བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-047
Wylie title bla ma'i rnal 'byor ye shes snang ba DKR-KABUM-02-KHA-047.pdf
Location dil mgo mkhyen brtse bka' 'bum
Volume 2, Text 47, Pages 233-235 (Folios 1a1 to 3b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People གྲུབ་དབང་པདྨ་ནོར་བུ་ (Penor Rinpoche)
Citation Khyentse, Dilgo. Bla ma'i rnal 'byor ye shes snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 233-235. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་སྔ་འགྱུར་བསྟན་པའི་འབྱུང་གནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་བྱང་འདྲེན་པ་འཇིགས་མེད་ཕྲིན་ལས་དང་གྲྭ་དགེ་འདུན་རབ་རྒྱས་ཟུང་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཆེད་བསྐུལ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་ཉིད་ནས་ཀྱང་མངོན་པར་དྭངས་བའི་བློས་གདན་ས་དེ་ཉིད་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/ces pa'ang snga 'gyur bstan pa'i 'byung gnas theg mchog rnam grol bshad sgrub dar rgyas gling gi byang 'dren pa 'jigs med phrin las dang grwa dge 'dun rab rgyas zung nas lha rdzas kyi rten dang bcas ched bskul bzhin 'gyur med theg mchog bstan pa'i rgyal mtshan rang nyid nas kyang mngon par dwangs ba'i blos gdan sa de nyid du bris pa don dang ldan par gyur cig___/sarba mang+ga laM/__dge'o//_

[edit]
༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་བ་བཞུགས།། ན་མོ། སྐྱབས་ཡུལ་ཀུན་འདུས་བླ་མའི་གསང་གསུམ་ལ། །ཡིད་ཆེས་ཕྱིར་མི་ལྡོག་པས་སྐྱབས་སུ་མཆི། །མཁའ་ཁྱབ་ཡིད་ཅན་སྲིད་ཞི་ལས་སྒྲོལ་ཕྱིར། །བླ་མའི་རྣམ་ཐར་བསྐྱང་བར་སེམས་བསྐྱེད་དོ། ཨ། ཆོས་ཀུན་སྐྱེ་འགག་གནས་བྲལ་གཉུག་མའི་ཀློང༌། །ཅིར་སྣང་ཡེ་ཤེས་རོལ་བར་འཆར་བ་ལས། །སྣོད་བཅུད་རྣམ་དག་འོག་མིན་རྡོ་རྗེ་དབྱིངས། །དག་པའི་ཞིང་ཁམས་ཚད་བཟུང་མ་མཆིས་པའི། །མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་ངུར་སྨྲིག་གདན་གྱི་སྟེང༌། །རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་དང༌། །དབྱེར་མེད་བཤད་སྒྲུབ་མདོ་སྔགས་བསྟན་འཛིན་མཆོག །རྣམ་གསུམ་ཐར་བའི་རྒྱལ་མཚན་སྐུ་ལ་མཛེས། །ཕྱག་གཉིས་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །གཡོ་མེད་རྡོ་རྗེ་སྐྱིལ་ཀྲུང་དྲང་པོར་བཞུགས། །མཐོང་གྲོལ་པདྨའི་ཅོད་པན་དབུ་ལ་གསོལ། །རབ་འབྱམས་སྐྱབས་ཀུན་འདུས་པའི་བདག་ཉིད་གསལ། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །ཐར་པའི་ལམ་གྱི་དེད་དཔོན་ཆེན་པོ་སྟེ། །སྙིགས་མའི་སེམས་ཅན་འདུལ་ལ་ཟླ་མེད་པའི། །བཀའ་དྲིན་རྗེས་སུ་དྲན་པས་ཕྱག་འཚལ་ལོ། །སྣོད་བཅུད་བདེ་ཆེན་རྣམ་རོལ་མཆོད་པར་འབུལ། །འཁྲུལ་རྟོག་ཉེས་པར་སྤྱོད་ནོངས་སྙིང་ནས་བཤགས། །འཁོར་འདས་ལེགས་བྱས་ཀུན་ལ་རྗེས་ཡི་རང༌། །ཐེག་གསུམ་ཆོས་ཀྱིས་འགྲོ་ཀུན་སྒྲོལ་བཞིན་དུ། །ནམ་མཁའ་ཇི་སྲིད་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་རྣམ་དཀར་ཇི་སྙེད་ཡོད་པ་ཀུན། །སྒྱུ་མ་ཆུ་ཟླའི་རོལ་རྩེད་ལྟ་བུ་ཡིས། །ཞེན་མེད་དུས་གསུམ་རྒྱལ་བའི་རྣམ་ཐར་བཞིན། །དཔལ་ལྡན་བླ་མའི་གོ་འཕང་འཐོབ་ཕྱིར་བསྔོ། །ན་མོ་གུ་རུ། ཆོས་ཉིད་འཕོ་མེད་དོན་གྱི་ཡེ་ཤེས་རྩལ། །ཀུན་ཁྱབ་རང་བྱུང་ཐུགས་རྗེ་ཆེན་པོའི་སྤྲིན། །གདུལ་བྱའི་མཁའ་ལ་འགག་མེད་རྟག་སྣང་བ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །ཁྱད་པར་སྔ་འགྱུར་རྡོ་རྗེ་སྙིང་པོ་ཡི། །བཀའ་གཏེར་བསྟན་པའི་འབྱུང་གནས་དཔལ་ཡུལ་བའི། །བཤད་སྒྲུབ་ལས་ཀྱི་ཤིང་རྟ་མཚུངས་མེད་པ། །གྲུབ་དབང་པདྨ་ནོར་བུར་གསོལ་བ་འདེབས། །གངས་ཅན་བསྟན་པའི་ཉིན་བྱེད་ཁྲི་སྲོང་རྗེའི། །ལྷ་སྲས་དམ་འཛིན་ཡེ་ཤེས་རོལ་བ་རྩལ། །འཕོ་མེད་སྐུ་བརྙེས་གུ་རུའི་ཐུགས་བཅུད་འཛིན། །གང་དེའི་རྣམ་འཕྲུལ་བསྟན་ལ་གསོལ་བ་འདེབས། །ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་དང༌། །སི་ཏུ་པཎ་ཆེན་སྣ་ཚོགས་རང་གྲོལ་གྱིས། །རྗེས་བཟུང་མཁས་དང་གྲུབ་པའི་རྣམ་ཐར་ཅན། །ཐུབ་བསྟན་ཆོས་ཀྱི་གླང་པོར་གསོལ་བ་འདེབས། །ཁྱད་པར་བི་མ་དངོས་བྱོན་ངག་གི་དབང༌། །གཉིས་མེད་གཉིས་སྣང་འཇིགས་མེད་གླིང་པ་ཡི། །ཐུགས་རྗེའི་རང་གཟུགས་དགོངས་ཀློང་ཚད་ལ་ཕེབས། །དཔལ་ཆེན་འདུས་པ་རྩལ་ལ་གསོལ་བ་འདེབས། །ཆེར་སྙིགས་མུན་པས་བསྟན་འགྲོའི་དཔལ་ཉམས་ཚེ། །ཐུགས་བསྐྱེད་ཉི་མས་རྒྱལ་བསྟན་རིན་པོ་ཆེ། །སྤེལ་འབྱིན་མཚུངས་མེད་མཆོག་གི་སྤྲུལ་བའི་སྐུ། །བཤད་སྒྲུབ་མདོ་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །དམ་པའི་ངང་ཚུལ་མཐའ་དག་རྫོགས་པ་ཡི། །མཁས་གྲུབ་ཏུ་མས་རྗེས་བཟུང་ཐོས་བསམ་གྱིས། །ཐུགས་བསྐྱེད་ལེགས་སྨིན་རྡོ་རྗེ་འཛིན་པའི་དབང༌། །བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་གསོལ་བ་འདེབས། །ཀུན་ཕན་ཐུགས་བསྐྱེད་མཁའ་ལྟར་རྒྱ་ཆེ་ཞིང༌། །དམ་པའི་མཛད་བཟང་ཉི་ཟླའི་སྣང་བ་རྒྱས། །ལྔ་བདོའི་མུན་སེལ་ལུང་རྟོགས་བསྟན་པའི་དཔལ། །སྤེལ་ལ་མཚུངས་ཟླ་བྲལ་བས་གསོལ་བ་འདེབས། །མོས་གུས་ཤིང་རྟའི་བགྲོད་པས་ཐུགས་རྒྱུད་ཀྱི། །བྱིན་རླབས་ནོར་བུའི་དབྱིག་ཀུན་རང་རྒྱུད་གཞིར། །དྲངས་ནས་སྨིན་གྲོལ་འདོད་དགུ་རབ་འབྱོར་བའི། །སྐུ་བཞིའི་དཔལ་གྱིས་ངལ་འཚོའི་དབུགས་འབྱིན་མཛོད། །ངེས་འབྱུང་རླན་གྱིས་རྒྱུད་དུལ་སྨིན་གྲོལ་གྱི། །འབྲས་བཟང་ལེགས་སྨིན་ལམ་ལྔའི་སྙེ་མས་དུད། །ཕན་བདེ་ཀུན་དགའི་དགའ་སྟོན་མཐར་ཀླས་འགྲོ། །སྟེར་ནུས་དཔལ་ལྡན་བླ་མས་བྱིན་གྱིས་རློབས། །ཁྱད་པར་ཆེ་བ་དྲུག་ལྡན་སྔ་འགྱུར་གྱི། །སྨིན་གྲོལ་རྒྱ་མཚོར་ངོམས་མེད་རོལ་བའི་མཐུས། །རྣམ་བཞིའི་རིག་འཛིན་རིན་ཆེན་གྲུ་གཟིངས་ཀྱིས། །སྲིད་ཞིའི་རྒུད་པ་སེལ་ནུས་བྱིན་གྱིས་རློབས། །རྙེད་དཀའི་དལ་རྟེན་སྙིང་པོ་ལོན་པ་དང༌། །སྲིད་པའི་རྒྱུ་འབྲས་དུག་ཟས་བཞིན་སྤངས་ནས། །གཞན་ཕན་གོ་ཆ་ནམ་ཡང་མི་ལྷོད་པས། །སྲིད་ཞིའི་གཡང་ལས་སྒྲོལ་བར་བྱིན་གྱིས་རློབས། །མདོར་ན་ཐར་གྲོལ་ཡོན་ཏན་ཇི་སྙེད་པ། །བླ་མའི་བཀའ་དྲིན་འབའ་ཞིག་ལས་བྱུང་བའི། །ཡིད་ཆེས་ངེས་པས་སྙིང་ནས་གསོལ་འདེབས་ན། །དབུགས་དབྱུང་མྱུར་དུ་སྩོལ་ཅིག་མགོན་པོ་རྗེ། །ཐུགས་རྗེའི་གཟིགས་པ་ཕྱོགས་སུ་མ་ལྷུང་ཡང༌། །བླ་མའི་ཐུགས་རྗེ་དད་པའི་ཡུལ་སྣང་ཕྱིར། །རྡོ་རྗེ་གསུམ་གྱི་བྱིན་རླབས་བདུད་རྩི་ཡིས། །བདག་གི་སྒོ་གསུམ་སྨིན་པར་གསོལ་བཏབ་པས། །གནས་གསུམ་འོད་ཟེར་དཀར་དམར་མཐིང་ག་ཡིས། །དབང་བཞི་བསྩལ་ཅིང་ལས་ཉོན་སྒྲིབ་བཞི་སྦྱངས། །ལམ་བཞིའི་རྟོགས་པས་རྒྱུད་བཞི་ཡོངས་དག་ནས། །སྐུ་བཞིའི་གོ་འཕང་བདེ་བླག་ཐོབ་པར་གྱུར། །མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། །རང་ལ་ཐིམ་པས་གཉུག་མ་གཞིའི་ཡེ་ཤེས། །ངེས་དོན་བླ་མའི་རང་ཞལ་མཇལ་བའི་མོད། །སྣང་གྲགས་རིག་པ་རྡོ་རྗེའི་ཡེ་ཤེས་ཤར། །རྣམ་དཀར་རྨད་བྱུང་བླ་མའི་ཡེ་ཤེས་ལ། །མོས་པས་གསོལ་བཏབ་མཁའ་ཁྱབ་འགྲོ་ལ་བསྔོ། །ཀུན་ཀྱང་བླ་མའི་རྣམ་ཐར་བཞིན་སྤྱོད་པས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །སྐྱེ་བ་ཀུན་ཏུ་མགོན་པོས་རྗེས་བཟུང་ཞིང༌། །ས་ལམ་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ། །གདུལ་དཀའི་འགྲོ་སྒྲོལ་ངེས་གསང་བསྟན་པ་འཛིན། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་པའི་འབྱུང་གནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་བྱང་འདྲེན་པ་འཇིགས་མེད་ཕྲིན་ལས་དང་གྲྭ་དགེ་འདུན་རབ་རྒྱས་ཟུང་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཆེད་བསྐུལ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་ཉིད་ནས་ཀྱང་མངོན་པར་དྭངས་བའི་བློས་གདན་ས་དེ་ཉིད་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information