སྙིང་ཐིག་ཡ་བཞི་དང་ཀློང་ཆེན་སྙིང་ཐིག་གི་རྣམ་བཤད།

From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-016
Wylie title snying thig ya bzhi dang klong chen snying thig gi rnam bshad DKR-KABUM-13-PA-016.pdf
Location dil mgo mkhyen brtse bka' 'bum
Volume 13, Text 16, Pages 194-198 (Folios 1a1 to 5a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Snying thig ya bzhi dang klong chen snying thig gi rnam bshad. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 194-198. Delhi: Shechen Publications, 1994.
Genre Catalogue of Contents - dkar chag  ·  Detailed Explanation - rnam bshad
[edit]
སྙིང་ཐིག་ཡ་བཞི་དང་ཀློང་ཆེན་སྙིང་ཐིག་གི་རྣམ་བཤད། བླ་མ་ལ་ཕྱག་འཚལ་ལོ། སྙིང་ཐིག་ཡ་བཞི་ཞེས་བྱ་བ། སྤྱིར་བོད་ཡུལ་དུ་རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ། བི་མ་པད་འབྱུང་བཻ་རོ་གསུམ་དུ་གཙོ་བོར་གསུངས། བི་མ་ལས་ཆོས་རྒྱལ་ཁྲི་སྲོང་དང༌། མྱང་ཏིང་འཛིན་བཟང་པོ་ལ་གསུངས་པ་སྙན་བརྒྱུད། སྦས་བློ་གྲོས་དབང་ཕྱུག་དང་འབྲོམ་རིན་ཆེན་འབར་བ་གཉིས་ལ་གསུངས་པ་དཔེ་བརྒྱུད། དབུ་རུ་ཞྭ་ཡི་ལྷ་ཁང་དུ་སྦས་པ་ལྡང་མ་ལྷུན་རྒྱལ་གྱིས་བཏོན། སྙན་བརྒྱུད་ཀྱང་གསན་པས་བཀའ་གཏེར་ཆུ་བོ་གཅིག་ཏུ་འདྲེས། དེས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང༌། ལྕེ་བཙུན་གྱིས་ཀྱང་མཆིམས་ཕུ་ནས་ཟབ་པ་པོད་བཞི་གཏེར་ནས་བཞེས། བི་མས་རྗེས་སུ་བཟུང༌། དེ་ལས་བརྒྱུད་པ་ལ་བི་མ་སྙིང་ཐིག ༡ དེའི་བཅུད་དྲིལ་བླ་མ་ཡང་ཏིག ༢ བཅས་བི་མ་སྙིང་ཐིག་མ་བུ་གཉིས། གུ་རུ་རིན་པོ་ཆེས་མཚོ་རྒྱལ་གཙོས་མཁའ་འགྲོ་འབུམ་ལ། གཞོ་སྟོད་ཏི་སྒྲོ་རུ་གསུངས་པ་མཁའ་འགྲོ་སྙིང་ཐིག ༣ དེའང་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་པ་ལ་མ། དེའི་ཟབ་གནད་མཁའ་འགྲོ་ཡང་ཏིག ༤ ཀློང་ཆེན་པའི་དགོངས་གཏེར་ལ། བུ་ཞེས་ཀློང་ཆེན་པའི་ཟབ་མོ་ཡང་ཏིག སྙིང་ཐིག་གཉིས་ཀྱི་སྤྱི་ཆོས་སུ་བཞག་པ་ལ། །ཡ་བཞིར་གྲགས་པ་རྙིང་མ་སྤྱི་སྐད། ཡང་བི་མ་སྙིང་ཐིག་མ་བུ། སོ་སོར་བགྲང༌། མཁའ་འགྲོ་སྙིང་ཐིག་མ་བུ་གཅིག་ཏུ་བསྡེབ། ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་ཟུར་དུ་བཞག་པ་ལ། ཡ་བཞི་བཅས། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་གསུངས། རྡོར་སེམས་སྙིང་ཐིག་གི་བརྒྱུད་པ་གཙོ་བོ་བཻ་རོ་ཡིན་འདུག །ཡང་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བི་མ་ལས་རྗེས་སུ་བཟུང་སྟེ་གཏན་ལ་ཕབ་པའི་ཀརྨ་སྙིང་ཐིག་རྡོར་སེམས་སྙིང་ཐིག་གི་ཚབ་ཏུ་བཞག་པ་ལ་སྙིང་ཐིག་ཡ་བཞི་ཞེས་བཀའ་བརྒྱུད་པ་ཕལ་ཆེར་གསུངས། བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་པོ་ལས། བི་མ་སྙིང་ཐིག །མ་བུའི་དགོངས་པའི་སྲོག་བཅུད་འདུས་པ། ལྕེ་བཙུན་སྙིང་ཐིག་ཡིན་གསུངས། བླ་མ་ཡང་ཏིག་ནང་བི་མིའི་བླ་སྒྲུབ་ཡི་དམ་ཚེ་དཔག་མེད། ཚེ་སྒྲུབ་མཁའ་འགྲོ་ཁྲོས་ནག་སྒྲུབ་ཐབས་ཆུང་ངུ་གསུམ་ལ། བསྐྱེད་རིམ་སྐོར་རྒྱས་པ་མི་བཞུགས། སྔོན་འགྲོ་སྨིན་ལུགས་ལྟར་སྤྱི་ཁྱབ་ཞིག་མཁྱེན་བརྩེ་དབང་པོས་ཡོད། བི་མ་སྙིང་ཐིག་མ་བུ་གཉིས་ཀ་ལ་དབང༌། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་བཞི་འདུག །མ་བུའི་དབང་སོ་སོར་གནང་བའི་བརྒྱུད་པ་འདུག །བླ་མ་ཡང་ཏིག་དབང་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན་བཤད་རྒྱུན་རིང་བརྒྱུད་ཁམས་སུ་བཞུགས་པ་ཕྱིས་མཁྱེན་བརྩེ་རིན་པོ་ཆེའི་ཉེ་བརྒྱུད་བཅས་ཆུ་བོ་གཅིག་འདྲེས་མཁན་རིན་པོ་ཆེ་ངག་དགའི་འགྲེལ་པ་ཡོད། སྨིན་གླིང་གཏེར་ཆེན་ནས་དབང་བཞི་པོ་བླ་མ་ཡང་ཏིག་གིས་གོ་བཅད་ནས། ཁྲིད་མ་བུ་གུང་བསྡེབ་ཏུ་རང་གི་སྲས་མོ་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་མཛད་པའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ལྟར་མཛད། བླ་མ་ཡང་ཏིག་ལ་དོན་ཁྲིད་སྐོར་གསུམ་ཞེས་པ་གཙོ་བོ་ཡིན། ཕྱིས་སུ་མཁྱེན་ཀོང་རྣམ་གཉིས་ཀྱིས་བི་མ་སྙིང་ཐིག་མ་བུའི་ཁྲིད་དྲི་མེད་ཞལ་ལུང་ཞེས་པ་ཀོང་སྤྲུལ་རིན་པོ་ཆེས་མཛད་ནས་དེ་ལྟར་གནང་སྲོལ་བྱུང༌། མཁའ་འགྲོ་སྙིང་ཐིག་གི་དབང་ལ་མཁའ་འགྲོའི་བརྡ་དབང༌། བུམ་དབང༌། གསང་དབང༌། ཤེར་དབང༌། ཚིག་དབང༌། བླ་མའི་དབང༌། རིག་པ་རྩལ་དབང༌། མཁའ་འགྲོའི་དབང༌། གཞན་དོན་གནང་སྦྱིན། བསྟན་པ་གཏད། བཀའ་སྲུང་དབང་བཅས་ཀྱིས་སྨིན་པར་བྱེད། བསྐྱེད་རིམ་ཞི་ཁྲོ་རྒྱས་པ་གུ་རུའི་བླ་སྒྲུབ་རྒྱས་པ། མཚན་བརྒྱད་སྒོས་སྒྲུབ་བཅས་འདུག །ཁྲིད་ཡིག་རྩ་བ་སྨིན་གླིང་གཏེར་ཆེན་གྱིས་ཡོད། མཁྱེན་བརྩེ་དབང་པོའི་བྱིན་རླབས་བླ་མའི་ཐུགས་སྒྲུབ་ཅེས་ཡང་གཏེར་ལྟ་བུ་གུ་རུའི་སྒྲུབ་ཐབས་ཡོད། བི་མ་སྙིང་ཐིག །བི་མ་མི་ཏྲའི་སྤྲུལ་པ་བར་མ་ཆད་པ་བདུན་ལ་བརྒྱུད། སྨིན་གཏེར། འཇིགས་གླིང་ཐམས་ཅད་ཀློང་ཆེན་པས་རྗེས་སུ་བཟུང༌། མཁྱེན་བརྩེ་རིན་པོ་ཆེ་ལ། བི་མ། མཁའ་འགྲོ་སྙིང་ཐིག་གཉིས་ཀ་ཉེ་བརྒྱུད་དུ་བཞུགས། འཇམ་མགོན་མཁྱེན་སྤྲུལ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ལ། སྨིན་གླིང་གཏེར་ཆེན་དང་འཇིགས་གླིང་གཉིས་ཀའི་དབང་ཁྲིད་ཀྱི་རྒྱུན་འདུས་ནས་བཞུགས། བི་མ་སྙིང་ཐིག་གི་བཀའ་སྲུང་མ་གཟའ་དམ་གསུམ། མཁའ་འགྲོ་སྙིང་ཐིག་དང༌། ཟབ་མོ་ཡང་ཏིག་ལ་སྲོག་སྒྲུབ་ནག་མོ་དང་རྡོ་རྗེ་གཡུ་སྒྲོན་མ་ཡིན། བི་མ་སྙིང་ཐིག་དང་མཁའ་འགྲོ་སྙིང་ཐིག་གི་དགོངས་པ་གཅིག་ཏུ་དྲིལ་བ། ཁྲིད་ཡིག་ཡེ་ཤེས་བླ་མ་འཇིགས་མེད་གླིང་པའི་གསུང་འདི་ཡིན། སྙིང་ཐིག་བརྒྱུད་པ་སྔ་ཕྱི་ཞེས་པ། སྔ་མ་ཀློང་ཆེན་པ་དང་ཕྱི་མ་འཇིགས་གླིང་ཡིན། བཀའ་མའི་དབང་དུ་བྱས་ན་སེམས་ཀློང་གཉིས་ཕལ་ཆེ་བ་བཻ་རོ། མན་ངག་སྡེ་བི་མ་དང་པདྨས་གསུངས་པ་ལྟར་འདུག །གཏེར་མ་ལ་བཻ་རོས་ཀྱང་མན་ངག་སྡེ་རྒྱ་ཆེར་སྣང༌། །བཀའ་མ་རྫོགས་ཆེན་སྡེ་གསུམ་ད་ལྟ་གདམས་ངག་མཛོད་དུ་བཞུགས། རྫོགས་ཆེན་སྡེ་གསུམ་གཏེར་བྱོན་མཆོག་གླིང་གཏེར་མར་ཡོད། ཡིག་ཆ་རྙིང་པ་ཤིན་ཏུ་གལ་ཆེ་རིགས། སྡེ་དགེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་དཔེ་མཛོད་དུ་པོད་ཆེན་མདའ་ཚད་མ་ལྔ་བཞུགས། གཏེར་མ་ལ་གུ་རུ་ཆོས་དབང༌། རྒོད་ལྡེམ། སངས་རྒྱས་གླིང་པ། རྡོར་གླིང༌། པདྨ་གླིང་པ། ཀརྨ་གླིང་པ། ཀུན་སྐྱོང་གླིང་པ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། གཏེར་བདག་གླིང་པ། སྟག་ཤམ། ཆོས་གླིང༌། ལྷ་བཙུན་ནམ་མཁའ་འཇིགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ། མཁྱེན་བརྩེ་དབང་པོ། མཆོག་གླིང༌། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རྣམས་ལ་རྫོགས་ཆེན་བཀའ་བབ་རྒྱ་ཆེ་ཤོས་སུ་འདུག །གྲུ་གུ་རྟོགས་ལྡན་ཤཱཀྱ་ཤྲཱི་ལའང་རྫོགས་ཆེན་གྱི་དགོངས་གཏེར་མང་པོ་ཡོད། ཨ་འཛོམས་འབྲུག་པ་དཔའ་བོ་རྡོ་རྗེ་ལའང་དེ་བཞིན་བཞུགས། འདི་རྣམས་མཁྱེན་ཀོང་རྣམ་གཉིས་ཀྱི་བརྒྱུད་པ་ཡིན། སྒིས་གཏེར་བདུད་འཇོམས་ཡབ་སྲས་རིགས་སོགས་ལ་རྫོགས་ཆེན་རྒྱ་ཆེར་སྣང༌། མཁྱེན་བརྩེ་རིན་པོ་ཆེའི་མཁའ་འགྲོ་སྙིང་ཐིག་གི་ཉེ་བརྒྱུད་ཁྲིད། གཏེར་གཞུང་རྩ་བ་དང་ཁྲིད་ཡིག་གསེར་ཕྲེང་ཞེས་པ་དེ་མཛད་སྲོལ་སྣང༌། ཟབ་མོ་ཡང་ཏིག་ལའང་སྤྲོས་བཅས་སོགས་བཞི་བི་མ་ལྟར་ཡོད། མཁའ་འགྲོ་སྙིང་ཐིག་ས་གཏེར། བི་མ་སྙིང་ཐིག་ས་གཏེར། ཡང་གཏེར་སྐོར་དགོངས་གཏེར་ངོས་འཛིན་གནང་བ་འདྲ། ༈ ཀློང་ཆེན་སྙིང་ཐིག་ཅེས་བྱ་བ་འདི་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་ལས་མན་ངག་སྡེ། མན་ངག་སྡེ་ལའང་ཕྱི་ནང་གསང་སྐོར་གསུམ་ལས་གསང་བ་སྙིང་ཁྲག་ལྟ་བུ་ཡིན་གསུངས། བཀའ་གཏེར་དག་སྣང་གསུམ་ལས་གཏེར་མ་དགོངས་གཏེར་ཡིན་ཏེ། འཇིགས་གླིང་རྟོགས་པ་ནམ་མཁའ་དང་མཉམ་པས་དགོངས་གཏེར་འདི་དང་མཚུངས་པ་གཅིག་ཀྱང་མེད་ཅེས་གསུངས། རིག་འཛིན་འཇིགས་མེད་གླིང་པ་མོས་གུས་ཀྱིས་རྟོགས་པ་གཅིག་ཆར་དུ་སྐྱེས། ཆོས་ཐམས་ཅད་མ་བསླབས་པར་མཁྱེན། ནང་གི་རྣལ་འབྱོར་མཐར་སོན་པའི་རྟེན་འབྲེལ་གྱིས། ཆོས་བཀའ་འདི་བླ་མ་རིག་འཛིན་ཉིད་ཡི་དམ་ཞི་ཁྲོ་དང༌། མཁའ་འགྲོ་ཆོས་སྐྱོང་ལྟར་སྒྲུབ་པ་ཁོ་ན་ཡིན་གསུངས། འདི་ལ་དབྱེ་ན་ཕྱི་སྒྲུབ་བླ་མའི་རྣལ་འབྱོར། དེ་རྒྱས་པར་བཀྲལ་བའི་བླ་མཆོད། ནང་སྒྲུབ་རིག་འཛིན་འདུས་པ། བླ་སྒྲུབ། འདི་ལ་དབང་རྒྱས་བསྡུས་གཉིས། ཚེ་སྒྲུབ། ཚེ་དབང༌། དེ་ཉིད་དྲག་པོ་མཐིང་ག་སྒྲུབ་པ། དཔལ་ཆེན་འདུས་པ་བཀའ་བརྒྱད། འདི་གུ་དྲག་དང་ཆེ་མཆོག་དབྱེར་མེད་དུ་བསྒྲུབས་པས་བླ་མ་བཀའ་བརྒྱད། འདི་ལ་དབང་དངོས་སྟ་ཅན། དེའི་སྒོས་སྒྲུབ། གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ་བཞི་འདི་ལ་དབང་སོ་སོ་བཞི། གུ་རུ་དྲག་དམར། དྲག་པོ་རྟ་ཁྱུང་འདི་ལ་དབང་རྒྱས་བསྡུས་གསུམ། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང༌། དེ་དྲག་པོ་རྟ་མགྲིན་སྒྲུབ་པ་དབང་མེད། ཡང་གསང་བི་མ་ཀློང་ཆེན་དབྱེར་མེད་ཀྱི་བླ་སྒྲུབ་ཐིག་ལེ་རྒྱ་ཅན། དབང་འདི་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར། ཡུམ་བཀའ་མཚོ་རྒྱལ་བདེ་ཆེན་རྒྱལ་མོ། འདི་ལ་ཕྱི་སྒྲུབ་མཚོ་རྒྱལ། ནང་སྒྲུབ་སྒྲོལ་མ་གཉིས་སྒྲུབ་ཐབས་གཅིག །འཇིགས་གླིང་གི་དབང་གཅིག་ལས་མེད་ཀྱང༌། ནང་སྒྲུབ་སྒྲོལ་མ་ཉེར་གཅིག་ལ། སྤྱི་དང་སོ་སོའི་རྗེས་གནང་མཁྱེན་བརྩེ་དབང་པོའི་དགོངས་ཀློང་ལས་ཕྱུང་བ་དང༌། གསང་སྒྲུབ་དྲག་མོ་སེང་གདོང་དབང་བཅས། གཏོར་ཟློག །བྱད་ཁྲོལ། ཞི་ཁྲོ་ངན་སོང་སྦྱོང་བ་དབང་དངོས་སྟ་ཅན། གནས་ལུང་རོ་སྲེག །བཀའ་སྲུང་མ་མགོན་ལྕམ་དྲལ། སྲོག་གཏད་ཚེ་རིང་མ་དེའི་སྲོག་གཏད་བཅས་ཡོད། ཡི་དམ་དང་མཁའ་འགྲོ་འདི་དག་ཀུན་མཁྱེན་འཇིགས་གླིང་ཉིད་མོས་གུས་ཀྱིས་གྲོལ་བའི་རྟེན་འབྲེལ་གྱིས་བླ་མ་ཉིད་ཡི་དམ་དང༌། མཁའ་འགྲོ་ལྟར་སྒྲུབ་པ་ཡིན་གསུངས། སོ་སོར་བསྙེན་ཡིག་བཅས་ཡོད། བསྐྱེད་རིམ་གྱི་ཁྲིད་འོག་མིན་བགྲོད་པའི་ཐེམ་སྐས། དེའི་དཀའ་འགྲེལ་དཔལ་སྤྲུལ་རིན་པོ་ཆེའི་གསུང༌། རྫོགས་རིམ་གཏུམ་མོ་རང་ལུས་གཞན་ལུས་འཁྲུལ་འཁོར་ཉེར་གཅིག་འདི་ལ་ཕྱིས་མཁན་པོ་ངག་དགའི་ཁྲིད་ཡོད། རྫོགས་པ་ཆེན་པོའི་རྒྱུདྃ་ཀུན་བཟང་ཀློང་རྒྱུད། ལུངྃ་ཀུན་བཟང་དགོངས་མཉམ། མནྃ་ངགྃ་རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ་རྣམས། ཉམས་ལེན་ལག་ཁྲིད་དུ་བསྡེབས་པ་ཁྲིད་ཡིག་ཆེན་པོ་ཡེ་ཤེས་བླ་མ། རྒྱབ་ཆོས་ཁྲིད་ཕྲན་ཁ་ཤས། སྔོན་འགྲོ་རྒྱས་པ་ཀུན་བཟང་བླ་མ། དེའི་ཟིན་བྲིས་ངག་དགའི་གསུང༌། འབྲིང་འཇིགས་གླིང་རང་མཛད། བསྡུས་པ་མཁྱེན་བརྩེ་དབང་པོའི་གསུངས་བཅས། གཅོད་མཁའ་འགྲོའི་གད་རྒྱང༌། དེ་ལ་རྡོ་གྲུབ་དང་དཔལ་སྤྲུལ་རིན་པོ་ཆེའི་ཁྲིད་ཡིག་བཅས་ལ་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་ཟབ་གནད་ཐམས་ཅད་འདུས་པ་ཡོད་གསུངས། ཕུར་པ་རྒྱུད་ལུགས་ཞེས་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་སྒྲོལ་དབང་བཅས་ཤིན་ཏུ་རྒྱས་པ། ས་སྐྱ་བདག་ཆེན་འགྲོ་མགོན་དབང་སྡུད་སྙིང་པོ་ཆོས་བདག་ཏུ་བསྔགས་པ་འདི་བཀའ་གཏེར་ཟུང་འཇུག་ཏུ་གསུངས། ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ནང་སྒྲུབ་སྒྲོལ་མ་ཉེར་གཅིག་གི་ལས་ཚོགས་ཉེར་གཅིག །ཚེ་སྒྲུབ། བླ་བསླུ། གནས་ལུང༌། གཡང་སྒྲུབ། མེ་མཆོད་སོགས་ཡོད། ཡུམ་བཀའི་རིགས་བདག་འོད་དཔག་མེད་ཀྱི་ཆོ་ག །དབང་ཚེ་སྒྲུབ་གནས་ལུང༌། དཔལ་ཆེན་འདུས་པ་དང་སྨན་སྒྲུབ། ཡུམ་བཀའ་སེང་གདོང༌། བྱད་བཀྲོལ་དྲག་པོ་རྟ་ཁྱུང་རྣམས་ཀྱི་གཏོར་བཟློག །ལས་བཞིའི་སྦྱིན་སྲེག །ཞི་ཁྲོའི་གནས་ལུང༌། རོ་སྲེག །ཐུགས་རྗེ་ཆེན་པོའི་རིལ་སྒྲུབ། མ་མགོན་རྟེན་མདོས། དྲག་པོའི་ལས་སྦྱོར། མ་མགོན་གཡུལ་བཟློག་གི་མདོས་བཅས་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་དཀར་ཆག་ལྟར་ཡིན་ལགས།། །།

Footnotes

Other Information