ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད།

From Khyentse Lineage - A Tsadra Foundation Project
Revision as of 14:46, 4 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title theg pa chen po'i bstan bcos rgyud bla ma'i sa bcad
Location dpal sprul bka' 'bum
Volume 2, Text 6, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Outlines - sa bcad
[edit]
༄༅། །ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད་བཞུགས་སོ། །


ཀུན་མཁྱེན་རྟོན་པ་བཞི་ལྡན་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་རྒྱུད་བླ་མ། །འདི་འཆད་པ་ལ་དོན་རྣམ་བཞི། །དོན་དང་མཐུན་པའི་མཚན་གྱི་དོན། །དོན་ཆེན་སྒྲུབ་པ་སྤྱི་ཡི་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། །དོན་དེ་ལེགས་པར་བསྒྱུར་ཚུལ་ལོ། །དང་པོ་གཉིས་ལ་དབྱེ་བ་མེད། །གསུམ་པ་ཉིད་ལ་དོན་གསུམ་ཏེ། །ལུས་ཉིད་རྣམ་པར་བཞག་དང་གཅིག །ཡན་ལག་རྒྱས་པར་བཤད་དང་གཉིས། །ཡོངས་སུ་རྫོགས་པའི་བྱ་བ་གསུམ། །ལུས་ཉིད་བཞག་ལ་དོན་གསུམ་སྟེ། །སྡོམ་དོན་ལུང་སྦྱོར་གོ་རིམ་ངེས། ། གསུམ་པོ་ཚིགས་བཅད་རེ་རེའོ། །ཡན་ལག་རྒྱས་པར་བཤད་ལ་གཉིས། །ཐོབ་བྱ་མཆོག་གསུམ་ཡན་ལག་དང་། །ཐོབ་ཚུལ་གནས་བཞི་རྒྱས་བཤད་དེ། །དང་པོ་མཆོག་གསུམ་བཤད་ལ་གསུམ། །མཆོག་གསུམ་སོ་སོའི་ངོ་བོ་གཅིག །སྐྱབས་གསུམ་རྣམ་པར་འཇོག་དང་གཉིས། །ངེས་པའི་ཚིག་གིས་བཤད་དང་གསུམ། །དང་པོ་སོ་སོའི་ངོ་བོར་གསུམ། །སྐྱབས་གནས་མཐར་ཐུག་སངས་རྒྱས་དང་། །དེས་བསྟན་དམ་པའི་ཆོས་དཀོན་མཆོག །དེ་འཛིན་དགེ་འདུན་ངོ་བོའོ། །དང་པོ་སངས་རྒྱས་ངོ་བོར་གསུམ། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །གང་ཞིག་ཐོག་སོགས། དོན་དེ་རྣམ་པར་ཕྱེ་སྟེ་བསྟན། འདུས་མ་བྱས་སོགས། དེ་དག་སྦྱར་ཏེ་རྒྱས་བཤད་དོ། །ཐོག་མ་དབུས་སོགས། གཉིས་པ་དམ་ཆོས་བཤད་ལ་བཞི། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །གང་ཞིག་སོགས། དོན་དེ་རྣམ་པར་ཕྱེ་སྟེ་བསྟན། །བསམ་མེད་སོགས། དེ་དག་བདེན་པ་གཉིས་སུ་བསྡུས། །ཆགས་བྲལ་ཉིད། །དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད། །བརྟགས་མིན་སོགས། གསུམ་པ་དགེ་འདུན་གསུམ་ལ་བཤད། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །སེམས་དེར་རང་བཞིན་སོགས། ཡོན་ཏན་དེ་དག་གཉིས་སུ་བསྡུས། །ཇི་ལྟར་སོགས། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད། །འགྲོ་བ་སོགས། གཉིས་པ་སྐྱབས་གསུམ་འཇོག་ཚུལ་གསུམ། །དགོས་པ་ལ་ལྟོས་གསུམ་དུ་འཇོག །སྟོན་པ་སོགས། ཕྱི་མ་གཉིས་པོ་གཏན་སྐྱབས་མིན། །སྤངས་ཕྱིར་སོགས། དོན་གྱི་སྐྱབས་གནས་གཏན་ལ་དབབ། །དམ་པའི་སོགས། ངེས་ཚིག་བཤད་ལ་དབྱེ་བ་མེད། །འབྱུང་བ་སོགས། ཐོབ་ཚུལ་གནས་བཞི་བཤད་ལ་གསུམ། །ཐུན་མོང་དུ་བསྟན་སོ་སོ་ཡི། །ངོ་བོ་དེ་དག་ཕན་ཡོན་ནོ། །དང་པོ་ཐུན་མོང་དུ་བསྟན་ནི། །གནས་བཞི་དམ་པའི་ཡུལ་གྱུར་ཚུལ། །དྲི་བཅས་སོགས། དེ་དག་བསམ་མི་ཁྱབ་པར་བསྟན། །དཀོན་མཆོག་སོགས། དེ་ཡི་རྒྱུ་མཚན་རྒྱས་པར་བཤད། །དག་དང་སོགས། རྒྱུ་དང་རྐྱེན་གྱི་རྣམ་པར་བཞག །རྟོགས་བྱ་སོགས། གཉིས་པ་སོ་སོར་ངོ་བོ་བཞི། །རྟོགས་པར་བྱ་བ་ཆོས་དབྱིངས་དོན། རྟོགས་པའི་ངོ་བོ་བྱང་ཆུབ་དོན། །རྟོགས་པའི་ཡན་ལག་ཡོན་ཏན་དོན། ། རྟོགས་པར་བྱེད་པའི་འཕྲིན་ལས་དོན། །རྟོགས་བྱ་ཆོས་དབྱིངས་དོན་ལ་བརྒྱད། །ཆོས་དབྱིངས་ཀུན་ལ་ཁྱབ་ཚུལ་གཅིག །རྫོགས་སངས་སོགས། ཁྱབ་བྱེད་སྡོམ་གྱིས་མདོར་བསྟན་གཉིས། །ངོ་བོ་རྒྱུ་སོགས། སྡོམ་དོན་རྒྱས་པར་བཤད་དང་གསུམ། །བཤད་པའི་དོན་བསྡུས་མཚམས་སྦྱར་བཞི། །མཚམས་སྦྱར་བ་ལྟར་དཔེས་བསྟན་ལྔ། །བསྟན་དོན་དད་པས་རྟོགས་ཚུལ་དྲུག །རྟོགས་བྱའི་སྟོང་ཉིད་ངོས་བཟུང་བདུན། དེ་རྣམས་བཤད་པའི་དགོས་པ་བརྒྱད། ། གསུམ་པ་སྡོམ་དོན་རྒྱས་བཤད་བརྒྱད། །ངོ་བོ་རྒྱུ་ལས་དག་དོན་གཅིག །འབྲས་བུའི་བྱེད་ལས་གྲུབ་དོན་གཉིས། །ཡོན་ཏན་ཚོགས་དང་ལྡན་དོན་གསུམ། །གང་ཟག་དབྱེ་བའི་འཇུག་དོན་བཞི། །གནས་སྐབས་མིང་ཙམ་དབྱེ་དོན་ལྔ། །མཁའ་ལྟར་ཀུན་ཏུ་འགྲོ་དོན་དྲུག །དུས་རྟག་འགྱུར་བ་མེད་དོན་བདུན། །ཡོན་ཏན་རྣམ་དབྱེར་མེད་དོན་བརྒྱད། །དང་པོ་དག་པའི་དོན་ལ་གཉིས། །དག་བྱ་དག་བྱེད་ཐུན་མོང་བསྟན། །རིན་ཆེན་སོགས། སོ་སོའི་ངོ་བོ་ཁྱད་པར་བཤད། །འདི་ལ་དག་བྱ་ངོ་བོའི་དོན། །མཐུ་དང་སོགས། དག་བྱེད་རྒྱུ་ཡི་དོན་དང་གཉིས། །ཕྱི་མ་དག་བྱེད་འདིར་ཡང་གཉིས། །སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ། ཆོས་ལ་གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ། ཐེག་མཆོག་སོགས། གཉིས་པ་འབྲས་ལས་འགྲུབ་དོན་གཉིས། །ཐོབ་བྱ་འཐོབ་བྱེད་ཐུན་མོང་བསྟན། །གཙང་བདག་སོགས། སོ་སོའི་ངོ་བོ་རྒྱས་པར་བཤད། །ཕྱི་མ་འདི་ལ་གཉིས་ཡིན་ཏེ། །ཐོབ་བྱ་འབྲས་བུ་འཐོབ་བྱེད་ལས། །ཐོབ་བྱ་འབྲས་བུའི་དོན་ལ་གསུམ། །སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། །འདི་དག་སོགས། སྤངས་པས་འབྲས་བའི་བཞི་ཐོབ་ཚུལ། །དེ་ནི་སོགས། ཐོབ་པས་མཐའ་གཉིས་ལས་གྲོལ་ཚུལ། །བདག་སྲེད་སོགས། ཐོབ་བྱེད་ལས་ཀྱི་དོན་ལ་གཉིས། །དབྱིངས་མེད་སྤོང་ལེན་མི་རྟོག་པ། །གལ་ཏེ་སོགས། རིགས་ཡོད་སྐྱོན་ཡོན་རྟོགས་པའི་ལས། །སྲིད་དང་སོགས། ཡོན་ཏན་ཚོགས་ལྡན་དོན་ལ་གཉིས། །དང་པོ་ཐུན་མོང་དུ་བསྟན་དང་། །རྒྱ་མཚོ་སོགས། སོ་སོའི་ངོ་བོ་བཤད་པའོ། །སོ་སོའི་ངོ་བོ་བཤད་འདིར་གཉིས། །རྒྱུ་ཡི་ཡོན་ཏན་ལྡན་པའི་དོན། །ཆོས་སྐུ་སོགས། འབྲས་བུའི་ཡོན་ཏན་ལྡན་པའི་དོན། །དྲི་མེད་སོགས། གང་ཟག་དབྱེ་བས་འཇུག་དོན་གཉིས། །གསུམ་གྱིས་འཇུག་པས་གསུངས་པའི་ཚུལ། །སོ་སོའི་སྐྱེ་སོགས། དེ་རྣམས་རིམ་གྱིས་དག་ཚུལ་ལོ། །སོ་སོ་སོགས། གནས་སྐབས་མིང་ཙམ་དོན་ལ་གཉིས། །གནས་སྐབས་གསུམ་དུ་མིང་འདོགས་ཚུལ། །མ་དག་སོགས། གསུམ་གྱི་དོན་དྲུག་བསྡུས་ཚུལ་ལོ། །ངོ་བོ་སོགས། མཁའ་ལྟར་ཀུན་འགྲོའི་དོན་ལ་གཉིས། །རྟོག་མེད་ཀུན་ལ་ཁྱབ་པའི་ཚུལ། །ཇི་ལྟར་སོགས། སྤྱི་མཚན་དབྱེ་བ་མེད་པའི་ཚུལ། དེ་སྤྱིའི་སོགས། རྟག་ཏུ་འགྱུར་བ་མེད་དོན་གཉིས། །འགྱུར་མེད་གནས་སྐབས་བསྟན་པ་དང་། ཉེས་པ་སོགས། དེ་ཚུལ་རྒྱས་པར་བཤད་པའོ། །དེ་ཚུལ་རྒྱས་བཤད་འདི་ལ་གསུམ། མ་དག་གནས་སྐབས་འགྱུར་མེད་དང་། །མ་དག་དག་པའི་སྐབས་མི་འགྱུར། །ཤིན་ཏུ་རྣམ་དག་སྐབས་མི་འགྱུར། །དང་པོ་ལའང་གཉིས་ཡིན་ཏེ། །མཁའ་བཞིན་འགྱུར་བ་མེད་ཚུལ་དང་། ། དེ་རྣམས་ཁྱད་པར་བཤད་ཚུལ་ལོ། །དང་པོ་ལའང་བསྟན། །ཇི་ལྟར་སོགས། བཤད་བསྡུ། རྒྱས་པར་བཤད་པ་དག་ལ་ལྔ། །ཆོས་ཅན་སྐྱེ་འཇིག་སྣང་བའི་ཚུལ། །ཇི་ལྟར་སོགས། ཆོས་ཉིད་འཇིག་པ་མེད་པའི་ཚུལ། །ཇི་ལྟར་སོགས། གནས་ལུགས་རྒྱས་པར་བསྟན་ལ་གསུམ། ། དཔེ་དང་དོན་དང་དེ་དག་སྦྱར། །ས་ནི་སོགས། དེ་བཞིན་སོགས། ས་དང་སོགས། གློ་བུར་འཁོར་བར་གྱུར་པའི་ཚུལ། །ཚུལ་བཞིན་སོགས། རང་བཞིན་འགྱུར་བ་མེད་པའི་ཚུལ། །སེམས་ཀྱི་སོགས། དེ་ལྟར་ལྔ་པོའི་དོན་བསྡུས་བ། །སེམས་ཀྱི་སོགས། གཉིས་པ་དེ་རྣམས་ཁྱད་པར་གཉིས། ། འགྱུར་མེད་སྐྱེ་འཇིག་གིས་དབེན་པ། །ལས་དང་སོགས། འགྱུར་བ་མེད་གསུམ་དང་མཐུན་ནོ། ། དུས་མཐའི་སོགས། མ་དག་དག་སྐབས་མི་འགྱུར་གཉིས། །སྐྱེ་སོགས་ཀྱིས་མི་འགྱུར་དོན་དངོས། །རྒྱལ་སྲས་ཡོན་ཏན་ངོས་བཟུང་བ། །དོན་དངོས་བསྟན་པ་གཉིས་ཡིན་ཏེ། །མི་འགྱུར་འགྱུར་བར་སྣང་བའི་ཚུལ། །སྐྱེ་འཆི་སོགས། དེ་དོན་རྒྱས་པར་བཤད་ལ་གཉིས། །སྡུག་བསྔལ་རྐྱེན་གྱིས་འགྱུར་བ་མེད། །འཕགས་པས་སོགས། སྙིང་རྗེའི་དབང་ལས་འགྱུར་བར་སྣང་། །ཇི་བཞིན་སོགས། རྒྱལ་སྲས་ཡོན་ཏན་ངོས་བཟུང་ལྔ། །དང་པོ་སེམས་བསྐྱེད་སྐྱེས་ཡོན་ཏན། །རྒྱལ་སྲས་སོགས། སྤྱོད་པ་མཆོག་ལ་ཞུགས་ཡོན་ཏན། །དེ་ནི་སོགས། ཕྱིར་མི་ལྡོག་པ་ཐོབ་ཡོན་ཏན། །བྱ་བ་སོགས། སྐྱེ་བ་ཐ་མར་གྱུར་ཡོན་ཏན། །སྔོན་གྱི་སོགས། དེ་ཡི་དོན་གཉིས་གྲུབ་ཁྱད་པར། །བྱང་ཆུབ་སོགས། ཤིན་ཏུ་རྣམ་པར་དག་པའི་སྐབས། །འགྱུར་བ་མེད་ཚུལ་མདོར་བསྟན་ཅིང་། །གཞན་འགྱུར་སོགས། དེ་དོན་རྒྱས་པར་བཤད་ལ་གསུམ། །བསྟན་དང་སོགས། སྐྱེ་བ་སོགས། སྦྱར་ཏེ་རྒྱས་བཤད་པས། །དེ་ནི་ཡེ་སོགས། སྐྱེ་ལ་སོགས་དང་བྲལ་བའི་དོན། །དོན་བསྡུ་སྔ་ཕྱི་མཚམས་སྦྱར་བ། །དེ་ལ་སོགས། རྟག་ལ་སོགས་སུ་འཇོག་པའི་རྒྱུ། །མི་ཟད་སོགས། ཡོན་ཏན་རྣམས་དབྱེར་མེད་དོན་ལ། །མིང་གི་སྒོ་ནས་མདོར་བསྟན་ནས། །གང་ཕྱིར་སོགས། རྒྱས་པར་བཤད་ལ་རྣམ་པ་གསུམ། །མིང་གི་རྣམ་གྲངས་རྒྱས་པར་བཤད། །དོན་གྱི་ངོ་བོ་རྒྱས་པར་བཤད། དེ་དག་དཔེ་ཡིས་ངེས་པར་བྱ། །དང་པོ་མིང་གྲངས་རྒྱས་བཤད་གཉིས། །དོན་བཞིའི་དབང་གིས་མིང་བཞིར་གསུངས། །མདོར་ན་སོགས། དེ་རྣམ་དོན་དང་སྦྱར་དེ་བཤད། །སངས་རྒྱས་སོགས། གཉིས་པ་དོན་གྱི་ངོ་བོ་གཉིས། །གཉིས་སུ་མེད་དོན་རྒྱས་པར་བཤད། །རྣམ་ཀུན་སོགས། ཐར་བ་མྱང་འདས་རྒྱས་པར་བཤད། །རྣམ་པ་སོགས། གསུམ་པ་དཔེ་ཡིས་ངེས་བྱ་གཉིས། །རི་མོའི་དཔེ་དང་ཉི་མའི་དཔེ། །རི་མོའི་དཔེ་ཡིས་ངེས་བྱས་པ། ། ཇི་ལྟར་སོགས། ཉི་མའི་དཔེ་ཡིས་ངེས་བྱར་གཉིས། །ཆོས་མཐུན་བཞི་ཡི་ཉི་དང་མཚུངས། ། ཤེས་རབ་སོགས། སངས་རྒྱས་ལས་གཞན་མྱང་འདས་མེད། །དེས་ན་སོགས། དེ་ཡན་སྡོམ་དོན་རྒྱས་བཤད་རྫོགས། །བཤད་དོན་བསྡུས་ཏེ་མཚམས་སྦྱར་བ། །དེ་ལྟར་སོགས། མཚམས་སྦྱར་བ་ལྟར་དཔེས་བསྟན་གཉིས། དྲི་མ་དང་ནི་སྙིང་པོ་གཉིས། །ཐུན་མོང་ཆོས་མཐུན་སྦྱར་བ་དང་། །སོ་སོའི་ཆོས་མཐུན་སྦྱར་བའོ། །ཐུན་མོང་ཆོས་མཐུན་སྦྱར་ལ་གསུམ། །འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་དང་། །དེ་ཡིས་དཔེ་དོན་རྒྱས་པར་བཤད། །བསྡུས་ཏེ་ཐོག་མ་མེད་ཚུལ་ལོ། །མདོར་བསྟན། སངས་རྒྱས་སོགས། ས་དང་སྦྱར་བཤད་པ། །དྲི་མ་སོགས། འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་དང་། །དེ་ཡི་དཔེ་དོན་རྒྱས་བཤད་དགུ། །རེ་རེའི་ལའང་གསུམ་གསུམ་སྟེ། །པད་ནང་སངས་རྒྱས་དཔེ་དོན་སྦྱར། །ཇི་ལྟར་སོགས། དེ་བཞིན་སོགས། ཇི་ལྟར་སོགས། སྦྲང་མ་སོགས། སྦྲང་རྩིའི་དཔེ་དོན་སྦྱར། ཇི་ལྟར་སོགས། དྲང་སྲོང་སོགས། ཇི་ལྟར་སོགས། སྤུན་ལ་སྙིང་པོའི་དཔེ་དོན་སྦྱར། །ཇི་ལྟར་སོགས། དེ་བཞིན་སོགས། ཇི་ལྟར་སོགས། མི་གཙང་ནང་གསེར་དཔེ་དོན་སྦྱར། །ཇི་ལྟར་སོགས། དེ་བཞིན་སོགས། ཇི་ལྟར་སོགས། ས་ལ་གཏེར་ཡོད་དཔེ་དོན་སྦྱར། །ཇི་ལྟར་སོགས། དེ་བཞིན་སོགས། ཇི་ལྟར་སོགས། སྨྱུག་སོགས་འབྲས་ཆུད་དཔེ་དོན་སྦྱར། །ཇི་ལྟར་སོགས། སེམས་ཅན་སོགས། ཆུ་དང་སོགས། གོས་ཧྲུལ་རྒྱལ་སྐུ་དཔེ་དོན་སྦྱར། །ཇི་ལྟར་སོགས། ཐོག་མེད་སོགས། ཇི་ལྟར་སོགས། མངལ་གནས་མི་བདག་དཔེ་དོན་སྦྱར། །ཇི་ལྟར་སོགས། སྲིད་པར་སོགས། ཇི་ལྟར་སོགས། ས་ནང་གསེར་གཟུགས་དཔེ་དོན་སྦྱར། །ཇི་ལྟར་སོགས། རང་བཞིན་སོགས། ཇི་ལྟར་སོགས། བསྡུས་ཏེ་ཐོག་མ་མེད་ཚུལ་ལོ། །པདྨ་སོགས། དྲི་མ་དང་ནི་སྙིང་པོ་གཉིས། །སོ་སོའི་ཆོས་མཐུན་སྦྱར་ལ་གཉིས། །དྲི་མ་ཁྱད་པར་མཚོན་ཚུལ་དང་། ། རང་བཞིན་ཆོས་དབྱིངས་མཚོན་ཚུལ་ལོ། །དྲི་མ་མཚོན་ཚུལ་ལ་བཞི་སྟེ། །སྒྲིབ་བྱེད་དྲི་མའི་རྣམ་དབྱེ་བ། །ཆགས་དང་སོགས། དེ་ཡིས་དབྱིངས་ལ་སྒྲིབ་པའི་ཚུལ། །དྲི་འདི་དག་སོགས། སོ་སོའི་དཔེ་དོན་རྒྱས་པར་བཤད། །ཇི་ལྟར་སོགས། སླར་ཡང་སྤྱི་ཡི་དོན་བསྡུའོ། །དེ་ལྟར་སོགས། ཆོས་དབྱིངས་ཁྱད་པར་མཚོན་ཚུལ་གསུམ། །ཆོས་གསུམ་དཔེ་དགུས་མཚོན་མདོར་བསྟན། ། རང་བཞིན་སོགས། དེ་ཡི་དོན་ཉིད་སོ་སོར་ཕྱེ། །འདི་ཡི་སོགས། ཕྱེ་བའི་ངོ་བོ་རྒྱས་བཤད་དོ། ། རྒྱས་བཤད་འདི་ལ་གསུམ་ཡིན་ཏེ། །ཆོས་སྐུ་དེ་བཞིན་ཉིད་དང་ནི། །རིགས་ཀྱི་དཔེ་དོན་རྒྱས་བཤད་དོ། །ཆོས་སྐུའི་དཔེ་དོན་བཤད་ལ་གཉིས། །ཆོས་སྐུའི་རྣམ་དབྱེ་བསྟན་པ་དང་། ། ཆོས་སྐུ་སོགས། དེ་དག་དཔེ་དང་སྦྱར་བའོ། །འཇིག་རྟེན་སོགས། དེ་བཞིན་ཉིད་ཀྱི་དཔེ་དོན་སྦྱར། །རང་བཞིན་སོགས། རིགས་ཀྱི་དཔེ་དོན་བསྟན་ལ་གསུམ། །རིགས་གཉིས་དཔེ་ཡིས་བསྟན་པ་དང་། །གཏེར་དང་སོགས། དེ་ལས་སྐུ་གསུམ་ཐོབ་པའི་ཚུལ། །དང་པོའི་སོགས། དེ་རྣམས་དཔེ་དང་སྦྱར་བའོ། །ངོ་བོ་སོགས། དེ་ཡན་དཔེས་བསྟན་དོན་སོང་ནས། །བསྟན་དོན་དད་པས་རྟོགས་ཚུལ་དང་། །རང་བྱུང་སོགས། རྟོགས་བྱའི་སྟོང་ཉིད་དངོས་བཟུང་ངོ་། །འདི་ལ་སོགས། བཤད་པའི་དགོས་པ་བསྟན་ལ་གཉིས། །དྲིས་དང་ལན་གྱིས་མདོར་བསྟན་དང་། ། དེའི་དོན་རྒྱས་པར་བཤད་པའོ། །མདོར་བསྟན་དེ་ཡང་དྲི་བ་དང་། །སྤྲིན་དང་སོགས། དེ་ཡི་ལན་ཉིད་བསྟན་པའོ། །སེམས་ཞུམ་སོགས། རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །གཞན་དུ་སྟོང་ཉིད་གསུངས་དགོས་པ། །ཡང་དག་སོགས། རྒྱུད་འདིར་ཆོས་དབྱིངས་གསུངས་ཕན་ཡོན། ། ཕན་ཡོན་འདི་ལ་གསུམ་ཡིན་ཏེ། །ཉེས་སྤངས་དོན་དུ་ཆོས་དབྱིངས་གསུངས། །སྔར་ནི་སོགས། ཉེས་པ་ཇི་ལྟར་འབྱུང་བའི་ཚུལ། །འདི་ལྟར་སོགས། ཉེས་སྤང་ཕན་དོན་ཐོབ་ཚུལ་ལོ། །འདི་ལྟར་སོགས། ལེའུ་དང་པོའི་ས་བཅད་རྫོགས། ། ༈ ཁམས་དེ་སྒྲིབ་པ་ཀུན་བྲལ་བའི། །རྟོགས་པའི་ངོ་བོ་བྱང་ཆུབ་ལ། །བཤད་བྱ་དོན་གྱི་རྣམ་དབྱེ་དང་། །དག་ཐོབ་སོགས། འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན། །ངོ་བོ་སོགས། སྦྱར་དེ་རྒྱས་པར་བཤད་དང་གསུམ། །རྒྱས་བཤད་འདི་ལ་དོན་རྣམ་བདུན། །དག་ཐོབ་ངོ་བོ་རྒྱུ་ཡི་དོན། །དྲི་མ་དང་བྲལ་འབྲས་བུའི་དོན། །རང་གཞན་དོན་གཉིས་ལས་ཀྱི་དོན། །དེའི་བསྟེན་ཡོན་ཏན་ལྡན་པའི་དོན། །སྐུ་གསུམ་དབྱེ་བས་འཇུག་པའི་དོན། །ཇི་སྲིད་དེ་དག་རྟག་པའི་དོན། །ཇི་ལྟ་བ་བཞིན་བསམ་མི་ཁྱབ། །དང་པོ་དག་ཐོབ་མདོར་བསྟན་ཅིང་། །རང་བཞིན་སོགས། རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །དག་པ་གཉིས་ལྡན་ངོ་བོའི་དོན། །འཐོབ་བྱེད་ཡེ་ཤེས་རྒྱུ་ཡི་དོན། །ངོ་བོའི་དོན་ལ་དངོས། སངས་རྒྱས་སོགས། ཁྱད་པར། ཁྱད་པར་འདིར་ཡང་གཉིས་ཡིན་ཏེ། །རང་བཞིན་འོད་གསལ་ཁྱད་པར་དང་། །འོད་གསལ་སོགས། གློ་བུར་དྲི་བྲལ་ཁྱད་པར་རོ། །རང་བཞིན་སོགས། འཐོབ་བྱེད་རྒྱུ་དོན་དབྱེ་བ་མེད། །སྒྲིབ་པ་སོགས། དྲི་བྲལ་འབྲས་བུའི་དོན་ལ་གཉིས། །དྲི་མ་དཔེ་ཡིས་མདོར་བསྟན་དང་། །དྲི་མེད་སོགས། རྒྱས་པར་བཤད་ལ་གསུམ་ཡིན་ཏེ། །ཡེ་ཤེས་གཉིས་ལས་སྐུ་གཉིས་འབྱུང་། །ཆུ་མཚོ་སོགས། དུག་གསུམ་སྤངས་པས་དོན་གཉིས་འགྲུབ། །འདོད་ཆགས་སོགས། དྲི་མ་དག་པས་སྙིང་པོ་འཐོབ། ། མི་མཉམ་སོགས། གསུམ་པ་རང་བཞིན་དོན་ལ་གཉིས། །དོན་གཉིས་འགྲུབ་ཚུལ་མདོར་བསྟན་ནས། །ཟག་པ་སོགས། རྒྱས་པར་བཤད་ལ་རྣམ་པ་གསུམ། །དོན་གཉིས་འགྲུབ་ཚུལ་སྤྱིར་བསྟན་པ། །མདོར་ན་སོགས། རང་དོན་ཕུན་ཚོགས་ཁྱད་པར་བཤད། །ཉོན་མོངས་སོགས། གཞན་དོན་ཕུན་ཚོགས་ཁྱད་པར་བཤད། །དྲི་མེད་སོགས། བཞི་པ་ཡོན་ཏན་ལྡན་དོན་གཉིས། ། མིང་གི་རྣམ་གྲངས་མདོར་བསྟན་ནས། །བསམ་མེད་སོགས། རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །གང་ལ་ཡོན་ཏན་ལྡན་ཚུལ་དང་། །རྣམ་གྲོལ་སོགས། ལྡན་པའི་ཡོན་ཏན་ངེས་དབྱེའོ། ། ཕྱི་མ་འདིར་ཡང་གཉིས་ཡིན་ཏེ། །ཟབ་པའི་རྒྱུ་མཚན་རྒྱས་པར་བཤད། །ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད། །ཟབ་པ་བཤད་ལ་གསུམ་ཡོད་དེ། །བསམ་མི་ཁྱབ་ཚུལ་སྤྱིར་བསྟན་པ། ། ཐམས་ཅད་སོགས། དེ་ཡི་ཁྱད་པར་རྒྱས་པར་བཤད། །ཕྲ་ཕྱིར་སོགས། རྒྱུ་མཚན་དཔེ་དང་སྦྱར་བའོ། །གང་ཕྱིར་སོགས། ཕྱི་མ་རྣམས་ཀྱི་རྒྱུ་མཚན་གསུམ། །དང་པོ་མི་འགྱུར་བའི་ཡོན་ཏན། ། སྐྱེ་དང་སོགས། གཉིས་པ་སྤངས་རྟོགས་ཀྱི་ཡོན་ཏན། །རབ་ཞི་སོགས། གསུམ་པ་དག་པའི་ཡོན་ཏན་བསྟན། །དེ་གཟུགས་སོགས། ལྔ་པ་སྐུ་གསུམ་དབྱེ་བ་ཡི། །འཇུག་པའི་དོན་ལ་གཉིས་ཡིན་ཏེ། །མཚན་ཉིད་རྣམ་གྲངས་མདོར་བསྟན་ནས། །དེ་དོན་རྒྱས་པར་བཤད་པའོ། །རྣམ་གྲངས་མདོར་བསྟན་ལ་ཡང་གསུམ། །ངོ་བོ་ཉིད་སྐུའི་མཚན་ཉིད་དང་། །ཡོན་ཏན་ཡང་ནི་རྣམ་པ་ལྔ། ། ཐོག་མ་སོགས། ལོངས་སྐུ་ལ་ཡང་ཁྱད་པར་ལྔ། །སྣ་ཚོགས་སོགས། སྤྲུལ་པའི་སྐུ་ནི་ཆོས་གསུམ་ལྡན། །འཇིག་རྟེན་སོགས། དེ་དོན་རྒྱས་པར་བཤད་ལ་གསུམ། །དབྱེ་བ་རྣམ་བཞག་དོན་བསྡུའོ། །དང་པོ་ཐུན་མོང་དབྱེ་བ་བསྟན། །རང་བྱུང་སོགས། གཉིས་པ་མཚན་ཉིད་རྣམ་བཞག་གསུམ། །ངོ་བོ་ཉིད་སྐུའི་རྣམ་བཞག་གཉིས། །མཚན་ཉིད་ཡོན་ཏན་མདོར་བསྟན་ནས། །དེ་ལ་སོགས། དེ་དག་རྒྱས་པར་བཤད་ལ་གཉིས། །མཚན་ཉིད་རྒྱས་པར་བཤད་པ་དང་། །འདུས་མ་སོགས། ཡོན་ཏན་རྒྱས་པར་བཤད་པའོ། །གཞལ་མེད་སོགས། ལོངས་སྤྱོད་རྫོགས་སྐུའི་རྣམ་བཞག་གསུམ། །དང་པོ་རྣམ་བཞག་རྒྱས་པར་བཤད། །སྣ་ཚོགས་སོགས། སླར་ཡང་དེས་དོན་བསྡུས་ཏེ་བསྟན། །བརྗོད་སྟོན་སོགས། ཁྱད་པར་རྐྱེན་ལས་སྣང་ཚུལ་ལོ། །ཇི་ལྟར་སོགས། སྤྲུལ་པའི་སྐུ་ཡི་རྣམ་བཞག་གཉིས། །མཆོག་སྤྲུལ་མཛད་པ་བཅུ་གཉིས་སྟོན། །ཐུགས་རྗེ་སོགས། བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན། །རིམ་གྱིས་འདྲེན་ཚུལ་འདི་ལ་གསུམ། །ཕལ་བ་ཐེག་པ་དམན་ལ་འཇུག །མི་རྟག་སོགས། ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། །ཞི་བ་སོགས། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་རོ། །ཐེག་པ་སོགས། གསུམ་པ་དེ་དག་དོན་བསྡུས་གཉིས། །རྒྱུ་མཚན་དང་སྦྱར་གསུམ་དུ་བསྡུ། །ཟབ་དང་སོགས། གནས་ཚུལ་དང་སྦྱར་གཉིས་སུ་བསྡུ། །འདིར་ནི་སོགས། དྲུག་པ་ཇི་སྲིད་རྟག་པའི་དོན། །རྟག་པའི་རྒྱུ་མཚན་མདོར་བསྟན་ནས། །རྒྱུ་མཐའ་སོགས། རྒྱས་པར་བཤད་ལ་དོན་རྣམ་གསུམ། །གཟུགས་སྐུ་རྟག་པའི་རྒྱུ་མཚན་དང་། །ལུས་དང་སོགས། ཆོས་སྐུ་རྟག་པའི་རྒྱུ་མཚན་དང་། །འཆི་མེད་སོགས། དེ་དག་ཉིད་ཀྱི་དོན་བསྡུའོ། ། དང་པོ་སོགས། བདུན་པ་ཇི་ལྟ་བ་བཞིན་དུ། །བསམ་མི་ཁྱབ་ཚུལ་མདོར་བསྟན་ནས། །ངག་ཡུལ་སོགས། རྒྱས་པར་བཤད་པ་ཉིད་ལ་གསུམ། །རྒྱུ་མཚན་རིམ་པ་ལྟར་བཤད་པ། །བསམ་མེད་སོགས། སྐུ་གཉིས་དང་སྦྱར་དེ་དོན་བསྡུ། །རྒྱུ་ལྔ་སོགས། ཡོན་ཏན་བསམ་མི་ཁྱབ་ཚུལ་ལོ། ། བླ་མེད་སོགས། ལེའུ་གཉིས་པའི་ས་བཅད་རྫོགས། ། ༈ རྟོགས་པའི་ཡན་ལག་ཡོན་ཏན་སྐབས། །རྣམ་པར་བཤད་ལ་སྤྱི་དོན་གཉིས། །སྐུ་གཉིས་དང་སྦྱར་གྲངས་ཀྱིས་ཕྱེ། །དབྱེ་བའི་ཡོན་ཏན་གཏན་ལ་དབབ། །རྣམ་པར་དབྱེ་བ་ལ་ཡང་གཉིས། །སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན། །རང་དོན་སོགས། དེ་དག་སོ་སོར་སྦྱར་བའོ། །བདག་ཉིད་སོགས། དབྱེ་བའི་ཡོན་ཏན་བཞི་ཡིན་ཏེ། །དཔེ་དོན་སྦྱར་ཏེ་སྡོམ་མདོར་བསྟན། །སྟོབས་ཉིད་སོགས། སོ་སོའི་རྣམ་བཞག་རྒྱས་པར་བཤད། །དེ་དག་སྟོན་པའི་ལུང་ལས་རྟོགས། །སླར་ཡང་དཔེ་དོན་བསྡུས་ཏེ་བསྟན། །དེ་ཡི་རྒྱས་བཤད་དེར་ཡང་གཉིས། ། རང་དོན་དོན་དམ་ཆོས་སྐུ་ལ། །ཡོད་པ་བྲལ་འབྲས་ཡོན་ཏན་དང་། །གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ། །ཡོད་པ་སྨིན་འབྲས་ཡོན་ཏན་ནོ། །དང་པོ་བྲལ་འབྲས་ཡོན་ཏན་གསུམ། ། སྟོབས་དང་མི་འཇིགས་མ་འདྲེས་སོ། །དང་པོ་སྟོབས་བཅུ་བཤད་ལ་གཉིས། །མཚོན་བྱ་དོན་གྱི་ངོ་བོ་བསྟན། །གནས་དང་སོགས། མཚོན་བྱེད་དཔེ་ཡིས་ངེས་པར་བྱ། །གནས་དང་སོགས། གཉིས་པ་མི་འཇིགས་པ་ཡང་གཉིས། །དོན་གྱི་ངོ་བོ་ངོས་བཟུང་བ། །ངོ་བོ་དང་ནི་བྱེད་ལས་གཉིས། །ཆོས་སྐུ་སོགས། བདག་གཞན་སོགས། དེ་ཉིད་དཔེ་ཡིས་ངེས་པར་བྱ། །རི་དྭགས་སོགས། མ་འདྲེས་བཅོ་བརྒྱད་བསྟན་ལ་གཉིས། །དོན་དངོས་བསྟན་དང་དཔེ་དང་སྦྱར། །དོན་དངོས་བསྟན་པ་ཉིད་ལ་གཉིས། །བཅོ་བརྒྱད་སོ་སོའི་དབྱེ་བ་དང་། །སླར་བཤད་ལས་དང་ཐོབ་ཚུལ་ལོ། །བཅོ་བརྒྱད་དབྱེ་བ་དེར་ཡང་གཉིས། །ཕྱེ་སྟེ་རྒྱས་པར་བཤད་པ་དང་། །བསྡུས་ཏེ་གཞན་ཡང་བསྟན་པའོ། །རྒྱས་པར་བཤད་ལ་སྡེ་ཚན་བཞི། །དང་པོ་སྤྱོད་པས་བསྡུས་པ་དྲུག ། འཁྲུལ་དང་སོགས། གཉིས་པ་རྟོགས་པས་བསྡུས་པ་དྲུག །བདུན་པ་སོགས། གསུམ་པ་མཛད་པས་བསྡུས་པ་གསུམ། །ལས་རྣམས་སོགས། བཞི་པ་མཁྱེན་པས་བསྡུས་པ་གསུམ། །དུས་ལ་སོགས། བསྡུས་ཏེ་གཞན་བསྟན་དབྱེ་བ་མེད། །དེ་ལྟར་སོགས། ལས་དང་ཐོབ་ཚུལ་ཀྱང་དེ་ལྟར། །འཁྲུལ་དང་སོགས། དེ་དག་དཔེ་དང་ལེགས་སྦྱར་རོ། །ས་སོགས་སོགས། གཉིས་པ་སྨིན་འབྲས་བཤད་ལ་གཉིས། །མཚོན་བྱ་མཚན་གྱི་དབྱེ་བ་བཤད། །ལེགས་གནས་སོགས། མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ། །ཇི་ལྟར་སོགས། དེ་དག་སྟོན་པའི་ལུང་ལས་རྟོགས། །ཡོན་ཏན་སོགས། སླར་ཡང་བསྟན་ལ་རྣམ་པ་གཉིས། །དཔེ་དོན་མཚུངས་ཆོས་སྤྱིར་བསྟན་པ། །དེ་དག་སྦྱར་ཏེ་སོ་སོར་བཤད། །དེ་ཡང་དང་པོ་སྤྱིར་བསྟན་ནས། །མི་ཕྱེད་སོགས། སོ་སོར་བསྟན་པ་ལ་ཡང་གཉིས། །བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང་། །སྨིན་འབྲས་གཟུགས་སྐུའི་ཡོན་ཏན་བཤད། །དང་པོ་ལ་ཡང་གཉིས་ཡིན་ཏེ། །ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ་དང་། །བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལའང་རྣམ་གསུམ་ལས། །སྟོབས་རྣམས་རྡོ་རྗེས་མཚོན་ཚུལ་ གཉིས། །དང་པོ་སོ་སོར་མཚོན་ཚུལ་དང་། །སྟོབས་སོགས། གཉིས་པ་ཐུན་མོང་མཚོན་ཚུལ་ལོ། ། བརླིངས་དང་སོགས། མི་འཇིགས་སེང་གེས་མཚོན་ཚུལ་གཉིས། །མདོར་བསྟན་པ་དང་བཤད་པའོ། །འཇིགས་པ་མེད་སོགས། ཀུན་མངོན་སོགས། མ་འདྲེས་ནམ་འཁའི་དཔེས་མཚོན་ནས། ། འཇིག་རྟེན་སོགས། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །དེ་དག་སོགས། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་གཉིས། །མཚན་རྣམས་སྐུ་གཉིས་ལ་གནས་ཚུལ། །མཐོང་བ་སོགས། གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ། །དག་ལ་སོགས། ལེའུ་གསུམ་པའི་ས་བཅད་རྫོགས། ། ༈ རྟོགས་བྱེད་ཕྲིན་ལས་དོན་ལ་གཉིས། །ལྷུན་གྲུབ་རྒྱུན་མི་འཆད་པར་བསྟན། །དེ་ཉིད་དཔེ་ཡིས་ངེས་པར་བྱ། །དང་པོ་ལ་ཡང་བསྟན་བཤད་གཉིས། །མདོར་བསྟན་ལ་གཉིས་ལྷུན་གྲུབ་དང་། །གདུལ་བྱའི་སོགས། རྒྱུན་མི་འཆད་པ་མདོར་བསྟན་ནོ། །ཡོན་ཏན་སོགས། རྒྱས་བཤད་ལ་གཉིས་ལྷུན་གྲུབ་བཤད། །གང་གི་སོགས། རྒྱུན་མི་འཆད་པ་བཤད་ལ་ལྔ། །མིང་གི་དབྱེ་བ་བསྟན་པ་གཅིག །ངེས་འབྱིན་སོགས། དོན་གྱི་ངོ་བོ་བཤད་པ་གཉིས། །ངེས་པར་སོགས། དེ་དག་དཔེ་ཡིས་མཚོན་ཚུལ་གསུམ། །གནས་དྲུག་སོགས། དཔེ་དོན་རྒྱས་པར་བཤད་པ་བཞི། ། ཤེས་ཆུ་སོགས། བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། །གཞན་གྱི་སོགས། དེ་ཉིད་དཔེ་ཡིས་ངེས་བྱར་བཞི། །སྡོམ་དུ་བསྡུས་ཏེ་དཔེས་དབྱེ་བ། །བརྒྱ་བྱིན་སོགས། དོན་དང་སྦྱར་ཏེ་སོ་སོར་བཤད། ། དགོས་པ་བརྗོད་དེ་སྐབས་དོན་བསྡུ། །སླར་ཡང་བསྡུས་ཏེ་ཁྱད་པར་བཤད། །སོ་སོའི་ངོ་བོ་རྣམ་པ་དགུ། །རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེས། །དང་པོར་བསྟན་པའི་འདི་ལ་གསུམ། ། རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ། །དེ་ཉིད་ལེགས་པར་སྦྱར་ཏེ་བཤད། །བསྡུས་ཏེ་སྐྱེས་འགགས་མེད་ཚུལ་ལོ། །རྟོག་མེད་གཞན་དོན་འགྲུབ་ལ་གཉིས། །མཚོན་བྱེད་དཔེ་དང་མཚོན་དོན་ནོ། །དཔེ་ལ་ཡང་ནི་བཞི་ཡིན་ཏེ། །དག་པའི་ས་བཞིར་གཟུགས་བརྙན་འཆར། །ཇི་ལྟར་སོགས། དེ་ཡིས་དགེ་བའི་ལས་ལ་སྦྱོར། །དེ་ནས་སོགས། ལས་དེས་འདོད་པའི་གོ་འཕང་ཐོབ། ། དེ་དག་སོགས། འབད་པ་མེད་པར་དོན་དུ་འགྱུར། །སྣང་བ་སོགས། མཚོན་བྱའི་དོན་ཉིད་ལའང་བཞི། །དག་པའི་སེམས་ལ་གཟུགས་སྐུ་སྣང་། །དེ་བཞིན་སོགས། དེ་ལས་འདོད་པའི་གོ་འཕང་སྒྲུབས། །དེ་མཐོང་སོགས། འབད་པ་མེད་ཀྱང་དོན་དུ་འགྱུར། །སྣང་བ་སོགས། རིམ་གྱིས་མཐར་ཐུག་ཆོས་སྐུའི་འཐོབ། །འདི་ནི་སོགས། དེ་ཉིད་ལེགས་པར་སྦྱར་བཤད་ནས། །ཇི་ལྟར་སོགས། བསྡུས་ཏེ་སྐྱེ་འགགས་མེད་ཚུལ་ལོ། །ཇི་ལྟར་སོགས། གཉིས་པ་གདམས་ངག་གསུངས་པའི་ཚུལ། །རྔ་སྒྲའི་དཔེ་ཡིས་ངེས་བྱར་གསུམ། །ལྷ་ཡི་རྔ་ལྟར་དམ་ཆོས་གསུངས། །དཔེ་རྣམས་ལས་ཀྱང་ཁྱད་པར་འཕགས། །དེ་དག་རྐྱེན་ལས་འཇུག་ཚུལ་ལོ། །གསུང་ཚུལ་རྒྱས་བཤད་དོན་བསྡུས་གཉིས། །དང་པོ་རྒྱས་པར་བཤད་ལ་གསུམ། །རྩོལ་བ་མེད་དང་ལས་ལ་འབྱུང་། ། ཞི་བ་སྒྲུབ་པའི་ཚུལ་གསུམ་དང་། །ཇི་ལྟར་སོགས། ཇི་ལྟར་སོགས། འབད་གནས་སོགས། སླར་ཡང་དཔེ་དག་དོན་བསྡུའོ། །ཇི་ལྟར་སོགས། དཔེ་ལས་ཁྱད་པར་འཕགས་མདོར་བསྟན། །གང་ཕྱིར་སོགས། ཁྱད་པར་རྒྱས་པར་བཤད་ལ་གཉིས། །ལྷར་ནི་སོགས། དེ་དག་རྐྱེན་ལས་འཇུག་པའོ། །ཇི་ལྟར་སོགས། གསུམ་པ་མཁྱེན་བརྩེས་ཁྱབ་པའི་ཚུལ། །སྤྲིན་གྱི་དཔེ་ཡིས་ངེས་བྱ་བ། །ལོ་ཏོག་འཕེལ་དང་སྣོད་ལས་འགྱུར། །ལྟོས་མེད་མེ་རྣམས་བཞི་ཆོས་མཐུན། །ལོ་ཏོག་འཕེལ་བའི་ཆོས་མཐུན་གཉིས། །འབད་པ་མེད་ཚུལ་མདོར་བསྟན་པ། །ཇི་ལྟར་སོགས། རྐྱེན་ལས་འཇུག་ཚུལ་རྒྱས་བཤད་པ། །ཇི་ལྟར་སོགས། སྣོད་ལས་གྱུར་ཚུལ་ཆོས་མཐུན་གཉིས། ། དཔེ་བསྟན་པ་དང་དེ་ཡི་དོན། །ཇི་ལྟར་སོགས། དེ་བཞིན་སོགས། ལྟོས་པ་མེད་པའི་ཆོས་མཐུན་གསུམ། །དཔེ་གསུམ་གྱིས་ནི་མདོར་བསྟན་ཅིང་། །ཐེག་པ་སོགས། དེ་ཡི་དོན་ཉིད་རྒྱས་པར་བཤད། །དཔྱིད་མཐར་སོགས། ལྟོས་པ་མེད་པ་འཇུག་ཚུལ་ལོ། །ཐེག་པ་སོགས། མེ་རྣམས་འཇོམས་པའི་ཆོས་མཐུན་གསུམ། །སྡུག་བསྔལ་མེ་ཚོགས་ཞི་བར་བྱེད། །འཁོར་བའི་སོགས། ཞི་བྱེད་ཤེས་རབ་རིམ་གྱིས་འབྱུང་། ལྷ་ལ་སོགས། ཤེས་ལྟར་སྤང་ལེན་ཉམས་སུ་བླངས། །ནང་ན་སོགས། བཞི་པ་སྤྲུལ་བ་མཛད་པའི་རྒྱལ། །ཚངས་པའི་དཔེ་ཡིས་ངེས་བྱར་གཉིས། །སྐལ་ལྡན་སྣང་བ་སྟོན་ཚུལ་དང་། །སྐལ་མེད་སྣང་བ་མེད་ཚུལ་ལོ། །སྣང་བ་སྟོན་པའི་ཚུལ་ལ་གསུམ། །འབད་པ་མེད་དང་ཉེས་པ་སེལ། །སྐལ་པར་སྟོན་པས་མཚུངས་པར་བསྟན། །ཇི་ལྟར་སོགས། ཇི་ལྟར་སོགས། སྔོན་གྱི་སོགས། སྐལ་བ་མེད་ལ་མི་སྣང་ངོ་། །འཕོ་དང་སོགས། ལྔ་པ་ཡེ་ཤེས་སྤྲོས་པའི་ཚུལ། །ཉི་མའི་དཔེ་ཡིས་ངེས་བྱར་བཞི། །ཕན་གནོད་མི་རྟོགས་གཞན་དོན་མཛད། །སྐལ་ལས་རིམ་འཆར་དཔེ་ལས་འཕགས། །ཕན་དང་གནོད་པས་རྟོག་མེད་པ། །ཇི་ལྟར་སོགས། མི་རྟོག་གཞན་དོན་མཛད་ལ་གསུམ། །རྟོག་པ་མེད་དང་འོད་ཟེར་སྤྲོ། །ཇི་ལྟར་སོགས། ཆོས་དང་སོགས། ཅིག་ཆར་ཤར་ནས་དོན་མཛད་དོ། །གང་ཕྱིར་སོགས། སྐལ་བས་རིམ་གྱིས་འཆར་ཚུལ་གཉིས། །བསྟན་པ་དང་ནི་བཤད་པ་ཉིད། །རྟག་ཏུ་སོགས། ཇི་ལྟར་སོགས། དེ་ལས་ཁྱད་པར་འཕགས་ཚུལ་གཉིས། །འོད་ཟེར་ཁྱད་འཕགས་བྱེད་ལས་འཕགས། ཞིང་ཀུན་སོགས། སངས་རྒྱས་དྲུག་པ་སོགས། ཐུགས་ཀྱི་གསང་བ་གཉིས། །ནོར་བུས་དཔེ་ཡིས་ངེས་བྱར་གཉིས། །རེ་འདོད་སྒྲུབ་པས་མཚུངས་པར་བསྟན། །རྙེད་པར་དཀའ་བས་མཚུངས་པར་བསྟན། །རེ་འདོད་སྒྲུབ་པས་མཚུངས་བསྟན་གཉིས། །རྟོག་མེད་འདོད་དགུ་སྒྲུབ་ཚུལ་དང་། ། ཇི་ལྟར་སོགས། འབད་མེད་རྟག་ཏུ་བཞུགས་ཚུལ་ཏེ། །ཇི་ལྟར་སོགས། རྙེད་པར་དཀའ་ལ་དབྱེ་བ་མེད། །གང་ཕྱིར་སོགས། བདུན་པ་གསུང་གིས་གསང་བ་མཆོག །བྲག་ཆའི་དཔེ་ཡིས་ངེས་བྱ་བ། །དཔེ་དང་དོན་ནི་གཉིས་ཡིན་ནོ། །ཇི་ལྟར་སོགས། དེ་བཞིན་སོགས། བརྒྱད་པ་སྐུ་ཡི་གསང་བ་མཆོག །ནམ་མཁའི་དཔེ་ཡིས་ངེས་བྱ་ཡང་། །དཔེ་དང་དོན་གཉིས་ཉིད་ཡིན་ནོ། །ཅུང་ཟད་སོགས། དེ་བཞིན་སོགས། དགུ་པ་ཐུགས་རྗེ་འཇུག་པའི་ཚུལ། །ས་གཞིའི་ངེས་བྱར་དཔེ་དང་དོན། ། ཇི་ལྟར་སོགས། དེ་བཞིན་སོགས། དགོས་བརྗོད་སྐབས་དོན་བསྡུས་ལ་གཉིས། །དགོས་དང་དཔེ་དོན་གྱི་དབྱེ་བ། །དཔེ་ཡིས་མཚོན་ཚུལ་ཁྱད་པར་བཤད། །དགོས་སོགས་དབྱེ་བ་ལའང་བཞི། ། དགོས་དང་ཉིང་དགོས་འགྲུབ་པའི་ཚུལ། །འབད་རྩོལ་སོགས། དཔེ་དང་དོན་དག་བསྡུས་ཏེ་བསྟན། །དེ་དོན་སོགས། དམ་བཅའ་ལ་སོགས་དོན་གསུམ་སྦྱར། འབད་རྩོལ་སོགས། སྐབས་དོན་འབད་རྩོལ་མེད་ཚུལ་ལོ། །འདིར་ནི་སོགས། དཔེ་ཡིས་མཚོན་ཚུལ་བཤད་ལ་གཉིས། ། དཔེ་ཡིས་དབྱེ་བ་བསྟན་པ་དང་། །གང་ཞིག་སོགས། དོན་དང་སྦྱར་ཏེ་བཤད་པའོ། །རིན་ཆེན་སོགས། སླར་ཡང་བསྡུས་ཏེ་བཤད་ལ་གཉིས། །གཟུགས་སྐུ་སྐྱེ་འཇིག་སྣང་ན་ཡང་། །ཆོས་སྐུ་སྐྱེ་འཇིག་མེད་ཚུལ་དང་། །ཆོས་མཐུན་མཚུངས་པར་སྣང་ན་ཡང་། །མི་མཐུན་ཁྱད་པར་འཕགས་ཚུལ་ལོ། །སྣང་ཡང་སྐྱེ་འཇིག་མེད་ཚུལ་གཉིས། །དབང་པོའི་དཔེ་ཡིས་སྐྱེ་འཇིག་མེད། །དག་པ་བེེཌཱུརྱ་སོགས། དཔེ་ཀུན་གྱིས་མཚོན་རྒྱུན་མི་འཆད། །དེ་བཞིན་སོགས། མཚུངས་ཀྱང་ཁྱད་པར་འཕགས་ཚུལ་གཉིས། །མདོར་བསྟན་དང་ནི་བཤད་པའོ། །དཔེ་རྣམས་སོགས། སངས་རྒྱས་སོགས། ལེའུ་བཞི་པའི་ས་བཅད་རྫོགས། ། ༈ གནས་བཞིར་མོས་པའི་ཕན་ཡོན་གཉིས། །མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན། །དེ་ཉིད་རྣམ་གྲངས་གཞན་གྱིས་བཤད། །བསྔགས་པའི་ཚུལ་གྱིས་བསྟན་ལ་གཉིས། ། གནས་བཞིར་རྟོགས་པར་དཀའ་ཚུལ་དང་། །སངས་རྒྱས་སོགས། དེ་རྟོགས་ཕན་ཡོན་ཐོབ་ཚུལ་ལོ། །ཕན་ཡོན་ཐོབ་ཚུལ་འདི་ལ་གཉིས། །ཐབས་ཀྱིས་དགེ་བ་གཞན་ལས་འཕགས། ། ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །གཞན་ལས་འཕགས་ཚུལ་མདོར་བསྟན་ནས། །བློ་ལྡན་སོགས། རྒྱས་པར་བཤད་པ་ལ་ནི་གསུམ། །སྦྱིན་པ་མཆོག་ལས་ཁྱད་འཕགས་ཤིང་། །གང་ཞིག་སོགས། ཚུལ་ཁྲིམས་ལས་ཀྱང་ཁྱད་འཕགས་ལ། །བློ་ལྡན་སོགས། བསྒོམ་པ་ལས་ཀྱང་ཁྱད་འཕགས་ཏེ། །གང་ཞིག་སོགས། ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །གང་ཕྱིར་སོགས། རྣམ་གྲངས་གཞན་གྱིས་བཤད་ལ་གཉིས་སོགས། མཐར་ཐུག་ཐོབ་པའི་ཕན་ཡོན་དང་། །གནས་དང་སོགས། ལམ་ལ་འཇུག་པའི་ཕན་ཡོན་ནོ། །ལམ་ལ་འཇུག་པའི་ཕན་ཡོན་གཉིས། །བསམ་པ་བྱང་ཆུབ་སེམས་མཆོག་སྐྱེ། །བསམ་མེད་སོགས། སྦྱོར་བ་ཕར་ཕྱིན་དྲུག་ལ་འཇུག །ཕྱིན་དྲུག་ལ་འཇུག་འདི་ལ་བཞི། །ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས། དེ་ནི་སོགས། བསོད་ནམས་བྱ་བའི་དངོས་གསུམ་བྱེད། །སྦྱིན་བྱུང་སོགས། སྤང་བྱ་སྒྲིབ་པ་རྣམ་གཉིས་ཀྱི། །འཁོར་གསུམ་སོགས། གཉེན་པོ་ཤེས་རབ་མཆོག་ཐོབ་བོ། །ཤེས་རབ་སོགས། མཇུག་ཡོངས་རྫོགས་པའི་བྱ་བ་གཉིས། །བཤད་བྱའི་དོན་ཉིད་རྒྱས་པར་བཤད། །འཆད་པའི་ཚུལ་གྱིས་བསྡུས་ཏེ་བསྟན། ། རྒྱས་པར་བཤད་པ་ལ་ཡང་གསུམ། །བསྟན་བཅོས་ཇི་ལྟར་བརྩམ་པའི་ཚུལ། །ཆོས་ལ་གནོད་པ་སྤོང་བའི་ཚུལ། །བརྩམ་པའི་བསོད་ནམས་བསྔོ་བའོ། །བརྩམ་པའི་ཚུལ་ལྔ་སྡོམ་དུ་བཞི། །གང་ལ་བསྟེན་ནས་གང་ཕྱིར་བཤད། །དེ་ལྟར་སོགས། འཆད་པའི་ཚུལ་གྱིས་བསྟན་པ་དང་། །ཇི་ལྟར་སོགས། གང་ཞིག་བཤད་བྱ་བཀའི་ངོ་བོ། །གང་ཞིག་སོགས། རྒྱུ་མཐུན་གུས་པས་བླང་ཚུལ་ལོ། །གང་ཞིག་སོགས། ཆོས་ལ་གནོད་པ་སྤངས་ལ་གསུམ། །དག་ཐབས་ངོས་བཟུང་བསྟེན་པར་གདམས། །ཉམས་པའི་རྒྱུ་ངོས་བཟུང་སྟེ་སྤངས། །ཟབ་མོས་ཆོས་ཉམས་འབྲས་བུ་སྤོངས། །དག་ཐབས་ངོས་བཟུང་བསྟེན་ལ་གཉིས། །རང་བཟོ་སྤོང་དང་ཕྱོགས་ཞེན་སྤོང་། ། གང་ཕྱིར་སོགས། ཉོན་མོངས་སོགས། ཉམས་པའི་རྒྱུ་སྤངས་དབྱེ་བ་མེད། །བློ་དམན་སོགས། ཆོས་ཉམས་འབྲས་བུ་སྤོང་ཚུལ་གཉིས། །ངན་སོང་སྤོང་དང་འཁོར་བ་སྤོང་། །ཇི་ལྟར་སོགས། གང་ཞིག་སོགས། བསོད་ནམས་བསྔོ་ཞིང་འཆད་ཚུལ་བསྡུ། །དཀོན་མཆོག་སོགས། གང་ལས་སོགས། ཕྱི་མ་གཉིས་འདི་ཟླ་རྒྱས་བཞིན། །ཐེག་མཆོག་ངེས་དོན་ཟབ་མོའི་གཏམ། །ཚིག་ཙམ་ཐོས་ཀྱང་སྐལ་ཆེ་ན། །མཁས་པའི་གསུང་གི་རྗེས་འབྲངས་ཏེ། །ལེགས་པར་འཆད་ནུས་སྐལ་པ་བཟང་། དེ་སླད་དེ་ཡི་བསྡུས་པའི་དོན། །འཛམ་ཐང་ཆོས་ཀྱི་ཕོ་བྲང་མཆོག །མི་ཕམ་བསྟན་པའི་འབབ་སྟེགས་སུ། །འཆད་པའི་ཐུན་བར་དག་ཏུ་བྲིས། །དེ་དགེ་དྲི་མེད་འོད་སྟོང་གིས། ། རྨོངས་པའི་རབ་རིབ་ཀུན་བསལ་ནས། །འགྲོ་ཀུན་ངེས་དོན་ཟབ་མོའི་གཏམ། །ཉན་པའི་རྣ་བར་བདུད་རྩིར་གྱུར། །རྟོག་གེ་འཆལ་བའི་དཀྲུག་མ་དང་། །རྣམ་པར་རྟོག་པའི་རྡུལ་དྭངས་པའི། །དྲི་མེད་ཆོས་དབྱིངས་ནམ་མཁའི་དཀྱིལ། །བསྟན་པའི་ཉིན་བྱེད་འབར་གྱུར་ཅིག །

དགེའོ། དགེའོ། དགེའོ། །བཀྲ་ཤིས། །