ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག་གི་ལོ་རྒྱུས།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-010
Wylie title shrI he ru ka mched lnga'i thugs tig gi lo rgyus DKR-KABUM-18-TSHA-010.pdf
Location dil mgo mkhyen brtse bka' 'bum
Volume 18, Text 10, Pages 50-52 (Folios 1a to 3b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. ShrI he ru ka mched lnga'i thugs tig gi lo rgyus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 50-52. Delhi: Shechen Publications, 1994.
Genre History Texts - lo rgyus
Cycle ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག་ (shri he ru ka mched lnga'i thugs tig)
[edit]
༄༅། །འཇམ་དབྱངས་མཁྱེན་བརྩེས་འོད་གསལ་དག་པའི་སྣང་ཆར་འཕགས་ཡུལ་ལྟ་བུའི་ས་གཞི་ཤིན་ཏུ་རྒྱ་ཆེ་ཞིང་ཁོད་སྙོམས་པ། སྤང་ལྗོངས་ནེའུ་གསེང་ཆུ་མཚོ་རྣམས་ལ་མེ་ཏོག་སྣ་ཚོགས་ཀྱིས་སྤྲས་ཤིང༌། ཤིན་ཏུ་ཉམས་དགའ་ལ་ཡིད་དུ་འོང་བ་ཞིག་ཏུ་ཕེབས་འདུག་པར་རྗེ་ཉིད་ཀྱིས་རུས་སྦལ་ཞིག་ལ་ཆིབས་པ་ནི་འཇམ་དབྱངས་ཀྱི་སྤྲུལ་པར་མཚོན་ནོ། །ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་གིས་སེང་གེ་དཀར་མོ་ཆིབས་པ་དུས་འཁོར་གྱི་སྤྲུལ་པར་མཚོན་ཅིང༌། དཔལ་ས་སྐྱའི་རིང་ལུགས་ལ་བཀའ་དྲིན་གང་ལས་ཆེ། རྫོགས་ཆེན་པ་གཞན་ཕན་མཐའ་ཡས་ཀྱིས་གླང་ཆེན་ཐལ་ཀར་ཆིབས་པ་ནི་བདག་ཅག་སྟོན་པ་བཀའ་དྲིན་ཅན་གྱི་སྤྲུལ་པར་མཚོན་ཅིང༌། གཏེར་ཆེན་མཆོག་གྱུར་གླིང་པས་རྒྱ་སྟག་ངར་མ་ཆིབས་པ་ནི་ཨོ་རྒྱན་དུས་གསུམ་མཁྱེན་པའི་སྤྲུལ་པ་མཚོན་ཅིང༌། འཇམ་མགོན་ཀོང་སྤྲུལ་པདྨ་གར་དབང་གཡུ་འབྲུག་སྔོན་མོ་ལ་ཞོན་པ་ནི་ལོ་ཆེན་བཻ་རོ་ཙ་ནའི་སྤྲུལ་པར་མཚོན་ཅིང༌། འདི་གསུམ་ནི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ལགས། ཐམས་ཅད་ཧེ་རུ་ཀའི་ཆ་བྱད་དཔའ་བོ་མཁའ་འགྲོ་དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཤིན་ཏུ་མང་པོ་དང་ཌཱ་དྲིལ་སོགས་ཕྱག་མཚན་སྣ་ཚོགས་ཐོགས་པ་རྣམས་དང་ལྷན་ཅིག་རྡོ་རྗེའི་གླུ་ལེན་ཅིང་གར་བསྒྱུར་བས་ཤིན་ཏུ་དགྱེས་པའི་སྣང་བ་ཡུན་རིང་མོ་བྱུང་གསུང་ནས་ཐུགས་ངོ་མཚར་བའི་ཚུལ་མཛད་དོ། ༈ རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོའི་དག་སྣང་གཟིགས་པ་ལྔ་ལྡན་གྱི་ལོ་རྒྱུས་རྣམ་ཐར་ཆེན་མོར་མཇལ་བས་འདི་ཡི་བླ་སྒྲུབ་ཚིག་དོན་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད་ངེས་སྙམ་པ་ཡིད་ལ་ཡང་ཡང་དྲན་པས་རྐྱེན་བྱས། རང་ལོ་སོ་དྲུག་སྐོར་སྒྲུབ་གནས་དཀར་པོ་ནང་ཞེས་པར་ཕ་གཅིག་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་ལ་བརྟེན་ནས་གནས་པས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ཟླ་བ་གྲོ་བཞིན་གྱི་འཕྲོད་སྦྱོར་དང་ལྡན་འདུག་པའི་ཉིན་འཆི་མེད་འཕགས་མའི་སྙིང་ཐིག་གི་ཚོགས་མཆོད་རྒྱས་པར་ཕུལ་ཞིང༌། དགའ་བཞི། སྟོང་བཞི། སྣང་བཞི་དང་སྦྱར་བའི་གཟིགས་པ་ལྔར་གསལ་བའི་རྣལ་འབྱོར་གྱི་དབང་ཕྱུག་ལྔ་ལ་གསོལ་འདེབས་ཞིག་བྲིས་ནས་ཚར་ཁ་ཤས་བཏོན་པས་གློ་བུར་དུ་གཞུང་དེར་ཆུ་བོ་ཞིག་འདུག་པ་རབ་ཏུ་རྒྱས་ནས་བྱུང་བ་རྟེན་འབྱུང་དགེ་སྙམ་ཞིང༌། ཕྱིས་རང་ལོ་ཞེ་བདུན་སྟེང་ཤྲཱི་ནཱ་ལེནྡྲ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེར་རྗེ་གོང་མའི་སྐུ་མཆོད་རྫོགས་ནས་རིང་པོར་མ་ལོན་པར་སླེབས་པས་གཟིགས་པ་ལྔའི་ཞལ་ཐང་ཞིག་གཟིམས་ཆུང་དུ་བཀྲམ་ནས་བཞུགས་འདུག་པ་མཇལ་བ་དང༌། འཇམ་མགོན་ཆོས་རྗེ་དགོངས་པ་རྫོགས་པའི་གཟིམས་སྦུག་ཏུ་གསོལ་འདེབས་བླ་མའི་རྣལ་འབྱོར་འདྲ་བགྱིས་ཏེ་གནས་པ་ཀུན་གཟིགས་བླ་མའི་ཕྱག་བྲིས་དངོས་ཧེ་རུ་ཀ་འདུས་པའི་སྙིང་ཐིག་ཞེས་རྩ་ཐོ་ལྟ་བུ་མཇལ་བ་མཆོག་གླིང་ཡང་དག་སངས་རྒྱས་མཉམ་སྦྱོར་འབེབས་སྐབས་བརྡ་བསྒྱུར་གྱི་ཕྱག་ཐོ་ཡིན་པ་འདྲ་ཡང་རྐྱེན་དེས་བསྐུལ་ཏེ་ཤྲཱི་ཧེ་རུ་ཀ་མཆེད་ལྔའི་སྙིང་ཐིག་ཅེས་ཕྱི་གཟིགས་པ་ལྔའི་བླ་སྒྲུབ་རྫོགས་རིམ་ལ་སྒྱུ་འཕྲུལ་ལམ་རིམ། དུས་འཁོར་སྦྱོར་དྲུག །བདེ་མཆོག་རིམ་ལྔ། གྲོ་ལོད་ཧཱུྃ་ལྔ། འཇམ་དཔལ་རྫོགས་ཆེན་རྣམས་ཀྱི་རྡོ་རྗེའི་ཚིག་རྐང་ཡོད་པ་ཞིག་བྲིས་པ་རྗེ་བླ་མར་གཟིགས་འབུལ་ཞུས་པས་ཁར་སེང་ཕྲན་ལ་ཡང་འདས་མཆོད་སྐབས་ཐང་ཀ་འདི་མཇལ་བས་རྐྱེན་བྱས་འདི་འདྲ་ཞིག་བྲི་འདོད་བྱུང་བ་གཡས་ཆུང་ངུ་བཞག་སྟེ་བྲི་རྒྱུ་མ་བྱུང༌། ཁྱེད་ནས་བྲིས་པ་ལེགས་འདུག་གསུངས་ཏེ་དེ་འཕྲལ་དབང་གསན་ཏེ་ཕུལ་སྐབས་ཀཿཐོག་སི་ཏུ་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ཆོས་ཀྱི་ཉི་མའང་ཕེབས་པས་དབང་ཕུལ་བ་རྟེན་འབྲེལ་ལེགས་འགྲིགས་བྱུང༌། ཕྱིས་སུ་རིམ་པ་བཞིན་ནང་སྒྲུབ་ཞི་ཁྲོ་རིགས་བརྒྱ། དུས་འཁོར། བདེ་མཆོག་དམར་པོ། གྲོ་ལོད། འཇམ་དབྱངས་རིགས་ལྔ་བཅས་སྒོས་སྒྲུབ་དང༌། གསང་སྒྲུབ་ཆིག་དྲིལ་བཀའ་བརྒྱད་བཅས་སོ་སོའི་དབང༌། སྒྲུབ་ཐབས་བྲིས་ཤིང་རྗེ་བླ་མས་སྨིན་གྲོལ་ཚང་བར་གསན་ཀྱང་ད་ལྟ་དཔེ་བཞུགས་པ་འཇམ་དཔལ་རིགས་ལྔ་ཙམ་ལས་མ་བྱུང་བར་དེ་ལ་ཕྱི་ནང་གསང་བ་ཆིག་དྲིལ་གྱི་དགོངས་པ་གུང་བསྡེབས་ཡིན་ཁུལ་གྱིས་ཆོག་ཁྲིགས་སུ་བསྡེབས་པ་ཙམ་མོ། ༈ ནང་སྒྲུབ་འདི་དག་རེ་རེ་བཞིན་གསལ་སྣང་རེ་རེས་བྲི་དགོས་པ་བྱུང་ཡང་ཡུན་རིང་སོང་བས་ད་ལྟ་ཞིབ་གསལ་ཡིད་ཡུལ་དུ་མ་མཆིས་སོ། ༈ གསང་སྒྲུབ་བཀའ་བརྒྱད་འདི་ཤིང་སྤྲེལ་སྟོན་ཟླའི་སྐོར་ཛཾ་ནང་པདྨ་ཤེལ་ཕུག་ཏུ་ཁྱབ་བདག་འཇམ་དཔའི་དབྱངས་དྷརྨ་མ་ཏི་ཆེད་ཕེབས་ཀྱིས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་གི་སྨན་སྒྲུབ་སྒྲུབ་ཆེན་དང་འབྲེལ་བར་མཛད་པ་རང་ཡང་ཚོགས་གྲལ་དུ་དབུགས་འབྱིན་བསྩལ་བའི་སྐལ་བཟང་གི་སྐབས་ཞིག་ཉམས་རྨིས་གང་ཡིན་མ་ངེས་པར་སྒྲུབ་ཕུག་ཉིད་དཔལ་ཆེན་སྒྲུབ་སྡེ་བརྒྱད་གཙོ་འཁོར་ཐམས་ཅད་རང་བྱོན་དུ་བཞུགས་པར་གསུངས་པ་དྲན་པའི་རྐྱེན་གྱིས་ཆེ་མཆོག་དཔལ་དགུའི་གསལ་སྣང་བརྟན་པོ་ཤར་བའི་རྐྱེན་གྱིས་བྲི་འདོད་བྱུང་བ་ལགས། ༈ ཡང༌། མཁྱེན་བརྩེ་རིན་པོ་ཆེའི་གཟིགས་པ་ལྔ་ལ། མཁྱེན་བརྩེས་རུས་སྦལ་ཆིབས་པ་སྤྲུལ་གཞི་འཇམ་དབྱངས། ཞྭ་ལུ་བློ་གསལ་བསྟན་སྐྱོང་སེང་གེ་སྤྲུལ་གཞི་དུས་འཁོར། འཇམ་མགོན་ཀོང་སྤྲུལ་འབྲུག་ལ་ཆིབས་པ་སྤྲུལ་གཞི་བཻ་རོ། མཆོག་གླིང་སྟག་ལ་ཆིབས་པ་སྤྲུལ་གཞི་གུ་རུ། རྒྱལ་སྲས་གཞན་ཕན་མཐའ་ཡས་གླང་ཆེན་ལ་ཆིབས་པ་སྤྲུལ་གཞི་སྟོན་པ་ཐུབ་དབང་ཡིན་པའི་བརྡ་རྟགས། སྤྱིར་སྐྱེས་བུ་ཆེན་པོ་འདི་དག་སོ་སོ་ལྟར་སྣང་ཡང་དོན་ལ་ཐུགས་རྒྱུད་གཅིག་པ། གང་དུ་སྐྱེ་བ་བཞེས་ཀྱང་ཐུགས་བསྐྱེད་སྨོན་ལམ་གྱིས་གཅིག་གྲོགས་གཅིག་གིས་མཛད་དགོས་པ་ཡིན་འདྲ། མཁྱེན་བརྩེའི་གཟིགས་པ་ལྔའི་ལོ་རྒྱུས་རྣམ་ཐར་དུ་རྒྱ་གར་གྱི་ས་ལྟ་བུའི་ཐང་ཡངས་པ་གསུངས་པས་སྐྱེས་བུ་འདི་དག་གི་སྤྲུལ་པ་རྒྱ་གར་སྔགས་འཆང་གི་ཚུལ་དུ་ཕེབས་ནས་བསྟན་པ་སྤེལ་རྒྱུ་ཡིན་འདྲ། ཁོང་གི་མཁའ་འགྲོ་གསང་འདུས་བསྙེན་པ་བཏང་སྐབས། མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་ཀོང་སྤྲུལ། ཕྲན་བཅས་པས་ཚོགས་འཁོར་ཞིག་གསུང་འདུག་པས་དང་པོ་མཁྱེན་བརྩེ་རིན་པོ་ཆེ། དེ་ནས་ཀོང་སྤྲུལ་ཁོང༌། དེ་ནས་ཕྲན་བཅས་ཧེ་རུ་ཀའི་ཆས་ཀྱིས་གར་བྱས་པ་རྨིས་གསུངས་ཀྱང་མཁྱེན་ཀོང་མཆོག་གླིང་གསུམ་ལས་གཞན་སུ་ཡིན་ཤེས་ཀྱི་མི་འདུག་ཞུ།།

Footnotes

Other Information