དྲུང་པ་རིན་པོ་ཆེ་དྷརྨ་ས་ག་རའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྟེར།

From Khyentse Lineage - A Tsadra Foundation Project
Wylie title drung pa rin po che d+harma sa ga ra'i bla ma'i rnal 'byor byin rlabs mchog ster DKR-KABUM-02-KHA-048.pdf
Location dil mgo mkhyen brtse bka' 'bum
Volume 2, Text 48, Pages 236-237 (Folios 1a to 2b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People དྲུང་པ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་ (Trungpa, Chögyam)
Citation Khyentse, Dilgo. drung pa rin po che d+harma sa ga ra'i bla ma'i rnal 'byor byin rlabs mchog ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 236-237. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་གཏད་མེད་ནམ་མཁའི་རྣལ་འབྱོར་དྲུང་ཆེན་དྷརྨ་ས་རའི་ཞལ་སློབ་རྣམས་དང་ལྷག་མཐོང་ཀུན་དགས་ཆེད་བསྐུལ་ངོར་དིལ་མཁྱེན་རྒན་པོ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བྲིས་པ་འགྲོ་ཀུན་བླ་མ་མཆོག་དང་གཉིས་སུ་མེད་པར་འཚང་རྒྱ་བའི་རྒྱུར་གྱུར་ཅིག

/ces gtad med nam mkha'i rnal 'byor drung chen d+harma sa ra'i zhal slob rnams dang lhag mthong kun dgas ched bskul ngor dil mkhyen rgan po karma bshad sgrub chos kyi nyi ma'am bkra shis dpal 'byor du 'bod pas bris pa 'gro kun bla ma mchog dang gnyis su med par 'tshang rgya ba'i rgyur gyur cig

[edit]
༄༅། །དྲུང་པ་རིན་པོ་ཆེ་དྷརྨ་ས་ག་རའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྟེར་བཞུགས། ། ༄༅། ཨ། རང་རིག་སྐུ་གསུམ་བླ་མ་ཉིད། །རང་ངོ་ཤེས་པ་སྐྱབས་སུ་མཆི། །མ་རྟོགས་འཁྲུལ་པའི་འགྲོ་བ་རྣམས། །དབྱིངས་སུ་སྒྲོལ་བར་སེམས་བསྐྱེད་དོ། ཨ། འཁོར་འདས་ཆོས་ཀུན་ཀ་དག་ཀློང༌། །མངོན་སུམ་རིག་པའི་རང་མདངས་ལས། །སྣང་སྲིད་སྣོད་བཅུད་སྣང་ཆ་ཀུན། །ཡེ་ཤེས་སྣང་ཉམས་གོང་འཕེལ་བས། །འཇའ་འོད་ཟེར་ཐིག་རང་བཞིན་གྱི། །ཞིང་ཁམས་བཀོད་པ་ལྷུན་རྫོགས་དབུས། །གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་གྲི་ཐོད་ཕྱག་གིས་འཛིན། །བརྐྱང་བསྐུམ་གར་གྱི་སྟངས་སྟབས་ཀྱིས། །པད་ཉི་བམ་རོའི་སྟེང་ན་འགྱིང༌། །ཁ་ཊྭཱཾ་མཆན་བཅུག་མེ་འོད་ཀློང༌། །ཁྲོ་ཆགས་འཛུམ་བཞད་སྤྱན་གསུམ་ལྡན། །ཞལ་བགྲད་ཐོད་སྐམ་རུས་རྒྱན་ཅན། །སྣང་སྟོང་སྒྱུ་མ་ལྟ་བུའི་མདུན། །རིག་པའི་དགོངས་ཉམས་ཚད་ཕེབས་ལྷ། །ཡེ་ཤེས་བླ་མའི་སྐུར་སྨིན་པ། །གུ་རུ་ཆོས་ཀྱི་རྒྱ་མཚོ་ནི། །བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཆས། །གཅེར་བུ་ཞིང་གི་པགས་པའི་གདན། །སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཡི། །ཕྱག་གཡས་ཐོད་པའི་ཅང་ཏེའི་སྒྲ། །ཧྲཱིཾ་ཕེཾ་འབུམ་ཕྲག་མཁའ་འགྲོ་སྡུད། །གཡོན་པས་མཉམ་བཞག་ཐོད་ཆང་འཛིན། །བདེ་སྟེར་ཡུམ་དང་མཉམ་པར་སྦྱོར། །རིན་ཆེན་རུས་རྒྱན་སྟག་ཤམ་འཆང༌། །སྐུ་ལ་རབ་འབྱམས་ཞིང་བཀོད་པའི། །ངོ་མཚར་ཆོ་འཕྲུལ་བསམ་མི་ཁྱབ། །རང་རིག་འོད་གསལ་བླ་མ་ནི། །རང་དང་འདུ་འབྲལ་མེད་པར་བཞུགས། །རང་ངོ་ཤེས་པས་ཕྱག་འཚལ་ཞིང༌། །དག་པ་ཆེན་པོའི་མཆོད་པ་འབུལ། །འཁྲུལ་སྣང་མངོན་པར་ཞེན་ཀུན་བཤགས། །ལྷུན་གྲུབ་ཆེན་པོར་རྗེས་ཡི་རང༌། །ཟབ་གསལ་ཆོས་འཁོར་རྟག་བསྐོར་ཞིང༌། །སྐྱེ་འཆི་མེད་པའི་ཀློང་བཞུགས་གསོལ། །ཟག་མེད་ཆོས་དབྱིངས་འདུས་མ་བྱས། །གདོད་ནས་ལྷུན་གྱིས་གྲུབ་པར་བསྔོ། ཨོཾ། སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡུལ་དང་དངོས་པོའི་ཆོས་ལས་འདས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ལ། །གཉུག་མའི་དྲན་པས་གསོལ་བ་འདེབས། ཨཱཿ གྲགས་སྟོང་སྐྱེ་འགག་མེད་པའི་གསུང༌། །ངག་ཚིག་བརྗོད་པའི་ཡུལ་ལས་འདས། །སྲིད་དང་ཞི་བ་ཀུན་ཁྱབ་པའི། །རྒྱུན་མི་ཆད་པར་གསོལ་བ་འདེབས། ཧཱུྃ། སེམས་དང་ཡིད་ལས་འདས་པའི་ཐུགས། །ཡེ་ཤེས་སྣང་བ་རྒྱུན་མི་ཆད། །དངོས་མཚན་སྤྲོས་པ་བྲལ་བའི་དབྱིངས། །གཉིས་སུ་མེད་པར་གསོལ་བ་འདེབས། །རང་སེམས་ཡེ་ཤེས་བླ་མ་ནི། །འདུ་འབྲལ་མེད་པར་རང་ལ་བཞུགས། །གཉིས་མེད་ཀློང་ནས་ཐུགས་རྗེ་བསྐུལ། །རྣམ་དབྱེར་མེད་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷརྨ་ས་ག་ར་ཛྙཱ་ན་སིདྡྷི་ཧཱུྃ། །སྣང་བ་ལྷ་རུ་ཤར་བ་ཡི། །བུམ་པའི་དབང་བསྐུར་ཆེན་པོ་ནི། །བླ་མ་སྐུ་ཡི་རྡོ་རྗེས་བསྐུར། །སྤྲུལ་པའི་སྐུ་དང་གཉིས་མེད་མཛོད། །སྒྲ་གྲགས་སྔགས་སུ་ཤེས་པ་ཡི། །གསང་བའི་དབང་མཆོག་བླ་ན་མེད། །བླ་མ་གསུང་གི་རྡོ་རྗེས་བསྐུར། །ཁྱབ་བདག་ལོངས་སྤྱོད་རྫོགས་སྐུར་མཛོད། །དྲན་རྟོག་ཡེ་ཤེས་རོལ་པ་ཡི། །ཤེས་རབ་ཡེ་ཤེས་དབང་གི་མཆོག །བླ་མ་ཐུགས་ཀྱི་རྡོ་རྗེས་བསྐུར། །ཆོས་སྐུ་ཐིག་ལེ་གཅིག་ཤར་མཛོད། །མི་ཕྱེད་རྡོ་རྗེ་གསུམ་གྱི་དབྱིངས། །བཞི་པ་ཚིག་གི་དབང་རྨད་བྱུང༌། །བླ་མ་ཡེ་ཤེས་རྡོ་རྗེས་བསྐུར། །མཉམ་པ་ཆེན་པོར་རོ་གཅིག་མཛོད། །རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །ཁྱེད་ནི་རང་བྱུང་ཡེ་ཤེས་ཏེ། །གཉིས་སུ་མེད་པར་རྡོ་རྗེའི་བདག །རང་ལས་བྱུང་ཞིང་རང་ལ་ཤར། །གཞི་ལམ་འབྲས་བུ་དབྱེར་མེད་པའི། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །བཟང་ངན་སྤང་བླང་བྲལ་བ་སྟེ། །དབྱེར་མེད་ཆེན་པོར་སངས་རྒྱས་ཤོག །རྣམ་དག་བདེ་བ་ཆེན་པོ་ལ། །མ་དག་མཚན་མའི་མིང་ཡང་མེད། །རྟག་ཁྱབ་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །ཅེས་གཏད་མེད་ནམ་མཁའི་རྣལ་འབྱོར་དྲུང་ཆེན་དྷརྨ་ས་རའི་ཞལ་སློབ་རྣམས་དང་ལྷག་མཐོང་ཀུན་དགས་ཆེད་བསྐུལ་ངོར་དིལ་མཁྱེན་རྒན་པོ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མའམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བྲིས་པ་འགྲོ་ཀུན་བླ་མ་མཆོག་དང་གཉིས་སུ་མེད་པར་འཚང་རྒྱ་བའི་རྒྱུར་གྱུར་ཅིག། །།
[edit]

@#/____/drung pa rin po che d+harma sa ga ra'i bla ma'i rnal 'byor byin rlabs mchog ster bzhugs/__/ @#/_____a/__rang rig sku gsum bla ma nyid/__/rang ngo shes pa skyabs su mchi/__/ma rtogs 'khrul pa'i 'gro ba rnams/__/dbyings su sgrol bar sems bskyed do/__a/__'khor 'das chos kun ka dag klong*/__/mngon sum rig pa'i rang mdangs las/__/snang srid snod bcud snang cha kun/__/ye shes snang nyams gong 'phel bas/__/'ja' 'od zer thig rang bzhin gyi/__/zhing khams bkod pa lhun rdzogs dbus/__/gzhi lus rdo rje rnal 'byor ma/__/dmar gsal gri thod phyag gis 'dzin/__/brkyang bskum gar gyi stangs stabs kyis/__/pad nyi bam ro'i steng na 'gying*/__/kha T+wAM mchan bcug me 'od klong*/__/khro chags 'dzum bzhad spyan gsum ldan/__/zhal bgrad thod skam rus rgyan can/__/snang stong sgyu ma lta bu'i mdun/__/rig pa'i dgongs nyams tshad phebs lha/__/ye shes bla ma'i skur smin pa/__/gu ru chos kyi rgya mtsho ni/__/brtul zhugs spyod pa'i rnal 'byor chas/__/gcer bu zhing gi pags pa'i gdan/__/skyil krung phyed pas bzhugs pa yi/__/phyag g.yas thod pa'i cang te'i sgra/__/hrIM pheM 'bum phrag mkha' 'gro sdud/__/g.yon pas mnyam bzhag thod chang 'dzin/__/bde ster yum dang mnyam par sbyor/__/rin chen rus rgyan stag sham 'chang*/__/sku la rab 'byams zhing bkod pa'i/__/ngo mtshar cho 'phrul bsam mi khyab/__/rang rig 'od gsal bla ma ni/__/rang dang 'du 'bral med par bzhugs/__/rang ngo shes pas phyag 'tshal zhing*/__/dag pa chen po'i mchod pa 'bul/__/'khrul snang mngon par zhen kun bshags/__/lhun grub chen por rjes yi rang*/__/zab gsal chos 'khor rtag bskor zhing*/__/skye 'chi med pa'i klong bzhugs gsol/__/zag med chos dbyings 'dus ma byas/__/gdod nas lhun gyis grub par bsngo/__oM/__snang stong ye shes rdo rje'i sku/__/rdul dang dngos po'i chos las 'das/__/mkha' khyab mkha' yi rdo rje la/__/gnyug ma'i dran pas gsol ba 'debs/__AH__grags stong skye 'gag med pa'i gsung*/__/ngag tshig brjod pa'i yul las 'das/__/srid dang zhi ba kun khyab pa'i/__/rgyun mi chad par gsol ba 'debs/__hU~M/__sems dang yid las 'das pa'i thugs/__/ye shes snang ba rgyun mi chad/__/dngos mtshan spros pa bral ba'i dbyings/__/gnyis su med par gsol ba 'debs/__/rang sems ye shes bla ma ni/__/'du 'bral med par rang la bzhugs/__/gnyis med klong nas thugs rje bskul/__/rnam dbyer med par byin gyis rlobs/__/oM AHhU~M ma hA gu ru d+harma sa ga ra dz+nyA na sid+d+hi hU~M/__/snang ba lha ru shar ba yi/__/bum pa'i dbang bskur chen po ni/__/bla ma sku yi rdo rjes bskur/__/sprul pa'i sku dang gnyis med mdzod/__/sgra grags sngags su shes pa yi/__/gsang ba'i dbang mchog bla na med/__/bla ma gsung gi rdo rjes bskur/__/khyab bdag longs spyod rdzogs skur mdzod/__/dran rtog ye shes rol pa yi/__/shes rab ye shes dbang gi mchog__/bla ma thugs kyi rdo rjes bskur/__/chos sku thig le gcig shar mdzod/__/mi phyed rdo rje gsum gyi dbyings/__/bzhi pa tshig gi dbang rmad byung*/__/bla ma ye shes rdo rjes bskur/__/mnyam pa chen por ro gcig mdzod/__/rje btsun bla ma thugs rje can/__/khyed ni rang byung ye shes te/__/gnyis su med par rdo rje'i bdag__/rang las byung zhing rang la shar/__/gzhi lam 'bras bu dbyer med pa'i/__/bde ba chen por lhun gyis grub/__/bzang ngan spang blang bral ba ste/__/dbyer med chen por sangs rgyas shog__/rnam dag bde ba chen po la/__/ma dag mtshan ma'i ming yang med/__/rtag khyab lhun gyis grub pa yi/__/bkra shis dpal du 'bar gyur cig__/ces gtad med nam mkha'i rnal 'byor drung chen d+harma sa ra'i zhal slob rnams dang lhag mthong kun dgas ched bskul ngor dil mkhyen rgan po karma bshad sgrub chos kyi nyi ma'am bkra shis dpal 'byor du 'bod pas bris pa 'gro kun bla ma mchog dang gnyis su med par 'tshang rgya ba'i rgyur gyur cig/___//

Footnotes

Other Information