བླ་མའི་རྣལ་འབྱོར་བྱིན་རླབས་སྲོག་ཏིག།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-016
Wylie title bla ma'i rnal 'byor byin rlabs srog tig DKR-KABUM-02-KHA-016.pdf
Location dil mgo mkhyen brtse bka' 'bum
Volume 2, Text 16, Pages 113-115 (Folios 1a1 to 3a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor byin rlabs srog tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 113-115. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

ཞེས་པའང་དད་ལྡན་དམ་པས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ། །བླ་མར་བསྟེན་པའི་རྣམ་དཀར་བསོད་ནམས་འབྲས། །བསམ་མི་ཁྱབ་པར་མདོ་རྒྱུད་ཀུན་ནས་བསྔགས། །བཀའ་དྲིན་སུམ་ལྡན་རྗེ་ཡི་རྣལ་འབྱོར་གྱིས། །སྤར་བསྐྲུན་རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་རྒྱལ་མཚན་ནས་བསྐུལ་ངོར་མངྒ་ལས་བྲིས་པའོ། སརྦ་མངྒ་ལཾ། དགེའོ།།

zhes pa'ang dad ldan dam pas bskul ngor rang nyid kyis bris pa'o/__/bla mar bsten pa'i rnam dkar bsod nams 'bras/__/bsam mi khyab par mdo rgyud kun nas bsngags/__/bka' drin sum ldan rje yi rnal 'byor gyis/__/spar bskrun rdo rje'i ye shes mngon gyur shog__/ces pa'ang rnam dkar sgrub pa po rgyal mtshan nas bskul ngor mang+ga las bris pa'o/__sarba mang+ga laM/__dge'o//

[edit]
༄༅། བླ་མའི་རྣལ་འབྱོར་བྱིན་རླབས་སྲོག་ཏིག་བཞུགས་སོ།། ཨ། རང་རིག་ཆོས་སྐུའི་བླ་མ་ལ། །འཛིན་མེད་ངང་ནས་སྐྱབས་སུ་མཆི། །གཉིས་མེད་ཡེ་ཤེས་འཁོར་ལོ་རུ། །འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ། ཨ། སྣང་སྲིད་ཀུན་བཟང་ཡེ་ཤེས་ཞིང༌། །དག་པ་རབ་འབྱམས་ཆེན་པོའི་ཀློང༌། །རང་ཉིད་རྡོར་སེམས་གསལ་བའི་མདུན། །སངས་རྒྱས་ཀུན་འདུས་བླ་མ་རྗེ། །པདྨ་མདོ་སྔགས་གླིང་པ་ནི། །གཅེར་བུ་རྣལ་འབྱོར་སྤྱོད་པའི་ཆས། །ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར། །གཡོན་པས་འཆི་མེད་ཚེ་བུམ་འཛིན། །ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས། །མ་ཧཱ་གསེར་གྱི་རུས་སྦལ་ཆིབས། །འཇའ་ཟེར་འོད་ཀྱི་དྲ་བར་བཞུགས། །སྤྱི་བོར་རིགས་བདག་ཞེ་ཆེན་པ། །པདྨ་འབྱུང་གནས་ཚུལ་དུ་བཞུགས། །བདེ་ཆེན་འཁོར་ལོར་ཁྲི་སྲོང་རྗེ། །ལོངས་སྤྱོད་འཁོར་ལོར་མཆོག་གྲུབ་རྒྱལ། །ཆོས་ཀྱི་འཁོར་ལོར་ནམ་མཁའི་སྙིང༌། །སྤྲུལ་བའི་འཁོར་ལོར་བི་མ་ལ། །བདེ་སྐྱོང་འཁོར་ལོར་ལང་གྲོ་ཆེ། །སྙིང་གི་ཕྱོགས་མཚམས་རྩ་འདབ་ཏུ། །བཀའ་གཏེར་བཀའ་གདམས་ལམ་འབྲས་དང༌། །མར་ཤངས་བཀའ་བརྒྱུད་ཞི་བྱེད་གཅོད། །དུས་ཀྱི་འཁོར་ལོ་བསྙེན་སྒྲུབ་ཀྱི། །མཁས་གྲུབ་རིག་འཛིན་བྱེ་བ་བཞུགས། །གཡས་སུ་ར་ས་ནཱ་ཡི་ཀློང༌། །མཉྫུ་བཛྲ་ཨ་ཛི་ཏ། །གཡོན་དུ་ལཱ་ལ་རྩ་ཡི་སྦུབས། །དྷརྨ་མ་ཏི་ཛྙཱ་ནའི་མཚན། །སྐུ་ཡི་གནས་བརྒྱད་སྒྲུབ་སྡེ་བརྒྱད། །བ་སྤུ་དྷཱ་ཀི་ཆོས་སྲུང་བཅས། །མདུན་དུ་རིག་པའི་རྡོ་རྗེ་ནི། །ཌཱ་རུ་ཐོད་ཐོགས་གླང་ཆེན་ཞོན། །གཡས་སུ་བློ་གསལ་བསྟན་སྐྱོང་ཞབས། །གྲི་ཐོད་འཛིན་ཅིང་སེང་གེ་ཆིབས། །རྒྱབ་ཏུ་པདྨ་གར་གྱི་དབང༌། །རྡོར་དྲིལ་འཛིན་པས་འབྲུག་ལ་ཆིབས། །གཡོན་དུ་མཆོག་གྱུར་བདེ་ཆེན་གླིང༌། །རྡོ་རྗེ་ཕུར་གདེངས་སྟག་སྟེང་འགྱིང༌། །འབུམ་ཕྲག་དཔའ་བོ་མཁའ་འགྲོ་བཅས། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན། །དངོས་གཅིག་དུ་མའི་རོལ་པ་ཡིས། །དཀྱིལ་འཁོར་ལྷུན་རྫོགས་ཕྱག་རྒྱར་བཞེངས། །ཧཱུྃ་ཧྲཱིཿ འོད་གསལ་ཆོས་སྐུའི་བླ་མ་ནི། །སྲིད་ཞི་ཀུན་ཁྱབ་ཀློང་ནས་གཤེགས། །ཟང་ཐལ་ཆེན་པོའི་བྱིན་རླབས་ཀྱིས། །འཁྲུལ་པ་གཞི་ལ་དག་པར་མཛོད། །བདེ་ཆེན་ལོངས་སྐུའི་བླ་མ་ནི། །ཡེ་ཤེས་རང་སྣང་ཀློང་ནས་གཤེགས། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་གར། །རྡོ་རྗེ་གསུམ་དུ་རྫོགས་པར་མཛོད། །ཀུན་ཁྱབ་སྤྲུལ་སྐུའི་བླ་མ་ནི། །མཁའ་ཁྱབ་ཐུགས་རྗེའི་རོལ་པར་གཤེགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཡི། །བྱིན་རླབས་དངོས་གྲུབ་དུས་འདིར་སྩོལ། །བཛྲ་ས་མ་ཡ་ཛཿཛཿ ཨ། ཡེ་ཤེས་རིག་པའི་བླ་མའི་ཞལ། །མངོན་སུམ་མཇལ་བས་ཕྱག་འཚལ་ཞིང༌། །སྣང་སྲིད་ཀུན་བཟང་རོལ་པས་མཆོད། །མ་རྟོག་གློ་བུར་འཁྲུལ་པ་བཤགས། །ནང་གསལ་ཆེན་པོར་རྗེས་ཡི་རང༌། །འཕེལ་འགྲིབ་བྲལ་བའི་རྡོ་རྗེའི་སྐུར། །བཞུགས་ལ་རིག་རྩལ་ཆོས་འཁོར་བསྐོར། །སྐུ་གསུམ་ལྷུན་གྲུབ་ཀློང་རོལ་ཤོག ཨ། རྗེ་བཙུན་དཔལ་མགོན་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་མཁན། །སྙིང་ནས་གདུང་བས་གསོལ་བ་འདེབས། །འོད་གསལ་ཡེ་ཤེས་གཅིག་གི་ཀློང༌། །མཁྱེན་བརྩེ་ནུས་པ་བསམ་མི་ཁྱབ། །དགོངས་པའི་བྱིན་རླབས་བཙན་ཐབས་འཕོས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛོད། །ཟག་མེད་འབྲས་བུའི་ཡོན་ཏན་ཀུན། །ཁྱེད་ཉིད་གཅིག་པུས་སྩོལ་ནུས་པར། །ཡིད་ཆེས་མོས་པ་རྩེ་གཅིག་གིས། །འདོད་པའི་འབྲས་བུ་མཆིས་པར་མཛོད། ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་མངྒ་ལ་ཤྲཱི་བྷཱུ་ཏི་སརྦ་སིདྡྷི་ཧཱུྃ། བླ་མའི་སྐུ་ནི་ཡེ་ཤེས་སྐུ། །སྣང་སྲིད་བརྟན་གཡོ་ཁྱབ་པར་བརྡལ། །རྣམ་དག་གདན་གསུམ་འཁོར་ལོ་ཆེ། །སྣང་སྟོང་བུམ་པའི་དབང་མཆོག་གོ །བླ་མའི་གསུང་ནི་རྡོ་རྗེའི་གསུང༌། །གྲགས་སྟོང་རྣམ་པ་ཐམས་ཅད་པ། །རླུང་སྔགས་མི་ཤིགས་ནཱ་དའི་སྒྲ། །གསལ་སྟོང་གསང་བའི་དབང་མཆོག་གོ །བླ་མའི་ཐུགས་ནི་རྡོ་རྗེའི་ཐུགས། །ཅིར་སྣང་ཡེ་ཤེས་ཆེན་པོའི་རྩལ། །སྐྱེ་འགག་གནས་བྲལ་འཕོ་མེད་ཀྱི། །བདེ་སྟོང་ཡེ་ཤེས་དབང་མཆོག་གོ །བླ་མའི་ཡེ་ཤེས་རྡོ་རྗེ་ཆེ། །གང་དུའང་མི་གནས་ཀུན་ལ་ཁྱབ། །དོན་གཉིས་དེ་ཉིད་མངོན་གྱུར་ན། །རིག་སྟོང་བཞི་པའི་དབང་གི་མཆོག །གདོད་ནས་བླ་མ་རང་ལ་རྫོགས། །གཉིས་སུ་མེད་པའི་རྡོ་རྗེ་སེམས། །འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །རྟག་ཏུ་འདུ་འབྲལ་མེད་པའོ། །སྣང་བཅས་མོས་གུས་ཉེར་ལེན་གྱིས། །དགོངས་རྒྱུད་བྱིན་རླབས་བཙན་ཐབས་འཕོ། །ངེས་པ་དོན་གྱི་བླ་མ་རྗེའི། །གསང་གསུམ་གཉིས་མེད་འཇུག་གྱུར་ཅིག །དེ་སྐད་གང་ཤར་མ་བཅོས་པའི། །བླ་མའི་རྣལ་འབྱོར་འདི་ཉིད་ཀྱང༌། །གར་ཤའི་རྣལ་འབྱོར་ཨ་ཛི་ཏས། །བསྐུལ་ངོར་རྒན་བུ་རྒྱལ་ཁམས་པས། །སྦས་གནས་བཀྲ་ཤིས་ལྡིང་དུ་སྦྱར། །དགེ་བས་འགྲོ་ཀུན་རང་གི་སེམས། །དོན་གྱི་བླ་མ་མངོན་གྱུར་ཤོག ༈ ཆོས་ཉིད་དབྱིངས་སུ་བཟུང་འཛིན་འཁྲུལ་པ་ཟད། །ཆོས་ཅན་སྐུ་དང་ཡེ་ཤེས་རིག་ཀུན་བདག །ཀུན་མཁྱེན་འཇམ་དཔལ་རྡོ་རྗེ་མདོ་སྔགས་གླིང༌། །དབྱེར་མེད་མཁྱེན་བརྩེའི་འོད་ཟེར་གསོལ་བ་འདེབས། ཞེས་པའང་དད་ལྡན་དམ་པས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ། །བླ་མར་བསྟེན་པའི་རྣམ་དཀར་བསོད་ནམས་འབྲས། །བསམ་མི་ཁྱབ་པར་མདོ་རྒྱུད་ཀུན་ནས་བསྔགས། །བཀའ་དྲིན་སུམ་ལྡན་རྗེ་ཡི་རྣལ་འབྱོར་གྱིས། །སྤར་བསྐྲུན་རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་རྒྱལ་མཚན་ནས་བསྐུལ་ངོར་མངྒ་ལས་བྲིས་པའོ། སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information