགྲོའི་ལྷ་ཚོགས་རྣམས། །ཀུན་ཀྱང་ང་ཡི་ཕོ་ཉ་ཡིན། །གཤེད་པོ་ཕྱོགས་བཅུར་འབྲོས་ལམ་ཆོད། །ཧཱུྃ། ང་ནི་ཁྲོས་མ་ནག་མོ་ཡིན། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཉིན་མཚན་དུས་བདུན་ནམ་དུ་ཡང་། །འབྲོས་འདོད་བསམ་སྦྱོར་མ་སྐྱེ་ཞིག །གལ་ཏེ་སྐྱེ་བར་གྱུར་ན་ཡང་། །ཉིན་མཚན་དུས་བདུན་ལྷ་བདུན་གྱིས། །གནོད་བྱེད་གཤེད་པོ་འབྲོས་ལམ་ཆོད། །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས། གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་འདུལ་ཆས་རྣམས་རྒྱབ་ཏུ་བཅུག །ཕཊ྄ཿ དྲག་ཏུ་བརྗོད་ཅིང་ཌཱ་དྲིལ་འཁྲོལ། དེ་ནས་བདེན་པའི་ཆོས་བཤད་པ་ནི། ཨེ་མ་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ངན་སོང་གསུམ་པོ་ཡ་རེ་ང་། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །གཞན་གནོད་འགོག་ཕྱིར་དྲག་པོས་འདུལ། །ངན་སོང་གཅོད་ཕྱིར་ཧོམ་ལིང་བཅས། །དམ་ལས་འདའ་དོགས་སྔགས་རྒྱས་བཅིང་། །ལོག་ལམ་འཁྱམ་དོགས་རྩང་གིས་བསྐོར། །ཟ་འདྲེ་ཤི་གཤེད་ལས་ངན་ཁྱོད། །ལིང་གདན་པད་ཟླའི་གདན་དུ་སྒོམས། །ཚོན་སྐུད་ཡེ་ཤེས་ལྔ་རུ་སྒོམས། །གྲུ་གསུམ་གཞལ་ཡས་ཁང་པར་སྒོམས། །རྩང་དམར་དཔའ་བོ་རྣལ་འབྱོར་སྒོམས། །དྲག་སྔགས་དབུ་མའི་ཆོས་སུ་སྒོམས། །ཐུན་རྫས་ལས་སྒྲིབ་དག་བྱེད་སྒོམས། །ཕུར་བཏབ་སྐུ་གསུམ་འབྲས་ཐོབ་སྒོམས། །སྔོན་གྱི་ལས་ངན་གང་བསགས་ལ། །འཕྲལ་དུ་འགྱོད་སེམས་དྲག་པོའི་བློས། །ལུས་ངག་ཡིད་གསུམ་ཡོན་དུ་ཕུལ། ཁྱོད་གསད་གཅད་མནན་པ་མ་ཡིན་ཏེ། །མ་རིག་འཁོར་བ་རྒྱུན་བཅད་ནས། །དག་པའི་ཞིང་དུ་སྐྱེལ་བ་ཡིན། །བྱམས་པ་མགོན་པོའི་བསྟན་པ་ལ། ཁྱོད་ནི་བྱང་ཆུབ་འཐོབ་པར་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ རྨི་ལམ་དུ་སྲོག་ཆགས་གཟུང་བ་བཀྱིགས་པ་ལྕགས་སུ་བླུགས་པ་སྟོར་བ་རྙེད་པ་རྣམས་གཤེད་ཁུག་རྟགས་དང་ལྷོངས་ཚད་ཡིན་ནོ། །དེ་ནས་ཕུར་པ་འདེབས་པ་ནི། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། བདག་ཉིད་ཁྲོས་མའི་སྐུར་གསལ་ཕྱག་སོར་བཅུ། །རིགས་ལྔ་སྟངས་དཔྱལ་བཅུར་གསལ་སྦྱོར་མཚམས་ནས། །བྱང་སེམས་ཡི་གེ་ཧཱུྃ་མཐིང་འོད་ཞུ་བར། །སྲས་མཆོག་རྡོ་རྗེ་ཕུར་པ་ཁྲོ་རྔམ་འཇིགས། །སྐུ་སྨད་གནམ་ལྕགས་ཕུར་པ་ཟུར་གསུམ་དབལ། །གདེངས་པས་སྲིད་གསུམ་སྒྲོལ་ནུས་མཐུ་ལྡན་གྱུར། །ཨོཾ་བྷུདྡྷ་པདྨ་བཛྲ་རཏྣ་ཀརྨ་ཀཱི་ལ་ཡ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྒྱལ་བ་སྲས་བཅས་གསང་གསུམ་ཡོན་ཏན་དང་། །ཕྲིན་ལས་བྱིན་རླབས་ནུས་སྟོབས་མ་ལུས་པ། །ཕུར་པར་ཐིམ་པས་གཟི་འོད་བཀྲག་རྒྱས་ནས། ཁམས་གསུམ་སྲིད་གསུམ་སྒྲོལ་ནུས་མཐུ་ལྡན་གྱུར། །ཅེས་བསམ་ལ། ཧཱུྃ་ཡིག་ལས་བྱུང་ཁྲོས་མ་མཐིང་ནག་འཇིགས། །གྲི་ཐོད་འཛིན་ཞིང་སྐུ་སྨད་ཕུར་དབལ་རྣོ། །གནོད་བྱེད་སྡིག་ཅན་སྙིང་ལ་མཱ་ར་ཡ། །དམ་ཉམས་གཤེད་པོ་ལས་ངན་སྡིག་ཅན་གྱི། །དབང་པོ་ལྔ་ལ་བཛྲ་ཀཱི་ལ་ཡ། །ཡན་ལག་བཞི་ལ་བཛྲ་ཀཱི་ལ་ཡ། །སྲོག་ཡིག་ཏྲི་ལ་བཛྲ་ཀཱི་ལ་ཡ། །སྟོབས་ནུས་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས། བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཟ་འདྲེ་ཤི་གཤེད་མཱ་ར་ཡ་ཧཱུྃ་ཕཊ྄ཿ ཅེས་ཕུར་པ་སྲོག་ཡིག་ཏྲི་ལ་བཏབ་པས་མར་མེ་བསད་པ་ལྟར་སོང་བར་བསམ་ལ། ཁོའི་སེམས་ཉིད་ཨཿདཀར་པོའི་རྣམ་པས་ཕུར་པའི་ཁོང་སེང་ནས་བརྒྱུད་དེ་རྩེ་མོ་ནས་ཐོན་ཡུམ་ཆེན་མོའི་སྐུ་གྱུར་པར་བསྒོམ་ལ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཡང་ཁོའི་ཚེ་བསོད་ནམས་ཐམས་ཅད་ནྲྀ་ཡིག་ལྗང་གུར་གྱུར་ནས་རང་ལ་ཐིམ་པས་བཀྲག་མདངས་རྒྱས་པར་བསྒོམ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་ནས་གྲི་གུག་དང་ལྕགས་ཀྱུ་ཐོགས་ལ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ལས་བྱེད་དམར་མོ་ཕྱག་གཡས་ཀྱིས། །གྲི་གུག་གཡོན་ན་ལྕགས་ཀྱུ་འཛིན། །ལས་ངན་གཤེད་པོ་དམ་ཉམས་འདི། །ལྕགས་ཀྱུས་ཟུངས་ལ་གྲི་གུག་གིས། །ཟ་འདྲེའི་གཟུགས་ཕུང་རྡུལ་དུ་རློགས། །ཤ་ཁྲག་རུས་གསུམ་སིལ་བུར་ཐོངས། །ལྷག་མེད་ཚལ་པ་དུམ་བུར་གཏུབས། །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས། གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ད་ཧ་ད་ཧ་མཱ་ར་ཡ་ཧཱུྃ་ཕཊ྄ཿ ཕཊ྄ཿ ཅེས་བརྗོད་ལ་འདུལ་ཆས་རྣམས་ལིངྒའི་སྟེང་དུ་རྒྱབ་བཅུག་ལ། ཧཱུྃ། ཐུགས་རྗེ་ཁྲོས་མའི་བཀའ་ཉན་ནི། །རིགས་བཞིའི་མཁའ་འགྲོ་བྱེ་བ་འབུམ། །དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་རྒྱན་ཆ་སི་ལི་ལི། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །དར་གྱི་ཅོད་པན་པུ་རུ་རུ། །དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང་། །ཕྱག་ན་མཚོན་ཆ་ཅིར་ཡང་སྤྲུལ། །དོན་ལ་སངས་རྒྱས་ཡིན་མོད་ཀྱང་། །མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །གཤེད་པོ་སྒྲོལ་བའི་དུས་ལ་བབས། །ཟ་འདྲེ་འདུལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །བཅོམ་ལྡན་ཁྲོས་མ་ནག་མོ་དང་། །དཔའ་བོ་རྟ་མགྲིན་སྟངས་དཔྱལ་གྱིས། །རུ་དྲ་བསྒྲལ་པའི་ཕུང་པོ་ལས། །རང་གཤེད་དྲག་པོའི་འདུལ་ཆས་བྱུང་། །རུ་དྲའི་ཕྱི་ཡི་པགས་པ་དང་། །དོན་ལྔ་སྣོད་དྲུག་དབང་པོ་ལྔ། །ཤ་ཁྲག་རུས་པ་སོ་སེན་མོ། །དེ་རྣམས་སོ་སོའི་གཉེན་པོ་རུ། །འདུལ་ཆས་རྣམ་པ་སྣ་ཚོགས་བྱུང་། །རྣམ་པ་རྫས་སུ་གྲུབ་མོད་ཀྱང་། །ལྷ་སྔགས་ཏིང་འཛིན་ནུས་མཐུ་ཡིས། །གཤེད་པོ་བརླག་ནུས་རྫས་སུ་གྱུར། །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས། གནོད་བྱེད་ཟ་འདྲེ་ཤི་སྲི་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ྄ཿ ཕཊ྄ཿ ཅེས་སྔགས་འདོན་བཞིན་ཐམས་ཅད་རིམ་པར་བརྒྱབ། དེ་ཡང་ཆུར་ཤི་ན་དུག་ཆུའི་རྦ་རླབས། གྲིར་ཤི་ན་རལ་གྲིའི་ཆར། མདའ་ལ་མདའ་ཆར། འགག་གྲི་ལ་དུག་ཆར། དུག་ལ་དུག་ཞགས་སོགས་རང་གཤེད་གནད་ལ་དབབ་པའི་དམིགས་པ་དང་། ཕོ་གདོན་ལ་མེ་ཐུན། མོ་གདོན་ལ་ཁྲག་ཐུན། ཀླུ་གདོན་ལ་དུག་ཐུན་དུ་དམིགས་སོ། །མཐར་འདུལ་ཆས་རྣམས་ཧོང་ཁུང་གི་གཡས་གཡོན་དུ་བཞག །སླ་ང་ལིང་རོ་བཅས་མཆོད་གཡོག་པས་བསྟབ་ཚུལ་གྱིས་བཀྱགས་ལ། ཕྱོགས་བཞི་དབུས་ལྔའི་ལྷ་ཚོགས་ལ་བསྟབས་པས་ཟ་འདྲེའི་ཤ་ཁྲག་ཧབ་ཐོབ་ཏུ་ཟོས་པར་བསམ་ལ། ཧཱུྃ། མ་ཅིག་ཁྲོས་མ་ནག་མོ་དང་། །མཁའ་འགྲོ་སྡེ་བཞི་ཞལ་ཕྱེས་ཤིག །གདོན་དུག་ལྔ་བསྒྲལ་པའི་ཕུང་པོ་འདི། །མ་ཁྲོས་མ་ལྷ་ལྔའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པ་མཆོད་པར་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཌཱཀྐི་ནཱི་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་རོལ་མོ་དང་བཅས་པས་བསྟབ་པ་བྱ་ཞིང་ཟན་ལིང་ཅུང་ཟད་དམར་གཏོར་དུ་ཡང་བསྟབ། གཞན་ལིང་ག་བྱང་བུ་རྣམས་བྲུབ་ཁུང་དུ་བཅུག་ལ། ཕཊ྄ཿ གནོད་བྱེད་ཟ་འདྲེ་ཤི་གཤེད་མ་ལུས་པ། །ལྕགས་ཁང་གྲུ་གསུམ་འབར་བའི་ནང་ཚུད་ཅིང་། །གནམ་ལྕགས་ཙཀྲ་རྩིབས་བརྒྱད་ཁ་བཅད་སྟེང་། །མི་ལྤགས་གཡང་གཞི་མུན་པ་དགུ་འཐིབས་ཀྱིས། །གཡོགས་པས་ནམ་ཡང་ལྡང་ནུས་མེད་པར་གྱུར། །ཅེས་དང་། དེ་རྗེས་སླ་ང་འགེབས་སྟངས་རེར། ཕཊ྄ཿ རེ་སྦྲགས་ཏེ་ལན་དགུ་བལྡབ་པར་བྱའོ། །ཧོམ་ཁུང་སྟེང་དུ་གདབ་ཕུར་འཛུགས་པ་དང་། དེ་སྟེང་མདའ་གསུམ་མཉྫིའི་ཚུལ་གྱིས་བཅིངས་པའི་ཁར་དམར་གཏོར་གཅིག་བཞག་ལ་དེ་ཉིད་ཁྲོས་མར་གསལ། ཕཊ྄ཿ བྲུབ་ཁུང་སྟེང་དུ་མ་ཅིག་ཁྲོས་ནག་མ། །སྐུ་སྨད་ཕུར་པས་ཟ་འདྲེ་གཟིར་བར་གྱུར། །ཅེས་ཕུར་པ་དང་གཏོར་མ་དབྱེར་མེད་ཁྲོས་མར་གསལ་ལོ། །ནུབ་དང་པོ་ལ་དེ་ལྟར་དང་། ནུབ་གཞན་དུ་འདུལ་གཞུང་ཚར་རེ་འདོན་དགོས་ཀྱང་ཤོག་ལིང་དང་ཤིང་བྱང་རྣམས་ཧོམ་ཁུང་ནང་ཡོད་ལྟར་རང་སར་མི་སྒུལ་བར་བཞག་ཅིང་། གཤེད་འགུགས་དང་གབ་སྐུང་ཕུད་སྐབས་ཟན་ལིང་སྒྲོ་བར་བཅུག་ནས་རྡེབ་དགོས་ཤིང་གྱུ་མ་གྱུ་བརྟག་མི་དགོས། ཟན་ལིང་གཅིག་སླ་ངར་བཞག་ལ་བསྒྲལ་ནས་ཧོམ་སྟེང་གི་དམར་གཏོར་དུ་ཕུལ། སྒྲོ་བའི་ནང་གི་ཟན་ལིང་ཧོམ་ཁུང་དུ་བླུགས་ལ་ཁ་བཅད་དོ། །དེ་ལྟར་ཞག་དུ་བྱེད་ལ་ཉིན་མཚན་དུས་དྲུག་ཏུ་འབད་དགོས་ཤིང་། དུས་དྲུག་ནི། ཐོ་རངས་དང་། ཉི་དྲོས། ཉིན་གུང་། དགོང་མོ། སྲོད། ནམ་གུང་དང་དྲུག་པོ་འདི་གདོན་འདུལ་བའི་དུས་ཡིན་པས་གལ་ཆེ་ཞེས་གསུངས་སོ། །དེ་ནས་དམིགས་པ་གལ་ཆེན་ནི། ཕཊ྄ཿ བྲུབ་ཁུང་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་རྣོ་ངར་དང་ལྡན་པ་གཡོན་དུ་དྲག་ཏུ་འཁོར་བས་ཟ་དྲེ་ཤི་གཤེད་ཐམས་ཅད་དམར་མྱ་ལ་ལ་གཏུབས་པར་གྱུར། ཕཊ྄ཿ རང་ཉིད་ཁྲོས་མར་གྱུར། བེམ་ཤུན་སྟེང་དུ་ཤ་ཁྲག་སྤུངས་པ་གནོད་བྱེད་ཟ་འདྲེ་རྣམས་ཀྱིས་ཟོས་ཤིང་འཐུངས་པས་ལན་ཆགས་བྱང་བར་བསམ། ཡང་གཡང་གཞིའི་རྩ་བཞི་ནས་བསྡུས། ནམ་མཁར་ཕྱར་ནས་ལྕགས་སྲེག་གི་ས་གཞིར་བརྡབས་པས་གཞོབ་ཐུལ་གྱིས་ཚིག་པར་བསྒོམ། ཁྲོ་ཆུའི་ཕ་བོང་ལའང་དེ་ལྟར་བརྡབས་པས་སྐད་ངན་ཙིར་ཙིར་ཁས་བླངས་དམ་བཅས་སྲོག་སྙིང་ཕུལ་བར་བསམ། ཕཊ྄ཿ རང་ཉིད་ཁྲོས་མའི་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཐོག་དམར་འཕྲོ་བ་གནོད་བྱེད་ཟ་འདྲེ་ལ་བརྒྱབ། ཕྱག་གཡོན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཉིས་ཤི་གཤེད་ཀྱི་སྟེང་དུ་གཡས་བསྐོར་གཡོན་བསྐོར་དྲག་ཏུ་བྱས་པས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཀྱི་ཤ་ཁྲག་རུས་གསུམ་སིལ་བུར་གཏུབས་པ་མཁའ་འགྲོ་མ་གྲངས་མེད་ཀྱིས་གསོལ་བར་བསམ། ཕཊ྄ཿ རང་ཉིད་ཁྲོས་མ་དམར་མོ་སྤྱི་གཙུག་ན་སྟག་ཞལ་ངར་སྒྲ་སྒྲོག་པའི་ཐུགས་ཀ་ནས་མཁའ་འགྲོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་འཕྲོས། གནོད་བྱེད་ཐམས་བཀུག་ནས་ཧོམ་ཁུང་དུ་བཅུག་པ་ཕོ་ཁ་སྦུབ་མོ་གན་རྐྱལ་དུ་བསྒྱེལ་པའི་སྙིང་གར་གནམ་ལྕགས་ཀྱི་ཙཀྲ་རྩིབས་བརྒྱད་པ་གཡོན་དུ་དྲག་ཏུ་འཁོར་བས་ཤ་ཁྲག་རུས་གསུམ་དམར་ཉི་ལི་ལི་གཏུབ་པར་གྱུར། ཕཊ྄ཿ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ན་དཀར་མོ་ལྕགས་ཀྱུ་ཐོགས་པ། ལྷོ་ན་སེར་མོ་གྲི་གུག་ཐོགས་པ། ནུབ་ན་དམར་མོ་སོག་ལེ་ཐོགས་པ། བྱང་ན་ལྗང་མོ་སྟག་གདོང་གྲི་གུག་ཐོགས་པ། མཚམས་བཞིར་མཁའ་འགྲོ་སྣ་ཚོགས་མདོག་དང་། སྟེང་ན་ནག་མོ་གསེར་གྱི་རྡོ་རྗེ་ལས་ཐོག་སེར་འབེབ་པ། འོག་ན་སྔོན་མོ་དྲེ་གདོང་སྤྱན་གཅིག་རླུང་གི་འཁོར་ལོ་འཛིན་པ། ཐམས་ཅད་ཀྱང་རུས་པའི་རྒྱན་ཅན་འབུམ་ཕྲག་འབུམ་ཕྲག་འཕྲོས་པས་གནོད་བྱེད་རྣམས་བཀུག་ནས་ལིང་ག་ལ་བསྟིམ་མོ། །ཕཊ྄ཿ བདག་དང་བསྲུང་བྱའི་རིག་པ་ཨཿདམར་པོ་དེ་སྤྱི་བོའི་ཕ་ཅིག་དམ་པའི་ཐུགས་ཀར་བསྲེ། རང་དང་བསྲུང་བྱའི་ལུས་གདོན་ཤ་ཁྲག་དང་བཅས་ཧོམ་ཁུང་དུ་འཕངས་པས། ཤ་ཁྲག་གི་རྒྱ་མཚོ་རུལ་བཙོག་ཏུ་གྱུར་ནས་གནོད་བྱེད་རྣམས་མྱོས་ཤིང་སུབ་ནས་སྐད་ངན་ཙིར་ཙིར་ཁས་བླང་དམ་བཅའ་བྱེད་པར་བསམ། ཚར་ཚད་བྱུང་ན་དཀར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར་ནས་ལོངས་སྤྱོད་བདེ་སྐྱིད་དང་ལྡན་པར་བསྒོམ། ཕཊ྄ཿ བདག་ཉིད་ཡུམ་ཆེན་མོས་གཡང་གཞི་བརྡབས་པས་ཟ་འདྲེ་ཐམས་ཅད་རང་དབང་མེད་པར་འདུས་པ་ལ། གཡང་གཞིའི་སྟེང་དུ་ཤ་ཁྲག་སྟོན་མོར་བྱིན་པས་བདག་ཡུམ་ཆེན་མོའི་གཟི་བརྗིད་མ་བཟོད་ནས་རང་དབང་མེད་པར་ཆོས་ལ་ཚུད་པར་བསམ་ཞིང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་བརྗོད། ཕཊ྄ཿ རང་ཉིད་ཕ་དམ་པ་མཐིང་ནག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དུར་ཁྲོད་ཆས་བརྒྱད་གསོལ་ཞིང་ཕྱག་གཡས་ཌཱ་མ་རུ་འཁྲོལ་བ་གཡོན་རྐང་གླིང་འབུད་པ་ནམ་མཁའ་གང་བའི་མདུན་མཁར་བམ་རོ་གསར་རྙིང་གི་ཁྲིར་རྗེ་བཙུན་མ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། གྲུ་མོ་གཡོན་དུ་ཟངས་ཞགས་བསྐོན་པ། གཡས་སུ་དུར་ཁྲོད་མཁའ་འགྲོ་ནག་མོ་ལྕགས་ཀྱུ་དང་ཐོད་ཁྲག་ཐུགས་ཀར་འཛིན་པ། གཡོན་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་རལ་གྲི་དང་ཐོད་ཁྲག་ཐོགས་པ། དེ་གསུམ་ལ་འཁོར་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བསམ། ཕཊ྄ཿ བརྗོད་པས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་རྣམས་བཀུག་ནས་མདུན་དུ་འཁོད་པ་ལ། ཕྱི་ནས་རང་འདྲའི་དམ་པ་རྒྱ་གར་གྲངས་མེད་ཀྱིས་ཧ་སྒྲ་ཕཊ྄་སྒྲ་དི་རི་རི་བསྐོར་ནས་ཡོད་པ་ལ། སྙིང་རྗེ་ཚད་མེད་པས་ཤ་ཁྲག་གི་སྦྱིན་པ་བཏང་། ཡང་རང་གི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གྲངས་མེད་པ་འཕྲོས་པས་གནམ་ས་བར་སྣང་ས་རྡོ་རི་བྲག་ཐམས་ཅད་མཁའ་འགྲོ་དམར་མོ་ལྕགས་ཀྱུ་དང་བྷནྡྷ་འཛིན་པར་གྱུར་ནས། སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཚེ་བསོད་བཀྲག་མདངས་གཟི་བརྗིད་ཐམས་ཅད་དང་། འབྱུང་བའི་བཅུད་ཐམས་ཅད་བསྡུས་ནས་ཐོད་པའི་ནང་དུ་བསྟིམས་པ་བདུད་རྩིའི་རྣམ་པས་གང་ཞིང་། མཁའ་འགྲོ་མ་རྣམས་ཀྱང་གཅིག་ལ་གཅིག་ཐིམ་གྱིས་མཐར་རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རྒྱས་པར་བསྒོམ། ཕཊ྄ཿ རང་ཉིད་རྗེ་བཙུན་མ་དམར་མོའི་ཕྱག་གཡས་ཐུགས་རྗེའི་ལྕགས་ཀྱུའི་རྩེ་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་དང་། ཁྱད་པར་གཉན་སའི་ལྷ་འདྲེ་དང་གནོད་བྱེད་དགྲ་འདྲེ་རྣམས་ཀྱི་ཚེ་དཔལ་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་བསྡུས་ནས་རང་ལ་ཐིམ། ཕྱག་གཡོན་ཐོད་པ་ལྕང་ལོ་ཅན་དཔྲལ་བ་རང་ལ་བསྟན་པའི་ནང་དུ་འོད་ཀྱི་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པས་ཡོངས་སུ་གང་བས། སྐྱེ་འགྲོ་རིགས་དྲུག་ཐམས་ཅད་ཀྱི་བཅུད་བསྡུས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སོགས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་པ་མྱུར་བ་ཉིད་དུ་ཐོབ་པར་བསམ་ཞིང་། རང་ཉིད་ཀྱི་གནས་ཁང་ཡང་ཡིད་བཞིན་ནོར་བུ་རིན་ཆེན་འབར་བ་དབང་གི་རྒྱལ་པོ་གྱེན་བསླང་གི་ཚུལ་དུ་ཡོད་པ་ལས་དགོས་འདོད་ཀྱི་ལོངས་སྤྱོད་ཆར་ལྟར་བབས་ནས་ཕུན་སུམ་ཚོགས་པའི་དཔལ་ཡོན་ལ་རང་དབང་བསྒྱུར་བར་བསམ་མོ། །དེས་གཅོད་པ་ལོངས་སྤྱོད་འཕེལ་ཞིང་ཚེ་རིང་བར་འགྱུར་རོ། །འདིར་སྨྲས་པ། འཕགས་པའི་ཡུལ་གྱི་པཎ་ཆེན་སྨོན་ལམ་གྲུབ། །བོད་འདིར་མི་མོའི་ཚུལ་བཟུང་ལབ་སྒྲོན་མའི། །གཅོད་ཡུལ་གདམས་པ་གྲངས་མེད་མཆིས་རྣམས་ཀྱི། །ཕུལ་གྱུར་དཀར་གཅོད་ཞེས་གྲགས་ཨ་རཱ་གའི། །ལུགས་བཟང་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི། །སྙིང་པོ་འཛམ་བུའི་ཆུ་གསེར་ལས་གྲུབ་པའི། །ཕྱོགས་ལས་རྣམ་རྒྱལ་འཁོར་ལོ་རིན་པོ་ཆེའི། །སྔགས་ཀྱི་འཁོར་ལོས་སྒྱུར་ལ་སྔོན་རྒྱུའི་ཆེད། །བྱང་སེམས་ཀུན་བཟང་གཞན་ཕན་གྱིས་སྤེལ་བཞིན། །ཀློང་ཆེན་འོད་གསལ་རྡོ་རྗེས་བྲིས་པའི་དགེས། །འགྲོ་རྣམས་བདེ་ཆེན་འགྱུར་མེད་ས་ཐོབ་ཤོག །དགེའོ། །དགེའོ། །དགེའོ།། །། ༄། །གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་འདུལ་དཀར་གྱི་ཆོ་ག་བདུད་རྩི་བུམ་པའི་ཆུ་རྒྱུན་བཞུགས། །རྣམ་ཀུན་མཆོག་ལྡན་ཀུན་བཟང་ཡུམ་ཆེན་མོ། །སྣང་སྟོང་ལྷུན་གྲུབ་བཛྲ་བྷ་རཱ་ཧཱི། །རྩལ་སྣང་འགག་མེད་མཚོ་རྒྱལ་ལབ་ཀྱི་སྒྲོན། །རྩ་བའི་བླ་མར་བཟླུམས་ཏེ་སྤྱི་བོས་མཆོད། །མ་ཅིག་མཁྱེན་གཉིས་ཡེ་ཤེས་ལྷ་ལམ་དུ། །ལེགས་ཤར་ཐབས་ཤེས་ཟུང་འཇུག་ཟླ་ཉིའི་གཟིས། །སྐལ་བཟང་སྙིང་གི་མུ་སྒོང་བཅིལ་པ་དང་། །ཆབས་ཅིག་རིམ་གཉིས་པད་ཚལ་བཞད་དེ་རྨད། །གང་དེའི་ཐུགས་རྗེའི་རོལ་རྩལ་རྒྱ་མཚོའི་རླབས། །དུས་ལས་ཡོལ་མིན་རྟག་འབྱུང་དངོས་གྲུབ་ཆབ། །གཤིན་པོའི་སྡུག་བསྔལ་ཐ་བ་རླན་བྱེད་པའི། །བདུད་རྩི་བུམ་པའི་ཆུ་རྒྱུན་འདི་ན་འབེབ། །དེ་ཡང་ཟ་འདྲེ་དང་ཚེ་འདས་གཉིས་བག་ཆགས་ཀྱི་དབང་གིས་འབྲལ་མེད་དུ་ཡོད་པ་སོ་སོར་ཕྱེ་ཐབས་ནི། གཞི་དཀར་པོའི་ཁར་རྡུལ་ཚོན་ནམ་རྩམ་པས་མཆོད་རྟེན་བང་རིམ་བཞི་པ་བུམ་པ་ཏོག་དང་བཅས་པ་བྲིས་ལ། སྨྱུག་རྒོད་དམ་མདའ་ལ་གཤིན་པོའི་བྱང་བུ་བྲིས་པ་བཏགས་པའམ། མིན་ཡང་ནྲྀཿཡིག་མིང་བཅས་བྲིས་པ་ལ་མེ་ལོང་དར་འཕན་གདུགས་དང་བཅས་པ་དང་ཚེ་འདས་ཀྱི་ལུས་ལ་འབྱར་བའི་རྫས་གཅིག་ཀྱང་བཏགས། ཕྱེ་མར་ཇ་ཆང་སོགས་འདོད་ཡོན་གསུར་བསྔོའི་རྫས་དང་། བླ་གླུད་ངར་མི་ཆངས་བུས་བསྐོར་བའམ། ཅོག་ལྡོག་ཏིང་ལོ་ཆངས་བུ་དང་བཅས་པ་གང་རུང་སྣོད་གཅིག་ཏུ་བཤམས། རྫས་གང་རུང་ལ་པདྨ་འདབ་བརྒྱད་ཀྱི་གཟུགས་བཅས་པར་མིང་བྱང་བཙུགས་ནས་མཆོད་རྟེན་གདན་ཁྲི་འོག་མའི་སྟེང་དེར་བཞག་ལ། ཕཊ྄ཿ རང་ཉིད་སྐད་ཅིག་ཁྲོས་མ་དམར་ནག་འཇིགས། །ཞལ་གཅིག་ཕག་ཞལ་མཐིང་ག་གཙུག་ན་རྔམ། །ཕྱག་གཡས་ཐོག་རྒོད་རྩེ་དགུ་འབར་བ་ཕྱར། །གཡོན་པ་ཐོད་ཁྲག་རྫུ་འཕྲུལ་དྲག་རྩལ་ལྡན། །སྐུ་ཡི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས། །ཟ་འདྲེ་བཀུག་ནས་ལྕགས་ཁང་ལིང་གར་བསྟིམས། །ཕྱི་རོལ་མཁའ་འགྲོ་འབུམ་གྱི་གུར་ཁང་ནང་། །ཚུད་པས་བྲོས་དབང་མེད་ཅིང་སྟོབས་ཉམས་གྱུར། །ཕཊ྄ཿ ཕྱག་གཡས་གནམ་ལྕགས་ཐོག་འཕངས་ཟ་འདྲེ་བརླགས། །ཕཊ྄ཿ རང་ལུས་གསེར་གྱི་མཆོད་རྟེན་དཔལ་ཡོན་ལྡན། །བང་རིམ་བཞི་པ་རིགས་དྲུག་མཚན་ཉིད་ཚང་། །བུམ་པར་ཨཿཡིག་དཀར་པོ་ཡོངས་གྱུར་ལས། །རང་ཉིད་ཁྲོས་མ་དཀར་མོ་ཞི་འཛུམ་བཞད། །ཕྱག་གཡས་ཡེ་ཤེས་བུམ་པར་བདུད་རྩིའི་རྒྱུན། །བབས་པས་གཤིན་པོའི་སྡིག་སྒྲིབ་འཁྲུད་བྱེད་ཅིང་། །ཕྱག་གཡོན་བྱམས་པའི་མཆིལ་པས་ཚེ་འདས་འདྲེན། །ཕྱོགས་མདོག་མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར། །རང་གི་དཔྲལ་བར་རྣམ་སྣང་མགྲིན་པ་རུ། །སྣང་བ་མཐའ་ཡས་ཐུགས་ཀར་རྡོ་རྗེ་སེམས། །ལྟེ་བར་རིན་ཆེན་འབྱུང་ལྡན་གསང་གནས་སུ། །དོན་གྲུབ་དབུ་རྒྱན་ལ་ནི་མི་བསྐྱོད་པ། །ལྔ་ཀ་སོ་སོའི་ཡུམ་བཅས་རྒྱན་ཆ་ལུགས། །མ་ཚང་མེད་པའི་དཔལ་ཡོན་ཕུན་ཚོགས་གྱུར། །རང་རང་ཐུགས་ཀའི་ས་བོན་འདི་ལྟ་སྟེ། །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་ལྔ་པོ་དང་། །ཡུམ་ལྔའི་ཐུགས་ཀར་ཨ་ཧ་རི་ནི་ས། །དེ་རྣམས་ལས་ནི་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པར་གྱུར། །ཨརྒྷཾ་ནས་ཤཔྡའི་བར་བརྗོད་ལ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཕཊ྄ཿ ཟ་འདྲེ་ཤི་གཤེད་མཆོད་རྟེན་འོག་ཏུ་མནན། །བསྲུང་བྱ་ཐམས་ཅད་མཆོད་རྟེན་བུམ་པ་རུ། །ཚུད་ནས་མཁའ་འགྲོ་སྡེ་བཞིས་བསྲུང་བར་གྱུར། ཕཊ྄ཿ རང་གི་ཕྱག་གཡོན་བྱམས་པའི་ལྕགས་ཀྱུ་ལས། །ཐུགས་རྗེའི་འོད་ཟེར་གློག་ཞགས་ལྟར་འཕྲོས་པས། །ཚེ་འདས་སྐད་ཅིག་ཙམ་གྱིས་བཀུག་པར་གྱུར། །ཅེས་བསམ་ཚེ་འདས་ཉིད་ལ་ཆོས་འདི་འཆད། ཀྱེ་མ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་ནི་ཡེ་ཤེས་མཁའ་འགྲོ་མ། །ཆོས་སྐུ་རྒྱལ་བའི་ཡུམ་ཆེན་ཡིན། །རིགས་ལྔའི་སངས་རྒྱས་སྐུ་ལ་རྫོགས། །མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར། །ཕ་རོལ་ཕྱིན་བཅུའི་དོན་དང་ལྡན། །རྒྱལ་བ་སྲས་བཅས་ཕྲིན་ལས་བདག །ཁྱོད་རང་འཇིགས་སྐྱོབ་བསུ་མ་ཡིན། །མཆོག་གསུམ་རྩ་གསུམ་བདེན་མཐུ་དང་། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཚེ་འདས་གནས་འདིར་མྱུར་དུ་ཁུག །ཨ་ཧ་རི་ནི་ས་ནྲྀཿབཛྲ་ཨཾ་ཀུ་ཤ་ཛ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་འགུགས། ཕཊ྄ཿབརྗོད་ཅིང་ཚེ་འདས་བག་ཕེབས་བསམ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །གཟུགས་བརྙན་མིང་བྱང་མེ་ལོང་བཅས། །ཚེ་འདས་ཁྱོད་ཀྱི་སྒོ་གསུམ་རྟེན། །འཕན་དར་མདའ་སྨྱུག་གདུགས་དང་གདན། །ཚེ་འདས་ཁྱོད་ཀྱི་ཉེར་སྤྱད་རྫས། །རྟེན་འདི་རྣམས་ལ་རྟེན་ཆོས་ལ། །དད་གུས་མོས་པས་བག་ཕབ་ནས། །ཡེངས་མེད་ངང་ནས་ཆོས་འདིར་གསོན། །ཀྱཻ་མ་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་ངན་ཡུན་རིང་ལ། །རྒྱལ་བའི་ཐུགས་རྗེ་དྲན་པར་གྱིས། །ལས་ངན་རྒྱ་མཚོ་གཏིང་ཟབ་ལ། །དད་བརྩོན་གྲུ་གཟིངས་དྲན་པར་གྱིས། །སྲིད་པའི་འཁོར་ལོ་དབང་ཆེན་ལ། །རྟེན་འབྲེལ་བསླུ་མེད་དྲན་པར་གྱིས། །ལོག་པའི་རྣམ་ཤེས་ཤུགས་དྲག་ལ། །བཀའ་དང་དམ་ཚིག་དྲན་པར་གྱིས། །འཁྲུལ་པའི་བག་ཆགས་སྤང་དཀའ་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །དམྱལ་བའི་སྡུག་བསྔལ་བཟོད་དཀའ་ལ། །ཚད་མེད་གོ་ཆ་དྲན་པར་གྱིས། །རྒྱུད་དྲུག་གནས་སུ་འཁྱམས་པ་ལ། ཕ་རོལ་ཕྱིན་དྲུག་དྲན་པར་གྱིས། །མི་དགེ་བཅུ་པོའི་སྡིག་བགྱིས་ལ། །དགེ་བ་བཅུ་པོ་དྲན་པར་གྱིས། །ལུས་བརྗེས་ཕུང་པོ་ཉོན་མོངས་ལ། །རྒྱལ་བའི་སྐུ་མཆོག་དྲན་པར་གྱིས། །ཡུམ་ཆེན་རྒྱལ་བའི་དཀྱིལ་འཁོར་ལ། །དད་པའི་ཡིད་ཀྱིས་སྐྱབས་གསོལ་ཅིག །ཨ་ཧ་རི་ནི་ས་ནྲྀ་ས་མ་ཡ་ཏིཥྛ་ལྷན། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་མིང་བྱང་ལ་བསྟིམས་ནས་ཚེ་འདས་དངོས་སུ་གསལ། རིན་པོ་ཆེའི་སྣོད་དུ་གླུད་གཏོར་འདོད་ཡོན་ལྔ་ལྡན་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། ཚེ་འདས་འདི་ཉིད་ལ་སྔོན་གྱི་ལན་ཆགས་དང་། ད་ལྟ་བླ་ཡིད་རྣམ་ཤེས་ལ་བདག་ཏུ་འཛིན་པའི་གནོད་བྱེད་ཟ་འདྲེ་ཤི་གཤེད་ཚེ་འདས་སུ་བརྫུས་ནས་གསོན་པོར་གནོད་པའི་རིགས་སུ་གྱུར་པ་རྣམས་ལ་བསྔོ་འོ། བསྔོས་ཤིང་སྦྱིན་པས་ལན་ཆགས་བྱང་། བུ་ལོན་འཁོར། ཤ་འཁོན་དག་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག །ཅེས་དང་། ཨོཾ་ཨཱ་ཀ་རོ་བརྗོད་ལ། ཧཱུྃ། ང་ནི་ཡེ་ཤེས་ཁྲོས་མ་ཡིན། །ཉོན་ཅིག་ཟ་འདྲེ་ཤི་གཤེད་རྣམས། །གཤིན་གྱི་བླ་གླུད་གཏོར་མ་འདི། །ལོངས་ལ་ཚེ་ལས་འདས་པ་འདི། །བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཚེ་འདས་ཐར་ལམ་གེགས་མ་བྱེད། །ཧཱུྃ། ཕྱོགས་བཞི་མཚམས་བཞི་སྟེང་འོག་ན། །གནས་པའི་དྲི་ཟ་གཤིན་རྗེ་ཀླུ། །གནོད་སྦྱིན་མེ་ལྷ་སྲིན་པོ་དང་། །རླུང་ལྷ་དབང་ལྡན་ལྷ་དང་ནི། །ས་བདག་སྡེ་བརྒྱད་ཡུལ་ལྷ་དང་། །མདོར་ན་སྣང་སྲིད་ལྷ་འདྲེ་ཀུན། །གཤིན་གྱི་བླ་གླུད་གཏོར་མ་འདི། །ལོངས་ལ་ཚེ་ལས་འདས་པ་འདི། །བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཚེ་འདས་ཐར་ལམ་གེགས་མ་བྱེད། །ཧཱུྃ། ང་ནི་ཁྲོས་ནག་དྲག་མོ་སྟེ། །ཚེ་འདས་འདི་ལ་གནོད་བྱེད་རྣམས། །བླ་གླུད་གཏོར་མ་འདི་ཁྱེར་ལ། །སོ་སོ་རང་རང་གནས་སུ་དེངས། །གལ་ཏེ་བཀའ་ལས་འདས་གྱུར་ན། །ལས་ཀྱི་མཁའ་འགྲོས་སྙིང་ཁྲག་རྣམས། །འཐུངས་ནས་དམྱལ་བའི་སྡུག་བསྔལ་མྱོང་། །དེ་བས་མ་འདུག་གཞན་དུ་དེངས། །ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་གཤིན་ལྕག་བླ་ཁྱེར་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་བརྗོད་རོལ་མོ་དང་བཅས་པས་བླ་གླུད་ཕྱིར་དོར། ཚེ་འདས་ཀྱི་མཚན་བྱང་མཆོད་རྟེན་བང་རིམ་བཞིའི་འོག་མར་བཞག་ལ་འདི་སྐད་དོ། །ཧཱུྃ། བདག་ལུས་གསེར་གྱི་མཆོད་རྟེན་གྱི། །ཞབས་སུ་ཟ་འདྲེ་ཤི་གཤེད་མནན། །མཆོད་རྟེན་བང་རིམ་བཞི་པོ་ལ། །མས་རིམ་ཇི་བཞིན་འོག་མ་ལ། །རླུང་གི་འཁོར་ལོ་རྩིབས་དགུ་དང་། །དེ་སྟེང་མེ་འཁོར་རྩིབས་གསུམ་དང་། །དེའི་སྟེང་ཆུ་འཁོར་རྩིབས་གསུམ་པ། །དེ་སྟེང་ས་འཁོར་རྩིབས་བཞི་གསལ། །འཁོར་ལོ་བཞི་པོའི་གདན་སྟེང་དུ། །ཚེ་འདས་ཞེ་སྡང་སེར་སྣ་དང་། །གཏི་མུག་འདོད་ཆགས་བཞི་པོ་ཡི། །རྒྱུ་དང་འབྲས་བུའི་ས་བོན་རྟེན། །དུ་པྲེ་ཏྲི་དང་ནྲྀཿཡིག་བཞི། །ནག་སེར་སྔོ་དང་ལྗང་བའི་མདངས། །དེ་དག་ཡོངས་སུ་གྱུར་པ་ལས། །ངན་སོང་གསུམ་པོ་མི་དང་བཞི། །སོ་སོའི་རིགས་ཀྱི་འཁོར་དང་བཅས། །མ་ལུས་ལུས་པ་མེད་པར་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཉོན་མོངས་ཞེ་སྡང་སེར་སྣ་དང་། །གཏི་མུག་འདོད་ཆགས་ལས་དབང་གིས། །ངན་སོང་གསུམ་དང་མིའི་གནས་སུ། །སྐྱེ་བར་སྲིད་ཀྱང་སྐྱོབ་བྱེད་ལྷ། །མ་ཅིག་ང་ཡི་དབུ་གཙུག་དང་། །ལྟེ་བ་དཔྲལ་བ་མགྲིན་པ་རུ། བཅོམ་ལྡན་མི་བསྐྱོད་རིན་འབྱུང་དང་། །རྣམ་སྣང་འོད་ཟེར་མཐའ་ཡས་རྣམས། །རིམ་བཞིན་སྐུ་མདོག་མཐིང་ག་དང་། །གསེར་དང་དུང་དང་པད་རག་མདོག །སོ་སོའི་ཕྱག་རྒྱ་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་མཱ་ཀཱི་སངས་རྒྱས་སྤྱན། །དབྱིངས་ཕྱུག་ན་བཟའ་དཀར་མོ་འཁྲིལ། །ཡབ་ཡུམ་ལོངས་སྐུའི་མཚན་དཔེས་བརྒྱན། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །རྒྱལ་བ་རིགས་བཞིར་ཕྱག་འཚོལ་ལ། །དད་མོས་དྲག་པོས་སྐྱབས་ཞུས་དང་། །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །ངན་སོང་གསུམ་དང་མི་ཡུལ་གྱི། །སྒྲིབ་ཚོགས་ཀུན་སྦྱངས་སྟོང་པར་འགྱུར། །ཧཱུྃ་བཛྲ་དྷྲིཀ྄ །སྭཱ་རཏྣ་དྷྲིཀ྄ །ཨོཾ་ཛི་ན་ཛིཀ྄ །ཨཱཾ་ཨ་རོ་ལྀཀ྄ །ཨ་ཧ་རི་ནི་ས་ཚེ་འདས་ཀྱི་ཉོན་མོངས་པ་ཞེ་སྡང་དང་སེར་སྣ་གཏི་མུག་འདོད་ཆགས་རྣམས་ཀྱི་སྡིག་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ྄ཿ ཕཊ྄྄྄ཿ ཕཊ྄ཿ སྐབས་འདིར་ཟས་བསྔོ་བྱ་བ་ནི། །གསུར་རྫས་གྱ་ནོམ་པ་བཤམས་ཏེ། ཕཊ྄ཿ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཟས་གོས་ལོངས་སྤྱོད་བཟའ་བཏུང་ཕུན་སུམ་ཚོགས་པ་འཛད་པ་མེད་པའི་གཏེར་དུ་གྱུར། ཅེས་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་སོགས། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས་འདོད་ཡོན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཅེས་དང་། སྲིད་པ་བར་མ་དོར་ཉམ་ང་བའི་འཕྲང་ལ་སྐྱབ་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། སྔོན་གྱི་བསགས་རྒྱབ་མེད་པ། དགེ་བའི་ར་མདའ་ཉུང་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་པ། འཁྱག་ལྟོག་སྐོམ་གསུམ་གྱིས་གདུངས་པ། ཚེ་ཚད་ལ་ངེས་པ་མེད་པ་བྱ་སྒྲོ་རླུང་གིས་བཏེགས་པ་བཞིན་གར་འགྲོའི་རང་དབང་དང་བྲལ་པའི། བར་དོའི་སེམས་ཅན་ཆེ་གེ་མོའི་ཐོག་དྲངས་བར་དོར་འཁྱམས་པའི་འགྲོ་བ་ཐམས་ཅད་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། ཡིད་ཀྱི་ཡུལ་དུ་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྣང་བ་མཆོག་དང་འབྲལ་བ་མེད་བཞིན། བཟའ་བ་རི་རབ། བཏུང་བ་རྒྱ་མཚོ། ན་བཟའ་ལྷོ་སྤྲིན་ཙམ་ལ་ཆགས་མེད་ཞེན་མེད་ཀྱི་ངང་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་བཞིན་འཕགས་པ་སྤྱན་རས་གཟིགས་དང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་མཐོང་ནས། བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་འཁྲུལ་སྣང་རྒྱས་ཐེབས། བླ་མ་དང་དཀོན་མཆོག་ཡི་དམ་དང་ལྟ་བ་རྗེས་སུ་དྲན་ནས་ལས་ངན་པའི་སྒྲིབ་པ་སྐད་ཅིག་ལ་དག་སྟེ་རིག་པ་ལ་རང་དབང་ཐོབ། བདེ་བ་ཅན་དང་པདྨ་འོད་ལ་སོགས་པའི་ཞིང་ཁམས་ཁྱད་པར་ཅན་རྣམས་བགྲོད་ནུས་པར་གྱུར་ཅིག །ཅེས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་འདོད་ཡོན་བསྔོས་ལ། ཚེ་འདས་ཞེ་སྡང་སེར་སྣ་དང་། །གཏི་མུག་འདོད་ཆགས་སྒྲིབ་པ་དག །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་ཡི་སྡུག་བསྔལ་ཡོངས་སུ་ཞི། །བཟོད་དང་སྦྱིན་པ་ཤེས་རབ་དང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྣམས་རྫོགས། །རྣམ་ཤེས་ཚོར་བ་གཟུགས་འདུ་ཤེས། །དག་བྱེད་དབྱིག་འཛིན་ནམ་མཁའ་མེའི། །དངོས་འཛིན་དྲི་མ་རབ་དག་ནས། །བཅོམ་ལྡན་མི་བསྐྱོད་རིན་འབྱུང་དང་། །རྣམ་སྣང་དཔག་མེད་སྐུ་ཐོབ་ཤོག །མ་ཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཆོད་རྟེན་བང་རིམ་བཞི་བགྲོད་ནས། །བུམ་པའི་ལྟོ་བར་དྲངས་ནས་ནི། །ངན་སོང་གསུམ་དང་མི་རྣམས་ཀྱི། །སྐྱེ་སྒོ་གཅོད་པར་མཛད་དུ་གསོལ། །དེ་ནས་མཚན་བྱང་བུམ་སྨད་དང་། །དབུ་རྩེའི་སྟེང་དུ་རིམ་བཞིན་སྤོས། བུམ་མཐིལ་གསེར་འཁོར་རྩིབས་བརྒྱད་དང་། །དབུ་རྩེར་རྩིབས་བརྒྱད་སྔོ་སྐྱའི་སྟེང་། །འོག་མར་སུ་ཡིག་གཉིས་དང་ནི། །སྟེང་མར་ཨ་ཡིག་དཀར་པོ་ནི། །ཕྲག་དོག་དང་ནི་ང་རྒྱལ་གྱི། །ས་བོན་ཡིག་འབྲུ་ཡོངས་གྱུར་ལས། །ལྷ་མ་ཡིན་དང་ཁམས་གསུམ་ལྷ། །མ་ལུས་མཚོར་སྣང་གཟུགས་བཞིན་གསལ། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕྲག་དོག་དང་ནི་ང་རྒྱལ་གྱི། །དབང་གིས་གནས་རིགས་དེ་གཉིས་སུ། །སྐྱེས་ཀྱང་ཡུམ་ཆེན་གསང་གནས་དང་། །ཆོས་ཀྱི་འཁོར་ལོར་དོན་གྲུབ་དང་། །རྡོར་སེམས་གཉིས་པོ་རང་རང་གི། །ཡུམ་དང་འཁྲིལ་ཅིང་ལོངས་སྐུ་ཡི། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །རྒྱལ་བ་ཟུང་དེར་ཕྱག་འཚོལ་ལ། །རྣམ་གསུམ་དད་པས་སྐྱབས་ཞུས་དང་། །བཅོམ་ལྡན་ཐུགས་རྗེའི་འོད་ཟེར་གྱིས། །འཁོར་གནས་གཉིས་པོ་སྟོང་པར་སྦྱོང་། །ཧ་པྲ་ཛྙཱ་དྷྲིཀ྄ །ཨོཾ་བཛྲ་སཏྭ་ཧཱུྃ། ཨ་ཧ་རི་ནི་ས་ཚེ་འདས་ཕྲག་དོག་དང་ང་རྒྱལ་གྱི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཚེ་ལས་འདས་པའི་ཕྲག་དོག་དང་། །ང་རྒྱལ་གྱི་ནི་སྒྲིབ་པ་དག །འཐབ་རྩོད་ཕམ་ལྟུང་སྡུག་བསྔལ་ཞི། །བསམ་གཏན་བརྩོན་འགྲུས་ཕར་ཕྱིན་རྫོགས། །འདུ་བྱེད་དང་ནི་རླུང་གི་ཁམས། །ཡིད་དང་ཆོས་ཁམས་རྣམ་དག་ནས། །དོན་གྲུབ་རྡོར་སེམས་སྐུ་ཐོབ་ཤོག །ཉི་མ་དེ་རིང་ཕྱིན་ཆད་དུ། །ལྷ་མ་ཡིན་དང་ཁམས་གསུམ་ལྷའི། །སྐྱེ་སྒོ་ཆོད་ནས་འཚང་རྒྱ་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ འཁོར་བ་དང་འབྲེལ་ཐག་གཅད་ནས་ལམ་བསྟན་པ་ནི། ཕཊ྄ཿ ཚེ་འདས་ཀྱི་སྟེང་གི་ནམ་མཁར་དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དུང་ལྟར་དཀར་བ་ཟླ་བའི་གདན་ལ་སྐུ་གར་སྟབས་ལིང་ལིང་། ཕྱག་ཌཱ་དྲིལ་སིལ་སིལ་གསུང་སྙན་པའི་དབྱངས་ཀྱིས་རིགས་ཀྱི་བུ་ཡར་ཤོག །དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོ་འོ། །དགའ་འོ་སྐྱིད་དོ། གསུངས་པར་གྱུར། ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། ཁྱོད་ནི་ཚེ་ལས་འདས་པ་ཡིན། །འཇིག་རྟེན་འདི་ནས་ཕ་རོལ་སོང་། །སྣང་མུན་བར་དོའི་མཚམས་ན་ཡོད། །བསམ་པ་ཙམ་གྱིས་སྟོང་གསུམ་འཁོར། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཉི་ཟླའི་གྲིབ་མ་རྐང་རྗེས་མེད། །གནས་ལ་ངེས་མེད་ཀུན་ཏུ་འཁྱམས། །གྲོགས་ནི་གཤིན་གསོན་ཅིར་ཡང་འགྲོགས། །ཟས་ནི་བསྔོས་པ་ཙམ་གྱིས་ཚིམ། །ཆུ་བྲག་རྩིག་པར་ཐོགས་པ་མེད། །བར་དོ་ཡིན་ནོ་རིགས་ཀྱི་བུ། ཁྱོད་ཉིད་གཅིག་པུ་ཤི་བ་མིན། །ཐམས་ཅད་འཆི་བའི་ཆོས་ཅན་ལ། །མ་སྡུག་མ་བསྔལ་རིགས་ཀྱི་བུ། །སྒྲ་འོད་ཟེར་དང་རྒྱོབ་སོད་སྒྲ། །ཐམས་ཅད་རང་སྣང་འཁྲུལ་པ་ཡིན། །ལོགས་ནས་བྱུང་བ་གཅིག་ཀྱང་མེད། །མ་འཇིགས་མ་སྐྲག་རིགས་ཀྱི་བུ། ཁྲག་འཐུང་ཁྲོ་བོ་མགོ་བརྙན་ཚོགས། །འུར་སྒྲ་ཆོམ་སྒྲ་མཚོན་ཆའི་ཆར། །ཐམས་ཅད་ཡི་དམ་བསུ་མ་ཡིན། །མ་སྔངས་མ་བྲོས་རིགས་ཀྱི་བུ། །འཁོར་བའི་གནས་ལ་བདེ་བ་མེད། །ཡུལ་དང་ཞིང་ཁང་ནོར་རྫས་དང་། །གཉེན་དང་ཉེ་དུ་རང་ལུས་རྣམས། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །མི་རྟག་འབྲལ་བའི་ཆོས་ཅན་ཡིན། །རྟག་པར་གནས་པ་གཅིག་ཀྱང་མེད། །མ་ཆགས་མ་ཞེན་རིགས་ཀྱི་བུ། ཁྱོད་ལ་ཤ་ཁྲག་ལུས་པོ་མེད། །ཡིད་ལུས་མིང་བཞི་ཙམ་ལ་བརྟེན། །བར་དོའི་རྣམ་པར་ཤེས་པ་དེ། །འོད་ཀྱི་ཐིག་ལེ་ཅོག་སྒོང་ཙམ། །ཡི་གེ་ཨཿཡིས་མཚན་པར་སྒོམས། །མ་ཅིག་ལབ་སྒྲོན་ཐུགས་ཀ་རུ། །ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས། །དབྱེ་བ་མེད་པར་ཁྲུག་གེ་བསྲེས། །མ་ཅིག་དཔག་ཆེན་མདའ་འཕངས་བཞིན། །བདེ་བ་ཅན་གྱི་ཞིང་དུ་གཤེགས། །མེ་ཏོག་པདྨའི་སྦུབས་སུ་ཐིམ། །པདྨ་རྒྱས་པའི་ཟེའུ་འབྲུ་ལ། །བརྫུས་སྐྱེས་སྤྲུལ་སྐུ་འཐོབ་པར་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་རྣམ་ཤེས་སྤར་རོ། །རང་སེམས་ཁྲོས་མ་དང་རང་ལུས་གསེར་གྱི་མཆོད་རྟེན་གཉིས་ཀ་མི་དམིགས་པར་གྱུར། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་གཞི་མ་བསྡུའོ།། །། ༄། །དེ་ལྟར་དུས་དྲུག་སོགས་ལ་བརྩོན་པ་བསྐྱེད་དེ་ནན་ཏན་བྱས་ན་ཟ་འདྲེ་ཐུལ་རྟགས་གཅན་གཟན་འཕར་སྤྱང་དོམ་དྲེད་སྤྲེལ་གླ་བ་སྲེག་པ་དུར་བྱ་སོགས་གདོན་རིགས་རྣམས་བསད་མནན་བཅིངས་པ། རྒྱལ་ཁ་ཐོབ་པ་དངོས་གྲུབ་སྟེར་བ་ཁས་ལེན་བྱེད་པ་སོགས་ཚར་ཚད་བྱུང་ན་མེ་མཆོད་རྒྱས་པ་ལོགས་ནས་བྱུང་བ་ལྟར་བྱ་ཞིང་། །བསྡུ་ན་སྟེགས་བུ་རྡོ་ལེབ་ལ་རྡུལ་ཚོན་ནམ་ཕྱེ་བཙག་སོལ་བས་མེ་ཐབ་གྲུ་གསུམ་རཾ་ཡིག་གིས་མཚན་པ་བྲི། སྟེང་དུ་ཚེར་མའི་ཧོམ་གྲུ་གསུམ་བརྩིགས་ལ་མེ་སྦར་ཏེ། ཕཊ྄ཿ མདུན་དུ་གྲུ་གསུམ་དམར་ནག་མེ་འབར་བའི། །དབུས་སུ་ཡུམ་ཆེན་མཁའ་འགྲོ་སྐུ་མདོག་དམར། །ཕྱག་གཉིས་གྲི་ཐོད་ཁ་ཊྭཱཾ་མཆན་བཅུག་ནས། །ཞབས་གཉིས་གར་སྟབས་བཞུགས་པའི་ཕྱོགས་བཞི་རུ། །རིགས་བཞིའི་མཁའ་འགྲོ་གཙོ་མོ་ཅི་ལྟ་བ། །གཙོ་འཁོར་ལྔ་པོའི་སྤྱི་གཙུག་ཕག་ཞལ་རྔམ། །ཉི་ཟླའི་སྤྱན་བགྲད་གནམ་སའི་ཞལ་གདངས་པའི། །ནང་ནས་བསྐལ་མེ་རབ་ཏུ་འབར་བའི་ཀློང་། །དམ་ཡེ་དབྱེར་མེད་འདྲེས་པས་སྟོབས་ལྡན་གྱུར། །དེ་ཡི་སྟེང་ཕྱོགས་ནམ་མཁར་ཁྲོས་ནག་མ། །ཉི་མ་འབུམ་ལས་ལྷག་པའི་གཟི་འོད་འབར། །དེ་ལྟར་གསལ་བའི་ཐུགས་གསང་དབྱིངས་ཆེན་ནས། །ལས་བྱེད་མཁའ་འགྲོ་དཔག་མེད་གློག་ཞགས་ལྟར། །འཕྲོས་ནས་ཟ་འདྲེ་ཤི་གཤེད་གནོད་བྱེད་ཀུན། །རང་དབང་མེད་པར་བཀུག་ནས་ཡེ་ཤེས་ཀྱི། །མཁའ་འགྲོའི་ཞལ་གྱི་མེ་ཕུང་འབར་ཀློང་དུ། །མེ་ལྕེར་སྦྲང་བུ་འཕྲད་བཞིན་སྲེག་པར་གྱུར། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཧཱུྃ། དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །དམར་ནག་མེ་ཕུང་ཀློང་ན་འགྱིངས། །སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །གར་སྟབས་དུར་ཁྲོད་ཆས་ཀྱིས་བརྒྱན། །རང་འདྲའི་རིགས་བཞིའི་མཁའ་འགྲོས་བསྐོར། །ཕག་ཞལ་ངུར་སྒྲས་ཁམས་གསུམ་གཡོ། །ཞལ་ནས་བསྐལ་པའི་མེ་ཆེན་འབར། །གནོད་བྱེད་ཟ་འདྲེ་ཤི་གཤེད་རྣམས། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །སྟོང་པ་ཉིད་ཀྱི་ངང་དུ་བསྲེག །གཏི་མུག་ལས་གྱུར་གདོན་དང་བགེགས། །སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །ཆོས་དབྱིངས་ཡེ་ཤེས་ངང་དུ་བསྲེག །ཞེ་སྡང་ལས་གྱུར་གདོན་དང་བགེགས། །རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །མེ་ལོང་ཡེ་ཤེས་ངང་དུ་བསྲེག །ང་རྒྱལ་ལས་གྱུར་གདོན་དང་བགེགས། རིན་ཆེན་མཁའ་འགྲོའི་ཞལ་དུ་བསྟབ། ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །མཉམ་ཉིད་ཡེ་ཤེས་ངང་དུ་བསྲེག །འདོད་ཆགས་ལས་གྱུར་གདོན་དང་བགེགས། །པདྨ་མཁའ་འགྲོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །སོར་རྟོགས་ཡེ་ཤེས་ངང་དུ་བསྲེག །ཕྲག་དོག་ལས་གྱུར་གདོན་དང་བགེགས། །ལས་ཀྱི་མཁའ་འགྲོའི་ཞལ་དུ་བསྟབ། ཞལ་དུ་བསྟབ་བོ་ཛྭ་ལ་རཾ། བྱ་གྲུབ་ཡེ་ཤེས་ངང་དུ་བསྲེག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་ཧོཾ་ཁུང་ནང་གི་ཤིང་བྱང་དང་ཟན་ལིང་རྩང་ཕུར་ཐམས་ཅད་སྲེག་པ་དང་ཆབས་ཅིག །བཾ་ཧ་རི་ནི་ས་ཛྭ་ལ་རཾ་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ྄ཿ གནན་པ་མི་བྱེད་ན་ཤོག་ལིང་ཡང་བསྲེག་གོ། །གནན་པ་བྱེད་ན་ཤོག་ལིང་གཞག །ཚེ་འདས་ཀྱི་མིང་བྱང་ཡང་མེར་སྲེག་ཅིང་། ཧཱུྃ། མ་ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ཡིས། །ཡེ་ཤེས་ལྔ་ཡི་མེ་སྦར་ཞིང་། །སྣང་ཞིང་སྲིད་པའི་འཇིག་རྟེན་གྱི། །མ་དག་འཁྲུལ་སྣང་ཐམས་ཅད་བསྲེགས། །སྣོད་བཅུད་ཐམས་ཅད་འོད་དུ་ཞུ། །ཡུམ་ཆེན་ལྔ་ཡི་སྐུ་ལ་ཐིམས། །ལྔ་པོ་འོད་ཞུ་བཾ་ཡིག་དམར། །བཾ་ཡིག་བདག་ཉིད་ཁྲོས་མར་ཐིམས། ཁྲོས་མ་འོད་ཞུ་ནམ་མཁར་ཡལ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུ་ཡུམ་ཆེན་ཕ་རོལ་ཕྱིན། །འཁོར་འདས་ཀུན་ཁྱབ་བདེ་ཆེན་ངང་། །འགྲོ་ཀུན་སངས་རྒྱས་འཐོབ་པར་ཤོག །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་དམིགས་མེད་དུ་བཞག་གོ། །ཐལ་སོལ་མ་ཎིའི་རྡོ་མཁར་འོག་གམ་ལམ་རྒྱ་གྲམ་དུ་བླུགས་པས་མནན་པར་འགྲོ། གནན་པ་དངོས་བྱེད་ན་ལིང་ག་གཅན་ཐོད་མཛོ་རྭ་སོགས་རང་ནོར་མིན་པའི་རྭ་ཅོར་བཅུག་ནས། རི་བྲག་སྣ་སོགས་ལྷ་འདྲེ་གཉན་པོ་གནས་སར་གྲུ་གསུམ་བརྐོས་པའི་གཏིང་དུ་བཅུག་ལ། ཕཊ྄ཿ རང་ཉིད་སྐད་ཅིག་ཁྲོས་མ་ནག་མོ་ཡི། །སྐུར་གསལ་ཕྱག་གཡས་གྲི་གུག་སར་བརྒྱབས་པས། །ས་གཞི་གས་པའི་ནང་ནས་ཆུ་གཏེར་མཚོ། །རབ་འཇིགས་དུས་མཐའི་ཆུ་ཀློང་མངོན་སུམ་བཞིན། །གསལ་བའི་ནང་དུ་གནམ་ལྕགས་ཁང་སྒྲོམ་ནི། །རབ་འཇིགས་མེ་འབར་གཏིང་རུམ་འཆོར་མེད་དུ། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཡོངས་ཚུད་གྱུར། །ཅེས་བསམ་འགུག་པ་རྒྱས་བསྡུས་ཅི་མང་བྱས་མཐར། ས་རིམ་དགུས་གཡོགས་སྟེང་དུ་སྡིགས་མཛུབ་ཀྱིས་འཁོར་ལོ་རྩིབས་བརྒྱད་བྲིས་ལ་དེར་བསམ་པས། ཕཊ྄ཿ ཕཊ྄ཿ ཕཊ྄ཿ གནམ་ས་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ཟུང་། །རྒྱུན་ཆད་མེད་པར་འཁོར་བའི་བར་དག་ཏུ། །གནོད་བྱེད་རྡུལ་ཕྲན་ཇི་བཞིན་བརླགས་པར་གྱུར། །ཅེས་བསམ་ལྷ་འདྲེ་འབོད་པ་འདི་བཞིན་བྱ། འོ། ཡུལ་ཕྱོགས་འདི་དང་རྒྱལ་ཁམས་སྤྱིར་གནས་པའི། །སྟོབས་རྩལ་ལྡན་པའི་ལྷ་འདྲེ་ཁྱེད་རྣམས་ལ། །གནོད་བྱེད་ཟ་འདྲེ་ཤི་གཤེད་གཏད་པ་ཡིན། །གཏད་བཞིན་ཟུངས་ཤིག་ཆིངས་ཤིག་མ་ཤོར་ཅིག །ཁྱེད་རང་རྣམས་ལ་མཐུ་རྩལ་ནུས་པའི་སྟོབས། །ཅི་འདུག་བལྟ་ཞིང་རེ་འོ་མ་བསླུ་ཞིག །གལ་ཏེ་ཟ་འདྲེ་ཤི་གཤེད་ཤོར་གྱུར་ན། །ནམ་མཁའ་གདན་བཏིང་ས་གཞི་གདུགས་ལྟར་ཕུབ། །རི་ཆེན་རྦབ་བསྒྲིལ་རི་ཆུང་ཚོག་པོར་འཕེན། །མཛེ་ཤའི་ཐང་བརྡལ་མཛེ་ཁྲག་རྒྱ་མཚོ་བསྐྱིལ། །དཀར་དམར་ཐབ་རློག་ཁྱེད་རྣམས་རྩད་ནས་གཅོད། །དེ་ཕྱིར་དེ་ལ་མ་གཏུག་བག་ཡོད་གྱིས། །བཅོལ་པའི་ལས་འདི་མ་གཡེལ་གདུག་འདྲེ་རྣམས། །མ་གཏང་འཆོར་མེད་ཞགས་པས་ཆིངས་སྡོམས་ནོན། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ དེ་སྟེང་རྐང་པས་བཅགས་ཤིང་བྲོ་གནན་རྒྱས་པ་བྱའོ། །ཧཱུྃ། དབུས་དང་ཕྱོགས་བཞི་ལྔ་པོ་ན། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་པོ། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་གར་སྟབས་ལྡན། །གདོན་དུག་ལྔ་ཡེ་ཤེས་ལྔའི་དབྱིངས་སུ། །མནན་ནོ་འཁོར་བར་ལྡོག་མེད་མཛོད། །ཨོཾ་ལཾ། ཨཱཿལཾ། ཧཱུྃ་ལཾ། སྭཱ་ལཾ། ཧཱ་ལཾ། གནོད་བྱེད་ཐམས་ཅད་སྟྭཾ་བྷ་ཡ་ནན། ཕཊ྄ཿ ཕཊ྄ཿ ཕཊ྄ཿ མནན་པའི་སྟེང་དུ་རྡོ་བརྩིགས་ཤིང་། །རེ་ཚལ་བཙུག་ལ་ནན་དུ་གནན། །ཕཊ྄ཿ ཕཊ྄ཿ ཕཊ྄ཿ ལྕགས་ཁང་སྟེང་དུ་གནམ་ལྕགས་ཀྱི། །མཆོད་རྟེན་བང་རིམ་དགུ་ལྡན་པ། །མུན་པ་རབ་འཐིབས་ཆེ་ལ་བརྗིད། །སྲ་བརྟན་གཡོ་འགུལ་བྲལ་བ་ཡིས། །མནན་ནོ་ནམ་ཡང་ལྡང་མེད་གྱུར། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཕཊ྄ཿ ཕཊ྄ཿ ཕཊ྄ཿ ཅེས་མནན་ལ་ཕྱི་མིག་མི་བལྟ་བར་འོང་ངོ་། །དེ་ཡང་ཚར་ཚད་བྱུང་ན་མནན་པ་མི་དགོས་སོ། །དེ་ནས་ཡོན་བདག་གི་ཁྱིམ་དུ་འོང་རྒྱུ་ཡིན་ན། གཏང་རག་གི་ཚོགས་མཆོད་བྱ། རང་ཁྱིམ་དུ་ལྡོག་རྒྱུ་ལ་ས་མཚམས་གཉན་སར་ཁལ་ཕོག་ལ་དབང་སྡུད་དང་དཀར་དམར་འགྱེད་སོགས་བསྡུས་ཙམ་བྱས་ལ་མཐར། འོ། ས་ཆ་འདིར་གནས་ལྷ་འདྲེ་སྟོབས་ལྡན་རྣམས། །ང་ཡི་རྗེས་སུ་སྒབ་འདྲེ་ཟ་འདྲེ་དང་། །ལྟོག་འགོང་དབུལ་སྲི་འབྱུང་པོ་འབྲང་སྲིད་ན། །མ་གཏང་དམ་དུ་ཟུངས་ལ་རྡུལ་དུ་རློགས། ཁྱེད་ཚོགས་ནུས་མཐུ་ཅི་འདུག་ངས་བལྟ་འོ། །ཞེས་པ་བརྗོད་ལ་ཚུར་ཅུང་ཟད་འོང་ནས་ཐོ་བརྩིགས་པར་ཚེར་ལྕག་བཙུགས་ལ། ཕཊ྄ཿ ཡེ་ཤེས་བྱ་ཁྱུང་འཇིགས་རུང་དྲག་ཤུལ་རྔམ། །ཞལ་ཕྱིར་ཕྱོགས་ནས་གནོད་བྱེད་ཟ་དྲེ་ཡི། །རྒྱུ་ལམ་བཅད་ནས་ཝ་སྤྲེལ་སེང་གེ་ལ། །ཉེ་མི་ནུས་བཞིན་གནོད་སེམས་ཞི་བར་གྱུར། །ཅེས་བསམ་དམིགས་བྲལ་ངང་ནས་ཁྱིམ་དུ་འོང་། དེ་ལྟར་བྱས་པས་ཟ་འདྲེ་རྗེས་འབྲང་ཁོག་ཅིང་རིམ་གྲོ་སྒབ་དྲོ་བ་ཡིན་པས་འདི་གལ་ཆེའོ། །སྨྲས་པ། རྣམ་མང་དུར་གཅོད་འོ་མའི་རྒྱ་མཚོ་གང་། །བསྲུབས་པའི་སྙིང་པོའི་ཡང་བཅུད་འདུལ་དཀར་ནོར། །སྲིད་པའི་ཉེར་ལེན་དུཿཁས་དུབ་པའི་འགྲོར། །ཐར་པའི་སྲོག་གི་གསོས་སུ་སྦྱིན་ནོ་ཀྱེ། །གཅོད་ཡུལ་བརྒྱུད་པའི་དགོངས་དོན་བདུད་རྩིའི་ཆུས། །ཡོངས་གཏམས་བྱང་ཆུབ་སེམས་ཀྱི་བུམ་པ་བཟང་། །འདི་ཀོ་སྦྱོང་བྱེད་ཆོ་གའི་རྣལ་འབྱོར་ཅན། །སྔགསའཆང་དྲང་སྲོང་ཚོགས་ཀྱི་ཕྱག་ཆར་འོས། །བདུད་བཞིའི་སྤྲོས་པ་ཆོད་པས་མི་འཇི༵གས་ཤིང་། །ཐོགས་མེ༵ད་རྒྱལ་གསུང་སྨྲ་ལ་སྙེང་མིན་པར། །འབད་མེད་ཕྲིན་ལས་གདུལ་བྱའི་དཔལ་འབར་བ། །ཀུན༵་བཟ༵ང་གཞ༵ན་ལ་ཕ༵ན་དེས་ལེགས་པར་སྦྱར། །བསྐུལ་ཞིང་ཡི་གེའི་བྱེད་པོ་རང་ཉིད་ཀྱི། །སློབ་བུ་ཀློང་ཆེན་འོད་གསལ་རྡོ་རྗེ་ཡིས། །བྲིས་པ་འདིས་ཀྱང་མཐའ་ཡས་འགྲོ་བ་ཀུན། །བྱང་ཆུབ་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ གཤིན་སྒབ་གཅོད་པའི་ཤིས་བརྗོད་གྲུབ་བརྙེས་ཀརྨ་ཆགས་མེདགསུང་ནི། ཧཱུྃ་ཧྲཱི། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར་བཅས་ལ། །བཀྲ་ཤིས་དཔལ་འབར་བདེ་ལེགས་ཕུན་ཚོགས་ཤོག །ཅེས་ལན་གསུམ་བརྗོད།། །། ༄༅། །གཤེད་འདུལ་གྱི་སྦྱོར་བ་སྔོན་འགྲོ་ཡོ་བྱད་སྟ་གོན་གྱི་ཡིག་ཆུང་ཆགས་མེད་འདུལ་གཞུང་ལས་ཟུར་བཏོན་བྱས་པ་ནི། གཤེད་འདུལ་ལ་མཆོད་གཏོར་གཞུང་ལྟར་བཅའ། རང་གི་མདུན་དུ་ཧོཾ་ཁུང་གཅིག་བཅའ། རང་གི་ཞབས་སུ་ཧོམ་ཁུང་བསྒོམ་མི་རུང་། འོག་སྡུས་བྱས་ན་མི་རབས་རྩད་ནས་ཆད་གསུངས། མདུན་དུ་གཞི་མ་ནག་པོའི་སྟེང་དུ་རི་གསུམ་གྱི་རྡོ་སྒྱེད་བུའི་ཚུལ་དུ་བྱས་པའི་སྟེང་དུ་ལྕགས་ཀྱི་སླ་ང་གཅིག་བཙུགས། སླ་ངའི་ནང་དུ་ཁྲག་གིས་གྲུ་གསུམ་བྲི། སླ་ངའི་ཁ་ན་གྲི་གསུམ་སོ་ཁ་ནང་དུ་བསྟན་ལ་གྲུ་གསུམ་དུ་བཞག །གཤེད་གྲི། གཤེད་འབྲེང་། །གཤེད་སྒྲོ། གཤེད་ཟོར། གཤེད་མདའ། གཤེད་གཞུ། གཤེད་སྟྭ། གཤེད་ཤ་ལག་པ། རྔ་མ་ནག་པོ། ཐུན་རྫས། གཤེད་རྡོ་རྡེའུ་དཀར་ནག་བདུན་རེའམ་ཉི་ཤུ་རྩ་གཅིག་རེ། ཕུར་པ་གཅིག་ཕུར་གདན་དང་བཅས་པ་བཞག །ལིངྒ་བྲི་བ་ནི། ཕོ་དུར་ལིངྒ་ཤ་བའི་མགོ་ཅན་གྱི་སྙིང་གར་གྲུ་གསུམ་བྲིས་པའི་ནང་དུ་ཏྲི་ཛ་ཏྲི་ནྲྀ་པྲེ། དེ་བཞིན་དུ། མོ་དུར་ཕག་ནག་མགོ་ཅན་གྱི་ལྟོ་བར་མ་ཏྲི་ཤི་ནྲྀ། རབས་དུར་ཆུ་སྲིན་མགོ་ཅན་ལ་ནྲྀ་ཏྲི་ཛ་ཏྲི། ཆུང་དུར་བྱི་བའི་མགོ་ཅན་ལ་ཛ་ལ་ཏྲི་ཛ་ནན། གྲི་དུར་ལ་སྤྲེལ་དམར་མགོ་ཅན་ལྟོ་བར་རཀྵ་དུན་ནྲི་བྷྱོ་ཛཿ ཞེས་བྲིས་པ་ས་བོན་ཡིན། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ན་མོ་ར་ཏྲ་ཙི་ཏྲི་ཙི་ཏྲ་དུཾ་དུཾ་རྦད་རྦད་ཛཿཛཿདུར་སྲི་ཐུཾ་ཐུཾ་མྱོགས་མྱོགས་རྦད་ཆོད་ནན་ཟ་འདྲེ་ཤི་གཤེད་ཁུག །ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། གནོད་བྱེད་ཟ་འདྲེ་ཤི་གཤེད་འདི་གར་གནས་ཀྱང་འདིར་ཁུག་ཅིག །ཟུངས་ཤིག །ཆིངས་ཤིག །སྡོམས་ཤིག །ཅེས་བྲི། དེ་རྒྱབ་ལིངྒ་ཕྱི་མུ་ཁྱུད་རྒྱབ་མ་ལ་ཙ་ཏྲི་རཱ་ཛ་སྲོག་ནན། ཏྲི་ཐུཾ་མྱོགས་རྦད་སོད་དུཾ་བུ་དུཾ་བུ་རྦད་རྦད་སོད་སོད་ཛ་ཛ་ཏྲིག་ཁ་ཛཿརཱ་ཛ་རྦད་ནན་ནན། ཟ་འདྲེ་ཤི་གཤེད་ཁུག་ནན། ཅེས་བྲི། ལིངྒའི་སྙིང་གར་ནྲྀ་ཏྲི་ཛཿ ལྟེ་བར་སུ་ཏྲི་ཛཿ མིག་གཉིས་ལ་ཛཿ རྣ་བ་གཉིས་ལ་འོན། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ ཉིང་ལག་བཞིར་ཞ་བཞི། རྐང་ཞབས་གཉིས་སུ་ཡཾ་གཉིས། འདོམས་བར་དུ་རཾ། སྤྱི་བོར་ནན། གཟུགས་སྔོ་སྐྱ་ཡན་ལག་ཕྲ་བ་སྐེམ་པ་བྲི་སྟེ། དེ་ཡང་གཟས་ཤི་ན་གཟའི་གཟུགས། དུག་དུར་པུ་ཤུད། རྨུག་དུར་བྲ་བ། རྦབ་གྲི་༼འགག་གྲི༽བྲག་བྱ། རང་མལ་དུ་ཤི་བ་གཡག །མ་བུ་སྣེལ་གྲིར་ཤི་བ་རི་བོང་། གྲིར་ཤི་བ་ཤ་བ། ཤི་སྲི་མཛོ་མོ། ཆུར་ཤི་བ་ཆུ་བྱ། རབས་ཆད་མཛོ། རྒན་དུར་སྤྲེལ་རྣམས་ཀྱི་མགོ་ཅན་བྲི། སྔགས་མགོ་ནི། ཕོ་ལིང་ཕྲག་པ་གཡས། མོ་ལིང་ཕྲག་པ་གཡོན། ཆུང་ལིང་སྤྱི་བོ། དགྲ་ལིང་རྐང་མཐིལ་ནས་བསྐོར། ལིངྒ་མེ་ཁར་གཡུག་ཅིང་རླུང་ལ་ཕྱར་ནས་ཚོན་སྐུད་ཀྱིས་བཅིངས་ལ་བཞག །ཕོ་ལ་ཕོ་ཤིང་སྟག་པའམ་སྐྱེར་པ་ཤུག་པ། མོ་ལ་མོ་ཤིང་གླང་མའམ་ལྕང་མ། བྱིས་པ་ལོ་བདུན་ནས་ཉི་ཤུའི་བར་ལ། བུ་ཤིང་ཚར་བུ་ལ་བྱང་བུ་དགུ་བྱས་ལ་སྔགས་ཀྱི་ཡི་གེ་འབྲི་སྟེ་རིམ་པ་ལྟར། ཟ་འདྲེ་ཁུག །ཤི་གཤེད་ཁུག །སྲོག་གཅོད་ཁུག །དབུགས་ལེན་ཁུག །ཚེ་ལེན་ཁུག །མདངས་ཕྲོག་ཁུག །གསོན་བདུད་ཁུག །གཤིན་ལྕག་ཁུག །ཤི་འདྲེ་ཤི་སྲི་ཁུག །ཅེས་སོགས་བྲིས་ལ་བཞག །ཤོག་བུའམ་ཤིང་བྱང་ལ་ཚེ་འདས་ཀྱི་མིང་ཡིག་ནྲྀ་དང་བཅས་པ་བྲི། ཟན་ལིང་དང་བཅས་པ་རྣམས་བཤམ། དེ་ནི་བཅའ་ཐབས་རྒྱས་པ་ཡིན་ནོ། ༈ །དེ་ཙམ་མ་ཐུབ་ན་ཐམས་ཅད་ལ་ཤི་སྲི་ཤ་བའི་མགོ་ཅན་གྱི་སྙིང་གར་ནྲྀ་ཏྲི་དུ། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ ཉིང་ལག་བཞིར་ཞ་བཞི། ལིངྒའི་མཐར་གནོད་བྱེད་དར་སྲི། དམ་སྲི། ཕོ་སྲི། མོ་སྲི། ཆེ་སྲི། ཆུང་སྲི། རྒན་སྲི། གཞོན་སྲི། འགག་སྲི། མདའ་གྲི་མདུང་གྲི་སོགས་གང་ཡིན་ཁུག་མཱ་ར་ཡ་ཛ་ཛཿ ཞེས་བྲིས་པ་དང་ཤིང་བྱང་ལྔ་ཡི་་ཆོག ༈ །ཤིན་ཏུ་བསྡུ་ན་ཤིང་བྱང་ལ། ནྲྀ་ཏྲི་ཛཿ ཞེས་བྲིས་པ་གཅིག་དང་ཟན་ལིང་ཙམ་ལ་བརྟེན་ཀྱང་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཅོད་ནི་དམིགས་པ་གཙོ་ཆེ་བས་སོ།། །།