བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྦྱིན།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-045
Wylie title bla ma'i rnal 'byor ye shes mchog sbyin DKR-KABUM-02-KHA-045.pdf
Location dil mgo mkhyen brtse bka' 'bum
Volume 2, Text 45, Pages 229-231 (Folios 1a1 to 3a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People བློ་གྲོས་རབ་གསལ་ (blo gros rab gsal)
Citation Khyentse, Dilgo. Bla ma'i rnal 'byor ye shes mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 229-231. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་རྙིང་བཙུན་ཐེག་མཆོག་སྙིང་པོའི་བསྟན་དང་དེ་འཛིན་ལ་མི་འཕྲོག་པའི་མོས་པ་བརྟན་པ་འགྱུར་མེད་ངག་དབང་ཤེས་རབ་ནས་རྟེན་དང་བཅས་བསྐུལ་ངོར་སྔ་འགྱུར་རྡོ་རྗེ་སྙིང་པོའི་ཆོས་ཀྱི་ཆུ་གཏེར་མདོ་ཁམས་ཞེ་ཆེན་པའི་བཀའ་འབངས་སུ་སྐྱེས་པའི་སྔགས་བཙུན་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་འབྲས་ལྗོངས་སྒང་ཏོག་གི་གཙུག་ལག་ཁང་གི་བ་གམ་གསུམ་པར་བྲིས་པ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/ces pa'ang rnying btsun theg mchog snying po'i bstan dang de 'dzin la mi 'phrog pa'i mos pa brtan pa 'gyur med ngag dbang shes rab nas rten dang bcas bskul ngor snga 'gyur rdo rje snying po'i chos kyi chu gter mdo khams zhe chen pa'i bka' 'bangs su skyes pa'i sngags btsun 'gyur med bslab gsum rgyal mtshan gyis 'bras ljongs sgang tog gi gtsug lag khang gi ba gam gsum par bris pa rje btsun bla ma'i ye shes gzigs pa'i byin rlabs 'jug pa'i rgyu kho nar gyur cig__/sarba mang+ga laM/__dge'o//

[edit]
༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྦྱིན་བཞུགས། ན་མོ། སྐྱབས་འགྲོའི་མཐར་ཐུག་རང་རིག་བླ་མར་རྟོགས། །སེམས་བསྐྱེད་འབྲས་བུས་བདག་འཛིན་བློ་ཡིས་བཏང༌། །འཁོར་འདས་མཉམ་ཉིད་ཕྱམ་བརྡལ་ཆོས་སྐུའི་ཀློང༌། །རྟག་ཏུ་འདུ་འབྲལ་མེད་པའི་ངང་ལ་གནས། ཨ། སྣང་སྲིད་ཐམས་ཅད་ཀུན་བཟང་རྒྱན་གྱི་སྤྲིན། །དག་ཆེན་ཡེ་ཤེས་རོལ་པའི་ཞིང་གི་དབུས། །རང་སྣང་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །རྒྱལ་ཀུན་ཡེ་ཤེས་སྙིང་པོ་བླ་མ་ནི། །རྣམ་པ་བཀའ་དྲིན་མཉམ་མེད་མཁན་ཆེན་རྗེ། །འཇིགས་མེད་གཟུངས་སྤོབས་བློ་གྲོས་རབ་གསལ་མགོན། །དཀར་གསལ་མཚན་དཔེའི་གཟི་བྱིན་འོད་དུ་འབར། །ངུར་སྨྲིག་ཆོས་གོས་གསུམ་གྱིས་མཛེས་པར་ཀླུབས། །ཕྱག་གཡས་ཆོས་འཆད་ཨུཏྤལ་སྡོང་བུའི་རྩེར། །རལ་གྲི་གླེགས་བམ་མཛེས་ཤིང་གཡོན་མཉམ་བཞག །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །དབུ་ལ་སྡེ་སྣོད་འཛིན་པའི་པཎ་ཞུས་མཛེས། །ཡེ་ཤེས་འོད་ཟེར་སྣང་བ་བསམ་ཡས་འཕྲོ། །དཀོན་མཆོག་རྩ་གསུམ་སྐུ་བཞི་དབྱེར་མེད་པ། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཚུལ་དུ་གསལ། །དོན་གྱི་སྤངས་རྟོགས་སངས་རྒྱས་ཀུན་དང་མཉམ། །རྣམ་པའི་བཀའ་དྲིན་རྒྱལ་བ་རྣམས་ལས་ལྷག །ངེས་པའི་དགོངས་པ་ཆོས་སྐུ་གདོད་མའི་གཤིས། །ཁྱོད་ལ་རང་ངོ་ཤེས་པའི་ཕྱག་གིས་འདུད། །ཅིར་སྣང་རྒྱན་དུ་ཤར་བའི་མཆོད་པ་འབུལ། །བློས་བྱས་འཁྲུལ་པའི་ཉེས་ལྟུང་དབྱིངས་སུ་བཤགས། །ཟག་མེད་འོད་གསལ་ཆེན་པོར་རྗེས་ཡི་རང༌། །ཟབ་གསལ་མཉམ་རྗེས་བྲལ་བའི་ཆོས་འཁོར་བསྐོར། །སྐྱེ་འཆི་ཀ་ནས་དག་པའི་ཀློང་བཞུགས་གསོལ། །ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་ཀློང་དུ་བསྔོ། །གཞི་འབྲས་གཉིས་མེད་གོ་འཕང་མངོན་གྱུར་ཤོག །ཆོས་རབ་རྣམ་འབྱེད་བློ་གྲོས་སྤོབས་པའི་རྩལ། །ངེས་འབྱུང་སྙིང་རྗེའི་སྣང་བ་རབ་གསལ་བས། །སྙིགས་མའི་མུན་སེལ་ངེས་དོན་དགེ་བའི་བཤེས། །མཁན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །གསན་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་པས་ཐུབ་བསྟན་རྒྱལ་མཚན་བསྒྲེངས། །མཁས་བཙུན་བཟང་པོའི་དམ་པའི་རྣམ་ཐར་འཆང༌། །ཐེག་མཆོག་བསྟན་པའི་རྒྱན་གཅིག་གསོལ་བ་འདེབས། །མཐའ་བརྒྱད་སྤྲོས་བྲལ་སྟོང་པ་ཆེན་པོ་དང༌། །འོད་གསལ་ཡེ་ཤེས་རྟག་བརྟན་ཆོས་སྐུའི་དབྱིངས། །ཟུང་འཇུག་བྱམས་འཇམ་དགོངས་པ་གཅིག་དྲིལ་གྱིས། །ཤིང་རྟའི་སྲོལ་འབྱེད་ཆེན་པོར་གསོལ་བ་འདེབས། །ངེས་འབྱུང་མཐར་ཕྱིན་ཉན་ཐོས་དགྲ་བཅོམ་པ། །སྙིང་རྗེའི་གོ་ཆ་བརྟན་འཆང་སེམས་དཔའ་ཆེ། །འཁྲུལ་པ་དབྱིངས་ཞིག་དོན་གྱི་བྱ་བྲལ་བ། །མཚུངས་མེད་དགེ་བའི་བཤེས་ལ་གསོལ་བ་འདེབས། །འདིར་སྣང་ཆོས་བརྒྱད་འཆིང་བའི་བྱ་བ་བྲལ། །ཉམས་རྟོགས་ཡོན་ཏན་འཕགས་པའི་ནོར་གྱིས་ཕྱུག །བཤད་སྒྲུབ་སྙིང་པོའི་བསྟན་པའི་སྲོག་རྩ་འཛིན། །ཆོས་ཀྱི་རྒྱལ་མཚན་ཆེན་པོར་གསོལ་བ་འདེབས། །རྣམ་དཔྱོད་རིག་པས་རྒྱལ་བའི་དགོངས་པ་རྟོགས། །ཡང་དག་ལྟ་བའི་སྤྱན་རས་དྲི་མ་མེད། །འཁྲུལ་བྲལ་རྒྱལ་བ་དགྱེས་པའི་སྲོག་འཛིན་པ། །མཁན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས། །རྨད་བྱུང་བཀའ་དྲིན་ཆེན་པོ་རྗེས་དྲན་པའི། །གདུང་ཤུགས་མཆི་མ་འཁྲུགས་པས་ཁྱེད་འབོད་སྟེ། །རེ་ས་གཞན་ནས་མི་ཚོལ་བློ་གཏད་ཀྱིས། །བླ་མ་ཆོས་སྐུའི་རང་ཞལ་མངོན་གྱུར་ཤོག །ཁྱད་པར་དགོངས་བརྒྱུད་བྱིན་ཆེན་སྙིང་ལ་བབས། །རྟོགས་གྲོལ་དུས་མཉམ་ལྟ་བ་ཀློང་དུ་གྱུར། །འཁོར་འདས་རེ་དོགས་བྲལ་བ་ཆོས་ཀྱི་དབྱིངས། །མཐར་ཐུག་ཟབ་མོའི་དེ་ཉིད་མངོན་གྱུར་ཤོག །ཡེ་ཤེས་ཉི་མས་འཁྲུལ་པའི་མུན་པ་སངས། །ཟབ་ལམ་ཡོན་ཏན་དབྱར་གྱི་མཚོ་ལྟར་རྒྱས། །མགོན་པོ་ཁྱོད་དང་གཉིས་སུ་མ་མཆིས་པའི། །རྗེ་བཙུན་བླ་མའི་གོ་འཕང་མངོན་གྱུར་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མ་ཏི་པྲ་དཱི་པ་ཨ་ར་པ་ཙ་ན་དྷཱིཿདྷཱིཿདྷཱིཿསྭཱ་ཧཱ། བླ་མའི་སྐུ་ནི་སྣང་སྟོང་མཁའ་ལྟར་ཁྱབ། །ཡེ་ཤེས་རྡོ་རྗེ་རྡུལ་བྲལ་ནམ་མཁའི་དབྱིངས། །རབ་འབྱམས་རྒྱལ་བའི་སྐུ་དང་ཡེ་ཤེས་དལ། །རྫོགས་པ་བདག་གི་ལུས་དང་གཉིས་སུ་མེད། །བླ་མའི་གསུང་ནི་གྲགས་སྟོང་སྐྱེ་འགག་བྲལ། །གཞོམ་མེད་རྡོ་རྗེའི་སྔགས་ཀྱི་རྒྱུད་དུ་རྫོགས། །ཟབ་རྒྱས་ཆོས་ཀྱི་སྙིང་པོ་དེ་ཁོ་ན། །རྡོ་རྗེའི་གསུང་དབྱངས་བདག་གི་ངག་ལ་ཤར། །བླ་མའི་ཐུགས་ནི་བསམ་གྱི་མི་ཁྱབ་པའི། །ཡེ་ཤེས་ཆེན་པོ་སྲིད་ཞི་མཉམ་པ་ཉིད། །ཟབ་གསལ་རྡོ་རྗེ་དབྱིངས་ཀྱི་དགོངས་པའི་དབང༌། །ཐོབ་པས་བདག་ཡིད་ཆོས་ཉིད་དགོངས་ཀློང་སད། །སྣང་གྲགས་རིག་པ་རྡོ་རྗེའི་གསང་བ་གསུམ། །གདོད་ནས་རྣམ་པར་དག་པའི་དཀྱིལ་འཁོར་དུ། །རང་ངོ་ཤེས་པ་དོན་གྱི་དབང་བཞི་ཐོབ། །ལམ་བཞི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ། །ཀུན་རྫོབ་ཕྱི་ཡི་བླ་མར་དད་གདུང་གིས། །དོན་དམ་ནང་གི་བླ་མའི་དགོངས་ཀློང་རྟོགས། །ཟུང་འཇུག་ཡེ་ཤེས་བླ་མའི་ཞལ་མཇལ་ནས། །སྐུ་བཞི་དབྱེར་མེད་བླ་མའི་ས་ཐོབ་ཤོག །དད་དང་ངེས་འབྱུང་ཡང་དག་བློ་གྲོས་ཀྱིས། །ཚུལ་གནས་ཐོས་བསམ་སྒོམ་པ་མཐར་ཕྱིན་ཏེ། །སྐྱེ་འཆི་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་བླ་མས་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་རྙིང་བཙུན་ཐེག་མཆོག་སྙིང་པོའི་བསྟན་དང་དེ་འཛིན་ལ་མི་འཕྲོག་པའི་མོས་པ་བརྟན་པ་འགྱུར་མེད་ངག་དབང་ཤེས་རབ་ནས་རྟེན་དང་བཅས་བསྐུལ་ངོར་སྔ་འགྱུར་རྡོ་རྗེ་སྙིང་པོའི་ཆོས་ཀྱི་ཆུ་གཏེར་མདོ་ཁམས་ཞེ་ཆེན་པའི་བཀའ་འབངས་སུ་སྐྱེས་པའི་སྔགས་བཙུན་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་འབྲས་ལྗོངས་སྒང་ཏོག་གི་གཙུག་ལག་ཁང་གི་བ་གམ་གསུམ་པར་བྲིས་པ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information