ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཡིད་ཆེས་ངེས་པའི་རྔ་གསང་།

From Khyentse Lineage - A Tsadra Foundation Project
DKR-KABUM-03-GA-005
Wylie title phyogs thams cad las rnam par rgyal ba'i paN+Di ta chen po mi pham 'jam dbyangs rnam rgyal rgya mtsho la bstod pa'i rab tu byed pa yid ches nges pa'i rnga gsang DKR-KABUM-03-GA-005.pdf
Location dil mgo mkhyen brtse bka' 'bum
Volume 3, Text 5, Pages 35-59 (Folios 1a to 25a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People མི་ཕམ་རྒྱ་མཚོ་ (mi pham rgya mtsho)
Citation Khyentse, Dilgo. Phyogs thams cad las rnam par rgyal ba'i paN+Di ta chen po mi pham 'jam dbyangs rnam rgyal rgya mtsho la bstod pa'i rab tu byed pa yid ches nges pa'i rnga gsang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 35-59. Delhi: Shechen Publications, 1994.
Genre Supplications - gsol 'debs
[edit]
༄༅། །ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཡིད་ཆེས་ངེས་པའི་རྔ་གསང་ཞེས་བྱ་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། །མི༵་ཕ༵མ་མགོན་པོའི་དགོངས་དོན་མངོན་སུམ་རྟོགས།་།འཇ༵མ་པའི་དབྱ༵ངས་བཞིན་ཤེས་བྱ་ཀུན་ལ་མཁས། །ཕྱོགས་ལས་རྣ༵མ་རྒྱ༵ལ་ཆོས་ཀྱི་གྲགས་པ་བཞིན་སྙན་པས་རྒྱ༵་མཚོ༵འི་གོས་ཅན་ཁྱབ་གྱུར་ཅིག །སངས་རྒྱས་ཀུན་གྱི་ཡེ་ཤེས་ཁམས།་ཐེག་མཆོག་ཆོས་ཀྱི་རྒྱ་མཚོའི དབྱིག །ཐམས་ཅད་མཁྱེན་པ་བཤེས་གཉེན་ཚུལ། ཁྱོད་ནི་བདག་གི་མགོན་དུ་བྱོན།་ཁྱོད་ཚུལ་བསམ་གྱིས་མི་ཁྱབ་པ། །འཕགས་པ་ཁོ་ནའི་སྤྱོད་ཡུལ་ཀྱང་། །བཅོས་མིན་དད་པའི་རྗེས་འགྲོ་བས། །བསྟོད་ལ་ནོངས་པ་ཡོད་མ་ཡིན༑ །ཐུབ་དབང་དགོངས་པའི་ཟབ་གནད་ལ། །བསམ་བཞིན་ཁྱོད་གསུང་ཉིན་བྱེད་ཀྱིས། །ཁྱད་པར་ལང་ཚོའི་ཆ་ཤས་ཙམ། །མཇལ་བས་ཡིད་ཀྱི་བརྟན་པ་འཕྲོག །བདག་ལྟའི་བླུན་པོའི་མགོན་ཁྱོད་ཀྱི། །ཡོན་ཏན་ཏིལ་ཙམ་རྟོགས་དཀའ་ཡང་། །ལས་སྨོན་འབྲེལ་བའི་དད་པ་ཡི། །ཅ་ཅོ་ལགས་ཕྱིར་བཀག་པ་མེད། །མཁས་པར་གྲགས་པའི་བསྟན་བཅོས་དང་། །གྲུབ་པར་བརྫུས་པའི་མན་ངག་དག །མཐོང་ཚེ་ཁྱོད་གསུང་ཨུ་དུམ་ཝར། །ཆ་ཤས་ཙམ་ཡང་བསགས་ཤིང་སྤེལ། །ཁྱོད་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ། །མངོན་སུམ་གྱུར་ལ་བསྟོད་འདིས་ཀྱང་། །རབ་འབྱམས་ཞིང་གི་འཇམ་དཔལ་དབྱངས། །སྒྱུ་འཕྲུལ་དྲྭ་བ་ཀུན་ལ་བསྔགས། །ཕྱོགས་དུས་ཞིང་བཞུགས་སངས་རྒྱས་དང་། །བྱང་སེམས་ཉན་རང་པཎྜིཏ། །འཇམ་པའི་དབྱངས་ཀྱི་རྣམ་ཐར་ལ། །བསྔགས་ཀྱང་ཟད་ཅིང་བྲི་བ་ མེད༑ །སངས་རྒྱས་ཀུན་གྱི་ཡོན་ཏན་མཐའ། །ཁྱོད་ཀྱི་གསང་བ་གསུམ་རྫོགས་ཀྱང་། །གདུལ་བྱའི་སྣང་ངོར་རྒྱལ་ཀུན་གྱི། །སྲས་ཀྱི་ཐུ་བོར་ལྟ་བུར་སྟོན། །མ་ལུས་ཞིང་གི་རྒྱལ་ སྲས་ཀྱི། །ཐུགས་བསྐྱེད་སྤྱོད་པ་རྒྱ་མཚོའི་གྲོགས། །ཁྱོད་ནི་དགེ་བའི་བཤེས་གྱུར་ཀྱང་། །ཁྱོད་ཀྱི་ཆེ་བ་སྟོན་མི་ནུས། །ཇི་ཙམ་འགྲོ་བའི་ལས་ཉོན་མཚོ། །འཁྲུགས་ཤིང་མནར་ བའི་ལུས་ཅན་ལ། །ཁྱོད་ཀྱི་ཕྲིན་ལས་རིན་ཆེན་གྲུ། །ལྷག་པར་དཔའ་ཞིང་བརྟུལ་ཡང་ཕོད། །སྲིད་ཞིའི་ཁམས་ཀུན་ཆོས་ཀྱི་དབྱིངས། །ཟུག་རྔུ་ཀུན་འཇོམས་དཔལ་སྟུག་སྤྲིན། ། བསམ་བརྗོད་བྲལ་བའི་དེ་ཉིད་ལ། །ཨེ་མ་རྡོ་རྗེ་རྣོན་པོར་གྲགས། །དེ་བཞིན་ཉིད་ཀློང་སྤྲོས་བྲལ་ཡང་། །གདུལ་བྱ་གཅིག་གི་སྣང་ཚུལ་ལ། །ཐབས་མཁས་མཛད་པའི་ཆོ་འཕྲུལ་དཔལ། །སངས་རྒྱས་ཀུན་དང་མཉམ་པ་བཞིན། །ཁྱོད་ཀྱི་ཐུགས་རྗེ་ཉི་མའི་འོད། །ཆ་ཙམ་འཕོས་པའི་རིགས་ཁམས་ཀྱི། །ཟག་མེད་ཡོན་ཏན་མཚར་ སྡུག་ནི། །བསྐལ་པར་བརྗོད་ཀྱང་ཟད་མི་ཤེས། །དེས་ན་ལྔ་བདོའི་མུན་སྲོས་ཚེ། །མགོན་ཁྱོད་ཤར་རིའི་ཕྲག་ཆས་པའི། །སྐལ་བཟང་གདུལ་བྱའི་ལེགས་བྱས་མཐུ། །ཕྱོགས་བཞིའི་ རྒྱ་མཚོའི་ཇི་ལྟར་མཚོན། །དེ་ཚུལ་ཆ་ཙམ་མཐོང་བ་ཡི། །བླུན་པོ་བདག་ཡིད་ཀུ་མུ་ད། །ཕྲ་ཡང་རབ་དཀར་མཛེས་སྡུག་ལས། །སྙན་ཚིག་དྲི་བསུང་དབང་མེད་ལྡང་། ། རྩོད་དུས་རྒུད་པ་མི་ཟད་པས། །མི་ཕམ་ཁྱོད་ཀྱི་གསང་གསུམ་ཁམས། །དངུལ་ཆུ་སར་ལྷུང་ཇི་བཞིན་དུ། །ཟག་མེད་ཡོན་ཏན་ལྕིད་ཀྱིས་ནོན། །མགོན་ཁྱོད་འཇམ་པའི་རྡོ་རྗེ་བསམ་ བཞིན་དུ། །བྱོན་ནས་དོན་ཀུན་གྲུབ་པའི་མཛད་བཟང་ལ། །ཅོ་འདྲིའི་ངོ་མཚར་འཆར་ཀའི་སྐྱ་རེང་གིས། །རྙིང་བསྟན་ནམ་ལངས་ཉི་ཤར་ལྟ་བུར་གྱུར། །ནོར་བུའི་འོད་ཀྱིས་རྒྱ་མཚོ་ རང་མདོག་དང་། །སྟོན་ཟླའི་འཛུམ་གྱིས་ཀུན་དགའི་རོལ་རྩེད་སྟེར། །ཉི་མས་སྣང་བ་ཇི་བཞིན་འཕགས་རྣམས་ཀྱིས། །བསྟན་འགྲོའི་ཕན་བདེ་སྤེལ་བ་ཆོས་ཉིད་དེ། །གཞོན་ནུ་རོལ་པའི་སྐྱེད་ཚལ་ཉམས་དགའ་བར། །དམ་པའི་རང་བཞིན་མེ་ཏོག་བཅོས་མིན་དུ། །དགོད་པའི་ལང་ཚོའི་མཚར་སྡུག་འཕོས་པའི་མོད། །སྐྱེ་དགུའི་ཡིད་ཀྱི་བརྟན་པ་དབང་མེད་ འཕྲོག །རིན་ཆེན་རིན་ཐང་འབྱོར་ལྡན་གྱིས་རྟོགས་བཞིན། །སྣང་བཞི་མཐར་ཕྱིན་ནམ་མཁའི་རྡོ་རྗེ་ཡིས། །སྲིད་གསུམ་ཟིལ་གནོན་མི་ཕམ་མཚན་གྱི་རྔ། །ཕྱོགས་ལས་རྣམ་པར་རྒྱལ་ ཞེས་སྒྲོགས་པར་མཛད། །ཁྱོད་ཀྱི་ཡེ་ཤེས་མེ་ལོང་གཅིག་གི་ངོགས། །ཤེས་བྱའི་ཆོས་ཀུན་མ་ཆུད་མེད་དེ་ཉིད། །འགྲོ་ལ་སྟོན་ཕྱིར་རྒྱལ་སྲས་བུང་བ་གཞོན། །ཐ་སྙད་མེ་ཏོག་ཚལ་ དུ་རྒྱུ་ལ་རེངས། །རྣམ་འགྱུར་བྱིས་པའི་རྩེད་མོ་ལྟར་སྟོན་ཀྱང་། །ངོ་བོ་ཀུན་མཁྱེན་གླིང་དུ་དགྱེས་རོལ་པས། །ཕྱུགས་ཀུན་སྐྱོང་བཞིན་འཇམ་ལེགས་རྡོ་ཡི་ངོགས། །ཚིགས་སུ་ བཅད་པའི་རེ་ཁཱས་ཁེངས་པར་མཛད། །ཤེས་རབ་མིག་གིས་ཀུན་མཁྱེན་གྲོང་ཡངས་མཐོང་། །རྨོངས་པས་མྱོས་ན་རང་ཉིད་རང་གིས་བརླག །ཐོས་པའི་ནོར་གྱིས་ཕྱུག་ན་གཏན་དུ་ འབྱོར༑ །བརྩོན་ལྡན་དཀའ་བའི་ལས་ཀྱང་ཡུད་ཀྱིས་སྒྲུབ། །ཐོས་མང་ཆ་ཤས་རྫོགས་པའི་ཟླ་བ་ནི། །གྲགས་པ་བདུད་རྩིའི་འོད་ཀྱིས་བཏང་མི་སྲིད། །འཇིག་རྟེན་ཀུན་དགའི་དཔལ་སྦྱིན་འདི་མཚུངས་མེད། །རྨོངས་པས་དེ་ཡི་ཡོན་ཏན་སྒྲོགས་མི་སྲིད། །ཤེས་རབ་ཁྱབ་འཇུག་གོམས་སྟབས་གཅིག་གིས་ཀྱང་། །ཐོས་བསམ་སྒོམ་པའི་ས་ གསུམ་དབང་བྱེད་ནུས། །དེ་ཡིས་ཀུན་མཁྱེན་གླིང་བཞིར་མངའ་འོག་སྡུད། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྒྱུར་ཞེས་གྲགས། །རྟག་གུས་རྫུ་འཕྲུལ་རྐང་པ་ཡིས། །རང་ཉིད་ཀུན་ མཁྱེན་གླིང་བགྲོད་ནས། །འགྲོ་ཀུན་དེ་ཡི་གནས་སོན་ཕྱིར། །དེ་ལྟའི་ལམ་བཟང་ཀུན་ལ་སྟོན། །བྱང་ཆུབ་སེམས་དཔའི་ཐབས་མཁས་ནི། །འཕྲུལ་འཁོར་མཁས་པའི་སྲང་ཐག་ བཞིན༑ །ཕྱོགས་སུ་མ་ལྷུང་ཀུན་ལྡན་པས། །ཕན་བདེའི་དབྱིག་སྟེར་མཛད་པ་མོད། །ཡེ་ཤེས་གཅིག་ཉིད་སྟོན་དང་འཁོར། །སྣང་བ་མཁྱེན་བརྩེའི་ཟུར་ཕུད་ལྔའི། །རྗེས་སུ་གནང་ བས་ལུང་བསྟན་བཞིན། །སྤོབས་པའི་གཏེར་མཛོད་གྲོལ་བར་མཛོད། །དབང་ཆེན་དགྱེས་རབ་རྡོ་རྗེ་ཡིས། །ཆུ་ཤེལ་མདངས་ཅན་བློ་གཏེར་ལྷའི། །རྗེས་བཟུང་མཁྱེན་པའི་གཏེར་ བརྡོལ་བས། །བསྔགས་པའི་པད་དཀར་ཕྲེང་བས་བརྒྱན། །དེ་ལྟ་ན་ཡང་བཤེས་གཉེན་མཆོག །ཚུལ་བཞིན་བསྟེན་པའི་རྣམ་ཐར་གྱི། །གདམས་ངག་གདུལ་བྱར་སྟོན་པའི་ཕྱིར༑ །ཐོས་མང་མཛོད་བརྒྱ་འབད་པས་བསགས། །ཚོན་སྣ་བརྒྱས་བཀྲ་ས་འཛིན་བཞིན། །ལུས་ངག་ཡིད་ཀྱི་བཟོའི་རིག་བྱེད། །ཀུན་མཁྱེན་ཀུན་ལ་འདོམས་པ་ཡི། །བསྟན་བཅོས་ དག་ཀྱང་བསྡེབ་པར་མཛད། །སྔོན་རབས་དྲང་སྲོང་མཁས་པའི་སྲོལ། །གསོ་རིག་དུས་སུ་ཆུ་ཕྲན་བཞིན། །རྒུད་གཟིགས་ཡན་ལག་བརྒྱད་པ་ཡི་གཞུང་། །འབྱེད་ལ་གཡུ་ཐོག་ གཉིས་པ་བཞིན། །སྨན་གྱི་རོ་ནུས་ཞུ་རྗེས་དཔྱད། །ལྷ་དང་ཌཱ་ཀིའི་མན་ངག་ཀུན། །ཚོགས་པའི་བསྟན་བཅོས་ཁོལ་བུས་ཀྱང་། །རིང་འཚོའི་ལྗོན་བཟང་རྒྱས་པར་མཛད། །ཙན་དན་ ཤིང་ལ་འཁྲི་ཤིང་བཞིན། །ཁྱོད་རྗེས་སློབ་པའི་དྲང་སྲོང་ཡང་། །སྨན་གྱི་རྣོ་ཁྱད་འགྲན་བྲལ་ཞེས། །གྲགས་སྙན་བསུང་ཞིམ་མངར་དགུས་འཁྱུད། །སྒྲ་རིག་མཐོ་རིས་ཀླུང་གི་ རྒྱུན༑ །རྣམ་དཔྱོད་ཧུབ་ཀྱིས་བཞེས་བས་སླར། །ལེགས་བཤད་རྒྱུན་བཟང་སྤྲོས་ཙམ་གྱིས། །ཁྱོད་ཀྱི་སྔོན་མེད་ཨ་གསྟ། །ཕུལ་བྱུང་སྤོབས་པའི་སྤྲིན་སྔོན་ལས། །གཏན་ཚིག་གློག་ ཞགས་འཁྱུག་མ་ཐག །རིག་པའི་འབྲུག་སྒྲ་འབུམ་ལྡིར་བ། །ཁྱོད་ནི་ཆོས་གྲགས་གཉིས་པ་བཞིན། །ཚད་མའི་རིག་ལམ་ཉིན་བྱེད་ཀྱིས། །མདོ་སྔགས་ཆོས་ཀྱི་གནད་ཀུན་གྱི། །འདབ་བརྒྱ་བཀྲོལ་ལ་དུས་གསུམ་ཁྱོན། །ཁྱོད་མཚུངས་ཨུ་དུམ་ཝ་རའི་ཤིང་། །རིག་ལམ་གདོང་ལྔའི་ང་རོ་ཡིས། །དཔྱོད་ལྡན་ཡིད་ཀྱི་བརྟན་འཕྲོག་ སྟེ༑ །ངོ་མཚར་མཚར་སྡུག་འབུམ་བཀྲ་བའི། །དད་བརྒྱའི་ཆུ་སྐྱེས་ཀུན་ནས་འཛུམ། །ཁྱད་པར་རྣམ་མཁྱེན་ཤིང་རྟའི་སྲོལ། །ནང་དོན་རིག་པའི་གྲོང་ཉུལ་ཚེ། །མཐར་ཐུག་ དགོངས་པའི་དཔལ་འབྱོར་དབྱིག །སྡུད་ལ་སུས་ཀྱང་འགྲན་མི་བཟོད། །ཆོས་ཀྱི་གཞི་མ་ཚུལ་ཁྲིམས་ཏེ། །བསྟན་པའི་གྲོང་ཁྱེར་འདི་ལ་བསྟེན། །ཚུལ་དེ་སྟོན་པའི་ཆོས་འདུལ་ གཞུང་། །མཐའ་དག་ཐུགས་ཀྱི་ས་གཞིར་བསྐྱིལ། །ཕ་རོལ་ཕྱིན་པའི་སྡེ་སྣོད་ལྷ་དབང་གྲོགས། །ཁྱོད་ཐུགས་རིན་ཆེན་ལྷུན་པོར་མ་འདྲེས་པར། །གཟོད་ནས་བཀོད་པས་སྤོབས་ པའི་གཏེར་མཛོད་ཀྱི། །ལྡེའུ་མིག་སྲས་བཅས་རྒྱལ་བས་ཁྱོད་ལ་གཏད། །ཡི་གེ་མིང་ཚིག་ཚོགས་པའི་སྣང་བྱེད་ཀྱིས། །སྡེ་སྣོད་བཞི་ཡི་པདྨའི་ཚལ་འབྱེད་ཅིང་། །དེ་དོན་རྟོགས་ པའི་སྦྲང་རྩིའི་ཟིལ་མངར་འབུམ། །བརྗོད་མེད་དྲན་པའི་གཏེར་གྱི་ཁྱོད་ཐུགས་མཛེས། །བརྗོད་མེད་རིག་སྟོང་ཐིག་ལེ་ཨ་གཅིག་པུའི། །མཐའ་དག་བརྗོད་པའི་མཆོག་གྱུར་ཏམ་བུ་ར༑ །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་འགྱུར་ཁུག་ཅན། །ཁྱོད་མགུལ་བུམ་པའི་རོལ་མཚོར་གདོད་ནས་བཞུགས། །ཡི་གེ་གཅིག་གིས་ཆོས་སྒོ་ཀུན་སྟོན་ཀྱང་། །སྤོབས་པའི་བློ་གྲོས་ཕ་ མཐའ་མི་གཏུག་པའི། །གཟུངས་ཀྱི་སྒོ་ལ་གདོད་ནས་དབང་ཐོབ་པས། །རྡོ་རྗེ་རྣོན་པོ་ཐུགས་དབུས་གབ་པར་ངེས། །མཁས་པར་བྱ་བའི་གནས་བཅུ་ལ་སོགས་པའི། །ཆོས་ཀུན་ རང་སྤྱིའི་མཚན་ཉིད་གཟུགས་བརྒྱའི་མདངས། །འཆར་བཟོད་ཆོས་ཀྱི་མ་མོའི་ཨཱ་དརྴ། །ལེགས་བཤད་སྣང་བ་སྤྲོས་པའི་བློ་གྲོས་གཏེར། །མི་འཕྲོག་མཁྱེན་དཔྱོད་རལ་གྲི་རྣོན་པོ་ ཡིས༑ །དབང་ཐོབ་རྨོངས་པའི་ཚང་ཚིང་ཀུན་བཅད་ནས། །རྒྱལ་ཀུན་དགྱེས་པའི་ལམ་བཟང་སྟོན་མཁས་པས། །སངས་རྒྱས་ཀུན་གྱི་ཡེ་ཤེས་བསྡུས་པ་བཞིན། །ཟབ་ཅིང་རྒྱ་ཆེའི་ གསུང་རབ་རིན་ཆེན་མཛོད། །མཁྱེན་དཔྱོད་ལྡེའུ་མིག་འཕྲུལ་གྱིས་ལེགས་ཕྱེས་ནས། །རྟོན་པ་བཞི་ལྡན་ངོ་མཚར་རྣམ་དཔྱོད་ཀྱིས། །ཟབ་དོན་རྟོགས་པའི་དབྱིག་གི་གཏེར་ཀུན་ སྡུད༑ །མཐའ་ཡས་ཐེག་པའི་སྙིང་པོ་ཆེ་བདུན་གྱིས། །རིན་ཆེན་འབྱོར་པས་ཕྱུག་པའི་དཔའ་བོ་ནི། །རྒྱལ་སྲས་དབུས་ན་ས་ཡི་ཚངས་པ་བཞིན། །དྲང་ངེས་ཤན་འབྱེད་ལུང་རྟོགས་འབྱོར་པས་ཕྱུག །རྒྱ་ཆེའི་དོན་ཀུན་གོ་སླ་གནད་དུ་བརྡེག །རྟོགས་དཀའ་ཟབ་མོའི་དགོངས་པ་རྗེན་པར་བཀྲལ། །ཟློས་དང་ལོག་རྟོག་སྐྱོན་བྲལ་ལེགས་པར་ བཤད༑ །གསེར་སྦྱངས་ཞུན་མར་ཇི་བཞིན་དག་ལ་གཙང་། །མང་ཐོས་རྒྱ་མཚོ་ཆེན་པོ་བློ་གྲོས་དང་། །དྲན་དང་རྟོགས་པའི་མནྡ་རས་བསྲུངས་པས། །མྱི་བརྗེད་གཟུངས་གཏེར་ཉི་ ཟླའི་འོད་སྟོང་གིས། །བསྐྱད་པས་མི་འཇིགས་བློ་ཡིས་ཞིང་ཀུན་བརྡལ། །ཁྱོད་ཀྱི་རྣམ་དཔྱོད་ཚངས་པ་ཆེན་པོ་ཡིད། །སྔ་འགྱུར་རོལ་མཚོའི་སྒྲ་དབྱངས་ལ་གཡོས་པས། །ཟབ་དོན་ རྒྱུད་མང་ཐོགས་པའི་རི་དྭགས་མིག །དུས་ཀྱི་ཐ་མར་འཁྲུངས་འདི་ཨེ་མ་མཚར། །ལུང་རིགས་ཞོ་འཐུང་རུས་པའི་རྩིབ་སྟོང་ཅན། །འཇམ་མགོན་བླ་མ་དགྱེས་པའི་མདུན་བརྡར་ཚེ། ། རོང་ཀློང་ཆོས་ཀྱི་འཁོར་ལོའི་བསྒྱུར་བའི་ཁབ། །གཟུར་གནས་མཁས་གྲུབ་དབང་པོ་ཀུན་གྱིས་བཀུར། །བཀའ་དང་བསྟན་བཅོས་གཞུང་ལུགས་ཀུན་མཐུན་ཞིང་། །ཀུན་ལས་ཁྱད་ པར་བྱས་པའི་ལེགས་བཤད་ཀྱི། །དབུ་ཚད་སེང་གེའི་གད་རྒྱངས་སྒྲོགས་པ་ལ། །མི་འཇིགས་སྤོབས་པའི་གཏེར་གྱི་ཤ་ཚུགས་རྒྱས། །གཙུག་ལག་རབ་འབྱམས་ནགས་ཀྱི་ཚལ་ཉུལ་ཞིང་། །ཟབ་རྒྱས་ལོ་འདབ་མེ་འབྲས་འབུམ་དབུས་སུ། །ལེགས་བཤད་སུམ་ཟུང་མཆེ་བས་བརྗིད་བཞིན་དུ། །སྨྲ་བའི་དབང་ཕྱུག་སྟོབས་ཀྱི་གོམ་སྟབས་མཛེས། །གཟུངས་སྤོབས་ སྙིང་སྟོབས་རྡོ་རྗེ་ལྟར་མཁྲེགས་པས། །སྔ་འགྱུར་ཆོས་ལ་རྒོལ་བའི་གླང་པོའི་སྣ། །རིག་པའི་རལ་གྲི་རྣོན་པོས་ཡོངས་བཅད་དེ། །རང་སྡེའི་རྒྱལ་ཁབ་སྲུང་ལ་ཁྱོད་མཚུངས་ མེད༑ །འཇམ་མགོན་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ལ། །དགྱེས་དགུར་རོལ་པས་གང་གི་རིག་ལམ་གྱི། །མགྲིན་གླུའི་སྐལ་བཟང་ཡིད་ལ་སིམ་སྟེར་བའི། །མཁས་དང་གྲུབ་པའི་ལུས་དཀར་ དགའ་བས་རྩེན། །ལམ་ངན་འཇིགས་བྲལ་ཡབ་མེས་སྲོལ་བཟུང་བའི། །ཐུན་མོང་ཐུན་མིན་ཟབ་རྒྱས་ཆོས་ཀྱི་གཏེར། །ནོར་བུའི་མཛོད་བཞིན་ཐང་མལ་བརྡལ་བ་ཡི། །ངོ་མཚར་ འདིས་ཀྱང་བློ་ལྡན་ཀུན་ཡིད་འཕྲོག །རྣམ་དཔྱོད་སྒེག་མོའི་ལང་ཚོའི་བྱི་དོར་ཕྱིར། །ལུང་རིགས་ནོར་བུའི་མེ་ལོང་ཕྱིས་པ་ཡི། །ཆོས་ཀྱི་ག་དར་རིག་པར་སྨྲ་ཀུན་གྱིས། །བསྟོད་ བསྔགས་གུས་པའི་ཐོར་ཚུགས་ཁྱོད་ཞབས་འདུད། །ཆགས་སྡང་ཀུན་རྟོག་མེ་ལྕེའི་རེག་པ་ཡི། །བསྟན་རྒྱུན་ནོངས་པའི་སྐྱོན་ཀུན་རྩལ་འདོན་པ། །མ་ཡིན་ལུང་རིགས་དབྱར་གྱི་རྔ་གསང་གིས། །གཟུར་གནས་ཡིད་ཀྱི་མདོངས་མཐའ་དགའ་བས་སྒེག །རྩོད་དུས་རྙོགས་པས་རྒྱལ་གསུང་མཚོ་བསླད་ཅིང་། །མི་ཤེས་བྱིས་པའི་ཆུ་སྲིན་ གྱིས་བཟུང་ཚེ། །མགོན་ཁྱོད་རྣམ་དཔྱོད་ནོར་བུའི་ཀེ་ཏ་ཀས། །བསྒྲུངས་ཏེ་ལེགས་བཤད་ནོར་བུའི་མཛོད་ཀྱིས་གཏམ། །རང་བློ་ཆོས་རབ་རྣམ་འབྱེད་སློབས་པ་ཡིས། །མཛེས་པའི་ བ་དན་གཡོ་བའི་མཐུ་བྲལ་ཡང་། །ཁྱོད་སྲས་བདུད་རྩིའི་བྱུག་པའི་དྲང་སྲོང་གི །ཁྲུས་ཀྱིས་བསྐྱངས་བས་ཡིད་ཆེས་ངེས་ཤེས་སྐྱེས། །རབ་འབྱམས་ཞིང་གི་རྣམ་འདྲེན་ཉིན་བྱེད་ མདུན༑ །རྡོ་རྗེ་རྣོན་པོའི་རྣམ་ཐར་འདབ་སྟོང་གི །ངོ་མཚར་མཛེས་པས་རྒྱལ་བའི་གདུང་འཛིན་པའི། །དཔལ་དེས་ཁྱོད་ཀྱི་མཛད་བཟང་མཇལ་བས་རྟོགས། །མཁས་པ་ཕལ་ཆེར་ཐུན་ མོང་རིག་གཞུང་དང་། །ཕྱོགས་རེའི་ངག་གི་ཅ་ཅོ་ཆེས་མང་ཡང་། །ཁྱོད་ཀྱི་བསྟན་བཅོས་སྣང་བའི་གཏེར་ཆེན་གྱིས། །རྒྱལ་གསུང་དབྱར་གྱི་དགའ་སྟོན་མཐའ་དག་གསལ། །ཐུབ་ དབང་བཀའ་དྲིན་རྗེས་སུ་དྲན་པའི་གཏམ། །ལེགས་བཤད་གཞན་གསོས་གླུ་ཡིས་རབ་བསྐུལ་ནས། །ཆེན་པོ་བདུན་ལྡན་ཐེག་མཆོག་དབྱར་གྱི་དཔལ། །རྒྱས་མཛད་ཆར་ལྡན་སྤྲིན་གྱི་འཇོ་སྒེག་བཞིན། །དུས་གསུམ་འདྲེན་པའི་ཐུགས་བསྐྱེད་གོ་ཆ་དང་། །བྱང་ཆུབ་སྤྱོད་པའི་རྒྱུ་རྩལ་མཐའ་དག་གི །དགེ་བའི་བཤེས་གྱུར་ཟུར་ཕུད་ལྔ་པའི་མཐུ། །མགོན་ཁྱོད་གཅིག་ པུའི་ཞིང་འདིར་འདྲེན་པ་བཞིན། །མཁས་དང་གྲུབ་པ་བཟང་པོའི་ལེགས་མཛད་མཐུ། །ཕྱོགས་སུ་མ་ལྷུང་ཆ་ཤས་རབ་རྫོགས་པའི། །རོང་ཀློང་ཟུར་པ་མེས་དབོན་རྣམ་དཔྱོད་ ཟླ༑ །མགོན་པོའི་གསང་གསུམ་ལྷ་ཡི་ལམ་ལ་མཛེས། །གཅིག་ཏུ་མི་གནས་བརྫུན་རིས་སྨིག་རྒྱུ་ཡི། །ལས་བྱེད་ཟོག་པོའི་ནོར་འཛིན་བརྡལ་བ་དང་། །མི་མཚུངས་ཆོས་གཏེར་སུམ་ འབབ་དལ་འགྲོ་ཡིས། །སྙིགས་དུས་དྲི་མ་སེལ་ལ་ཁྱོད་མཚུངས་སུ། །དབང་ཆེན་དགྱེས་རབ་རྡོ་རྗེའི་སློབ་དཔོན་གྱིས། །འཇམ་དབྱངས་གྲུབ་པའི་སྐྱེས་མཆོག་དཔུང་བཞི་ ཡིས༑ །རྒྱལ་བསྟན་གསུང་གི་ཐུགས་སྲས་ཐུ་བོ་ཞེས། །ལུང་བསྟན་གསེར་གྱི་ཅོད་པན་ཁྱོད་དབུར་བཅིངས། །བྱམས་ཆེན་ཏི་སེའི་ཁ་བབས་བཞི་ཡི་ཀླུང་། །ཐོགས་མེད་སྐུ་མཆེད་ མཁྱེན་དཔྱོད་འཛམ་གླིང་གཞིར། །དྲང་ཀུན་ཁྱོད་ཀྱིས་དེ་དོན་དགོངས་འབྱེད་པའི། །ལེགས་གསུང་རླབས་ཕྲེང་གཡོ་བས་བརྒྱན་ཏེ་བསྔགས། །མཐའ་བྲལ་དབུ་སེམས་ཉི་ཟླའི་འཛུམ་ཟེར་གྱིས། །ཁྱོད་ཐུགས་ཀུན་གསལ་སྒེག་མོའི་རྒྱན་གྱུར་པས། །བྱམས་འཇམ་དགོངས་པའི་སྣང་བ་འབུམ་ཕྲག་ཀུན། །འགལ་མེད་སྒྲུབ་ལ་ཁྱོད་མཚུངས་ སྲིད་འདིར་མེད། །སྟོན་པའི་བསྟན་ལ་རྒྱལ་བའི་གདུང་འཚོབ་ཅིང་། །རྒྱལ་སྲས་གསེར་རིའི་དབུས་ན་རི་དབང་བཞིན། །ཁྱད་དུ་འཕགས་པའི་ཤིང་རྟ་ཆེན་པོ་ཞེས། །མཆོག་གསུམ་ དགྱེས་པའི་སྐྱ་རེངས་ཁྱོད་ཀྱིས་དྲངས། །དབྱར་གྱི་བདུད་རྩིས་སིམ་པའི་རྩི་ཤིང་བཞིན། །མགོན་པོའི་མཁྱེན་བརྩེ་ནུས་པའི་དྲོད་སྣང་གིས། །སྔ་འགྱུར་བསྟན་པའི་ཆུ་གཏེར་བཤད་སྒྲུབ་ ཀྱི༑ །རླབས་ཕྲེང་འབུམ་དུ་གཡོ་བས་ཀུན་དགར་མཛད། །དགོས་པ་ཅན་ཕྱིར་དོན་གཅིག་མིང་། །མང་དུ་བསྙད་དང་མིང་གཅིག་དོན། །དུ་མར་འཇུག་སོགས་མངོན་བརྗོད་ ལམ༑ །གཟིགས་པའི་སྤྱན་དཀྱུས་ཕྲ་ལ་རིང་། །རྒྱན་གྱི་བསྟན་བཅོས་ནོར་བུ་ཡི། །མེ་ལོང་ལེགས་བཤད་བྱི་དོར་གྱིས། །སྔོན་མེད་ཁྱད་པར་ཚིག་དོན་གཟུགས། །བརྒྱ་ཕྲག་དག་ ཀྱང་འཆར་ལ་ལྟོས། །རང་བཞིན་བརྗོད་ན་གསལ་ལ་འདུམ། །འཁྱོགས་བརྗོད་ཉམས་འགྱུར་བྱེ་བས་སྒེག །བདེ་བར་གཤེགས་པའི་སྙན་ངག་བཞིན། །མཚུངས་མེད་བརྗོད་པ་དག་ཅིང་གཙང་། །ཟབ་དོན་དཀའ་གནད་རྒྱ་ཆེར་བཀྲལ། །སྔོན་བཤད་རྗེས་ཟློས་ནམ་ཡང་མིན། །ཡབ་མེས་རིང་ལུགས་གཙང་མར་སྨྲ། །ཤིང་རྟའི་དགོངས་པ་གཅིག་ཏུ་ དྲིལ༑ །ཡི་གེ་གཅིག་ནས་རྒྱུན་ཆགས་བར། །པྲྀ་ཏ་ཛ་ཏིའི་ཕྲེང་བ་ཡིས། །བྱ་དཀའི་བརྗོད་པ་བཀོད་ལེགས་པས། །སྐད་གཉིས་སྨྲ་བའི་དབང་ཕྱུག་མཚོན། །ཡོངས་སུ་གྲགས་པའི་ གཞུང་དང་འགྲེལ། །ཀུན་ལ་ཁྱབ་པར་མི་སྟོན་ཞིང་། །སུས་ཀྱང་རྟོགས་དཀའ་དཀོན་པའི་ཆོས། །ལེགས་བཤད་རྒྱལ་མཚན་ཏོག་ཏུ་འཕྱར། །ངེས་དོན་རྒྱུད་རྒྱལ་གསང་བ་ འགྲེལ༑ །རྣམ་པ་དུས་ཀྱི་སྦྱོར་བ་ཡིས། །སྦས་པའི་དེ་ཉིད་མངོན་སྟོན་པའི། །རྩིས་རིག་རྒྱུ་སྐར་ཐུགས་མཁར་བཀྲ། །ཕྱི་ཡི་བྱེད་གྲུབ་རྩིས་ཀྱི་གཞུང་། །ནང་གི་འབྱུང་བས་སྤར་སྨེ་ ལོ༑ །གཞན་དུ་ཡེ་ཤེས་དཀྱིལ་འཁོར་ཚུལ། །གསལ་བྱེད་བརྟན་པའི་འཁོར་ལོར་དངོས། །ཡན་ལག་དབྱངས་འཆར་རྒྱུད་མན་ངག །གབ་པ་མངོན་ཕྱུང་བླང་དོར་གྱི། །ལྐོག་གྱུར་ ལག་མཐིལ་རྫས་བཞིན་དུ། །རྟོགས་པའི་རྣམ་དཔྱོད་སྤྱན་སྟོང་མངའ། །ཕྱོགས་རེའི་གཞུང་དུ་མ་འཕྱན་པར། །ཐ་སྙད་རིག་པའི་འཕྲུལ་འབུམ་ཕྲག །ཁྱོད་ཐུགས་ཡེ་ཤེས་མེ་ལོང་དུ། །གདོད་ནས་བཀོད་བཞིན་གསལ་བར་གྱུར། །སྒྲ་དང་སྡེབ་སྦྱོར་ཐུ་མི་ཡི། །ཡི་གེའི་སྦྱོར་བས་ལུང་གི་ཆོས། །ཟབ་གསལ་རྗེན་པར་ཕྱུང་པ་ལ། །རྣོན་ པོའི་དཔྱད་ཀྱིས་ཟུག་བཞིན་འབྱིན། །བརྗོད་པའི་མཆོག་གི་དོན་རྟོགས་པས། །གཟུངས་དང་སྤོབས་པའི་མཛོད་ཀྱི་སྒོའི། །ཟབ་དོན་འབྱེད་པའི་ལྡེའུ་མིག་གིས། །ཆོས་རབ་རྣམ་པར་ འབྱེད་ལ་མཁས། །ཁྱོད་ཀྱི་རྣམ་དཔྱོད་ཉི་མ་ནི། །མཁས་པའི་བློ་མཁར་ཆེས་གསལ་ཞིང་། །ཕྱོགས་རེར་སྨྲ་བའི་འབྱུང་པོའི་བྱ། །ལོག་རྟོག་བྲག་ཕུག་ཅ་ཅོ་སྒྲོགས། །ཟབ་མོ་དབུ་ མའི་རིག་ལམ་གྱིས། །རྡོ་རྗེ་ཐེག་པའི་གནད་བཀྲོལ་ཞིང་། །ཚད་མའི་རིག་པས་ངེས་གསང་དོན། །གཏན་འབེབས་རོང་ཟོམ་པཎ་ཆེན་དངོས། །མཁས་པ་ཕལ་ཆེར་གཞུང་ཕྱོགས་ རེ༑ །ཁྱོད་ནི་མདོ་སྔགས་རིག་པའི་གནས། །གཡུང་དྲུང་བོན་གྱི་ཁྱད་ཆོས་ཚུན། །ཡེ་ཤེས་སྣང་བས་འབྱེད་ཅིང་སྡུད། །ཟབ་དོན་དབུ་མའི་སྤྱན་ཡངས་ཤིང་། །ཐ་སྙད་ཚད་མའི་ མཆེ་སྡེར་རྣམས། །དབུ་ཚད་སེང་གེ་འགྱིང་བསྣོལ་སྲོལ། །འབྱེད་ལ་ཤཱནྟ་རཀྵི་ཏ། །མང་ཐོས་ནོར་བུའི་མཛོད་ཀྱིས་ཕྱུག །ཡང་དག་རིག་བཞིའི་དཔུང་དང་ལྡན། །སྤོབས་པའི་གཏེར་བརྒྱད་ནོར་བདུན་གྱིས། །བསྐོར་བཞིན་ཐེག་མཆོག་རྒྱལ་ཐབས་བསྐྱངས། །རིག་པའི་རལ་གྲི་རྣོན་པོ་ཡིས། །རྒོལ་ངན་འཇོམས་ཀྱང་ཡང་དག་ལྟའི། །སྐྱོན་སེལ་ཟབ་ དགོངས་གསལ་བྱེད་ལས། །ཕྱོགས་ཞེན་ཅ་ཅོ་ནམ་ཡང་མིན། །བཤད་ན་རྒྱལ་དགོངས་མཐར་ཐུག་བཀྲལ། །སྒྲུབ་ན་ཡབ་མེས་བཀའ་སྲོལ་བཟུང་། །རྟོག་གེའི་ཀུ་ཅོ་ཙམ་མིན་ པ༑ ༑ཤིང་རྟ་གཉིས་ཀྱི་བསྟན་བཅོས་བཞིན། །རྩོད་པའི་རིག་ལམ་བརྒྱ་འབྱེད་ཀྱང་། །ཐེག་མཆོག་ཟབ་མོ་རྗེན་སྟོན་ལས། །གཞན་སེམས་དཀྲུགས་པའི་ཚེར་མའི་ངག །ཕལ་པའི་ ངན་སྨྲས་ཟུར་ཙམ་མེད། །གཞན་གྱིས་བསྟོད་སྨད་རྗེས་འབྲང་བའི། །བྲག་ཆའི་ཅ་ཅོ་མ་ཡིན་པ། །རང་བཞེད་གཙང་མའི་རིགས་ལམ་གྱིས། །རྒྱལ་དགོངས་ཇི་བཞིན་བཀྲལ་ལ་ མཁས༑ །ཁྱོད་ཀྱི་མཁྱེན་རབ་ནམ་མཁའི་མཐའ། །ཆོས་བཟང་ནོར་བུས་གཏམས་ན་ཡང་། །ཁེངས་དང་རྒྱགས་པས་མ་འདྲེས་པ། །ཞི་དུལ་ངང་པའི་ཁྱུ་བཞིན་མཛེས། །རྣམ་མཁྱེན་ བགྲོད་པའི་ཉེ་རྒྱུ་དང་། །སྙིང་པོའི་བསྟན་པ་རྟོགས་པ་རུ། །གཟིགས་ནས་དབེན་པར་རྟག་ཉུལ་བས། །ཆོས་བརྒྱད་ཞགས་པ་བཅད་ནས་བཞུགས། །མང་ཐོས་འབྱོར་པས་མ་བཏང་ཞིང་། །འཆད་རྩོམ་རྩོད་པའི་གཟུགས་བརྙན་གྱི། །ཅ་ཅོ་ཁོ་ན་མ་ཡིན་པར། །ཞི་བའི་ནགས་སུ་གཅིག་པུར་དགྱེས། །ཆོས་རབ་ཀུན་གྱི་བཅུད་བླངས་ ཏེ༑ །འདུ་འཛིའི་ལས་ཀྱི་མ་བཅིངས་བར། །ཞི་ལྷག་བདུད་རྩིའི་ཉིང་ཁུ་ལ། །དགྱེས་པས་སྒྲུབ་པའི་སྲོག་མཁར་ཚུགས། །ཁྱོད་ཐུགས་འཕགས་པའི་ཡེ་ཤེས་ཀྱི། །གཟིགས་པའི་ སྤྱན་སྟོང་རབ་བཀྲ་བས། །ཆོས་བརྒྱད་ལས་ཀྱིས་མ་བྲེལ་བ། །རྟག་ཏུ་བདེན་པའི་དགའ་ཚལ་ཉུལ། །རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་། །རྡོ་རྗེ་གཏོར་བླུགས་ཆོ་ག་ཡིས། །རྡོ་རྗེ་བཞི་ཡི་ ནུས་སད་པའི། །རྡོ་རྗེ་འཛིན་པའི་མཆོག་ཏུ་གཤེགས། །སྲིད་ཞིའི་སྲོག་གྱུར་སྟོང་ཆེན་འཇམ་པའི་དབྱངས། །ཤིན་ཏུ་ཞི་བ་མི་ཤིགས་རྣམ་ཐར་གསུམ། །འོད་གསལ་སྐུ་དང་ཡེ་ཤེས་ དག་པའི་དཔལ། །རྣམ་མེད་ཕྱག་རྒྱའི་དབྱིངས་ལས་མ་འདས་བཞིན། །མཁའ་ཁྱབ་སྙིང་རྗེ་སྒྱུ་མའི་ཟློས་གར་གྱིས། །མཚན་དང་སྐུ་སྔགས་མཐའ་ཀླས་རོལ་མོ་ཀུན། །བསྙེན་སྒྲུབ་ ལས་ཀྱི་རྟག་ཏུ་བསྙེན་མཛད་པས། །དངོས་གྲུབ་འདོད་དགུའི་འབྱོར་པས་ལྷག་པར་ཕྱུག །རབ་འབྱམས་རྒྱལ་བའི་ཐུགས་མཚོར་དགྱེས་སྤྱོད་པའི། །ཡེ་ཤེས་སེམས་དཔའ་རིན་ཆེན་དབྱིག་གི་སྙིང་། །བླ་མེད་རྒྱུད་ཀྱི་དགོངས་བཅུད་དངོས་གྲུབ་གཏེར། །དོན་གཉིས་འདོད་འཇོའི་བཙས་སུ་ཁྱོད་ཀྱིས་བསྒྲུབས། །སྲིད་ཞི་དབྱིངས་སུ་སྨྲ་བྱེད་དུས་དགྲའི་དབང་། །སྣང་ སྲིད་ཡེ་ཤེས་ཕྱག་རྒྱས་གཟོད་མ་ནས། །ཐོབ་པའི་དགོངས་པ་མི་གཡོའི་ཏིང་འཛིན་གྱིས། །འཁོར་འདས་སྟོང་སྲོག་འཕྲོག་ལ་གནུབས་ཆེན་དངོས། །གདོད་ནས་གྲུབ་པའི་རིག་ཁམས་ གསེར་སྦྱངས་ལ། །བསྐྱེད་བཟླས་རྫོགས་པའི་བཞུ་བཏུལ་གྱིས་སྦྱངས་པས། །རྫོགས་འཕྲང་སྲོག་གི་རྒྱན་གྱི་ཁྱད་པར་བརྒྱས། །རབ་སྒེག་ཡབ་མེས་སྲོལ་འཛིན་ཁྱོད་གཅིག་ ཙམ༑ །དེ་ཚེ་ཕས་རྒོལ་དཔུང་གི་ཕྲུ་མའི་ཚོགས། །འབུམ་དུ་གཡོས་ཀྱང་ཕྱོགས་ལས་རྣམ་རྒྱལ་རྔ། །ཐོས་པའི་མོད་ནས་དོན་སྙིང་ཁ་སྒོ་རུ། །འདྲེན་པའི་གྲགས་སྙན་དཔལ་གྱི་ཕྱོགས་ ཀུན་ཁེངས། །གཤེད་སྐོར་རྒྱུད་སྡེའི་བསྙེན་སྒྲུབ་ལས་གསུམ་མཚོ། །ཟབ་དོན་དབྱིངས་སུ་མནལ་ལ་ཐུགས་བསྐྱེད་ཀྱི། །དེད་དཔོན་ཆེན་པོའི་བསྟན་འགྲོའི་རྒུད་སེལ་དབྱིག །ཐོས་ བསམ་རྒྱལ་མཚན་ཏོག་ཏུ་འབད་པས་ཕྱར། །དེ་ཚེ་བློ་ལྡན་རྒྱུ་མཚན་ཤེས་པའི་ཡིད། །སྟོན་ཟླས་རེག་པའི་ཆུ་མཚོའི་ལང་ཚོ་བཞིན། །དོན་གཉེར་དད་བརྩོན་རླབས་ཀྱིས་ལེགས་བསྐུལ་ཏེ། །ཁྱོད་ཞབས་པདྨོར་བསྙེན་ལ་ཆོག་མི་ཤེས། །ཆེ་བ་དྲུག་ལྡན་སྔ་འགྱུར་བསྟན་མཆོག་ལ། །ནག་ཕྱོགས་ཀླ་ཀློའི་སྒྲ་གཅན་ཁ་རླང་གིས། །སྒྲིབ་ བརྩམས་བསམ་སྦྱོར་རྩ་སྐམ་མེར་མཆེད་བཞིན། །མིང་གི་ལྷག་མར་བྱས་པ་ཁྱོད་ཀྱི་དྲིན། །འཇམ་དཔལ་མཁྱེན་གཉིས་གཏེར་ལ་དབང་བསྒྱུར་ཞིང་། །ཟིལ་གནོན་གནམ་ལྕགས་ལྕེ་ ཡིས་གཟུང་འཛིན་གཞིལ། །བདེ་ཆེན་པདྨ་དབང་གིས་སྣང་སྲིད་སྡུད། །བདེ་མཆོག་རྡོ་རྗེ་ནམ་མཁའི་དཀྱིལ་འཁོར་སིམ། །ཆོས་དོན་རྟགས་ཀྱི་བདུད་རྩིའི་འཆི་མེད་གྲུབ། །ཐལ་འབྱིན་ ཕུར་པའི་མཚོན་གྱིས་ཡིད་སྲུབ་བརླག །སྣང་སྲིད་དྲེགས་ཚོགས་བཀའ་ཡི་ཕོ་ཉ་དང་། །དྲག་སྔགས་རྡོ་རྗེའི་ཐོག་མདའི་སྒྱུ་རྩལ་འགྲན། །ཀུན་འདུས་མཚོ་སྐྱེས་བླ་མའི་ཞལ་སྐྱིན་ དངོས༑ །རྫས་སྔགས་ཏིང་འཛིན་ཕྱི་ནང་རྟེན་འབྲེལ་གྱི། །དེ་ཉིད་མངོན་གྱུར་གནས་སྐབས་མཐར་ཐུག་གི །ལས་བཞིའི་བསྟན་འགྲོའི་རྒྱལ་ཐབས་སྐྱོང་བ་ལ། །དབང་ཐོབ་གྲུབ་ བརྙེས་དམ་པ་སངས་རྒྱས་བཞིན། །རྒྱུད་ལུང་མན་ངག་ཉིང་ཁུའི་བཅུད་ཕྱུང་ཞིང་། །བསྙེན་སྒྲུབ་ལས་ཀྱི་འཕྲུལ་བརྒྱས་དོན་གཉིས་བསྒྲུབས། །བཀའ་གཏེར་གདམས་པའི་ཕ་ནོར་རྗེས་འཇུག་ལ། །འདོད་དགུ་སྟེར་བའི་མེས་པོ་འགྲན་ཟླ་བྲལ། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །འཁྲུལ་རྟོག་མུན་པ་དཔྱིས་འབྱིན་ཏེ། །ཡེ་ཤེས་འདོད་དགུའི་སྣང་བ་ལ། །ཅི་ དགར་རྩེན་ཕྱིར་ཀུན་མཁྱེན་དངོས། །ཐེག་མཆོག་རིང་ལུགས་གངས་ཆེན་མཚོ། །མཁྱེན་དཔྱོད་ཉིན་བྱེད་ཀྱིས་འཁྱུད་པའི། །གཉུག་མ་རྡོ་རྗེའི་སེམས་ཆེན་པོ། །སྟོན་པའི་ལེགས་ བཤད་ཆུ་ཀླུང་འབབ། །ཚིག་བྲལ་ངག་གིས་མི་མཚོན་དབྱིངས། །ངན་རྟོག་རྡུལ་གྱིས་སྒྲིབ་བརྩམས་ཚེ། །ཡང་དག་གཟིགས་པའི་ལེགས་བཤད་ཀྱི། །རླུང་གིས་འཇོམས་ལ་དཔའ་ བས་བསྒྱིངས། །རྡོ་རྗེའི་གསང་བ་ཆེན་པོའི་སྒོ། །འབྱེད་ཅིང་སེང་གེའི་སྒྲ་སྒྲོགས་པའི། །ཁྱོད་གསུང་རྩེ་བརྒྱ་གདེང་ཙམ་གྱིས། །ལོག་སྨྲའི་ལྟ་མིན་རྒྱ་མཚོར་ཡིབ། །ཁྱོད་ཀྱིས་ ཡང་དག་རིག་པའི་མེ། །དུས་ཀྱི་ཞུགས་བཞིན་སྦར་བ་ན། །དབྱིངས་ནས་ལྷ་དང་ཌཱ་ཀི་ཡིས། །དགྱེས་གླུའི་བྲེལ་ལ་སོམས་ཉི་བྲལ། །ཨེ་མ་ཡེ་ཤེས་མེ་ལོང་ཉིད། །གཙོ་དང་ འཁོར་ཚུལ་མཁས་བཙུན་གྲུབ། །ཕྲིན་ལས་གར་གྱིས་ཆེས་བྲེལ་བའི། །ཐུགས་རྗེའི་གོ་ཆ་སུ་ཡིས་འགྲན། །མཁྱེན་པའི་བདག་པོ་བཤེས་གཉེན་ཚུལ། །མགོན་ཁྱོད་རྣམ་ཐར་ཕྲ་མོས་ཀྱང་། །དད་པའི་ཡི་ག་ལྡང་བཞིན་དུ། །བསྔགས་པའི་མེ་ཏོག་བསྟར་ལ་བརྒྱུས། །མཆོད་རྫས་ཤིན་ཏུ་ཕྲ་ན་ཡང་། །ཟོལ་མེད་དད་པ་སྙིང་དབུས་ ནས༑ །རྒྱས་པའི་ཚིག་གི་སྦྱོར་བ་འདིས། །ཡབ་གཅིག་དགྱེས་སྤྱན་བབ་སྟེགས་ཤོག །དམན་ལ་དམ་པས་རྗེས་བརྩེ་བ། །འཕགས་པའི་ཆོས་ཉིད་ཡིན་པའི་ཕྱིར། །སྙིང་པོའི་བྱང་ ཆུབ་བར་དུ་ཡང་། །ཁྱོད་ཉིད་དགེ་བའི་བཤེས་གྱུར་ཅིག །དེ་ཚེ་ཁྱོད་ཀྱི་རྣམ་ཐར་དཔལ། །དད་པས་ཉེ་བར་ལེན་པའི་མཐུས། །མཉེས་པ་གསུམ་གྱི་རིམ་གྲོ་ཡིས། །ཁྱོད་ཞབས་ པདྨོ་བསྙེན་གྱུར་ཅིག །དྭངས་བའི་མཚོ་ལ་ཟླ་ཤེལ་བཞིན། །ཁྱོད་ཐུགས་མཁྱེན་གཉིས་ཀེ་ཏ་ཀས། །བདག་བློའི་མི་ཤེས་རྙོགས་མ་བསྒྲུངས། །ཐར་གྲོལ་རླབས་ཕྲེང་གཡོ་བར་ མཛོད། །རབ་འབྱམས་ཞིང་གི་འདྲེན་པ་ཡི། །སྲས་ཀྱི་ཐུ་བོ་ཁྱོད་གཅིག་བཞིན། །བདག་ཀྱང་རྗེ་བཙུན་ཆོས་ཀྱི་རྗེའི། །གདུང་འཚོབ་གསང་བ་ཀུན་འཛིན་ཤོག །མདོར་ན་མངོན་ མཐོ་ངེས་ལེགས་ཀྱི། །ཡོན་ཏན་མཐའ་དག་ཁྱོད་གཅིག་པུས། །སྩོལ་བས་མགོན་ཁྱོད་མི་འབྲལ་བར། །ཚངས་པའི་རྒྱན་དུ་མཆོད་པར་ཤོག །མཁྱེན་བཟང་སྣང་བ་བརྒྱ་པ་ཡིས༑ །རབ་འབྱམས་ཆོས་སྒོའི་ཨུཏྤལ་ནགས། །འབྱེད་ལ་ཆགས་ཐོགས་མི་མངའ་བའི། །སྤེལ་ལ་མཁའ་དང་མཉམ་གྱུར་ཅིག །རྒྱལ་བ་རྒྱ་མཚོའི་རྣམ་ཐར་ཆུ། །ཁྱོད་ཐུགས་རྒྱ་ མཚོར་ཆེར་གཞོལ་བའི། །ངོ་མཚར་དཔལ་དེ་བདག་གིས་ཀྱང་། །ཐོབ་པའི་སྐལ་བཟང་རྙེད་གྱུར་ཅིག །མགོན་ཁྱོད་ཡེ་ཤེས་ཉིན་མོར་བྱེད། །བདག་བློའི་མཁའ་ལ་དགྱེས་བརྩོན་ པས༑ །ཐམས་ཅད་གཟིགས་པའི་འོད་སྟོང་གིས། །མི་ཤེས་མུན་སྤྲུལ་འཇོམས་ནུས་ཤོག །ཡང་དག་ཡང་དག་མ་ཡིན་པའི། །ཆོས་རབ་རྣམ་འབྱེད་སྤོབས་པའི་མཐུ། །ཁྱོད་ མཚུངས་ཁྱོད་ཀྱི་རིང་ལུགས་ཆོས། །ཐོས་བསམ་སྒོམ་པས་འཛིན་ནུས་ཤོག །ཐུབ་བསྟན་ཡོངས་འདུས་ཀུན་དགའི་ཚལ། །མཛེས་བྱེད་མཁས་གྲུབ་ལག་ལྡན་ཁྱུའི། །དབུས་ན་ལྷ་ ཡི་གླང་པོ་དང་། །མཚུངས་ཁྱོད་ངེས་པའི་ཡིད་ཀྱིས་བསྟོད། །དོན་ལྡན་སྨྲ་བའི་ངག་འདིས་ཀྱང་། །ངག་གི་དབང་ཕྱུག་བློ་གཏེར་ལྷས། །ངག་ཚིག་ཚངས་པའི་དབྱངས་བསྩལ་ ཏེ༑ །ངག་ཀུན་ཆོས་ཀྱི་རོ་ལྡན་ཤོག །ཐུབ་བསྟན་མངའ་ཐང་སྤེལ་བ་ལ། །ཐབས་མཁས་སྙིང་རྗེའི་འཇུག་པའི་སྒོ། །བླ་མ་འཇམ་པའི་དབྱངས་ཇི་བཞིན། །རྒྱལ་བའི་ཕྲིན་ལས་འཛིན་གྱུར་ཅིག །ཤེས་རབ་ཆེན་པོའི་མེ་ལྕེའི་དབལ། །བརྩོན་ཆེན་རླུང་གིས་རྟག་བསྐུལ་བས། །སྲིད་པའི་ཚང་ཚིང་ཀུན་བསྲེགས་ནས། །ཞི་བ་ཆེན་པོའི་དཔལ་ ཐོབ་ཤོག །ཅེས་ཤིན་ཏུ་སྙིགས་མའི་འདམ་རྫབ་ཏུ་སྐྱེས་ཀྱང་སྔོན་བསགས་རྣམ་པར་དཀར་བའི་མེ་ཏོག་གི་ཟེའུ་འབྲུ་ལ་ཡབ་གཅིག་འཇམ་དཔལ་དགྱེས་པའི་ཉིན་བྱེད་ཀྱི་སྣང་བས་བསྐྱངས་བའི་སྐལ་བ་བཟང་པོ་རྗེས་སུ་དྲན་པའི་ཚིགས་སུ་བཅད་པའི་ཕྲེང་བ་ བསྟར་ལ་བརྒྱུས་པ་འདིའང་མེ་བྱིས་ག་ཟླ་བའི་ཚེས་༢༩ ཀུན་མཁྱེན་བླ་མ་ཞི་བར་གཟིམས་པའི་དུས་མཆོད་ཀྱི་ཚུལ་དུ་སྔགས་བཙུན་རྨོངས་པ་མངྒ་ལས་མཐའ་ཡི་རྒྱལ་ཁབ་ཀྱི་སྨན་ལྗོངས་དང་ནགས་ཚལ་དུ་དྭངས་བཞིན་རྒྱུ་བའི་སྐབས་ཅི་རིགས་པར་བསྟོད་ཅིང་སྨོན་པ་ བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། ༈ རྒྱལ་ཀུན་ཡེ་ཤེས་སྐུ་གཅིག་འཇམ་དཔལ་དབྱངས། །གསུང་གི་དབང་ཕྱུག་ངག་གི་དཔལ་སྩོལ་ལྷ། །མཁྱེན་གཉིས་ཡེ་ཤེས་གཏེར་ མཛོད་ཨ་ཛི་ཏ། །འཇིགས་བྲལ་སློབ་དཔོན་ཆེན་པོར་སྐྱབས་སུ་མཆི། །ཕྱོགས་དུས་སྲས་བཅས་རྒྱལ་བའི་རྣམ་ཐར་དང་། །ཕྲིན་ལས་འཇམ་དཔལ་དབྱངས་ལ་རྫོགས་པའི་ ཕྱིར༑ །མགོན་པོའི་རྗེས་སུ་སློབ་པར་དམ་བཅའ་ན། །བདག་བློ་བྱང་ཆུབ་སེམས་ཀྱིས་གང་བར་མཛོད། །དད་བློའི་མདུན་སར་རྒྱལ་བ་དངོས་བཞུགས་པར། །གསུང་གི་རྗེས་སུ་འབྲངས་ནས་མདུན་གྱི་མཁར། །ཆོས་དབྱིངས་རྒྱས་པར་འགེངས་པའི་མཆོད་སྤྲིན་དབུས། །འཕྲོག་བྱེད་བརྒྱད་ཀྱིས་བཏེགས་པའི་རིན་ཆེན་ཁྲིར། །འདབ་སྟོང་ལང་ཚོས་རྒྱགས་པའི་ སྒྱུ་རྩལ་ལ། རྗེས་ཆགས་སྣང་བྱེད་བདུད་རྩིའི་ཟིལ་མངར་གྱིས། །ཞིང་དབུས་ཕྱོགས་ལས་རྣམ་རྒྱལ་པཎྜི་ཏ། །མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ནི། །དཀར་གསལ་མཚན་ དཔེའི་གཟི་བྱིན་དཔལ་དུ་འབར། །སྣང་སྲིད་སྐུ་ཡི་ཕྱག་རྒྱས་ཟིལ་གནོན་ཕྱིར། །ཁྲོ་འཛུམ་སྤྱན་གྱི་ལྟ་སྟངས་དབྱིངས་ལ་གཟིར། །ཤེས་རབ་སྟོང་ཉིད་དབྱིངས་ལས་མི་གཡོའི་ བརྡར༏ །ཕྱག་གཡས་མཉམ་བཞག་མདོ་རྒྱུད་གླེགས་བམ་བསྣམས། །ཐབས་མཆོག་སྙིང་རྗེས་སྲིད་པ་ཇི་སྲིད་བར། །གཞན་དོན་ལྷུར་མཛད་གཡོན་པས་ཆོས་འཆད་རྒྱས། །དོན་གཉིས་ ལྷུན་གྲུབ་ཨུཏྤལ་གཞོན་ནུའི་རྩེར། །ཡེ་ཤེས་རལ་གྲི་རྡོ་རྗེའི་མཚོན་རྣོན་འཆང་། །སྡེ་གསུམ་རྒྱུད་སྡེའི་དགོངས་དོན་འཆད་རྩོད་རྩོམ། །དབང་འབྱོར་དབང་མདོག་པཎ་ཞུའི་ཅོད་པན་ བརྗིད༏ །འགྲོ་ཁམས་ཇི་སྲིད་སྙིང་རྗེའི་ཕྲིན་ལས་མཐུ། །རྫོགས་མེད་སེམས་དཔའི་སྐྱིལ་ཀྲུང་དང་བཅས་ཏེ། །ཐེག་གསུམ་ཡོན་ཏན་ལྷུན་གྱིས་རྫོགས་པའི་རྟགས། །དམར་སེར་ཐར་པའི་རྒྱལ་མཚན་མཛེས་པར་བཀླུབས། །གཡས་སུ་སྨྲ་བའི་སེང་གེ་རོང་ཟོམ་པ། །ཧེ་རུ་ཀ་དངོས་ཟུར་པ་མེས་དབོན་གསུམ། །སོ་སྟོན་གནུབས་ཆེན་ནམ་ སྙིང་གཉགས་ཆེན་མྱོས། །གསང་ཆེན་རྒྱུད་ལུང་ཤིང་རྟ་ཆེན་པོ་རྣམས། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་བཞིན་དུ་བརྗིད། །གཡོན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ། །ལྡང་མ་ལྕེ་བཙུན་ ནམ་མཁའ་འཇིགས་མེད་དང་། །འཇིགས་བྲལ་གླིང་པ་ཡབ་སྲས་བརྒྱུད་པར་བཅས། །མན་ངག་རྫོགས་ཆེན་སྟོན་པ་ཟླ་ལྟར་གསལ། །རིགས་ཀྱི་བདག་པོ་འཇམ་དབྱངས་མཁྱེན་ བརྩེའི་དབང་། །དགྱེས་རབ་རྡོ་རྗེ་འཇིགས་མེད་ཆོས་ཀྱི་དབང་། །འཇམ་མགོན་གུ་ཎ་ལ་སོགས་ཟབ་རྒྱས་དང་། །མདོ་སྔགས་ཆོས་ཀྱི་ཤིང་རྟ་སྐར་ལྟར་བཀྲ། །རྣམ་པ་གང་འདུལ་ དེར་སྣང་ཐུགས་བསྐྱེད་འཕྲུལ། །ངོ་བོ་ཡེ་ཤེས་མེ་ལོང་རྒྱལ་ཀུན་ཡབ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་མཚན་དང་སྐུས། །ཆོས་དབྱིངས་རྒྱས་པར་འགེངས་པའི་ངོ་མཚར་ རྨད༑ །ཨེ་མ་སྙིགས་མའི་སྨག་གིས་ས་སྲོས་ཚེ། །ཡེ་ཤེས་སྣང་བ་རྒྱས་པའི་སྐྱ་རེངས་ཀྱིས། །འཇིག་རྟེན་གསུམ་ན་ཁྱབ་པའི་དགེ་མཚན་དཔལ། །བདག་བློའི་འདབ་བརྒྱའི་བཅུད་དུ་སིམ་འདི་རྨད། །སྒྲ་དང་སྙན་ངག་ཚིག་གིས་རབ་བརྟགས་པ། །མ་ཡིན་དོན་ལ་གནས་པའི་ཟུར་ཕུད་ལྔ། །ཐེག་མཆོག་ཤིང་རྟ་འདྲེན་པའི་སྟོན་པ་འདི། །བདག་གིས་བྱང་ཆུབ་ཐོབ་ ཀྱང་རིགས་བདག་བསྙེན། །མཁྱེན་དཔྱོད་འོད་བརྒྱའི་ཐུར་མས་ཐུན་མོང་དང་། །ཐུན་མིན་ཆོས་ཀྱི་པད་ཚལ་བཞད་མཛད་ཅིང་། །ཁྱད་པར་སྔ་འགྱུར་བསྟན་པའི་དབྱར་གྱི་ དཔལ༑ །རྒྱས་པའི་སྐལ་བཟང་འདི་ཀོ་ཁྱོད་དྲིན་ལགས། །སྦྱངས་དང་བརྩོན་པས་ཆོས་རབ་རྣམ་འབྱེད་མཐུ། །ཐོབ་པ་ཀུན་ལ་གྲགས་ཀྱང་མགོན་ཁྱོད་ནི། །གཟིགས་པ་ཙམ་གྱིས་ཤེས་ བྱ་ཀུན་ལ་མཁས། །འཇུམ་པའི་དབྱངས་ཞེས་གྲགས་བཞིན་བདག་ཀྱང་མཛོད། །ཁྱད་པར་ཟབ་རྒྱས་ཚད་མའི་རིག་ལམ་ཀུན། །གཅིག་དྲིལ་རྒྱལ་བ་དགྱེས་པའི་ཤིང་རྟའི་ སྲོལ༑ །འབྱེད་ལ་མི་བསྙེངས་མི་ཕམ་རྒྱལ་བ་དངོས། །ས་གསུམ་མཆོག་བརྙེས་ཐོགས་མེད་སྐུ་མཆེད་བཞིན། །ཐེག་མཆོག་དབུ་མའི་ཡང་དག་རིག་པའི་ལམ། །ངེས་གསང་འབྲས་ བུའི་ལམ་བྱེད་འབབ་སྟེགས་སུ། །བཀྲལ་ལ་འཇིགས་བྲལ་ཀླུ་དབང་ཡབ་སྲས་ཀྱི། །མཁྱེན་དཔྱོད་བདག་གིར་བཞེས་བཞིན་བདག་ཀྱང་སྨོན། །དྲི་མེད་ལྟ་སྒོམ་སྤྱོད་པ་སྔ་འགྱུར་སྲོལ། །ཀུན་མཁྱེན་ཆོས་རྗེའི་བཞེད་སྲོལ་བླན་མེད། །སླར་ཡང་ལུང་རིགས་སེང་གེའི་སྒྲས་གསལ་མཛད། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་གླང་ཆོས་གྲགས་ དངོས༑ །འཆད་ཚེ་ཚངས་དབྱངས་བདུད་རྩིའི་ཟས་སྩོལ་ཞིང་། །བརྩམས་པའི་བསྟན་བཅོས་དབྱངས་ཅན་མགྲིན་ལས་བླང་། །རྒྱལ་བའི་བསྟན་ལ་སྨན་པའི་ལེགས་བཤད་ཀྱིས། །ས་ གསུམ་ཀུན་དགའ་ལྷ་ཡི་རྔ་ཆེན་མཚུངས། །གཞུང་ལུགས་རྙིང་པ་ཟློས་དང་གྲགས་རྗེས་སུ། །འབྲང་བའི་དད་པའི་རྗེས་འགྲོ་ཙམ་མིན་པར། །རང་སྟོབས་རིག་པའི་རྣམ་དཔྱོད་འབྲུག་ སྒྲ་བཞིན། །གཟུར་གནས་མཁས་པའི་རྨ་བྱ་ཀུན་དགའ་མཛོད། །ཐ་སྙད་རིག་པའི་རྒྱ་མཚོ་ཀུན་མཁྱེན་ཀྱང་། །ངེས་དོན་སྙིང་པོ་ཐེག་མཆོག་རྡོ་རྗེའི་སྲོལ། །ཡབ་མེས་སྲོལ་བཞིན་ བཟུང་བའི་བསམ་བྱུང་གི །མཁྱེན་རབ་འཇམ་དབྱངས་ཕྱག་གི་རལ་གྲི་གདེང་། །དེང་སང་བློ་གསལ་ཡབ་མེས་རིང་ལུགས་ལ། །ཡི་དྭགས་རོ་བརྒྱའི་ཟས་ཀྱང་མི་གཙང་དུ། །མཐོང་ བཞིན་རང་སྐྱོན་མི་སེམས་བློས་བཏང་ནས། །ཐ་སྙད་ཁབ་མིག་ནམ་མཁའ་ཚིམ་འདི་འཁྲུལ། །རྟོག་གེར་མ་འཕྱན་རྒྱུད་སྡེའི་རྒྱ་མཚོར་ཞུགས། །ངེས་དོན་སྨིན་གྲོལ་གདེང་ཅན་གཙུག་ནོར་བླངས། །དངོས་གྲུབ་འདོད་རྒུའི་སྒོ་འཕར་ཅིར་ཡང་ཕྱེ། །རིག་འཛིན་གྲུབ་བརྒྱའི་སྤྱི་མེས་ཁྱེད་གཅིག་ལགས། །སེམས་དཔའི་ཁྱུ་མཆོག་ཞི་བ་ལྷ་བཞིན་དུ། །ཟུར་ཕུད་ལྔ་པའི་ ཡེ་ཤེས་བདུད་རྩིའི་བཅུད། །གདོད་ནས་བཞེས་པས་ཐམས་ཅད་གཟིགས་པ་ཡི། །ཆོས་རབ་རྣམ་འབྱེད་སྤོབས་པ་ཁྱེད་མཚུངས་སུ། །སྲིད་ཞི་དབྱིངས་ཟ་དུས་དགྲའི་དབང་པོ་ ཡི༑ །འཁོར་ལོ་རྣམ་བཞིའི་དགོངས་པ་མཐར་སོན་པས། །འཇམ་དཔལ་ཁྲག་འཐུང་གྲུབ་པའི་གནུབས་ཆེན་བཞིན། །མདོ་སྒྱུའི་ཤིང་རྟ་མཆོག་གི་མཆེད་ཟླར་གྲུབ། །ཕྲ་རགས་རྩ་ཀུན་ མི་ཤིགས་དྷཱུ་ཏིའི་ཀློང་། །བཤིག་ཏེ་ཡེ་ཤེས་འདོད་དགུའི་གསང་མཛོད་གཏེར། །ཐུགས་དབུས་དཔལ་བེའུའི་ཀློང་ནས་བརྡོལ་བཞིན་དུ། །ལྷན་སྐྱེས་ནམ་མཁའི་རྣལ་འབྱོར་ཆེན་པོར་ དགྱེས༑ ༑ཁྱད་པར་རིག་སྟོང་རྡོ་རྗེའི་གསང་མཛོད་ལ། །དབང་བསྒྱུར་ཤེས་རབ་རང་བྱུང་མཉྫུ་ཤྲཱི། ཁྱོད་ཐུགས་འདུ་འབྲལ་མེད་པའི་ཡེ་ཤེས་ཀྱི། །སྣང་བ་ཆེན་པོས་སྐུ་གསུམ་ཞིང་ ཀུན་བརྡལ། །ཡེ་ཤེས་འདོད་དགུའི་སྣང་བས་ཁྱེད་ཀྱི་ཐུགས། །འབྲེལ་མེད་སྤྱོད་པས་སྣང་སྤྱོད་དག་པ་ཆེའི། །དགོངས་ཀློང་ཚད་ཕེབས་མཉམ་རྗེས་གཉིས་འཛིན་ཞིག །རིག་སྟོང་གཟུངས་སྤོབས་མཁྱེན་པའི་གཟི་འོད་འབར། །མཆོག་དངོས་གྲུབ་པའི་ཞོ་འཐུང་རྩེ་བརྒྱའི་མཚོན། །ཕྱག་རྩེར་འདོད་དགུར་ཐེག་པས་ཀུན་ཉོན་གྱི། །ལྷ་མིན་ མཐར་བྱས་ཕྲ་མོའི་དངོས་གྲུབ་ཚོགས། །དབང་བསྒྱུར་འདྲེན་བྱེད་སྟོང་གིས་མཛེས་པར་བཀྲ། །སྟོང་ཉིད་རྟོགས་པའི་བློ་དང་ཕྱི་ནང་གི །རྟེན་འབྲེལ་གནད་ཀྱི་དོན་ལ་དབང་བསྒྱུར་ བས༑ །གྲུབ་པའི་རྣལ་འབྱོར་དམ་པ་སངས་རྒྱས་བཞིན། །བསྟན་འགྲོར་ཕན་བདེའི་དཔལ་གྱིས་དབུགས་འབྱིན་མཛད། །དུས་ཀྱི་ཐ་མ་རྒྱལ་བསྟན་རྟོགས་པའི་བསྟན། །ཉག་ཕྲར་ གཟིགས་པས་ཀུན་སྤང་བྱ་བྲལ་གྱིས། །དབེན་པར་སྒྲུབ་པའི་སྲོག་མཁར་ལེགས་བཙུགས་ཏེ། །བསྙེན་སྒྲུབ་མཐར་ཕྱིན་མཛད་པ་ཁྱེད་མཚུངས་སུ། །སྤྲོས་པའི་ཡན་ལག་རྫས་སྔགས་ འཁོར་ལོ་དང་། །སྤྲོས་མེད་ནང་གི་ལྟ་སྒོམ་ཟུང་འཇུག་པས། །དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ། །ངེས་པ་དོན་གྱི་རྡོ་རྗེ་སློབ་དཔོན་མཆོག །ཆེན་པོར་རློམས་པའི་རྟ་ ནོར་གཟི་བརྗིད་དང་། །འདུ་འཛིའི་འཁོར་མང་བསྡུ་དང་ངོ་སྲུང་གི །འབྲེལ་ཐག་བཅད་ནས་ཕྱོགས་མེད་དབེན་པའི་གནས། །སྦས་པའི་ཚུལ་བཞིན་སྙིང་པོའི་རྣལ་འབྱོར་ཆེ། །མཁས་ཀྱང་གྲུབ་པའི་ལྟ་སྤྱོད་ཤིན་ཏུ་དབུལ། །གྲུབ་ཀྱང་ལྟ་སྒོམ་སྒྲོ་འདོགས་ཆོད་པ་དཀོན། །ཁྱོད་ནི་མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་དུ། །མཁས་གྲུབ་དབང་པོའི་ཡིད་ཆེས་སྙིང་ནས་ རྙེད༑ །ཚོགས་གཉིས་པདྨའི་ཚལ་གྱིས་ཐུགས་མཚོར་ཁེབས། །དོན་གཉིས་གྲུབ་པའི་ཟིལ་མངར་ཟད་མི་ཤེས། །ཆོས་ཉིད་ཞི་བའི་དགོངས་ཀློང་རྒྱ་མཚོར་ཟབ། །ངེས་པ་དོན་གྱི་འཇམ་ པའི་རྡོ་རྗེ་དངོས། །སྣང་སྤྱོད་སྒྱུ་མར་རོལ་པའི་ཐབས་མཁས་ནི། །གཞན་ཕན་སྙིང་རྗེའི་ཤིང་རྟ་ཤུགས་དྲག་པས། །མོ་རྩིས་ཕྲ་མོའི་ལས་ཀྱང་གསལ་མཛད་པའི། །ངོ་མཚར་ཕྲིན་ ལས་མཁའ་དང་ས་ལྟར་ཡངས། །ཤིན་ཏུ་སྙིགས་མས་གཙེས་པའི་ཡིད་ཅན་དང་། །ཁྱད་པར་གསང་ཆེན་རྙིང་མའི་བསྟན་པའི་སྲོལ། །དྲི་མེད་གསལ་ཕྱིར་རྗེ་བཙུན་འཇམ་པའི་ དཔལ༑ །དངོས་སུ་བྱོན་པའི་ངོ་མཚར་སུ་ཡིས་དཔོག །རྨད་བྱུང་སྤོབས་པའི་གཏེར་བརྒྱད་དབང་འབྱོར་ཞིང་། །སོ་སོ་ཡང་དག་རིག་བཞིའི་དཔུང་དང་བཅས། །འཇིགས་མེད་ལུང་ རིགས་སེང་གེའི་ང་རོ་ཡིས། །གངས་ཅན་མཛེས་པར་བྱེད་པའི་མགོན་པོ་ཁྱེད། །རབ་འབྱམས་རྒྱལ་བའི་ཞིང་གི་རྣམ་འདྲེན་མདུན། །སྲས་ཀྱི་ཐུ་བོའི་ངོ་མཚར་རྣམ་ཐར་དང་། །མཛད་།པ་ཆོས་དབྱིངས་རྒྱས་པར་འགེངས་མཛད་པའི། །རྒྱུན་མཐའ་འཕགས་པའི་བློས་ཀྱང་དཔོག་མིན་མོད། །དམན་ལ་རྗེས་བརྩེ་དམ་པའི་རང་གཤིས་ ཕྱིར༑ །ཡིད་ཆེས་དད་པས་བློ་ཡི་བརྟན་འཕྲོག་ནས། །བསྟོད་བསྔགས་གླིང་བུས་ཡབ་གཅིག་སྨྲ་བའི་ཉི། །ཡང་ཡང་འབོད་ལ་བརྩེ་ཆེན་སྤྱན་གཡོ་གསོལ། །འཕགས་རྣམས་སྡུག་ བསྔལ་ཅན་ལ་ཆེས་བརྩེ་བས། །སྙིགས་མའི་སེམས་ཅན་ལས་ཉོན་འདམ་དུ་བྱིང་། །ཐར་པའི་སྣང་བ་ཐོབ་པའི་སྐྱབས་གནས་ཀྱི། །རེ་ལྟོས་ཁྱེད་ལ་འཆའ་ན་གཟིགས་སུ་གསོལ། །བླ་ མ་མཆོད་པ་བསོད་ནམས་རིན་ཐང་གིས། །ལྕིད་པར་སེམས་པས་བདག་ལུས་ལོངས་སྤྱོད་བཅས། །མཉམ་ཉིད་ཡེ་ཤེས་ནོར་བུའི་མེ་ལོང་ངོགས། །དག་གཙང་ཀུན་བཟང་མཆོད་པའི་ སྤྲིན་དུ་འབུལ། །མི་ཤེས་བྱིས་པའི་སྒོ་གསུམ་ཉེས་བརྒྱས་ནོངས། །རང་གཤིས་ཀུན་ཉོན་ཟུག་རྔུ་ལྡང་བ་ཡི། །སྡིག་ལྡན་བདག་གི་ཉེས་པར་སྤྱོད་པའི་ཚོགས། །ཡེ་ཤེས་ཐུགས་རྗེའི་ ཆབ་ཀྱིས་འཁྲུ་བར་མཛོད། །ཟག་མེད་ཡོན་ཏན་ཆོས་ཀྱི་དབྱིངས་དང་མཉམ། །ཐབས་མཁས་སྒྱུ་འཕྲུལ་རྒྱལ་ཀུན་མཉམ་པ་ཉིད། །ཁྱོད་ཀྱི་ཡོན་ཏན་བསམ་མི་ཁྱབ་པ་ལ། །ཡི་རངས་དད་སྤྲོའི་སེམས་ཀྱིས་སློབ་པར་སྨོན། །ཟབ་ཅིང་རྒྱ་ཆེའི་རབ་འབྱམས་ཆོས་ཀྱི་སྒོ། །ཁྱོད་ཐུགས་གསང་བར་འཁྱིལ་ཞིང་གསུང་དུ་སྣང་། །ཕན་བདེའི་དཔལ་སྦྱིན་མཆོག་དེའི་ལྷ་ཡི་ ཇྡྲ༑ །འགྲོ་ཀུན་མ་རིག་གཉིད་ལས་སད་པར་མཛོད། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ཀྱང་། །བདག་སོགས་དཔལ་གྱུར་གཟུགས་སྐུའི་ཉིན་མོར་བྱེད། །ས་གསུམ་མཛེས་རྒྱན་ སྲིད་ཞིའི་རྒྱན་གྱུར་ཕྱིར། །མྱ་ངན་མི་འདའ་བཞུགས་པར་ཅིས་ཀྱང་གསོལ། །བདག་གཞན་འགྲོ་བས་དུས་གསུམ་རྣམ་དཀར་དཔལ། །ཁྱེད་ཀྱི་ཡེ་ཤེས་དབྱིངས་སུ་སྙོམས་ཞུགས་ ཏེ༑ །ཡབ་གཅིག་འཇམ་དཔལ་དཔའ་བོའི་གསང་བ་བཞིན། །སྤྱོད་པའི་སྐལ་བཟང་ཐོབ་པའི་རྒྱུ་རུ་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དགེ་བའི་བཤེས་གཉེན་འཇམ་ དཔལ་དབྱངས་གྱུར་ནས། །བྱང་ཆུབ་སྤྱོད་པ་བསམ་མི་ཁྱབ་སྤྱོད་པ། །རྒྱལ་སྲས་ནོར་བཟང་ལྟ་བུར་བདག་འགྱུར་ཤོག །མཐའ་ཀླས་འགྲོ་ལ་ཕན་པའི་སྒོ་དང་བདེ། །བདག་གི་ དགའ་བས་དང་དུ་བླངས་ནས་ཀྱང་། །ཉམ་ཐག་མ་རྒན་རྣམས་ཀྱི་བྲན་གྱུར་པའི། །སྙིང་རྗེའི་རླན་གྱིས་ཡིད་ལ་སིམ་གྱུར་ཅིག །ཡང་དག་ཆོས་རབ་རྣམ་འབྱེད་བློ་ཐོབ་སྟེ། །རྒྱལ་ཀུན་དགྱེས་པའི་ལམ་བཟང་བདེར་ཞུགས་ནས། །སྲས་བཅས་རྒྱལ་བའི་རྣམ་ཐར་བཞིན་སྤྱོད་པའི། །སྐལ་པ་བཟང་པོའི་དཔལ་དང་ལྡན་གྱུར་ཅིག །ཕྱོགས་ བཅུའི་ཞིང་གི་རྣམ་འདྲེན་རྒྱ་མཚོའི་མདུན། །བདག་ཉིད་སྲས་ཀྱི་ཐུ་བོར་གྱུར་ནས་ཀྱང་། །གང་འདུལ་ཕྲིན་ལས་མཁའ་དང་རྒྱ་མཚོ་བཞིན། །འགྲོ་ཁམས་འདུལ་བའི་ནུས་སྟོབས་ མཚུངས་མེད་ཤོག །མཐའ་དག་རྒྱལ་བའི་ཆོས་ཚུལ་རྒྱ་མཚོའི་མཛོད། །བློ་གྲོས་བུམ་པ་བཟང་པོར་ལེགས་བསྐྱིལ་ནས། །མཐའ་ཡས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །སྟོན་ཅིང་ འཛིན་ལ་ཆགས་ཐོགས་ཀུན་བྲལ་ཤོག །སྤྲོས་པའི་ཟུག་རྔུ་འཇུམ་པ་ཆོས་ཀྱི་དབྱིངས། །སྲིད་ཞིའི་དཔྱལ་ཀུན་རྫོགས་པའི་ཟ་མ་ཏོག །བསྟན་འགྲོའི་གཙུག་གི་ནོར་བུ་ཁྱེད་བཞིན་དུ། ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཤོག །ཅེས་པའང་རྗེ་བཙུན་ཐམས་ཅད་མཁྱེན་པའི་དུས་མཆོད་ཅིག་གི་སྐབས་འཁྱམས་པོ་མངྒ་ལས་དྭངས་བའི་སེམས་ཀྱིས་བྲིས་ཤིང་གསོལ་བ་བཏབ་པ་ཡེ་ཤེས་སྙིང་ལ་སད་པའི་རྒྱུར་གྱུར་ཅིག ༈ མགོན་པོ་ཀུན་ཏུ་གཟིགས་ཀྱི་པཎྜི་ཏ་ཆེན་པོ་ཆོས་ཀྱི་རྒྱལ་པོ་མི་ཕམ་རྣམ་པར་རྒྱལ་བ་ལ་བསྔགས་པ་ངག་གི་དབང་ཕྱུག་སྙེམ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་མཉྫུ་ཤྲཱི་ཝཱ་གཱི་ཤྭ་ར་ཡེ། །རྒྱལ་ཀུན་ཡེ་ཤེས་འཇམ་མགོན་ཆོས་རྗེ་ཉིན་བྱེད་གཞོན་ནུའི་འཛུམ་ཟེར་གྱིས། །ཡིད་ཀྱི་ཨུཏྤལ་རེག་པའི་མོད་ནས་དད་པའི་འདབ་སྟོང་ལྡིང་གུར་དུ། །སྙན་ངག་སྦྲང་རྩིའི་དོག་པའི་བཅུད་ཀྱིས་དཔའ་བོ་ཁྱོད་ལ་ གུས་མཆོད་ན། །དགྱེས་སྤྱན་བུང་བ་བྱང་ཆུབ་བར་དུ་འབྲལ་བ་མེད་པར་བདག་སྐྱོངས་ཤིག ༡ །ཐམས་ཅད་གཟིགས་པའི་ཟག་མེད་རྣམ་ཐར་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ཀུན། །ཁྱོད་ཀྱི་ གསང་གསུམ་ཀུན་དགའི་དོ་རར་ཐ་དད་མེད་པར་འཇུག་པ་ལས། །སྲིད་དང་ཞི་བའི་དགེ་མཚན་མགྲོན་ཀུན་མཛེས་པར་ཁུག་པའི་གྲགས་སྙན་སྤྲིན། །ཞིང་ཁམས་རྒྱ་མཚོའི་ཕ་མཐར་ གཡོ་བའི་ངོ་མཚར་བསམ་པའི་ཡུལ་ལས་བརྒལ། ༢ །འདི་ན་ཕྱོགས་རེའི་བློ་དང་མཚམས་པའི་རྣམ་ཐར་ནོར་བུའི་རྡུལ་གཅིག་ཀྱང་། །དགེ་མཚན་བྱེ་བའི་དབྱིག་དུ་འཁྱིལ་བ་མངོན་མཐོ་ ངེས་པར་ལེགས་པའི་དཔལ། །ཅི་དགའ་སྦྱིན་པའི་རིན་ཐང་རྨད་བྱུང་དད་པའི་རྒྱལ་མཚན་རྩེར་མཆོད་དེ། །ཆ་ཙམ་བརྗོད་ཀྱང་མཁས་ཀུན་དགའ་བསྐྱེད་ཟབ་ཅིང་རྒྱ་ཆེའི་དཔལ་གྱི་ ལྕིད། ༣ ཟག་མེད་ཆོས་ཀྱི་འབྱོར་པས་མངོན་མཐོ་ཤིན་ཏུ་ཞི་བའི་དབྱིངས་ཉིད་ལས། །ཀུན་ཁྱབ་ཐུགས་རྗེ་སྐྱ་རེང་གསར་པས་བསུས་པའི་དགའ་སྟོན་དར་བབ་པས། །ཐེག་མཆོག་ཆོས་ཀྱི་ཉིན་བྱེད་གཞོན་ནུ་ཞིང་འདིའི་དཔྱིད་དུ་འཆར་མ་ཐག །རྒྱལ་དང་རྒྱལ་སྲས་དགྱེས་པའི་ཕྱག་གིས་ཤིས་པའི་ཆུ་སྐྱེས་ཚལ་དུ་དངར། གང་དུ་སྐྱེ་བའི་མྱུ་གུ་བཟུང་དེར་འཕགས་པའི་སྤང་དང་རྟོགས་པའི་མཛོད། །སྟོན་ཟླས་རེག་པའི་གཙང་མའི་ཆུ་གཏེར་ཀུན་ཏུ་འཁྱིལ་བའི་ལང་ཚོ་བཞིན། །མཐའ་དག་འཕེལ་བའི་གྲགས་ སྙན་རླབས་བཅས་དཔྱོད་ལྡན་ཡིད་ཀྱི་འཁོར་ལོའི་ལག །སྡུད་པའི་དཔལ་ལ་ལྷ་དང་བཅས་པའི་འཇིག་རྟེན་དབང་པོ་དགའ་བས་བྲེལ། ༧ །བཟོད་ནས་ལམ་གྱི་ཡོན་ཏན་རྫོགས་ཀྱང་ཤིན་ ཏུ་དུལ་བའི་ཐུགས་བསྐྱེད་རྟ། །ཐུབ་བསྟན་གླིང་བཞིའི་དགའ་ཚལ་ཉུལ་བས་མཁས་དང་གྲུབ་པའི་རྣམ་འདྲེན་གྱི། །ཞབས་པད་མངོན་མཆོད་ཆོས་ཀྱི་བདུད་རྩི་ངོམ་མེད་རོལ་པའི་ཟློས་ གར་གྱིས། །ཀུན་མཁྱེན་དགྱེས་པའི་ཁབ་ཏུ་རྩེན་ལ་ནོར་བཟང་གཉིས་པའི་རྣམ་ཐར་བཟུང་། ༦ །མཐའ་དག་ཤེས་བྱའི་གཟུགས་བརྙན་འབུམ་ཕྲག་གང་ཐུགས་ནོར་བུའི་མེ་ལོང་ངོགས། ། འཆར་བ་ཙམ་ནས་མཁྱེན་རབ་ལང་ཚོ་ལྷག་པར་སྒེག་པའི་མངོན་རྟོགས་ཀྱིས། །གཞོན་ནུའི་སྐུ་ཅན་སྨྲ་བའི་ཟླ་བ་ཐུགས་གསང་དཔལ་གྱི་བེའུའི་ཁོང་། འཇིགས་བྲལ་སྤོབས་པའི་གཏེར་མཛོད་གྲོལ་བས་བཞུགས་པའི་རང་མདངས་མཛེས་པར་གསལ། ༧ །བཟོ་རིགས་བཅོ་བརྒྱད་གླང་པོའི་གཉར་འཛེག་ཡན་ལག་བརྒྱད་པའི་སྤྱན་སྟོང་སྒེག །རྣམ་དག་ཚད་མའི་ཞོ་ འཐུང་མཚོན་འཆང་སྒྲ་རིག་རྒྱ་མཚོའི་དོ་ཤལ་ཅན། །གཞུང་ལུགས་དཔག་ཡས་ཉེ་དབང་དབུས་ན་རིགས་པའི་རྒྱལ་ཐབས་སྐྱོང་བ་ལ། །གཞན་དྲིང་མི་མཇོག་མཁྱེན་དཔྱོད་ལྷ་དབང་ རྒྱལ་བསྟན་མདུན་སར་མཛེས་པར་གསལ། ༨ །མངོན་བརྗོད་མེ་ཏོག་གསར་པའི་ཆུ་བ་ཟློས་གར་སོར་མོས་ལེགས་བཟུང་ནས། །རྩིས་གཞུང་སྦྲང་རྩིའི་དོག་པས་ལྕིད་བཞིན་སྡེབ་ ལེགས་ཡལ་འདབ་འབུམ་གྱི་དབུས། །སྙན་ངག་བསུང་ཞིམ་ཀུན་ཏུ་འཐུལ་བས་མཁས་མང་བུང་བའི་ཡིད་འཕྲོག་སྟེ། །ཡང་དག་རིག་པའི་དུས་སྟོན་ངོམས་ལ་ངག་གི་དབང་ཕྱུག་ དཔའ་བོའི་གཟུགས། ༩ །རྣོ་མྱུར་ཤེས་རབ་རིན་ཆེན་གྲུ་གཟིངས་གཞུང་ལུགས་བྱེ་བའི་བ་དན་ཅན། །གྲུབ་མཐའི་རྒྱ་མཚོ་ཡུད་ཀྱིས་བརྒལ་ནས་རྒྱལ་ཀུན་དགྱེས་པའི་མ་ཎི་ཀ། ། ལུང་རིག་རྒྱལ་མཚན་རྩེ་མོར་མཆོད་དེར་ཐེག་མཆོག་གྲོངས་ཁྱེར་ཡངས་པའི་དབུས། །ལེགས་བཤད་མཐུ་ཡིས་སྣང་བར་བྱེད་ལ་མཚུངས་མེད་ཤིང་རྟ་ཆེན་པོ་དངོས། ༡༠ །རྒྱལ་གསུང་ལུང་གི་ཆུ་གཏེར་འཛིན་ལས་རིགས་པའི་ཀློག་ཕྲེང་འབུམ་དང་བཅས། །ཚུལ་གཉིས་ལམ་སྲོལ་གཅིག་ཏུ་དྲིལ་བའི་ལེགས་བཤད་དབྱར་གྱི་རྔ་གསང་གི །སྔ་ འགྱུར་རིང་ལུགས་གཉིས་སྐྱེས་དཔྱིད་དུ་ཀུན་དགའི་སྙེམས་པས་སྒྲོགས་པ་ལ། །རོང་ཀློང་རྣམ་དཔྱོད་གཞན་དུ་བསྒྱུར་ཏེ་མི་ཕམ་འཇམ་པའི་རྡོ་རྗེར་བརྫུས། ༡༡ །གཞན་ཟེར་ཚང་ཚིང་དྲ་ བའི་སྦུབས་སུ་བྲག་ཅའི་ལྕེ་གཉིས་ཉལ་མིན་པར། །ཐོག་མེད་རིགས་པའི་རལ་གྲི་གཅིག་གིས་ལོག་སྨྲའི་ཚང་ཚིང་ཀུན་བཅད་དེ། །མཚོ་སྐྱེས་གྲུབ་པའི་རིང་ལུགས་རྒྱལ་རྔ་ཕྱོགས་ལས་ རྣམ་པར་རྒྱལ་བའི་གཏམ། །ཁྱབ་པར་བསྒྲགས་འདིས་ལྟ་ངན་ཆོམ་པོ་མིང་གི་ཕ་མཐའ་ཉིད་དུ་བསྐྲད། ༡༢ །གཏིང་དཔག་དཀའ་བའི་ཆོས་ཀྱི་རྒྱ་མཚོ་ཇི་ཙམ་ཟབ་ཅིང་རྒྱ་ཆེ་བཞིན༑ །དཔའ་བོའི་རྣམ་དཔྱོད་གསེར་ཉའི་ཟློས་གར་ལྷག་པར་མྱུར་ལ་མི་ངལ་བ། །ཡང་དག་རིགས་པའི་འདྲེན་བྱེད་མིག་བཟང་གསལ་ལ་རྙོག་པ་མེད་པའི་མཐུས། །ངེས་དོན་མུ་ཏིག་ ནོར་བུའི་དབྱིག་གིས་ཐུགས་ཀྱི་བུམ་བཟང་ཕྱུར་བུར་ཁེངས། ༡༣ །གང་གི་བཀའ་དང་རིགས་པའི་ལམ་ནས་འགལ་མེད་གྲུབ་པའི་གསེར་གྱི་ཁམས། །རྣམ་དཔྱོད་མེ་ཡིས་གཞུས་ཤིང་ངག་ཀུན་ལེགས་བཤད་རྒྱན་གྱི་མཆོག་བསྟར་ཏེ། །ཐུབ་བསྟན་རིན་ཆེན་གཞལ་མེད་ཁང་གི་བ་གམ་གསར་པར་དཔྱངས་པ་ལས། །འཁྲུལ་བྲལ་རྒྱལ་བའི་དགོངས་པ་རབ་གསལ་ འཇིག་རྟེན་ཉི་མ་གཅིག་པུར་མཛེས། ༡༧ །ལྟར་སྣང་རིག་པའི་རླུང་དང་འགྲོགས་པའི་ལྟ་ངན་མེ་ལྕེས་ཡང་དག་གི །ལམ་གྱི་ནགས་ཚལ་བསྲེགས་པ་རློམ་ཀུན་ལུང་རིགས་སྤྲིན་སྒྲ་དང་ བཅས་ཏེ། །མཐར་བྱེད་སྤོབས་པའི་གནམ་ལྕགས་ཆར་གྱིས་སྤ་བཀོང་ཞུམས་པའི་གནས་བཀོད་ལ། །ཕྱོགས་ཀྱི་གླང་པོ་ཆོས་གྲགས་གཉིས་པའི་བརྒལ་བརྟགས་ཕྲུ་མ་ཁྱེད་ལ་ མངའ༑ ༡༨ ཁྱད་པར་གསུམ་ལྡན་རྡོ་རྗེ་སྙིང་པོ་སྔ་འགྱུར་ཆོས་ཀྱི་སྐབས་གསུམ་ཀླུང་། །མཁྱེན་རབ་དྲང་སྲོང་ལྟོ་བར་བསྐྱིལ་ནས་བརྩེ་ཆེན་སྙིང་རྗེ་སླར་སྤྲོས་ཏེ། །ཡང་དག་ཆེ་བའི་ རླབས་ཕྲེང་དང་བཅས་གངས་ཅན་ཁོར་ཡུག་ཉུལ་བ་འདིས། །རྨད་བྱུང་ལམ་གྱི་དགའ་སྟོན་གསར་བས་འཇིག་རྟེན་གསུམ་ན་ཅིས་མི་མཛེས། ༡༦ །ཐ་སྙད་རིག་པའི་སྤུ་སྡུག་སྒེག་ པས་ཤེས་བྱའི་མཁའ་དབྱིངས་མཛེས་པ་ཡི། །མདོ་རྒྱུད་གཞུང་ལུགས་སྨྲ་བའི་གླིང་བུ་སྲིད་ན་སྙན་པ་གང་མཆིས་པས། །ཁྱོད་མཚན་བདུད་རྩི་ཐོས་པ་ཙམ་གྱིས་མི་འཕྲོག་དད་པའི་ཟློས་གར་གྱིས། །ཞབས་སེན་ཚངས་པའི་འཁོར་ལོར་མཆོད་དེ་ལེགས་གསུང་སྤྱོད་ལ་དགའ་བས་བྲེལ། ༡༧ །མདོ་སྔགས་རིན་ཆེན་དབྱིག་གི་སྙིང་པོ་རིན་ཐང་ བྲལ་བའི་འབྱོར་བ་ཡིས། །མཛེས་པའི་བསྟན་མཆོག་འཛིན་སྤེལ་སྐྱོང་ལ་རང་དབང་ཐོབ་པ་ཁྱེད་ཉིད་ཅེས། །འཆད་རྩོད་རྩོམ་པའི་ལྡེའུ་མིག་མཆོག་དེ་སྲས་དང་བཅས་པའི་རྒྱལ་བ་ ཡིས༑ །གཏད་པའི་དབང་བསྐུར་ཡོངས་སུ་རྫོགས་པས་ངེས་དོན་ཆོས་ཀྱི་རྒྱལ་སྲིད་སྐྱོངས། ༡༨ །རྟོག་གེའི་ཚིག་གི་ཆུ་ཤིང་མེ་ཏོག་ཕྱོགས་རེར་ཞེན་པའི་འཇོ་སྒེག་ཙམ། །མ་ཡིན་ཇི་ ལྟར་ཐོས་པའི་རོ་མཆོག་ཉམས་ལེན་ལུས་ཀྱི་གསོས་བསྡེབས་ཏེ། །ངེས་དོན་སྒྲུབ་པའི་རྒྱལ་མཚན་བཟུང་བས་ཉམས་རྟོགས་ནོར་བུའི་འཕྱང་འཕྲུལ་གྱིས། །རིག་འཛིན་གྲུབ་མཆོག་རྣམ་ ཐར་འཆང་བས་གྲུབ་གཉིས་འདོད་དགུ་རྩོལ་མེད་འཇོ། ༡༩ །རིགས་ཁམས་ཞིང་སར་སྨིན་བྱེད་དྲོད་གཤེར་རྡོ་རྗེ་འཛིན་པས་ལེགས་བླང་སྟེ། །དབང་བཞིའི་རྨོས་ཀྱིས་སྒྲིབ་པའི་ཐ་བ་ རྨིང་མེད་བཅོམ་དང་ལྷན་གཅིག་པར། །གཙང་མའི་དམ་ཚིག་ས་བོན་ལས་སྐྱེས་རྡོ་རྗེའི་རྣལ་འབྱོར་སྙེ་མ་ཡིས། །ཐུགས་ཀྱི་གསང་བ་མཛེས་པའི་འབྲས་བུ་ཉམ་མེད་དུས་སུ་སྨིན་པར་མཛད༑ ༢༠ །ཟླབ་གསུང་གནས་ལུགས་ཇི་བཞིན་རྟོགས་པའི་ལྟ་བའི་ལྟ་བ་མཆོག་ཏུ་བརླིང་། །རིམ་གཉིས་རྣལ་འབྱོར་རྡོ་རྗེའི་མཚོན་རྣོན་སྒོམ་པའི་རྩིབ་ཀྱི་འཕྲུལ་འཁོར་བཀྲ། །ཀུན་ རྟོག་སྲིད་པའི་ཚང་ཚིང་ཀུན་གཅོད་ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀའི། །ཡེ་ཤེས་འཁོར་གནས་པ་གཞིའི་འཁོར་ལོ། སྦྱང་བྱ་སྲིད་པའི་འཁོར་ལོ། འདུལ་ཐབས་སྤྲུལ་པའི་འཁོར་ལོ། སྦྱང་འབྲས་ཡེ་ཤེས་འཁོར་ལོ། ལོས་སྲིད་དང་ཞི་ བའི་སྟོང་སྲོག་འཕྲོག་བྱེད་གྲུབ་བརྒྱའི་མེས། ༢༡ །ཁམས་གསུམ་ཟ་བྱེད་རྡོ་རྗེ་ཉི་མས་བདེ་ཆེན་དྭངས་མའི་བཅུད་བཞུས་ཏེ། །ལྷན་སྐྱེས་དགའ་བའི་བྱེད་པ་གཅིག་གིས་སྲིད་གསུམ་སྒྲ་ གཅན་དུ་སྡོམ་ནས། །ཀུན་ཏུ་རྟོག་བྲལ་མཆོག་ཏུ་མི་འགྱུར་དྭངས་མའི་ནམ་མཁར་དགྱེས་སྤྱོད་པས། །སྲིད་པའི་འཁྲུལ་འཁོར་འབུམ་ཕྲག་འཇོམས་པའི་དབྱིངས་སུ་མཆོག་ཏུ་དག་པས་ དགྱེས༑ ༢༢ །དངོས་ཀུན་བདག་ཉིད་དངོས་པོ་ལས་འདས་བསམ་གྱིས་མི་ཁྱབ་དེ་བཞིན་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག་གི་སྤྲིན་ཕུང་ཟད་མི་ཤེས་སྤྲོ་བས། །བདེ་ཆེན་ཕྱག་རྒྱ་ དབྱིངས་ཀྱི་རྒྱལ་མོ་སྒྱུ་མ་རོལ་པའི་ཆོ་འཕྲུལ་ཅན། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་བདེ་ཆེན་སྲོག་གི་དཔྱིད་དུ་གྲུབ། ༢༣ །ཡིད་དཔྱོད་འཇུག་ལྡང་དབྱིངས་སུ་འཇུམ་པའི་ཀ་དག་རྡོ་རྗེ་བཙུན་མོའི་མཁར། །འོད་གསལ་ལྷུན་གྲུབ་སྐུ་བཞིའི་དཔྱལ་ཀུན་མ་བཙལ་རྫོགས་པའི་བཞུགས་ཚུལ་གང་། །སོ་སོར་རིག་པའི་གཟིགས་པ་ གཙང་མས་ཇི་བཞིན་རྟོགས་པའི་སྐད་ཅིག་ནས། །འཁོར་འདས་གཞི་གྲོལ་གཉུག་མའི་གཏན་སྲིད་ཟིན་པའི་དགོངས་རྩལ་རྫོགས་པས་སྙེམས། ༢༤ །ཤེས་རབ་རང་བྱུང་སྒྲོན་མའི་ སྤྱན་གྱི་ལྟ་སྟངས་གཅིག་གི་ཚུལ་ཁོ་ནས། །ཡེ་ཤེས་སྐུ་ཅན་གཟུང་འཛིན་གཉིས་མེད་སྐུ་གསུམ་སྒྲོན་མ་དྲུག་གི་སྤྲིན། །མངོན་སུམ་སྤྱོད་པས་འཁྲུལ་པ་རང་ཟད་འཕོ་ཆེན་དྭངས་མའི་སྲོག་ གི་ཟུང་། །དགྱེས་དགུར་གྲུབ་པའི་མགོན་པོ་ཁྱོད་ནི་ཀུན་མཁྱེན་གཉིས་པའི་ཞལ་སྐྱིན་དངོས། ༢༥ །གྲགས་པའི་གླིང་བུ་ཉམས་འགྱུར་ཙམ་མིན་ངེས་དོན་ཟག་མེད་ཆོས་ཀྱི་ ཁམས༑ །ཀུན་མཁྱེན་འཇམ་པའི་རྡོ་རྗེ་ཉིད་དང་གཉིས་མེད་གཉིས་སུ་སྣང་བ་འདིས། །ལྔ་བརྒྱའི་ཡིད་ཅན་དགྱེས་དགུར་སྐྱོང་བའི་ཕྲིན་ལས་ཕྱོགས་རེའི་རིན་ཐང་ཡང་། །སྲིད་གསུམ་ འབྱོར་པས་མཚོན་མིན་ངོ་མཚར་ཤིན་ཏུ་རྨད་བྱུང་རབ་དྭངས་འཕེལ། ༢༦ །མགོན་ཁྱོད་ཡོན་ཏན་བདུད་རྩིའི་ཐིག་ལེ་ཡིད་ལ་བཀོད་པའི་དེ་མ་ཐག །དད་བརྒྱའི་བསིལ་ལྡན་ས་འཛིན་སྒེག་པའི་ན་ཚོད་གསར་པའི་ལྟད་མོ་བཅས། །བསྔགས་པའི་ཆུ་ཀླུང་འབུམ་ཕྲག་འཇོ་བའི་ཞབས་བསིལ་ཟད་མི་ཤེས་བཀོད་ནས། །མཁྱེན་བརྩེའི་ག་བུར་རྡུལ་གྱི་དོག་པས་སྙིང་ལ་སིམ་ པའི་མཆོག་སྩོལ་མཛོད། ༢༧ །འཇིགས་མེད་སྨྲ་བའི་སེངྒེ་དགྱེས་པའི་རིགས་ཀྱི་ཐིག་ལེར་སྨིན་པའི་མཐུས། །དྲི་མེད་སྐྱེས་སྦྱངས་བློ་གྲོས་གསེར་མིག་མཛེས་པར་བགྲད་པའི་སྙེམ་ པ་ཡིས། །ངེས་གསང་ཀཻ་ལ་ཤ་རིར་འཛེགས་ནས་ཕྱིར་མི་ལྡོག་པའི་ང་རོའི་སྒྲས། །ལོག་སྨྲའི་ཝ་སྐྱེས་འཇོམས་པའི་སྤོབས་པ་ནམ་ཡང་ཉམས་པ་མེད་གྱུར་ཅིག ༢༨ །ཡིད་ཀྱི་ ཨུཏྤ་བཞད་པའི་གེ་སར་མཁྱེན་རབ་བདག་པོ་རྩེན་པ་ལས། །སོ་སོ་ཡང་དག་རིག་པའི་འདབ་བརྒྱས་ཆོས་ཕུང་བརྒྱད་ཁྲིའི་སྦྲང་རྩིའི་བཅུད། །ངོམས་མེད་བཟུང་སྟེ་ཤིང་རྟའི་ལམ་སྲོལ་ཅི་ དགར་འགྱེད་ལ་མི་ཞུམ་པ། །རྡོ་རྗེ་རྣོན་པོའི་མཆེད་དུ་གྱུར་ནས་ཆོས་ཀྱི་དབང་ཕྱུག་བརྙེས་པར་ཤོག ༢༩ །ཟབ་དོན་ཐུར་མས་ཡང་ཡང་མིག་འབྱེད་རྣམ་དཔྱོད་གསེར་གྱི་ཐུར་མ་རྣོ༑ །སྙན་འགྱུར་ཚངས་དབྱངས་རྒྱུད་མང་ལེན་ལ་དཔའ་བོ་གཉིས་པའི་སྙན་པ་ཅན། །ངག་གི་དབང་ཕྱུག་བརྟན་གཡོའི་དབྱངས་ཀྱི་དཔྱིད་དུ་རྫོགས་པའི་མཚོ་བྱུང་གང་། །མགྲིན་པའི་འོ་མཚོར་དགྱེས་དགུར་སྤྱོད་པས་གསུང་གི་རྡོ་རྗེ་ཉིད་གྱུར་ཅིག ༣༠ །རྒྱལ་དགོངས་མ་འདྲེས་ཡང་དག་འབྱེད་པའི་རྣམ་དཔྱོད་ནོར་བུའི་ཀེ་ཏ་ཀས། །ལོག་སྨྲའི་ སྤོབས་པ་དཔྱིས་ནས་འབྱིན་ཏེ་ངེས་དོན་འདོད་དགུའི་སྤྲིན་གྱི་ཆར། །བློ་ལྡན་གདུལ་བྱའི་ཞིང་སར་འབེབས་པས་ཀུན་མཁྱེན་འབྲས་བུ་སྨིན་པ་ཡི། །སངས་རྒྱས་ཀུན་གྱི་ཕྲིན་ལས་བྱེད་པོ་ བདག་ཉིད་ཁོ་ནས་སྤྱོད་གྱུར་ཅིག ༣༡ །ངེས་པའི་གསང་བ་མི་སློབ་དབྱིངས་སུ་འབྲས་བུའི་རྒྱལ་ཐབས་སྐྱོངས་བཞིན་དུ། །གང་འདུལ་བཀོད་པའི་གཟུགས་བརྙན་འབུམ་ཕྲག་ཕྱོགས་ དུས་བཻཌཱུརྱ་བཞིའི་ངོགས། །བསམ་མི་ཁྱབ་པས་ཕན་བདེའི་དཔལ་ཀུན་འཛིན་པའི་བྱེད་པོ་མཉྫུ་ཤྲཱི། །ཐུགས་བསྐྱེད་རྣམ་ཐར་དཔལ་དང་གཉིས་མེད་རྒྱལ་བའི་སྲས་ཀྱི་མཆོག་གྱུར་ ཅིག ༣༢ །རབ་འབྱམས་ཞིང་ན་ཆོས་ཀྱི་འོ་མཚོའི་ཉིང་ཁུར་སྨིན་པའི་རྩི་ཡི་བཅུད། །གྲོལ་བ་དྲུག་ལྡན་གསང་ཆེན་འོད་གསལ་རྡོ་རྗེའི་རྩེ་མོའི་ཤིང་རྟའི་འཕྲུལ། །རྣམ་དཔྱོད་རྟ་ མཆོག་སྟོབས་ཀྱིས་དྲངས་པས་འགྲོ་ཀུན་སྐུ་བཞིའི་ཁང་བཟང་དུ། །འཇུག་པའི་སྐལ་བཟང་ངལ་འཚོ་སྦྱིན་པའི་མི་འཕྲོག་བློ་ཡི་མཆོག་ཐོབ་ཤོག ༣༣ །སྟོབས་བཅུ་མངའ་བའི་ཐུགས་ཀྱི་གསང་མཛོད་མཛེས་པར་བརྟོལ་དང་ལྷན་ཅིག་པར། །ཟབ་གསང་ནོར་བུའི་ཁྱད་པར་འབུམ་ཕྲག་ཡིད་དང་ངག་གི་རྒྱན་གྱུར་ཏེ། །རིས་མེད་གདུལ་བྱའི་བློ་ཡི་ཁྱོན་ཀུན་ཅི་དགར་ འགེངས་པའི་མཐུ་ཐོབ་ནས། །ཆོས་ཀྱི་གཏེར་ཆེན་སྙིང་གི་དཔལ་བེར་རྟག་ཏུ་འཇུག་པའི་གནས་ཐོབ་ཤོག ༣༧ །ཐ་སྙད་རིག་པའི་སྐྱེད་མོས་ཚལ་ན་ཤེས་རབ་མཐོ་རིས་བུ་མོ་ མཛེས༑ །དཔག་ཡས་གཟུངས་ཀྱི་གྱིས་སྒེག་ལེགས་བཤད་རྒྱུད་མང་དལ་བུས་འཁྲོལ། །འཇིགས་བྲལ་སྤོབས་པའི་རིན་ཆེན་རྒྱན་འཆང་ངོ་མཚར་ལུང་གི་གོས་བཟང་བཅས། ། མཁས་མང་ཡིད་ཀྱི་ཟུར་མིག་བསྟན་པ་འཕྲོག་པའི་སྒྱུ་རྩལ་གར་གྱིས་དགའ་བགྱིད་ཤོག ༣༨ །ཤེས་བྱའི་དངོས་ཀུན་སྟོང་ཉིད་རྟོགས་པ་རྟེན་འབྱུང་སྒྱུ་མའི་ཟློས་གར་བསྒྱུར། ། ཀུན་རྫོབ་སྣང་ཆ་ནམ་ཡང་མི་བསླུ་ཐབས་མཁས་ནུས་པའི་ཆོ་འཕྲུལ་བཅས། །གནས་སྐབས་མཐར་ཐུག་དངོས་གྲུབ་འདོད་འཇོའི་གཏེར་གྱི་བུམ་པའི་སྒོ་འབྱེད་པས། །གྲུབ་པ་བྱེ་བའི་ གཙུག་ཏུ་ངལ་འཚོའི་གོ་འཕང་བདེ་བླག་རྙེད་གྱུར་ཅིག ༣༩ །མདོར་ན་འདི་ནས་བྱང་ཆུབ་བར་དུ་མེ་ཏོག་ཐོད་ཅན་ལྷག་པའི་ལྷ། །དགེ་བའི་བཤེས་ཀྱི་ཚུལ་དུ་འཛིན་དེའི་ཞབས་སེན་སྤྱི་བོར་མཆོད་བཞིན་དུ། །ཟབ་རྒྱས་ལམ་གྱི་སྣང་བ་དང་བཅས་ཁྱོད་ཀྱི་རྣམ་ཐར་རྗེས་སློབ་པའི། །དགེ་མཚན་ནུབ་མེད་སྲིད་ན་མཛེས་པར་དོན་གཉིས་ཡོངས་སུ་ འགྲུབ་གྱུར་ཅིག ༣༧ །ཅེས་པའང་གངས་ཅན་ཐུབ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་བོད་ཡུལ་ཐོག་མའི་ཤིང་རྟ་དཔལ་ལྡན་མཚོར་འཁྲུངས་རྒྱལ་བའི་རིང་ལུགས་དྲི་མ་མེད་པའི་བསྟན་པ་མདོ་སྨད་ཐ་གྲུར་འདྲེན་པ་མཁས་གྲུབ་བྱེ་བས་རྟག་པར་སྐྱོངས་བའི་ གདན་ས་ཆེན་པོ་དབུས་འགྱུར་མ་ག་དྷ་གཉིས་པ་རྒྱལ་བ་ཀཿཐོག་པའི་རྗེས་འཇུག་རིག་པ་སྨྲ་བ་ཤེས་རབ་རབ་གསལ་ནས་བསྐུལ་ངོར་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་མ་ཧཱ་པཎྜི་ཏས་ཚད་མེད་པའི་ཐུགས་རྗེས་བསྐྱང་བའི་སྐལ་བ་དགེ་བ་ཅན་འཇམ་དཔལ་དགའ་བའི་ བཤེས་གཉེན་ཚངས་སྲས་དགྱེས་པའི་རྡོ་རྗེའམ། བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་ཐམས་ཅད་མཁྱེན་གཟིགས་ཁྱབ་བདག་བློ་གྲོས་རྒྱ་མཚོའི་བཀའ་དྲིན་ལས་ཟབ་གསང་བདུད་རྩིའི་དགའ་སྟོན་ལ་སྤྱོད་བཞིན་པའི་དུས་མཚམས་ སུ་བྲིས་པས་འགྲོ་ཀུན་ཡེ་ཤེས་མཆོག་གི་སྣང་བ་འདོད་དགུར་རྩེན་པའི་རྒྱུར་ཅིག །མངྒ་ལཾ། དགེའོ། ༈ ཁྱབ་བདག་གདོད་མའི་མགོན་པོ་འཇམ་དཔལ་དགྱེས་པའི་རིང་ལུགས་ཀྱི་བརྒྱུད་འདེབས་དོན་བསྡུས་དད་གསུམ་པདྨོ་བཞད་པའི་ཟིལ་ མངར་ཞེས་བྱ་བ་བཞུགས། ན་མོ་གུ་རུ། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །མཁྱེན་པའི་གཏེར་གཅིག་ཁྱབ་བདག་མཉྫུ་ཤྲཱི། །རྩ་གསུམ་འདུས་ཞལ་བློ་ལྡན་མཆོག་སྲེད་རྩལ༑ །གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་སྩོལ། །བཀའ་བབ་བདུན་མཛོད་འཇམ་དབྱངས་མཁྱེན་བརྩེའི་གཏེར། །མཛོད་ལྔའི་སྒོ་འབྱེད་བློ་གྲོས་མཐའ་ཡས་སོགས། ། ཡོངས་ཀྱི་འདྲེན་མཆོག་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་སྩོལ། །ཁྱད་པར་སྲས་བཅས་རྒྱལ་བའི་ཡེ་ཤེས་ནི། །མཚུངས་མེད་དགེ་བའི་བཤེས་ སུ་འཆར་བའི་དཔྱིད། །བསྟན་འགྲོའི་གཙུག་རྒྱན་འཇམ་དཔལ་དགྱེས་པ་ལ། །གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་སྩོལ། །ཐུགས་ཀྱི་སྲས་གཅིག་བློ་གྲོས་རྒྱ་མཚོ་དང་། དགོངས་པའི་བྱིན་ཐོབ་འོད་གསལ་རྡོ་རྗེ་སོགས། །བརྒྱུད་འཛིན་ལས་ཅན་མཁས་དང་གྲུབ་པའི་ཚོགས། །གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་སྩོལ། །རྣམ་དག་མོས་གུས་ ཟབ་མོའི་དབྱངས་སྙན་གྱིས། །རིག་འཛིན་བླ་མའི་ཐུགས་རྗེ་རྗེས་བསྐུལ་མཐུས། །རྡོ་རྗེའི་བྱིན་རླབས་སྙིང་གི་པདྨོར་སིམ། །དགོངས་པ་ཀློང་བརྡོལ་དོན་བརྒྱུད་རྒྱལ་ས་ཟིན། །སྒྲུབ་པ་མཐར་སོན་ཉམས་རྟོགས་ཡེ་ཤེས་རྒྱས། །བཤད་པའི་ཕྲིན་ལས་ནམ་མཁའི་ཁོར་ཡུག་བརྡལ། །མགོན་པོ་ཁྱོད་ཀྱི་རྣམ་ཐར་ལེགས་སྐྱོང་བའི། །བྱིན་རླབས་ཟབ་མོའི་དབུགས་དབྱུང་མྱུར་དུ་སྩོལ། །སྐྱེ་བ་ཀུན་ཏུ་ཁྱོད་ཀྱི་ཞབས་པད་བསྙེན། །ཐུགས་ཀྱི་མཛོད་འཛིན་གདུལ་བྱའི་ལྷག་མ་སྐྱོངས། །བསྟན་འགྲོའི་དཔལ་གྱུར་འཇམ་དཔལ་རྡོ་རྗེ་ཡི། །གོ་འཕང་རྨད་བྱུང་ཚེ་འདིར་མངོན་གྱུར་ཅིག །ཅེས་པའང་རང་གཞན་གྱི་དད་དང་མོས་གུས་བཟང་པོའི་གསོས་སུ་དམིགས་ཏེ་ཁྱབ་བདག་འཇམ་དཔལ་དགྱེས་པའི་འབངས་བཀྲ་ཤིས་དཔལ་འབྱོར་གྱིས་བསམ་པ་དག་ཅིང་སྦྱོར་བ་གུས་པའི་ལམ་ནས་ལྗོན་བཟང་ནགས་ཚལ་གཡོ་བའི་དབེན་པའི་རི་ངོགས་སུ་སྦྱར་བ་འདིས་སྐྱེ་ཀུན་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ༈ འཇམ་པའི་དཔལ་གྱུར་མི་ཕམ་རྣམ་པར་རྒྱལ༑ །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བི་ཛ་ཡ། །དགོངས་པའི་རྩལ་རྫོགས་འོད་གསལ་རྡོ་རྗེའི་ཞབས། །བཀའ་དྲིན་མཉམ་མེད་གསུམ་ལ་གསོལ་བ་འདེབས། །ཞེས་པའང་རང་ཉིད་ཀྱི་དད་པའི་གསོས་སུ་མངྒ་ལས་གསོལ་བ་བཏབ་པ་དགེ།། །།



[edit]

!_phyogs thams cad las rnam par rgyal ba'i paN+Di ta chen po mi pham 'jam dbyangs rnam rgyal rgya mtsho la bstod pa'i rab tu byed pa yid ches nges pa'i rnga gsang sogs la ldeb/_

[This text is missing:] [Vol 3: 35-59]

Footnotes

Other Information