བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་བཀྲ་ཤིས་ཚེ་རིང་མཆེད་ལྔ་གཙོ་འཁོར་ཡོངས་རྫོགས་ལ་བརྟེན་པའི་མཁའ་འགྲོའི་སུན་བཟློག་དང་བརྟན་བཞུགས་ཀྱི་ཆོ་ག་བཀྲ་ཤིས་འཆི་མེད་བདུད་རྩིའི་སྣང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-018
Wylie title bla ma'i thugs sgrub bar chad kun sel las/ bka' srung bkra shis tshe ring mched lnga gtso 'khor yongs rdzogs la brten pa'i mkha' 'gro'i sun bzlog dang brtan bzhugs kyi cho ga bkra shis 'chi med bdud rtsi'i snang ba
Location dil mgo mkhyen brtse bka' 'bum
Volume 9, Text 18, Pages 98-116 (Folios 1a to 19a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Bla ma'i thugs sgrub bar chad kun sel las bka' srung bkra shis tshe ring mched lnga gtso 'khor yongs rdzogs la brten pa'i mkha' 'gro'i sun bzlog dang brtan bzhugs kyi cho ga bkra shis 'chi med bdud rtsi'i snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 98-116. Delhi: Shechen Publications, 1994.
Genre Averting or Dispelling Rites- zlog pa  ·  Ritual and Liturgical Texts - cho ga phyag len
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity bkra shis tshe ring mched lnga
Colophon

།ཅེས་པའང་མཁྱེན་རྟོགས་མཚུངས་ཟླ་མ་མཆིས་པ་གཏེར་ཆེན་མཆོག་གླིང་གསུམ་པའི་སྐུ་གསུང་ཐུགས་ཀྱི་སྲས། དམ་པའི་ཡོན་ཏན་རྨད་དུ་བྱུང་བས་མཛེས་པའི་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང་། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་དད་བློ་རྣམ་གསལ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་གསུང་བསྐུར་ལྟར། བཀླག་ཆོག་གི་ཚུལ་དུ་མདོ་སྨད་ཀྱི་རྨོངས་འཆལ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཁྱེན་བརྩེའི་འོད་ཟེར་རྒྱས་པའི་སྡེར་འབོད་པས་ལྷོ་མོན་སྨན་ཤིང་གི་དགའ་ཚལ་རྣམ་བཀྲ་ཆོས་བཞིན་སྤྱོད་པའི་ས་སྐྱོང་དབང་པོའི་ཕོ་བྲང་དུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དབུས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཕྲིན་ལས་ཕྱོགས་དུས་ནམ་མཁའི་ཕ་མཐར་བརྡལ་བའི་རྒྱུར་བསྔོས་པ་བཞིན་འགྲུབ་པར་གྱུར་ཅིག །མངྒ་ལམ། དགེའོ།། །།

ces pa'ang mkhyen rtogs mtshungs zla ma mchis pa gter chen mchog gling gsum pa'i sku gsung thugs kyi sras/__dam pa'i yon tan rmad du byung bas mdzes pa'i mchog sprul rin po che thub bstan 'jigs med bshad sgrub bstan pa'i nyi ma dang /_e waM chos kyi sgar chen gyi byang 'dren dad blo rnam gsal 'gyur med pad+ma bkra shis dpon slob nas gsung bskur ltar/_bklag chog gi tshul du mdo smad kyi rmongs 'chal 'gyur med theg mchog bstan pa'i rgyal mtshan mkhyen brtse'i 'od zer rgyas pa'i sder 'bod pas lho mon sman shing gi dga' tshal rnam bkra chos bzhin spyod pa'i sa skyong dbang po'i pho brang du gnas pa'i skabs bris pa 'dis kyang gter chen chos kyi rgyal po yab sras dbus bstan 'dzin mchog rnams zhabs pad bskal pa rgya mtshor brtan cing phrin las phyogs dus nam mkha'i pha mthar brdal ba'i rgyur bsngos pa bzhin 'grub par gyur cig_/mang+ga lam/_dge'o//_//

[edit]
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་བཀྲ་ཤིས་ཚེ་རིང་མཆེད་ལྔ་གཙོ་འཁོར་ཡོངས་རྫོགས་ལ་བརྟེན་པའི་མཁའ་འགྲོའི་སུན་བཟློག་དང་བརྟན་བཞུགས་ཀྱི་ཆོ་ག་བཀྲ་ཤིས་འཆི་མེད་བདུད་རྩིའི་སྣང་བ་ཞེས་བྱ་བ་བཞུགས་སོ།།


༄༅། །བཀྲ་ཤིས་ཚེ་མཆོག་རིང་འཚེའི་རྡོ་རྗེའི་སྲོག །དྲན་པ་ཙམ་གྱིས་ལེགས་སྟེར་ལྷན་སྐྱེས་མར། །གུས་བཏུད་ཚུལ་དེའི་སུན་ བཟློག་བརྟན་བཞུགས་ཚུལ། །གྲུབ་པའི་གསུང་བཞིན་ཉེར་མཁོའི་དཔལ་དུ་བསྡེབ། །དེ་ཡང་རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་རྩ་རླུང་ཐིག་ལེའི་ཁམས་གནས་ཡུལ་གྱི་ དཔའ་བོ་ཌཱ་ཀིའི་ཚོམ་བུ་ལྷུན་གྱིས་གྲུབ་པའི་གནས་མལ་ནད་གདོན་ཉམས་ཆགས་ཀྱི་རྐྱེན་གྱིས་འཁྲུགས་པ་ན་མཁའ་འགྲོ་སྡེ་བརྒྱད་ཀྱི་སུན་མ་བྱུང་ནས་ཚེ་སྲོག་ལ་བར་དུ་གཅོད་པ་རྣམས་རྫས་སྔགས་ཏིང་འཛིན་ཟབ་མོས་ བཟློག་པའི་ཐབས་ཟབ་མོ་ཉམས་སུ་ལེན་པར་འདོད་པས་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། སུན་བཟློག་རྐྱང་པ་དང་། བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། ཐོག་མར་བཅའ་བཤམ་ནི། གཟའ་སྐར་དུས་ཚོད་དགེ་བའི་ཆར་གུང་དུ་ཐུགས་སྒྲུབ་རྩ་བའི་ཕྲིན་ལས་དང་། བླ་མ་ཆོས་སྐུ་སོགས་བདག་བསྐྱེད་གང་ལ་བརྟེན་པའི་དཀྱིལ་འཁོར་ཚུལ་བཞིན་བཤམས་པའི་གཡས་གཡོན་གང་བདེར་སྟེགས་གྲུ་བཞི་མཐོ་བའི་སྟེང་མདའ་གསུམ་བསྣོལ་བའི་ཁར་བྷཉྫ་མཚན་ལྡན་གྱི་ནང་དུ་དམར་གཏོར་གཙོ་འཁོར་ལྔ་མེ་རི་དང་ཤ་ཁྲག་གིས་བརྒྱན་པ་དང་། དེའི་འོག་ཏུ་སྨན་བཙུན་མཆེད་ལྔའི་གཏོར་མ་དཀར་ཟླུམ་གཙོ་འཁོར་ལྔ་སོ་སོར་བཀོད། རྡོ་རྗེ་སློབ་དཔོན་སོགས་ལ་བརྟན་བཞུགས་འབུལ་མ་དགོས་ན་སྨན་བཙུན་ལྔའི་གཏོར་མའི་མདུན་དང་ཕྱོགས་བཞིར་དར་ཐག་ལྔ་ བརྐྱངས་ཏེ་བཞག །དེའི་མཐའ་སྐོར་དུ་སྡེ་བརྒྱད་ཀྱི་བཤོས་བུ་ཤར་དུ་ལྷ་བཤོས་དཀར་ཟླུམ། ཤར་ལྷོ་བཙན་བཤོས་གྲུ་གསུམ་དམར། ལྷོ་རུ་གཤིན་རྗེར་གྲུ་གསུམ་ཁྲམ་རིས་ཅན་ནག །ལྷོ་ནུབ་ཏུ་རྒྱལ་བཤོས་གཤོག་དྲུག་དཀར། ནུབ་ཏུ་མ་མོ་སྨན་ཏིང་དཀར། ནུབ་བྱང་དུ་གནོད་སྦྱིན་གྲུ་བཞི་སེར། བྱང་དུ་བདུད་བཤོས་གྲུ་གསུམ་རྩེ་གུག་ནག །བྱང་ཤར་དུ་ཀླུ་བཤོས་སྦྲུལ་དཀྲིས་ཅན་དཀར་པོ་རྣམས་རྒྱན་བཀོད་མཐུན་རྫས་ཀྱིས་སྤྲས་པ་དང་། མཐའ་བསྐོར་དུ་མཆོད་ པས་བསྐོར། གཏོར་ཟོར་རྒྱན་ལྡན་ཡང་བཤམས། གཞན་ཡང་གཏོར་གསོས་མཐེབ་ཀྱུ་དཀར་དམར། འབྲུ་སྣ། ཟས་སྣ། གསེར་སྐྱེམས་སོགས་ཀྱང་འདུ་བྱ། ཉེ་ལོགས་ཅི་བདེ་བར་བསྒྲུབ་བྱའི་སྐུ་གླུད་རྒྱན་གོས་ཀྱིས་སྤྲས་པ་ཆེ་བརྗིད་ཅན་སྐྱེ་མཆེད་སོ་སོའི་རྫས་ལྡན་དང་། ནམ་མཁའ། རྒྱང་བུ། མདའ་འཕང་། ཤིང་རིས། ཁྲོམ་ཤིང་། དར་ཟབ། འབྲུ་སྨན། དཀོར་ཆ་ལོངས་སྤྱོད་སོགས་མཁོ་དགུས་གཏམས་པ་དང་། གྲངས་གསོག་སྐབས་གསོ་བྲན་བྱ་རྒྱུའི་གླུད་ཆུང་ཆང་བུ་བཅས་བཟང་ལ་མང་བར་འདུ་བྱ། ལས་བྱང་གང་ཡིན་གྱི་གཞུང་བསྲང་ལ་བསྙེན་བཟླས་མཆོད་བསྟོད་དང་། ཐུགས་སྒྲུབ་ལས་བྱང་ལ་བརྟེན་ན་ལས་སྦྱོར་བཟླས་པའི་རྗེས་ཚེ་འགུགས་བཅས་དབང་འབྲིང་གི་སྐབས་ལྟར་བྱ། ཆོས་སྲུང་གི་གཏོར་འབུལ། ཚོགས་སྐོང་བཅས་རྒྱས་པར་བྱས་ལ། གཉིས་པ་སུན་བཟློག་དངོས་ཀྱི་དང་པོ་ཡོ་བྱད་བྱིན་རླབས་ནི། བསངས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨཱཿལས་རིན་པོ་ཆེ་དང་པདྨ་ བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུཾ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་རྟེན་རྫས། མཆོད་རྫས། བདུད་རྩི་དང་རཀྟའི་མཚོ། ཤ་ཁྲག་གཏོར་མའི་རི་བོ། ཕུང་ཁམས་སྐྱེ་མཆེད་རྫོགས་པའི་འདྲ་གླུད་དགོས་འདོད་དཀོར་ནོར་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཆོད་པའི་དངོས་པོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ལས་དང་འཇིག་རྟེན་པ་ཐམས་ཅད་མཉེས་ཤིང་ཚིམ་པར་བྱེད་ནུས་པའི་མཆོད་སྤྲིན་འཇིག་རྟེན་ཀུན་ཏུ་རྒྱས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ༔ ནས། ཤཔྟ་ཨཱཿཧཱུཾ༔ བར་སྦྱར། གཏོར་མ་རྣམས། ཨོཾ་ཨཱཿཧཱུཾ༔ སྣང་སྲིད་གཞིར་ བཞེངས་གཏོར་ཆེན་པོ༔ འཁོར་འདས་འདོད་ཡོན་རྒྱ་མཚོས་སྤྲིན༔ མ་ཚང་མེད་པའི་མཁོ་དགུའི་གཏེར༔ རྒྱ་ཆེ་རྒྱུན་མི་འཆད་པར་བསམ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཧ་ཧོ་ཧྲཱི༔ ཞེས་བརྗོད་པས་བྱིན་རླབས། གཉིས་པ་མགྲོན་སྤྱན་འདྲེན་པ་ནི། ཐོད་རྔ་དང་རོལ་མོས་བསྐུལ། དྲི་ཞིམ་གྱི་སྤོས་དང་དར་སྣའི་གཡབ་མོ་བཅས། ཧཱུཾ། སྐྱེ་མེད་ཆོས་དབྱིངས་ཡུམ་གྱི་མཁའ། །འགག་མེད་བདེ་ ཆེན་སྒྱུ་མ་ཆེ། །འཁོར་འདས་ཀུན་ཁྱབ་ཡེ་ཤེས་ཀློང་། །བཀོད་པ་ཆེན་པོའི་ཆོ་འཕྲུལ་ལས། །ཡེ་ཤེས་དབྱིངས་ཀྱི་ཡུམ་ཆེན་ལྔ། །བདེ་ཆེན་དགྱེས་མ་གནས་ཡུལ་གྱི། །ཐུགས་གསུང་སྐུ་ཡི་མཁའ་འགྲོ་མ། །ལྷ་སྨན་ཆེན་མོ་ཞིང་སྐྱོང་མ། །སྨན་བཙུན་ཚེ་རིང་མཆེད་ལྔ་སོགས། །ལས་དང་འཇིག་རྟེན་ཚུལ་འཛིན་པ། །ཤ་ཟ་ཤུགས་འགྲོའི་རིགས་ཅན་ལྔ། །རི་རབ་སུམ་ཅུ་རྩ་གཉིས་ཀྱི། །རྡུལ་དང་མཉམ་པའི་དྷཱ་ཀི་ནི། །དཀར་སེར་དམར་སྨུག་ནག་མཐིང་ལྗང་། །འབུམ་ཕྲག་ཡངས་པ་ཆེན་པོར་བརྡལ། །ལས་དང་མཛད་པ་བསམ་ཡས་པས༏ །དམ་ཅན་སྐྱོང་ཞིང་ཉམས་པ་སྒྲོལ། །རྣལ་འབྱོར་ལྟ་དགོངས་དྲོད་ཚད་ཉུལ། །སྣ་ཚོགས་སྐུར་སྟོན་ཐམས་ཅད་ཀུན། །ཧེ་རུ་ཀ་དཔལ་བཀའ་བྱུང་གིས། །དམ་ལས་མ་ འདའ་ད་ཚུར་བྱོན། །རིག་འཛིན་རྣལ་འབྱོར་ངག་ལ་གསོན། །མཐུན་རྫས་དགྱེས་དགུའི་དཔལ་ལ་གཟིགས། །ཉམས་ཆག་འཁྲུགས་པ་དབྱིངས་སུ་བསྐང་། །བཞེད་དགུའི་མཆོད་ པའི་བརྔན་འབུལ་གྱིས། །ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀུན། །དབྱིངས་ཀྱི་དགོངས་པ་མ་གཡེལ་ཅིག །དམ་ཚིག་ལས་ཀྱི་མཁའ་འགྲོ་རྣམས། །མ་སྲིང་གྲོགས་མོའི་ མཛའ་གདུང་སྐྱེད། །འཇིག་རྟེན་ཤ་ཟ་ཤུགས་འགྲོའི་ཚོགས། །མཐུན་རྫས་བཞེས་ལ་སྡོང་གྲོགས་མཛོད། །ཞི་དང་ཕན་པའི་དགོངས་པ་ཡིས། །རྣལ་འབྱོར་བདེན་པའི་བཀའ་མ་བཅག །བརྩེ་དང་གདུང་བའི་བསམ་པ་ཡིས། །རྩ་གསུམ་ལྷ་ཚོགས་དམ་མ་འདྲལ། །ཁྲོས་དང་འཁྲུགས་པའི་སེམས་སྤངས་ལ། །དགའ་མགུ་མཉེས་པའི་ཚུལ་གྱིས་བཞུགས། །སྐུ་གསུམ་དག་པའི་ཞིང་ཆེན་ནས། །དབྱིངས་ཀྱི་ཡུམ་ཆེན་རིགས་ལྔ་གཤེགས། །གནས་ཡུལ་དུར་ཁྲོད་བརྒྱད་རྣམས་ནས། །འབུམ་ཕྲག་དཔའ་བོ་མཁའ་འགྲོ་གཤེགས། །ས་འོག་ས་སྟེང་མཁའ་སྤྱོད་ནས། །ཐུགས་གསུང་སྐུ་ཡི་མཁའ་འགྲོ་གཤེགས། །མ་ངེས་སྣ་ཚོགས་གནས་རྣམས་ནས། །ལས་དང་འཇིག་རྟེན་མཁའ་ འགྲོ་གཤེགས། །རྡོ་རྗེའི་གནས་ཡུལ་དུར་ཁྲོད་ནས། །སྨན་བཙུན་ཚེ་རིང་མཆེད་ལྔ་གཤེགས། །ཕྱོགས་མཚམས་སྟེང་འོག་འཇིག་རྟེན་ནས། །བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ གཤེགས༑ །མ་ལུས་འཁོར་བཅས་དགྱེས་སྤྱོན་ལ། །འདོད་པའི་ལས་ཀུན་འགྲུབ་པར་མཛོད། །ཨོཾ་ཛྙཱ་ན་ལོ་ཀ་ཀརྨ་དྷཱ་ཀི་ནི་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ཛཿ ཞེས་པས་སྤྱན་དྲངས་ པར་བསམ། གསུམ་པ་མགྲོན་སྤྱི་ལ་གཏོར་མ་འབུལ་ཞིང་ལས་བཅོལ་བ་ནི། ཧཱུཾ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ གནོད་སྦྱིན་ནོར་ལྷ་གཏེར་གྱི་བདག༔ ནམ་མཁའ་ས་གཞི་བར་སྣང་གང༔ སྤྲིན་ལྟར་གཏིབས་པ་ཐམས་ཅད་ཀུན༔ ཕྱི་སྣོད་གླིང་བཞིའི་གཏོར་གཞོང་དུ༔ ནང་བཅུད་འགྲོ་ཀུན་གཏོར་མར་སྦྱར༔ འདོད་ཡོན་སྣ་ཚོགས རྒྱན་གྱིས་སྤྲས༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ མཐོང་བ་ཙམ་གྱིས་ཡིད་དུ་འོང༔ བསམ་པ་ཙམ་གྱིས་ཉམས་རེ་དགའ༔ བཞེས་པ་ཙམ་གྱིས་བདེ་ཆེན་བསྐྱེད༔ ལོངས་སྤྱོད་སྤྱན་གཟིགས་བསམ་མི་ཁྱབ༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ སྣང་སྲིད་གཏོར་མའི་མདོས་ཆེན་པོ༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ ཕྱི་ནང་གསང་ བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ བཞི་པ་རིགས་ལྔའི་མཁའ་འགྲོ་ལ་བྱེ་བྲག་གི་གཏོར་མ་འབུལ་བ་ནི། བྷནྡྷའི་ནང་གི་གཏོར་མ་ཁ་གསོས་ཏེ། ཧཱུཾ་ཧྲཱིཿ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བཙུན་མོ་དམ་པ་འོད་གསལ་དབྱིངས༔ བཅོམ་ལྡན་བུདྡྷ་མཁའ་འགྲོ་མ༔ སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར༔ རིགས་ཀྱི་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས༔ འདོད་ཡོན་རྒྱ་མཚོས་ཐུགས་དམ་བསྐང༔ སྟེང་གདོན་འོག་གདོན་ཞི་བ་དང༔ དབུས་ཕྱོགས་སུན་མ་བཟློག་ཏུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སངས་རྒྱས་རིགས་ཀྱི་ཚེ་དབང་སྩོལ༔ མི་འགྱུར་མི་ཤིགས་བརྟན་པར་མཛོད༔ ཧཱུཾ་ཧྲཱིཿ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ བཙུན་མོ་དམ་པ་བརྟན་པའི་དབྱིངས༔ བཅོམ་ལྡན་བཛྲ་མཁའ་འགྲོ་མ༔ རྡོ་རྗེ་མཁའ་འགྲོ་འབུམ་ གྱིས་བསྐོར༔ རིགས་ཀྱི་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས༔ འདོད་ཡོན་རྒྱ་མཚོས་ཐུགས་དམ་ བསྐང༔ ཤར་གྱི་གདོན་ཚོགས་ཞི་བ་དང༔ ཤར་ཕྱོགས་སུན་མ་བཟློག་ཏུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྡོ་རྗེ་རིགས་ཀྱི་ཚེ་དབང་སྩོལ༔ མི་འགྱུར་མི་ ཤིགས་བརྟན་པར་མཛོད༔ ཧཱུཾ་ཧྲཱིཿ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ བཙུན་མོ་དམ་པ་མཉེན་པའི་དབྱིངས༔ བཅོམ་ལྡན་རཏྣ་མཁའ་འགྲོ་མ༔ རིན་ཆེན་མཁའ་འགྲོ་འབུམ་གྱིས་ བསྐོར༔ རིགས་ཀྱི་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས༔ འདོད་ཡོན་རྒྱ་མཚོས་ཐུགས་དམ་བསྐང༔ ལྷོ་ཡི་གདོན་ཚོགས་ཞིབ་དང༔ ལྷོ་ཕྱོགས་སུན་མ་བཟློག་ཏུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རིན་ཆེན་རིགས་ཀྱི་ཚེ་དབང་སྩོལ༔ མི་འགྱུར་མི་ཤིགས་བརྟན་ པར་མཛོད༔ ཧཱུཾ་ཧྲཱི༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ བཙུན་མོ་དམ་པ་དྲོ་བའི་དབྱིངས༔ བཅོམ་ལྡན་པདྨ་མཁའ་འགྲོ་མ༔ པདྨ་མཁའ་འགྲོ་འབུམ་གྱིས་བསྐོར༔ རིགས་ཀྱི་ ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས༔ འདོད་ཡོན་རྒྱ་མཚོས་ཐུགས་དམ་བསྐང༔ ནུབ་ཀྱི་གདོན་ཚོགས་ ཞིབ་དང༔ ནུབ་ཕྱོགས་སུན་མ་བཟློག་ཏུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ པདྨ་རིགས་ཀྱི་ཚེ་དབང་སྩོལ༔ མི་འགྱུར་མི་ཤིགས་བརྟན་པར་མཛོད༔ ཧཱུཾ་ཧྲཱི༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ བཙུན་མོ་དམ་པ་སྐྱོད་པའི་དབྱིངས༔ བཅོམ་ལྡན་ཀརྨ་མཁའ་འགྲོ་མ༔ ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ རིགས་ཀྱི་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས༔ འདོད་ཡོན་རྒྱ་མཚོས་ཐུགས་དམ་བསྐང༔ བྱང་གི་གདོན་ཚོགས་ཞིབ་དང༔ བྱང་ཕྱོགས་སུན་མ་བཟློག་དུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ལས་ཀྱི་རིགས་ཀྱི་ཚེ་དབང་སྩོལ༔ མི་འགྱུར་མི་ཤིགས་བརྟན་པར་མཛོད༔ ཧྲི་མ་ཧ་རི་ནི་ས་དྷཱ་ཀི་ནི་ས་པ་རི་ཝཱ་ར་སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྔ་པ་ཚེ་རིང་མཆེད་ལྔ་ལ་གཏོར་མ་འབུལ་བ་ནི། གཏོར་རྫས་བསབ་ལ། ཧཱུཾ་ཧྲཱི༔ ཆོས་དབྱིངས་མི་འགྱུར་དཔལ་གྱི ཡུམ༔ དབུས་ན་བཀྲ་ཤིས་ཚེ་རིང་མ༔ རིགས་ཀྱི་སྤྲུལ་པ་ཡང་སྤྲུལ་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དབུས་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ གཏི་མུག་ལས་གྱུར་དར་ཐག་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུཾ་ཧྲཱི༔ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ ཤར་ནས་མཐིང་གི་ཞལ་བཟང་མ༔ རིགས་ཀྱི་སྤྲུལ་པ་ཡང་སྤྲུལ་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་སྟོང་གི འཇིག་རྟེན་གྱི༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཞེ་སྡང་ལས་གྱུར་དར་ཐག་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུཾ་ཧྲཱིཿ རིན་ཆེན་མི་འགྱུར་དཔལ་གྱི་ཡུམ༔ ལྷོ་ནས་མི་གཡོ་གླང་བཟང་མ༔ རིགས་ཀྱི་སྤྲུལ་པ་ཡང་སྤྲུལ་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ང་རྒྱལ་ལས་གྱུར་དར་ཐག་སྡུས༔ རྣལ་འབྱོར་བཅག་ཅག་འཁོར་བཅས་ལ༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུཾ་ཧྲཱིཿ པདྨ་མི་འགྱུར་དཔལ་གྱི་ཡུམ༔ ནུབ་ནས་ཅོད་པན་མགྲིན་བཟང་མ༔ རིགས་ཀྱི་སྤྲུལ་པ་ ཡང་སྤྲུལ་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ འདོད་ཆགས་ལས་གྱུར་དར་ཐག་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུཾ་ཧྲཱིཿ ཀརྨ་མི་འགྱུར་དཔལ་གྱི་ཡུམ༔ བྱང་ནས་ཏལ་དཀར་འགྲོ་བཟང་མ༔ རིགས་ཀྱི་སྤྲུལ་པ་ཡང་སྤྲུལ་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ ཕྲག་དོག་ལས་གྱུར་དར་ཐག་སྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དྲུག་པ་བཀའ་སྡོད་འཁོར་གྱི་སྡེ་བརྒྱད་ལ་འབུལ་བ་ནི། གཏོར་མ་ཁ་གསོས་བཅས། ཧཱུཾ་ཧྲཱི༔ ལས་ལས་གྲུབ་པའི་དམ་ཚིག་ཅན༔ འཁོར་གྱི་བརྟན་མ་སྡེ་བརྒྱད་ཚོགས༔ སོ་སོའི་བྲན་དང་ ཡང་གཡོག་བཅས༔ དམ་རྫས་གཏོར་མ་འདི་བཞེས༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཤ་ཟ་འབྱུང་པོའི་སུན་མ་བཟློག༔ ཉོན་མོངས་འཁྲུལ་པའི་དར་ཐག་བསྡུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚེ་དང་བསོད་ནམས་རྒྱས་པ་དང༔ བར་ཆད་ཞི་བའི་ཕྲིན་ལས་མཛོད༔ སརྦ་ཛྙཱ་ན་ལོ་ཀ་ཀརྨ་དྷཱ་ཀི་ནི་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ བྷྱོ་ཟློག་ཅིག༔ སུན་བཟློག་གྲངས་བསག་དགོས་ན། ཧཱུཾ༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ ཚུལ་འཛིན་མཁའ་འགྲོ་སྡེ་ལྔ་དང༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ཀྱིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ མཁའ་འགྲོ་རྣམས་ཀྱི་སུན་མ་ཟློག༔ དུག་ལྔའི་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཞེས་གྲངས་བསགས་ཀྱང་རུང་། བརྒྱད་པ་སྐུ་གླུད་བྱིན་གྱིས་བརླབས་པ་ནི། ཆབ་བྲན་ལ། ཐལ་མོ་ཁོང་སྟོང་སྙིང་གར་བཞག་ལ། ཤཱཀ་ཐུབ་ཐུགས་ཀར་ཟླ་སྟེང་ཨ་དཀར་པོའི༔ འོད་ཀྱིས་དངོས་འཛིན་ཉེས་སྐྱོན་སྟོང་པར་སྦྱངས༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ༔ ལན་གསུམ་ལ་ཕྱག་རྒྱ་རེ་བཀྲོལ་ནས་སེ་གོལ་གཏོགས་པ་འགྲེ། བྷཱུཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །སྟོང་གསུམ་ཙམ་གྱི་ནང་དུ་ཁཾ་ཡིག་ལས། །ངར་གྱི་མི་ཆེན་ཕུང་ཁམས་སྐྱེ་མཆེད་རྫོགས། །གཅིག་ལས་བརྒྱ་སྟོང་བྱེ་བ་དུང་ཕྱུར་འཕྲོ། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །ལན་ཆགས་བགེགས་རིགས་སོ་སོའི་ཡིད་མཐུན་པའི། །མཁོ་དགུའི་ལོངས་སྤྱོད་འབྱོར་བ་བསམ་མི་ཁྱབ། །རིན་ཆེན་སྒྲོམ་བུའི་རྒྱ་དཔྲལ་བར་བསྐོར་ལ། རྣམ་སྣང་ཕྱག་རྒྱའི་ཨ་དཀར་འོད་ཟེར་ གྱིས༔ །ཟད་མེད་ནམ་མཁའ་མཛོད་ཀྱི་སྤྲིན་དུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་ཐལ་སྦྱོར་ཕྱག་རྒྱ་ཁའི་ཐད་དུ་བསྐོར་ཏེ། བདུད་རྩི་འཁྱིལ་པའི་ཧྲཱིཿདམར་འོད་ཟེར་གྱིས། །དུག་ལྔའི་ནད་འཇོམས་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱ་སྙིང་གར་བཅས་ལ། །རིན་འབྱུང་ཕྱག་རྒྱའི་ཏྲཱཾ་སེར་འོད་ཟེར་གྱིས། །སོ་སོའི་མོས་པ་ཇི་བཞིན་འཆར་བར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ཧཱུཾ༔ ཡེ་ཤེས་སྐར་མདའི་ཕྱག་རྒྱ་བཅས་ལ། དོན་གྲུབ་ཕྱག་རྒྱའི་ཧ་ལྗང་འོད་ཟེར་གྱིས། །འཐབ་རྩོད་ཕམ་རྒྱལ་མེད་པར་ཐོབ་པར་གྱུར། །ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མ་ས་མནྟ་སྥ་ར་ཎ་རསྨཾ་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧཱུཾ་ད་ཡ་ཛྭ་ལ་ནི་ཧཱུཾ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྤྱི་བོར་བསྐོར་ལ། ཕྱག་ན་རྡོ་རྗེའི་ཛཿདམར་འོད་ཟེར་གྱིས། །མགྲོན་རྣམས་བདག་གི་དབང་འདུས་ལས་སྒྲུབ་གྱུར། །ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷན་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ལན་གསུམ་གསུམ་མམ། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། ། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་པས་བྱིན་གྱིས་བརླབ་བོ། །དགུ་པ་སྨྲེང་གི་བསྔོ་བ་ནི། སཾ་བྷ་ར་དང་མཚན་བཞི་བརྗོད་ལ། ཀྱཻ༑ ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཚུལ་འཛིན་དཔའ་བོ་ཌཱ་ཀི་དང་། །བཀའ་ཉན་མ་མོ་བརྟན་མའི་ཚོགས། །ལྷ་སྲིན་སྡེ་བརྒྱད་སྤྲུལ་འཁོར་བཅས། །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ད་ནི་འདོད་ཡོན་ཐམས་ཅད་ཀུན༔ མ་ཚང་མེད་པའི་ལོངས་སྤྱོད་རྫས༔ མི་བས་དགའ་བའི་གླུད་གཏོར་འབུལ༔ གླུད་ཀྱི་ཕ་ནི་ནམ་མཁའ་སྟེ༔ ནམ་མཁའ་སྟོང་ པའི་དབྱིངས་རུམ་ནས༔ འགག་མེད་བདུད་རྩིའི་སྦྲང་ཆར་བབ༔ གླུད་ཀྱི་མ་ནི་ས་གཞི་ཏེ༔ ས་གཞི་སྣང་བའི་ལྟེ་བ་ནས༔ ངོ་མཚར་འབྲས་བུ་སྣ་ཚོགས་སྨིན༔ སྣང་སྟོང་ཟུང་ དུ་འཇུག་པ་ཡི༔ རོ་བཅུད་ལྡན་པའི་འབྲུ་ཡི་རིགས༔ སྲེག་བྱེད་མེ་ཡི་ངད་ལ་བརྡོས༔ སྐྱོད་བྱེད་རླུང་གི་ཤུགས་ཀྱིས་བཏགས༔ དག་བྱེད་ཆུ་ཡིས་ཟན་དུ་བརྫིས༔ འབྱུང་ལྔ་རྒྱུ་ རུ་ཚོགས་པ་ལས༔ འབྲས་བུ་སྐྱེས་བུའི་གླུད་དུ་བཞེངས༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པས༔ ཕུང་པོ་ལྔ་པོ་ཡོངས་སུ་རྫོགས༔ སྐྱེ་མཆེད་དྲུག་ཀྱང་གསལ་ལ་དྭངས༔ རྒྱན་དང་རྣམ་འགྱུར་ཕུན་སུམ་ཚོགས༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདི་མི་རྔམ་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ དེ་བས་ཡེ་ཤེས་མཁའ་འགྲོ་དང༔ སྨན་བཙུན་ཚེ་རིང་མཆེད་ལྔ་དང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་དང༔ བཀའ་སྡོད་སྣང་སྲིད་ ལྷ་འདྲེ་ཀུན༔ གླུད་གཏོར་བཟང་པོ་འདི་བཞེས་ལ༔ བསྟན་འཛིན་སྐྱེས་བུ་དམ་པ་དང༔ རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱི༔ ནད་གདོན་དུས་མིན་འཆི་བའི་ལྟས༔ མཁའ་འགྲོ་སྡེ་ བརྒྱད་སུན་མ་ཟློག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ འགྲས་པ་བསངས་ལ་འཁོན་པ་ཟླུམས༔ ཞི་བ་ཆེན་པོའི་ངང་དུ་བཞུགས༔ ཕན་པ་ཆེན་པོའི་བྱང་སེམས་སྐྱེད༔ རྟག་ཏུ་བདེ་བའི་ཕྲིན་ལས་སྒྲུབས༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་པ་ཉིད་ལོ་གྲངས་ལས་མི་ཉུང་བར་གྲངས་བསགས་ལ་གླུད་རྫས་རྣམས་ཁ་གསབ་བྱ། མཐར་རྫོང་འདེབས་ཕུལ་ལ། གླུད་ཡས་ཞལ་བསྒྱུར་ཏེ། ཀྱཻ། སྣང་སྲིད་འབྱུང་པོའི་གདོན་ཚོགས་ཀུན༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཡོ་བྱད་མཁོ་དགུས་དགྱེས་པ་བསྐང༔ བླ་དང་ཚེ་སྲོག་ ཚུར་ལ་བཏང༔ བུ་ལོན་སོད་ཅིང་ལན་ཆག་བྱང༔ ཁྲོ་འཁྲུགས་ཞི་ཞིང་འགྲས་པ་བསྡུམས༔ ཞི་དང་ཕན་པའི་སེམས་ཀྱིས་ནི༔ ཕན་ཚུན་གཉིས་ཀའི་དོན་གྲུབ་ཅིང༔ དགའ་ཞིང་སྐྱིད་པའི་གནས་སྐབས་འདིར༔ ཡུན་རིང་བཞུགས་པའི་གནས་མེད་ཀྱི༔ ད་ནི་རང་རང་གནས་སུ་གཤེགས༔ སྣང་སྲིད་ལྷ་འདྲེས་ཡས་ལོངས་ལ༔ ལས་ཀྱི་མཁའ་ འགྲོ་དབྱིངས་སུ་གཤེགས༔ བཀའ་སྡོད་ལྷ་དང་འདྲེ་ལ་སོགས༔ སྡེ་བརྒྱད་འབྱུང་པོ་རྗེས་འབྲང་བཅས༔ སྟེང་འོག་ཕྱོགས་མཚམས་གདོན་གྱི་ཡུལ༔ རི་བོའི་རྩེ་དང་རྒྱ་མཚོའི་འགྲམ༔ ཤིང་གཅིག་དྲུང་དང་བྲག་རིའི་སྐྱིབས༔ ལུང་གསུམ་མདའ་དང་ལམ་སྲང་མདོ༔ ལྷ་ཁང་མཆོད་རྟེན་རྙིང་པ་སོགས༔ གདོན་བགེགས་འདུ་བའི་གནས་རྣམས་སུ༔ བསྐྱོད་པའི་ལ་བསྟན་ཤུལ་རེ་བདེ༔ གླུད་གཏོར་སྣང་སྲིད་མདོས་ཀྱི་ཚོགས༔ ལོངས་སྤྱོད་འབྱོར་པའི་དཔལ་དུ་ཆེ༔ འདི་དག་བཞེས་ཤིང་བསྣམས་ནས་ཀྱང༔ མྱུར་བ་ཉིད་དུ་རང་གནས་གཤེགས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ དྲག་སྔགས་སོ་ལྔ་པའི་གཤམ་དུ་ཧཱུཾ་བཞིའི་སྔགས་དྲག་ཏུ་བརྗོད། རོལ་མོའི་སྒྲ་དང་གུལ་ཡུངས་ཐུན་སོགས་ཚམ་རྔམ་དྲག་པོས་བསྐྲད། གླུད་ཡས་རྣམས་ཕྱི་མིག་མི་བལྟ་བར་བསྒྲུབ་བྱའི་ལོ་བདུད་འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སམ། ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། གསེར་སྐྱེམས་ཕུད་རྒོད་དང་། རོལ་མོའི་སྣ་དྲངས་ཏེ་དགོངས་པའི་གདེང་བསྐྱེད་ལ་ཚིག་དང་བསྟུན་པའི་དར་ཐག་བསྡུ་ཞིང་། ཧཱུཾ་བྷྱོ༔ ཆོས་དབྱིངས་ཡེ་ཤེས་རྟོག་པ་འདིས༔ རྣམ་རྟོག་སེམས་ཀྱི་སུན་མ་ཟློག༔ མེ་ལོང་ཡེ་ཤེས་རྟོག་པ་འདིས༔ ཆུ་ཁམས་ཁྲག་གི་སུན་མ་ཟློག༔ མཉམ་ཉིད་ཡེ་ཤེས་རྟོག་པ་འདིས༔ ས་ཁམས་ཤ་ཡི་སུན་མ་ཟློག༔ སོར་རྟོག་ཡེ་ཤེས་རྟོག་པ་འདིས༔ མེ་ཁམས་དྲོད་ཀྱི་སུན་མ་ཟློགཿ བྱ་གྲུབ་ཡེ་ཤེས་རྟོག་པ་འདིས༔ རླུང་ཁམས་དབུགས་ཀྱི་སུན་མ་ཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་འདིས༔ སྣང་སྲིད་མཁའ་འགྲོའི་སུན་མ་ཟློག༔ བཟློག་གོ་སུན་ཁ་དགྲ་ལ་ཟློགཿ བསྒྱུར་རོ་དར་ཐག་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཟོར་ཆུང་བཏེགས་ལ། ཧཱུཾ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་སྒྲོལ༔ གཏོར་ཟོར་འབར་བའི་མཚོན་ཆ་འདིས༔ ཕས་ཀྱི་མི་མཐུན་རྐྱེན་རྣམས་ཟློག༔ སྔོ་བརྒྱད་གདུག་པའི་སུན་ཁ་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག མ་ཧཱ་ཤཱ་རི་བྷྱོ་ཟློག༔ ཅེས་གཏོར་ཟོར་འཕངས་ལ་བཟློག་བསྒྱུར་དང་བཅས་ཐལ་མོ་དང་དུལ་མོ་བརྡབ། མཁའ་འགྲོ་སྡེ་ལྔ་དང་སྨན་བཙུན་མ། སྡེ་བརྒྱད་ཀྱི་གཏོར་མ་རྣམས་ནུབ་ཕྱོགས་ཀྱི་རི་རྩེར་བསྐྱལ། སྲུང་འཁོར་བསྒོམས། བསྒྲུབ་བྱ་ཐུན་མོང་བ་ཡིན་ཀྱང་སྟན་དཀར་གཡུང་དྲུང་གཡས་འཁྱིལ་གྱི་རེ་ཁཱས་མཚན་པ་ལ་འཁོད་པ་དང་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་ཞིང་། ཚེ་རྟེན་རྡོ་རྗེ་ལག་ཏུ་གཏད་ལ་བདེན་ཚིག་བརྗོད་པ་དང་། གལ་ཏེ་སྤྲོས་པ་རྒྱས་ན་ཚེ་ཡི་དབང་བསྐུར་སྦྱིན་པ་བཅས་བྱས་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གཉིས་པ་སྐྱེས་བུ་དམ་པ་རྣམས་ལ་སུན་བཟློག་དང་བརྟན་བཞུགས་ཀྱི་ཆོ་ག་གཉིས་ཀ་སྦྲེལ་ཏེ་བྱ་ཚུལ་ནི། བདག་བསྐྱེད་ཀྱི་དཀྱིལ་འཁོར་དང་ཉེ་བར་སེང་ཁྲི་སྟན་དཀར་རྡོ་རྗེའི་གཡུང་དྲུང་གི་རི་མོས་མཚན་པས་བཀབ། མདུན་དུ་མཆོད་པའི་བྱེ་བྲག །སྦྱོང་ཆས། མཎྜལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་སོགས་མངའ་དབུལ་ཆས། གོང་དུ་སྨོས་པའི་སུན་བཟློག་གི་བཅའ་གཞི་ཡང་བསྒྲིགས། དར་ཐག་སློབ་དཔོན་གྱི་མདུན་དང་ཕྱོགས་བཞིར་འཐེན་ཏེ་བཞག །སྤྲོས་པ་ཆེན་མཁའ་འགྲོའི་ཆས་ཞུགས་ལྔ་བཅས་ཕྱག་ལེན་ལྟར་ ཚོགས་པར་བྱ། ཁྲུས་ཆོག་ཟླ་བའི་བདུད་རྩིས་ཁྲུས་བུམ་ལེགས་པར་བསྒྲུབས། བདག་མདུན་གྱི་ལས་གཞུང་བསྲངས་ཏེ། བརྟན་བཞུགས་ཀྱི་ཆོ་ག་ཉི་མ་ཤར་བའི་དུས་དང་འགྲིགས་ན་མཆོག་ཏུ་འགྱུར། གང་ལྟར་ཡང་སྔ་དྲོའི་ཆར་བརྟན་བཞུགས་འབུལ་ཡུལ་ སྤོས་རོལ་བཀུར་སྟི་བཅས་སྤྱན་དྲངས་ལ་ཁྲི་ལ་བཞུགས་སུ་གསོལ་རྗེས། ཁྲུས་ཆོག་ལྟར་ཞི་དྲག་གི་བགེགས་སྦྱངས་སྐབས་བདེན་བརྗོད་ལ། དེང་འདིར་དཔལ་ལྡན་བླ་མ་དམ་པ་ཞབས་པད་བརྟན་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་སོགས་ཁ་བསྒྱུར། སྲུང་འཁོར་སྒོམ་པ་བཅས་སྔོན་དུ་འགྲོ་བས། ཧཱུཾ༔ བཀྲ་ཤིས་བུམ་པ་བདུད་རྩིས་ཆུས༔ སོགས་སྐུ་ཁྲུས། སྐུ་ཕྱི། གོས་འབུལ་བཅས་གྲུབ་པ་དང་། སུན་བཟློག་གི་མཆོད་གཏོར་བྱིན་བརླབས་ནས། མཁའ་འགྲོ་ལྔ། ཚེ་རིང་མཆེད་ལྔ། སྡེ་བརྒྱད་དང་བཅས་པའི་སུན་བཟློག །གླུད་བསྔོ་བཅས་ཚར་གཅིག་བཏང་། ཧཱུཾ༔ ཆོས་དབྱིངས་ཡེ་ཤེས་རྟོག་པ་སོགས་ནས་ཆས་ཞུགས་རྣམས་ཀྱིས་ བརྗོད་ཚིག་དང་བསྟུན་དར་ཐག་བསྡུ་ཞིང་། གཏོར་མ་དང་གླུད་གཏོར་ཕྱིར་བསྐྱལ། སྲུང་འཁོར་བསྒོམས་རྗེས། སློབ་དཔོན་གདན་ཁྲི་དང་བཅས་པ། ལས་སྔགས་ཀྱིས་བསང་སྦྱངས། སྣོད་བཅུད་དངོས་འཛིན་མི་དམིགས་སྟོང་པར་ སྦྱངས༑ །ཆོས་ཉིད་རང་རྩལ་དག་པའི་ཞིང་གི་དབུས། །ཧྲཱི༔ དབུས་ཉིད་དྭངས་མ་འོད་ལྔའི་དཀྱིལ་འཁོར་དུ༔ རྨ་བྱས་བཏེགས་པའི་རིན་ཆེན་སྣ་ཚོགས་ཁྲིར༔ ཐབས་ཤེས་ དབྱེར་མེད་པདྨ་ཉི་ཟླའི་སྟེང་༔ རང་རིག་སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོའི་ངོ་བོ་ཧྲཱི༔དམར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ མ་ཧཱ་གུ་རུ་པདྨ་ཚེ་དཔག་ མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ མཚན་དཔེའི་གཟི་འབར་ཞི་འཛུམ་སྒེག་པའི་ཉམས༔ མཉམ་བཞག་ཕྱག་རྒྱས་ཚེ་ཡི་བུམ་པ་འཛིན༔ རང་འོད་ཡུམ་འཁྱུད་བདེ་སྟོང་ཆེན་པོར་སྦྱོར༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ འཁོར་ལོ་ལྔ་རུ་རིགས་ལྔ་ཚེ་དཔག་ མེད༔ དཀར་དམར་མཐིང་སེར་ལྗང་བའི་མདངས་འོད་འཚེར༔ ལོངས་སྐུའི་ཆས་རྫོགས་རང་རིགས་ཡུམ་དང་འཁྲིལ༔ ཡབ་རྣམས་མཉམ་བཞག་ཚེ་ཡི་བུམ་པ་དང༔ ཡུམ་རྣམས་རང་རྟགས་ཕྱག་མཚན་ཚེ་བུམ་བསྣམས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་དང་བཅས་ཏེ༔ འོད་དང་འོད་ཟེར་འཁྲུགས་པའི་ཀློང་དུ་གསལ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་ སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་གྱུར༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཨོ་རྒྱན་ཚེ་དཔག་མེད་པའི་རྣམ་པར་སྤྱན་ དྲངས་ནས་སིབ་སིབ་ཐིམ་པར་གྱུར། ཧཱུཾ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཚེ་ཡི་བདག་པོ་སྐུར་བཞེངས་ཤིག༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ གནས་འདིར་ སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྡོ་རྗེའི་ཚེ་སྲོག་བརྟེན་པར་མཛོད༔ ཚེ་དབང་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུ་དེ་ཝ་མཎྜལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུཾ་ཨཿ ཞེས་རོལ་མོའི་སྒྲ་སྙན་པར་སྦྱར་ཏེ་བྱིན་དབབ་པའི་མཐར། ཛཿཧཱུཾ་བཾ་ཧོཿ ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ གྱིས་དམ་ཡེ་དབྱེར་མེད་དུ་བརྟན་པར་བསམ། ཨོཾ་ཨཱཿཧཱུཾ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་ གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ། པཱདྱཾ་ནས། ཤཔྟ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུཾ༔ ཞེས་མཆོད་ཅིང་རོལ་མོ་བྱ། ཧཱུཾ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཚེ་འགུགས་ཀྱི་དམིགས་པ་ནི། བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་ལྔར་ རིགས་ལྔ་ཚེ་དཔག་མེད་པའི་སྐུ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། འཁོར་འདས་ལམ་གསུམ་གྱི་དྭངས་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་པའི་རྫས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་ཅིང་ནུས་ལྡན་དུ་གྱུར་པར་བསམས་ལ། ཚེ་མདའ་གཡབ་ཅིང་། ཧཱུཾ་ཧྲཱིཿ རིགས་མཆོག་རྣམ་ལྔའི་ཐུགས་དམ་དབྱིངས་ནས་བསྐུལཿ ཕེཾ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་བསྐྱེདཿ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིནཿ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་ བསོད་དཔལཿ སྟེང་འོག་མཚམས་ཀྱི་འབྱུང་པོའི་འཕྲོག་པའི་ཚེཿ འབྱུང་ལྔའི་བཅུད་དང་རིགས་ལྔའི་ཚེ་མཆོག་ཀུནཿ བཀྲ་ཤིས་དངོས་གྲུབ་ཚེ་ཡི་རྫས་ལ་བསྟིམཿ རྡོ་རྗེའི་ཚེ་ སྲོག་བརྟན་པའི་ལས་མཛོད་ཅིགཿ རིགས་ལྔ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཨོཾཿ ཨོཾ་པདྨ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧྲཱིཿ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧཱུཾཿ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཏྲཾཿ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཨཿ ཞེས་ཚེ་འགུགས་ཤིང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། ཚེ་བུམ་ཕུལ། ཧྲཱིཿཧྲཱིཿཧྲཱིཿ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔིག་མེདཿ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་དང་ཡུམཿ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལིཿ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུངཿ མི་འགྱུར་ཚེ་ལ་མངའ་བརྙེས་བི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྟྲ་ར༔ བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབ་ལྷ་སྲས་རོལ་པ་རྩལ༔ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ འཆི་མེད་ཚེ་དང་ཡེ་ཤེས་ དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུཾ་བྷཱུཾ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུཾ༔ འཇམ་རོལ་དང་བཅས་མེ་ཏོག་འཐོར་ཞིང་། སྐུ་ཚེ་མི་ཤིགས་པའི་རྡོ་རྗེ་གྱུར་ཅིག །མི་ འགྱུར་པའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག །ཚེ་རིལ་ཕུལ་ལ། ཧྲཱི༔ མི་འགྱུར་སྙིང་པོའི་བཅུད་ རྣམས་བསྡུས་པ་ཡི༔ འཆི་མེད་ཚེ་ཡི་ཡེ་ཤེས་ལོངས་སྤྱོད་འདིས༔ ཐུགས་ལ་ཟག་མེད་བདེ་བར་རབ་འཕེལ་བས༔ རྟག་ཏུ་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུཾ་བྷཱུཾ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་དང་། ཐབས་ཀྱི་རྫས་ཚེ་ཡི་རིལ་བུ་ཕུལ་པ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེའི་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཚེ་ཆང་ཕུལ་ལ། ཧྲཱིཿ སྔོན་བྱོན་འཆི་མེད་རིག་འཛིན་ཐམས་ཅད་ཀྱང་༔ ཚེ་ཆང་བདུད་རྩིའི་བཅུད་ཀྱི་དངོས་གྲུབ་བརྙེས་༔ དེང་འདིར་རྡོ་རྗེའི་སྲོག་གི་གསོས་ཕུལ་བས་༔ རྒྱུན་མི་འཆད་པ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུཾ་བྷྲཱུཾ་ནཱཾ་ཛཿསརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་དང་། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བས་ཤེས་རབ་སྟོང་པ་ཉིད་རྡོ་རྗེའི་ཚེའི་ དངོས་གྲུབ་བརྙེས་པར་གྱུར་ཅིག །གསེར་གྱི་རྡོ་རྗེ་ཕུལ་ལ། ཨོཾ༔ བཀྲ་ཤིས་ཡངས་པའི་ཞིང་ཁམས་ཆེ༔ ཕུན་སུམ་ཚོགས་པའི་ཕོ་བྲང་འདིར་༔ འགྱུར་མེད་རྟག་པའི་ཁྲི་མཆོག་ལ་༔ ཚེ་ཡི་རྒྱལ་མཚན་བརྟན་པའི་ཕྱིར་༔ གཞོམ་མེད་གསེར་གྱི་རྡོ་རྗེ་འདི་༔ དབྱིངས་ཕྱུག་ལྷ་མོའི་ཕྱག་རྒྱ་སྟེ་༔ འཕོ་འགྱུར་མེད་པའི་མཆོག་གྲུབ་ནས་༔ བདེ་སྐྱིད་དཔལ་འབྱོར་རྒྱས་ པར་ཤོག་༔ ཛ་ཡ་ཛ་ཡ་སུ་ཛ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ་ཧཱུཾ༔ ཐབས་ཤེས་གཉིས་མེད་ཡེ་ཤེས་རྡོ་རྗེའི་སྲོག་གི་ཚེ་རྟེན་བཀྲ་ཤིས་ཚེའི་དབང་ཕྱུག་གི་ཕྱག་མཚན་ཕུལ་བས་ཟུང་འཇུག་ལྷན་ སྐྱེས་རྡོ་རྗེའི་དངོས་གྲུབ་བརྙེས་ཤིང་བརྟན་པར་གྱུར་ཅིག །དེ་ཡང་སྐུ་གསུམ་རྒྱལ་བའི་སྟོན་པས་ཞིང་ཁམས་རྒྱ་མཚོའི་སྒྲོན་མ་མངོན་པར་བཀོད་པའི་ཚེ། ཕུན་སུམ་ཚོགས་པའི་ངེས་པ་ལྔ་ལྡན་དུ་ཤར་བའི་ངོ་མཚར་རྨད་དུ་བྱུང་བའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་འབྱུང་གནས་གངས་ཆེན་མཚོ་ཚངས་པ་རྔ་སྒྲའི་ཞིང་གི་བྱེ་བྲག་དེང་འདིར། བསྐལ་བཟང་རྣམ་འདྲེན་བཞི་པས་ཐུགས་རྗེའི་སྣང་བ་འབུམ་གྱིས་འཁྱུད་པའི་མི་མཇེད་འཇིག་རྟེན་གྱི་ཁམས་ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེའི་ཉིན་མོར་བྱེད་པའི་དབང་གིས་མ་ལུས་ ས་གསུམ་སྐྱེ་དགུའི་འདྲེན་པ། རྒྱལ་བསྟན་རིན་ཆེན་འཛིན་པའི་སྐྱེས་ཆེན། མཚུངས་མེད་དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་ཞབས་ཟུང་བཀྲ་ཤིས་རེ་ཁཱ་འཇིགས་མེད་ སེང་གེའི་ཁྲི་ལ་མཛེས་པར་བཀོད་དེ་གསང་གསུམ་མི་གཡོ་རྡོ་རྗེའི་ཆོས་བདུན་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་རྟག་པ་དམ་པའི་དཔལ་དུ་ བཞུགས་པར་མངའ་གསོལ་ཞིང་། ལྷ་སྔགས་ཏིང་འཛིན་གྱི་ཐབས་རྨད་དུ་བྱུང་བ་དང་ཟབ་མོའི་རྟེན་འབྲེལ་གྱི་སྒོ་དུ་མས་རྡོ་རྗེའི་ཚེའི་དངོས་གྲུབ་ཀྱི་རྫས་རྣམས་མདངས་གསོལ་དུ་ཕུལ་ བའང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་གོང་ནས་གོང་དུ་ཡར་ཟླའི་དཔལ་ལྟར་འཕེལ་བ་དང་། རིས་མེད་པའི་གདུལ་བྱ་བྱང་གྲོལ་བླ་མེད་ཀྱི་རྒྱལ་ཐབས་ལ་འགོད་པའི་དགེ་མཚན་གྱི་སྐྱ་རེངས་གསར་དུ་བཞད་པའི་དགོས་པ་རྨད་དུ་བྱུང་བའི་དཔལ་དང་ལྡན་ཞིང་། ཕུན་སུམ་ཚོགས་པའི་རྟེན་འབྱུང་རྫོགས་ལྡན་དང་པོའི་དགའ་སྟོན་ལ་སྤྱོད་པར་གསོལ་བ་འདེབས་པའི་ཆེད་དུ་ཞིང་ཁམས་འབུལ་བ་ཐུགས་ལ་འདོགས་པར་ཞུ། མཎྜལ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ། མ་ཚང་པ་མེད་པ་འདི་ཉིད་དཔལ་ལྡན་བླ་མ་དམ་པ་ཞབས་པད་ བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བའི་སླད་དུ་འབུལ་བར་བགྱིའོ། །སོགས་སྦྱར། དེ་ནས་སྐུ་གསུང་ཐུགས་རྟེན་སོགས་རིམ་པར་འབུལ་ཞིང་། སྐུ་རྟེན་ལ། མཚུངས་མེད་བསྟན་འགྲོའི་གཙུག་རྒྱན་རྗེ་བཙུན་དཔལ་མགོན་བླ་མ་རིན་པོ་ཆེ་ལ་རྒྱལ་ཀུན་ཡེ་ཤེས་སྐུའི་ཞལ་སྐྱིན་མཚན་དཔེའི་སྣང་བརྙན་དམ་པ་འདི་ཕུལ་ཏེ་གསོལ་བ་བཏབ་ པའི་རྟེན་འབྱུང་གིས་སྐུ་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་རྡུལ་བྲལ་འཆི་མེད་ཡེ་ཤེས་རྡོ་རྗེའི་ལང་ཚོ་ནམ་མཁའ་ཇི་སྲིད་བར་བཞུགས་པར་གྱུར་ཅིག །གསུང་རྟེན་ལ། ཟབ་རྒྱས་ཆོས་ཀྱི་མཛོད་ མངའ་རྗེ་བཙུན་དཔལ་མགོན་བླ་མ་རིན་པོ་ཆེར་ལུང་རྟོགས་བདུད་རྩིའི་འབྱུང་གནས་ཐེག་མཆོག་ཆོས་ཀྱི་གླེགས་བམ་ཕུལ་ཏེ་གསོལ་བ་བཏབ་པའི་རྟེན་འབྱུང་གིས་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་སྒྲ་དབྱངས་ཕྱོགས་ཀུན་ཏུ་རྒྱུན་མི་འཆད་པར་སྒྲོགས་པ་དང་བཞུགས་པར་གྱུར་ཅིག །ཐུགས་རྟེན་ལ། མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་དཀྱིལ་ འཁོར་ཡོངས་སུ་རྫོགས་པ་རྗེ་བཙུན་དཔལ་མགོན་བླ་མ་རིན་པོ་ཆེ་ལ་སངས་རྒྱས་རྣམས་ཀྱི་ཐུགས་ཆོས་སྐུའི་མཆོད་སྡོང་ཕུལ་ཏེ་གསོལ་བ་བཏབ་པའི་རྟེན་འབྱུང་གིས་སྟོང་དང་སྙིང་རྗེ་རྣམ་ དབྱེར་མ་མཆིས་པའི་ཐུགས་བསྐྱེད་ཀྱི་གོ་ཆས་མཁའ་ཁྱབ་ཀྱི་གདུལ་བྱ་རྗེས་སུ་འཛིན་བཞིན་བཞུགས་པར་གྱུར་ཅིག །ཡོན་ཏན་གྱི་རྟེན་ཕུལ་ལ། ཟག་མེད་ཡོན་ཏན་རྒྱ་མཚོའི་རབ་མཛེས་རྗེ་ བཙུན་དཔལ་མགོན་བླ་མ་རིན་པོ་ཆེ་ལ་འདོད་དགུ་ཀུན་འབྱུང་བུམ་པ་བཟང་པོ་ཕུལ་ཏེ་གསོལ་བ་བཏབ་པའི་རྟེན་འབྱུང་གིས་བྲལ་སྨིན་ཡོན་ཏན་དྲུག་ཅུ་རྩ་བཞིའི་དཔལ་འབྱོར་གྱིས་མཁའ་ཁྱབ་ ཡིད་ཅན་རྒྱ་མཚོའི་ཕན་བདེའི་རེ་དོན་ཇི་ལྟར་འདོད་པ་བཞིན་འཇོ་བའི་དཔལ་དུ་རྟག་བརྟན་ཡོངས་གྲུབ་ཆེན་པོར་གྱུར་ཅིག །ཕྲིན་ལས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་ཕུལ་ལ། མཐའ་ཡས་འདུལ་བཞིའི་ཕྲིན་ ལས་རྨད་བྱུང་རྗེ་བཙུན་དཔལ་མགོན་བླ་མ་རིན་པོ་ཆེ་ལ་ཕྲིན་ལས་རྟེན་སྣ་ཚོགས་རྡོ་རྗེའི་ཕྱག་མཚན་ཕུལ་ཏེ་ཕན་བདེའི་དགའ་སྟོན་གང་འདུལ་དེར་སྣང་གིས་གདུལ་དཀའ་སྙིགས་དུས་ཀྱི་སྐྱེ་འགྲོ་རྟག་ཏུ་འདུལ་ཞིང་བཞུགས་པར་གྱུར་ཅིག །དེ་ནས་གསོལ་བ་འདེབས་རྟེན་འབུལ་ཚན་སོགས་ཡོད་ན་རིམ་པས་ཕུལ། འདུན་པ་རྩེ་གཅིག་པས་གཏེར་ཆེན་མཆོག་གླིང་གསུང་ཞབས་བརྟན་སྤྱི་འགྲེ། ཨོཾ་ཨཱཿཧཱུཾ། སྐུ་མཆོག་འགྱུར་མེད་རྣམ་སྣང་ཚེ་ཡི་བདག །གསུང་མཆོག་འགགས་མེད་པདྨ་ཚེ་ཡི་ལྷ། །ཐུགས་མཆོག་འཁྲུལ་མེད་མི་བསྐྱོད་ཚེ་མཐའ་ཡས། །ཡོན་ཏན་ལྷུན་གྲུབ་ཕྲིན་ལས་ཐོགས་ མེད་པ། །རཏྣ་ཀརྨ་ཚེ་ཡི་ལྷ་ཚོགས་རྣམས། །བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། །གནས་མཆོག་རྣམ་དག་འཆི་མེད་རྟག་པའི་ ཞིང་། །འཇིགས་བྲལ་སེང་གེའི་བཏེགས་པའི་རྡོ་རྗེའི་ཁྲིར། །རྩ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད། །སྐུ་ཡི་འོད་ཀྱིས་འཁོར་འདས་ཚེ་བཅུད་བསྡུས། །རྒྱལ་བ་སྲས་དང་བཅས་པའི་ཚེ་ དབང་བསྐུར། །འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུཾ་བྷྲཱུཾ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུཾ། བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །སྐུ་ལས་སྲས་མཆོག་སྤྲུལ་པ་གྲངས་མེད་སྤྲོས། །བར་ཆད་དགྲ་བགེགས་ཐམས་ཅད་མྱུར་དུ་བསྒྲལ། །བླ་མའི་སྐུ་དགྲ་བསྒྲལ་བའི་བསོད་ནམས་ཀྱིས། །བདག་ཀྱང་བར་ཆད་བདུད་ཀྱི་ཡུལ་ལས་རྒྱལ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་བར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྃ་ཧཱུཾ་ཕཊ། །རྗེ་བཙུན་སྒྲོལ་མ་མདུན་གྱི་ནམ་ མཁར་བྱོན། །ཨུཏྤལ་དཔལ་བེའུའི་ཉི་མ་འཆར་ཁའི་འོད། །བདག་ཅག་དཔོན་སློབ་རྣམས་ལ་ཕོག་པ་ཡིས། །འདོད་པའི་དོན་རྣམས་ཐམས་ཅད་མྱུར་དུ་འགྲུབ། །འཆི་བ་མེད་པ་རྡོ་ རྗེའི་སྲོག་འགྲུབ་ནས། །སངས་རྒྱས་བསྟན་པ་ཡུན་རིང་གནས་པ་དང་། །འགྲོ་བ་རྣམས་ལ་ཕན་བདེ་སྤེལ་བར་ཤོག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་དང་། ཕན་བདེ་འབྱུང་བའི་སོགས་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་བཏབ་པའི་མཐར། དེ་ལྟར་བསྟན་དང་འགྲོ་བའི་སྐྱབས་གཅིག་མཚུངས་མེད་མཆོག་གི་རྡོ་རྗེ་སློབ་དཔོན་གང་ཉིད་རིས་སུ་མ་ཆད་པའི་བསྟན་པ་དང་། མཐའ་ཡས་འགྲོ་བའི་མགོན་དུ་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པར། བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་ཞལ་གྱིས་བཞེས་པར་ཅི་གནང་། ཞེས་པ་ལྟ་བུའི་ཞལ་བཞེས་ཞུ་བའི་རིམ་པ་རྒྱས་བསྡུས་ཇི་ལྟར་རིགས་པར་གསོལ་བ་གདབ་པའི་ལན་དུ། རྡོ་རྗེ་སློབ་དཔོན་གྱིས་དམིགས་བསལ་འདི་ཙམ་བཞུགས་པའི་ཞལ་བཞེས་སམ། སྤྱིར་བཏང་ཙམ་དུ། གལ་ཏེ་བསྟན་པ་རྒྱས་པ་དང་། །སེམས་ཅན་ཕན་པའི་རྒྱུར་གྱུར་ན། །མི་ལོ་བརྒྱ་རྩ་བརྒྱད་ལྷག་སོགས། །གང་འདོད་འཚོ་བར་བླ་མ་དང་། །རྒྱལ་བ་སྲས་དང་བཅས་པས་བདག །དབང་བཅུ་ལྡན་པར་བྱིན་གྱིས་རློབས། །ཞེས་པ་ལྟ་བུའི་ཞལ་བཞེས་གནང་བྱུང་བ་དང་། གཏང་རག་གི་མཎྜལ་གྱི་ཚིག་གོང་ལྟར་ལ། ཆོས་ཀྱི་འཁོར་ལོ་ བསྐོར་བར་ཞལ་གྱིས་བཞེས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དབུལ་བར་བགྱིའོ། །ཞེས་བསྒྱུར་ལ་ཕུལ། དེ་ནས་ཞལ་བསྲོའི་སླད་དུ་ཚོགས་མཆོད་འབུལ་ཞིང་། བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་བྱ། བཀྲ་ཤིས་པའི་རྫས་བརྒྱད་བསང་སྦྱངས་བྱིན་གྱིས་རླབས་ལ། སྟོང་པའི་ངང་ལས་རྫས་རྣམས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད་སོགས་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་ སྒྲུབ་པའི་མཐུ་དང་ལྡན་པར་བསམས་ནས་སྤྱི་ལྟར་འབུལ་ཞིང་། ཚིག་ལྷུག་པའི་སྟོང་ཐུན་སྦྱར་ན། དེང་འདིར་དཔལ་ལྡན་བླ་མ་དམ་པ་མེ་ལོང་གི་རྫས་ལ་བརྟེན་ནས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་སྦྱར། སྤྲོན་རྟགས་བརྒྱད་དང་། སྣ་བདུན་ཀྱང་སྤྱི་ལྟར་འབུལ། གང་ལྟར་ཡང་། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། །རོལ་མོ་སྙན་ཅིང་ཡིད་དུ་འོང་བ་དང་བདེ་ལེགས་སུ་བྱ། བརྟན་བཞུགས་འབུལ་ཡུལ་སྤོས་རོལ་བཀུར་སྟི་དང་བཅས་རང་གནས་སུ་སྤྱན་དྲངས། ཚོགས་མཆོད་ཀྱི་ལྷག་མ་ནས་རྗེས་ཀྱི་ལས་རིམ་རྣམས་གཞུང་ལྟར་བྱས་པའི་ཕན་ཡོན་ཀྱང་། ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མ་མོ་མཁའ་འགྲོའི་སུན་མ་ཀུན༔ སྐད་ཅིག་ཉིད་ལ་ཞི་ནས་ཀྱང་༔ ཚེ་དང་བསོད་ནམས་རྒྱས་པར་འགྱུར༔ ས་མ་ཡ༔ སྐབས་འགའ་ཞིག་བརྟན་བཞུགས་འབུལ་ཡུལ་སྐུ་གཉན་པ་དང་། གློ་བུར་དུ་བྱ་དགོས་པ་སོགས་ཀྱི་ཆོ་ག་རྒྱས་པ་མ་ལྕོགས་ན། ནམ་མཛོད་གཏེར་བྱོན་གསང་བ་ཡེ་ཤེས་ཀྱི་ཚེ་སྒྲུབ་དང་འབྲེལ་བར་སུན་བཟློག་བྱས་མཐར། བརྟན་བཞུགས་གོང་སྨོས་ལྟར་སྦྱར་བས་རྒྱས་བསྡུས་འཚམ་པར་འགྱུར་བས། གསང་བ་ཡེ་ཤེས་དཀྱུས་ཀྱི་ ལས་བྱང་གི་ཐོག་མར་བརྒྱུད་འདེབས་ནི། ཆོས་དབྱིངས་རང་བྱུང་སྟོན་པ་འོད་མི་འགྱུར། །ཚེ་དང་ཡེ་ཤེས་སྣང་བ་ཕ་མཐའ་ཡས། །འོད་མཚན་སྟོང་འབར་ཚེ་འོད་དཔག་མེད་ལ། །གསོལ་བ་ འདེབས་སོ་འཆི་མེད་ཚེ་དབང་སྩོལ། །གསང་བ་ཡེ་ཤེས་མཁའ་འགྲོའི་སྤྱི་མེས་ཆེ། །སྤྲུལ་པའི་སྐུར་བཞེངས་འཆི་མེད་ཙཎྜ་ལི། །པདྨ་འབྱུང་གནས་ལྷ་ལྕམ་མནྡཱ་རར། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །ལས་ཅན་དག་པའི་འཁོར་མཆོག་ཆོས་རྒྱལ་ཆེ། །འཕོ་ཆེན་སྐུ་བརྙེས་བཻ་རོ་མཚོ་རྒྱལ་དང་། །ལྷ་ཡི་སྲས་མཆོག་ཡེ་ཤེས་རོལ་པ་རྩལ༑ །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་། །འཇམ་མགོན་པདྨ་གར་གྱི་དབང་ཕྱུག་རྩལ། །ཚེ་དབང་ནོར་བུ་ཐེག་ མཆོག་བསྟན་འཕེལ་ཞབས། །ཡེ་ཤེས་སྐུ་བརྙེས་ཆོས་ཀྱི་བློ་གྲོས་ལ། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །རྒྱལ་ཀུན་གསུང་གི་རྡོ་རྗེ་གར་གྱི་དབང་། །དགྱེས་བསྐྱེད་པདྨའི་རིགས་ཀྱི་འཁོར་ལོས་བསྒྱུར། །གསང་བ་ཡེ་ཤེས་རིགས་ལྔའི་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །ཟབ་ལམ་དབང་གིས་འཁྲུལ་རྟོག་དབྱིངས་ སུ་སྦྱང་། །བསྐྱེད་བཟླས་རྫོགས་པས་ཡེ་ཤེས་གོང་དུ་འཕེལ། །ལྷན་སྐྱེས་ཆོས་སྐུའི་དབྱིངས་སུ་ཡུམ་ཆེན་མོའི། །གོ་འཕང་མངོན་སུམ་འགྱུར་བར་བྱིན་གྱིས་རློབས། །ཞེས་དང་། ལས་གཞུང་འཇམ་མགོན་ཆོག་ཁྲིགས་ལྟར་སྐྱབས་སེམས་ནས་སྔོན་འགྲོ་རྫོགས་རྗེས། ལྷ་བསྐྱེད་ལ། ཧྲཱིཿཧཱུྃ༔ བྱང་ཆུབ་སེམས་ཀྱི་རོལ་པ་ལས༔ འགྱུར་མེད་སྲུང་བའི་འཁོར་ལོའི་ནང༔ ཟླ་གམ་གཞལ་ ཡས་ཁང་གི་དབུས༔ རིན་ཆེན་ཆ་བརྒྱད་པད་ཉིའི་སྟེང༔ གསང་བ་ཡེ་ཤེས་ཙཎྜ་ལི༔ དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ པདྨ་རཱ་གའི་ཕྲེང་བ་དང༔ ཚེ་ཡི་བུམ་པ་བཅུད་ལྡན་འཛིན༔ ཞབས་གཉིས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ ཁ་ཊྭཱཾ་ག་ནི་མཆན་དུ་བཅུག༔ ཕྱོགས་ བཞིར་རིགས་བཞིའི་མཁའ་འགྲོ་མ༔ རང་འདྲ་མཐིང་སེར་དཀར་ལྗང་མདོག༔ རང་རྟགས་ཚེ་ཡི་བུམ་པ་འཛིན༔ མགྱོགས་མ་ཙཎྜ་ལི་དམར་པོ༔ ལྕགས་ཀྱུ་བུམ་འཛིན་སྒོ་སྲུང་ མཛད༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཧྲཱིཿཧཱུཾ་ཏྲཱཾ་ཨོཾ་ཨཿ ཨོཾ་ཨཱཿཧཱུཾ༔ ཡེ་ཤེས་སྤྱན་འདྲེན་མཆོད་བསྟོད་བར་གྲུབ་རྗེས། བསྙེན་སྒྲུབ་ལན་གསུམ་ཆིག་དྲིལ་གྱི་ བཟླས་པ་ནི། ཐུགས་ཀར་རྒྱ་གྲམ་གྱིས་བསྡམས་པའི༔ ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿ འོད་འབར་ཉི་ཟླའི་ཁ་ཕྱེ་ནས༔ ནམ་མཁའི་མཐར་ཁྱབ་སྤྲོས་པ་ཡིས༔ རྒྱལ་བ་རྣམས་ཀྱི་ཚེ་ བཅུད་བསྡུས༔ ཧྲཱིཿལས་བསྟིམ་པས་འོད་ཟེར་འབར༔ འཁོར་གྱི་རིགས་བཞིའི་ལྷ་མོ་བསྐུལ༔ རང་འདྲའི་ཕོ་ཉ་མཁའ་ཁྱབ་པས༔ འབྱུང་བ་བཞི་དང་ནམ་མཁའི་བཅུད༔ བསྡུས་ནས་རང་གི་ལུས་ལ་བསྟིམ༔ མགྱོགས་མ་ཙཎྜ་ལི་བསྐུལ་བས༔ སྤྲུལ་པ་ཡང་སྤྲུལ་མཁའ་ཁྱབ་ཀྱིས༔ ལྷ་མི་སྟོབས་ལྡན་ཐམས་ཅད་ཀྱི༔ ཚེ་བསོད་བསྡུས་ནས་རང་ལ་བསྟིམ༔ འཆི་མེད་བདུད་རྩིའི་ལུས་གང་བའི༔ དྭངས་མ་ཧྲཱིཿལ་འདུས་ནས་སུ༔ གའུ་ཁ་བསྒྲིགས་རྒྱ་གྲམ་གྱི༔ རྭ་མདུད་འོད་ཀྱི་ཐག་པས་བསྡམས༔ དེ་ཚེ་མི་འགྱུར་མི་ ཤིགས་པ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་དྷཱུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧཱུཾ༔ ཞེས་བཟླ། ཚེ་འགུགས་ནི། མདའ་དར་གཡབ་ལ། ཨོཾ༔ མི་འགྱུར་རྟག་པའི་ཡེ་ ཤེས་ལས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ འཆི་མེད་མཆོག་སྩོལ་མཁའ་འགྲོ་མི༔ གསང་བ་ཡེ་ཤེས་དབྱིངས་ནས་བཞེངས༔ ཐུགས་རྗེ་བསྐུལ་ལོ་མཐུ་རྩལ་སྐྱེད༔ འོད་ཟེར་ཕོ་ཉའི་ཆོ་འཕྲུལ་གྱིས༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་གང༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ བླ་ཚེ་ཡར་བ་རང་སོར་ཆུད༔ སྲོག་ཚེ་ཉམས་པའི་རྫས་སུ་ སོས༔ སྲིད་ཞིའི་ཚེ་བཅུད་དབང་མེད་སྡུས༔ བདག་དང་བསྒྲུབ་པའི་རྫས་ལ་སྟིམས༔ དུས་མིན་འཆི་བའི་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་དྷཱུ་མ་གྷ་ཡེ་ ན་མཿསྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧཱུཾ༔ ཨཿ འཁོར་འདས་དྭངས་བཅུད་རྡོ་རྗེའི་ཚེ༔ མི་འགྱུར་སྲོག་གི་ཐིག་ལེར་ཐིམ༔ སྟོང་གསལ་རང་བྱུང་གཉུག་མའི་ངང༔ འཕོ་མེད་རྟག་པའི་རྒྱས་བཏབ་བོཿ ཛྙཱ་ན་བཛྲ་གརྦྷ་ཨ་ཨཿ ཐུན་མཐར་གཏོར་འབུལ་ནས་བརྩམས་ཚོགས་དང་བསྡུ་ལྡང་སོགས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་ལྟར་བྱ་དགོས་སོ། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་རྒྱལ་མ། །ཞིང་སྐྱོང་ཌཱ་ཀིའི་སྐུར་བཞེངས་སྨན་བཙུན་མའི། །སུན་བཟློག་ཟབ་གཉན་གཏེར་གཞུང་རྡོ་རྗེའི་ཚིག །གྲུབ་པའི་མན་ངག་དཔལ་གྱི་མཛེས་བྱས་མཐུས། །བསྟན་འཛིན་སྐྱེས་ཀུན་འཆི་མེད་མགོན་བཞིན་བཞུགས། །བསྟན་པའི་སྦྱིན་བདག་རིང་འཚོའི་དཔལ་གྱིས་འཁྱུད། །བཀྲ་ཤིས་ཚེ་དཔལ་ཡེ་ཤེས་སྣང་བ་ཡིས། །འགྲོ་ཀུན་རྗེས་སྐྱོངས་དགེ་ལེགས་དཔལ་འཕེལ་ཤོག །ཅེས་པའང་མཁྱེན་རྟོགས་མཚུངས་ཟླ་མ་མཆིས་པ་གཏེར་ཆེན་མཆོག་གླིང་གསུམ་པའི་སྐུ་གསུང་ཐུགས་ཀྱི་སྲས། དམ་པའི་ཡོན་ཏན་རྨད་དུ་བྱུང་བས་མཛེས་པའི་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང་། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་དད་བློ་རྣམ་གསལ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་གསུང་བསྐུར་ལྟར། བཀླག་ཆོག་གི་ཚུལ་དུ་མདོ་སྨད་ཀྱི་རྨོངས་འཆལ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཁྱེན་བརྩེའི་འོད་ཟེར་རྒྱས་པའི་སྡེར་འབོད་པས་ལྷོ་མོན་སྨན་ཤིང་གི་དགའ་ཚལ་རྣམ་བཀྲ་ཆོས་བཞིན་སྤྱོད་པའི་ས་སྐྱོང་དབང་པོའི་ཕོ་བྲང་དུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དབུས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཕྲིན་ལས་ཕྱོགས་དུས་ནམ་མཁའི་ཕ་མཐར་བརྡལ་བའི་རྒྱུར་བསྔོས་པ་བཞིན་འགྲུབ་པར་གྱུར་ཅིག །མངྒ་ལམ། དགེའོ།། །།


[edit]

@#/__/bla ma'i thugs sgrub bar chad kun sel las/_bka' srung bkra shis tshe ring mched lnga gtso 'khor yongs rdzogs la brten pa'i mkha' 'gro'i sun bzlog dang brtan bzhugs kyi cho ga bkra shis 'chi med bdud rtsi'i snang ba /

[This text is missing]

Footnotes

Other Information