འདུས་པ་མདོའི་དབང་གི་བརྒྱུད་འདེབས།

From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-018
Wylie title 'dus pa mdo'i dbang gi brgyud 'debs DKR-KABUM-04-NGA-018.pdf
Location dil mgo mkhyen brtse bka' 'bum
Volume 4, Text 18, Pages 246 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. 'dus pa mdo'i dbang gi brgyud 'debs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 246. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Colophon

།ཅེས་འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་རིན་པོ་ཆེའི་གསུངས་སོར་བཞག་བཙུན་པ་གཞན་ཕན་མཐའ་ཡས་པས་ཁ་སྐང་བགྱིས་པའོ།།

/ces 'dus mdo'i brgyud 'debs gter chen rin po che'i gsungs sor bzhag btsun pa gzhan phan mtha' yas pas kha skang bgyis pa'o//

[edit]
༄༅། །འདུས་པ་མདོའི་དབང་གི་བརྒྱུད་འདེབས་ནི། ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང༌། །རྒྱལ་ཚབ་རིགས་ལྔ་རྒྱལ་སྲས་རིགས་གསུམ་མགོན། །དམ་པའི་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛཿ ཨུ་པ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་ནཱ་ག་པུ་ཏྲ་དང༌། །གུ་ཧྱ་པུ་ཏྲི་ཀུ་ཀུ་རཱ་ཛའི་ཞབས། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང༌། །པྲ་བྷ་ཧསྟི་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་སེང་གེ་དྷ་ན་རཀྵི་ཏ། །རྡོ་རྗེ་ཧཱུྃ་མཛད་སྠི་ར་མ་ཏི། །བདེ་བ་གསལ་མཛད་དྷརྨ་བོ་དྷི་དང༌། །མཁན་པོ་ཆོས་རྒྱལ་སྐྱོང་ལ་གསོལ་བ་འདེབས། །བལ་པོ་ནོར་འཛིན་བྲུ་ཤ་ཆེ་བཙན་སྐྱེས། །གནུབས་ཆེན་ཡབ་སྲས་ཡེ་ཤེས་རྒྱ་མཚོ་དང༌།་བློ་གྲོས་བྱང་ཆུབ་ཐོ་དཀར་ནམ་མཁའ་སྡེ། །ཟུར་ཆེན་མེས་དབོན་རྣམས་ལ་གསོལ་བ་འདེབས། །ཡང་ཁྱེད་སྒྲོ་ཕུག་པ་དང་འགར་སྟོན་པ། །སྲེགས་དང་གླན་སྟོན་རྡོར་འོད་བརྩོན་འགྲུས་སེང༌། །བསོད་རྒྱལ་ལྷ་འབུམ་ཆོས་སེང་སངས་རྒྱས་དཔལ། །བསོད་ནམས་མགོན་པོ་རྣམས་ལ་གསོལ་བ་འདེབས། །སྒྲོལ་ཆེན་ཡབ་སྲས་ནམ་མཁའ་རྡོ་རྗེ་དང༌། །ཤ་མི་ལ་གུ་པ་དང་བློ་གྲོས་རྒྱལ། །གཞན་ཕན་ཕྲིན་ལས་ལྷུན་གྲུབ་ཡོངས་གྲོལ་མཚན། །འགྱུར་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ངག་དབང་ཆོས་དཔལ་འགྱུར་མེད་རྒྱ་མཚོའི་སྡེ། །ཨོ་རྒྱན་བསྟན་འཛིན་ཀུན་བཟང་ཐེག་མཆོག་མཚན། །རིག་འཛིན་བཟང་པོ་རྡོ་རྗེ་མྱུ་གུ་རྩལ། །རིག་པའི་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །པདྨ་བཛྲ་འཇམ་དཔལ་མཁྱེན་བརྩེའི་དབང༌། །གུ་ཎ་ཡབ་སྲས་རྡོ་རྗེ་བདེ་གཤེགས་རྩལ། །རྡོ་རྗེ་དབང་མཆོག་པདྨ་དྲི་མེད་དང༌། །ཆོས་ཀྱི་བློ་གྲོས་རྣམས་ལ་གསོལ་བ་འདེབས། །སེམས་ཀྱི་ཆོས་ཉིད་དབྱིངས་ཡེ་གཉིས་མེད་པར། །ཡེ་ནས་མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་གསུམ། །ཇི་བཞིན་བྱེད་པ་རྐྱེན་དང་བྱ་བྲལ་གྱི། །རྣལ་འབྱོར་ལམ་བཞི་མཐའ་རུ་ཕྱིན་པར་ཤོག །ཅེས་འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་རིན་པོ་ཆེའི་གསུངས་སོར་བཞག་བཙུན་པ་གཞན་ཕན་མཐའ་ཡས་པས་ཁ་སྐང་བགྱིས་པའོ།། །།

Footnotes

Other Information