གསང་ཐིག་ཕུར་པའི་སྒོ་ནས་ཞི་བའི་སྦྱིན་སྲེག་མདོར་བསྡུས།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-032
Wylie title gsang thig phur pa'i sgo nas zhi ba'i sbyin sreg mdor bsdus DKR-KABUM-09-TA-032.pdf
Location dil mgo mkhyen brtse bka' 'bum
Volume 9, Text 32, Pages 266-267 (Folios 1a1 to 2b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Gsang thig phur pa'i sgo nas zhi ba'i sbyin sreg mdor bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 266-267. Delhi: Shechen Publications, 1994.
Genre Fire Offerings - sbyin sreg
Cycle གསང་ཐིག་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པ་ (gsang thig rdo rje sems dpa' phyag rgya gcig pa)
Parent Cycle གསང་ཐིག་སྙིང་པོའི་སྐོར་གསུམ་ (gsang thig snying po'i skor gsum)
Deity rdo rje sems dpa'
Colophon

།ཞེས་པའང་མངྒ་ལས་སོ།།

/zhes pa'ang mang+ga las so//

[edit]
༄༅། །གསང་ཐིག་ཕུར་པའི་སྒོ་ནས་ཞི་བའི་སྦྱིན་སྲེག་མདོར་བསྡུས་བྱ་ན། སྒྲུབ་དཀྱིལ་བཤམས། རང་གི་གཡས་སུ་སྲེག་རྫས་མར་ཁུ། ཡམ་ཤིང༌། ཏིལ་སོགས། གཡོན་དུ་སྨན་རཀ་གཏོར་ཚོགས་དང་མཆོད་པ། མདུན་དུ་ཞི་བའི་ཐབ་སྤྱི་མཐུན་གྱི་དཀྱིལ་དུ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པའི་ཁ་ཁྱེར་གྱི་སྟེང་ནས་རུང་བའི་བུད་ཤིང་གིས་ཟླུམ་པོར་བརྩེགས་པའི་ཤར་ལྷོར་ཏིང་ལོ་མེ་ཚང་དང་བཅས་པ་བཞག །དེ་དང་ཉེ་བར་དགང་བླུག་གཟར་དང༌། ལས་བུམ། རྡོར་དྲིལ་སོགས་འདུ་བྱ། སྐྱབས་སེམས་ནས་བཟླས་པའི་བར་དང༌། སྤྲོ་ན་ཚོགས་མཆོད་བཅས་གྲུབ་རྗེས། ལས་བུམ་ཨ་མྲྀ་ཏས་བརླབས་པ་འཐོར་ཞིང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་དངོས་པོ་ལས་ཐམས་ཅད་ལ་ཐོགས་པ་མེད་པར་བསྐུལ་ཞིང་ལྷ་ཚོགས་རྣམས་དགྱེས་པ་སྐོང་བའི་ནུས་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་བདུན་བརྗོད་པས་བརླབས། སྔགས་མཐར་ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་པས་མེ་སྦར་ལ་བསང༌། ཨ། རང་བཞིན་སྐྱེ་མེད་དབྱིངས་ཕྱུག་ཡུམ་གྱི་མཁར། །སྤྱན་དང་མཱ་ཀིའི་སྒྱུ་འཕྲུལ་རྡོ་རྗེའི་ཐབ། །མཚན་ཉིད་ཡོངས་རྫོགས་གོས་དཀར་དམ་ཚིག་སྒྲོལ། །མཉམ་སྦྱོར་ཡེ་ཤེས་མེ་དཔུང་འབར་བའི་དབུས། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ སོགས་ནས། མཆོད་བསྟོད་མདོར་བསྡུས་བྱ། དགང་བླུག་བཟུང་ལ། ཧཱུྃ། དགང་བླུག་དཀྱིལ་འཁོར་མ་ལུས་པའི། །ཞལ་གྱི་ངོ་བོར་རྣམ་དག་ཅིང༌། །རྡོ་རྗེའི་ལྗགས་སྟེང་ཧཱུྃ་ཡིག་གིས། །བསྲེག་རྫས་བདུད་རྩིའི་རྒྱུན་དྲངས་ནས། །ཟག་མེད་བདེ་བས་རབ་ཏུ་མཉེས། །ལས་མཐུན་འོད་ཟེར་འཕྲོས་པ་ཡིས། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། ཞེས་བརྗོད་ཅིང་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཞེས་ལན་བདུན་གྱིས་མར་ཁུ་བླུག་གཟར་བདུན་ཕུལ་བས་དགང་གཟར་བཀང་བ་ཁ་སྦྱར་ཞིང་ཐབ་ལ་གཡས་སུ་བསྐོར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དབུལ། དེ་ལྟར་བུའི་རིམ་པས་བརྒྱ་རྩ་སོགས་ཅི་རིགས་དང༌། ཡམ་ཤིང༌། ཏིལ། རྫས་གཞན་ཡོད་ནའང་སྤོམ་སྟེ་འབུལ་ཚུལ་འདྲ། གྲངས་གསོག་ན་སྔགས་བརྒྱ་རྩ་རེའི་མཚམས་སུ་སྤེལ་ཚིག་རེ་སྦྱར་ཞིང༌། རྫས་ཏིལ་འབའ་ཞིག་འབུལ། མཐར་ཚོགས་ཀྱི་མཆོད་པ་དང༌། གཏང་རག་གི་མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ། བདག་གཞན་བླ་མེད་ཚོགས་མཆོག་འདི་དག་གིས། །སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས། །ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང༌། །བྱིན་རླབས་རྩལ་འཆང་གཟི་བྱིན་ནུས་མཐུར་ལྡན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་སྔགས་མཐར་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ་ཞེས་པས་དངོས་གྲུབ་བླང༌། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་དང་བཅས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། སོགས་དང༌། བཛྲ་མུཿས། ཐབ་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ཕྱི་ཡི་མཆོད་པས་ཕྲིན་ལས་ཐོགས་མེད་འགྲུབ། །གཏུམ་མོའི་མེ་ཡིས་རླུང་སེམས་དབུ་མར་ཐིམ། །ཕྱག་རྒྱ་ལ་བསྟེན་བདེ་ཆེན་ཡེ་ཤེས་འབར། །མཐར་ཐུག་ཟུང་འཇུག་འོད་གསལ་མངོན་གྱུར་ཤོག །ཅེས་སྨོན་ལམ་གདབ། བཀྲ་ཤིས་བརྗོད། ཚོགས་ལ་རོལ། ལྷག་མ་དང་རྗེས་ཆོག་གི་མཆོད་བསྟོད་ནས་བཀྲ་ཤིས་བར་བྱའོ། །དེ་བཞིན་དུ་ལས་གཞན་རྣམས་བྱ་བར་འདོད་ནའང༌། སོ་སོའི་ཐབ་སྤྱི་ལྟར་བྲི་ཞིང༌། ལས་མཐུན་གྱི་བུད་ཤིང་བརྩིག །རྒྱས་པ་ལ་རྫས་ཟས་མཆོག་དང་རིན་ཆེན་འབྲུ་སྨན་སྦྱར་བ་གཙོ་བོར་འབུལ། སྤེལ་ཚིག བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་གདགས། དབང་ལ་མེ་ཏོག་དང་འབྲས་བུ་དམར་པོའི་རིགས་ཆང་གིས་སྦགས་པ་དང༌། སྤེལ་ཚིག བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་དབང་དུ་ཁམས་གསུམ་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་གདགས། དྲག་པོ་ལ་ཡུངས་ཀར་ལན་ཚྭ་སྦྱར་བ་དང༌། སྤེལ་ཚིག བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ྄། ཅེས་སྦྱར་བ་ཁྱད་པར་རོ། །ཞེས་པའང་མངྒ་ལས་སོ།། །།

Footnotes

Other Information