བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད་དོན་གསལ་མེ་ལོང་།

From Khyentse Lineage - A Tsadra Foundation Project
Wylie title byang chub sems dpa'i spyod pa la 'jug pa'i sa bcad don gsal me long
Location dpal sprul bka' 'bum
Volume 2, Text 5, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Source Author(s) ཞི་བ་ལྷ་ (Śāntideva)
Citation
Genre Outlines - sa bcad
Colophon

ས་བཅད་སྤར་བྱང་དང་བཅས་པ་དཔལ་སྤྲུལ་རིན་པོ་ཆེས་མཛད་པ་དགེའོ། །དགེའོ། །དགེའོ།།

sa bcad spar byang dang bcas pa dpal sprul rin po ches mdzad pa dge'o/_/dge'o/_/dge'o//

[edit]
༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད་དོན་གསལ་མེ་ལོང་བཞུགས་སོ། །


དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤིང་རྗེས་སུ་གཤེགས་པའི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཕན་བདེ་མ་ལུས་པ་སྒྲུབ་པའི་རྒྱུ་གཅིག་པུར་གྱུར་པ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས། རིན་ཆེན་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད་འཆད་པར་བྱེད་པ་ལ། ༈ བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་དངོས་བཤད་པ་སྟེ་གཉིས་སུ་ཡོད་པ་ལས། དང་པོ་ལའང་། སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་མས་ཉན་ཚུལ། དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱིད་ཚུལ་ཏེ་གསུམ་དུ་ཡོད་པ་དེ་དག་བཤད་གྲུབ་ནས། ༈ གཉིས་པ་བཤད་བྱ་དངོས་ལ། བསྟན་བཅོས་ཀྱི་མཚན་དང་། མཚན་དེ་ལྡན་གྱི་གཞུང་དངོས་བཤད་པ་གཉིས་ལས། དང་པོ་ལའང་མཚན་དངོས་བཤད་པ་དང་། ཞར་བྱུང་དུ་འགྱུར་ཕྱག་གཉིས་ལས། དང་པོ་ནི། རྒྱ་གར་སོགས། གཉིས་པ་ནི། སངས་རྒྱས་སོགས། གཉིས་པའང་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་དང་། མཇུག་ཡོངས་སུ་རྫོགས་པའི་བྱ་བ་བཤད་པ་དང་གསུམ་ལས། དང་པོ་ལའང་བཞི་ལས། དང་པོ་མཆོད་པར་བརྗོད་པ་ནི། བདེ་གཤེགས་ཆོས་ཀྱི་སོགས། རྐང་པ་གཉིས། གཉིས་པ་བརྩམ་པར་དམ་བཅའ་བ་ནི། བདེ་གཤེགས་སྲས་ཀྱི་སོགས། རྐང་པ་གཉིས། གསུམ་པ་ཁེངས་པ་སྐྱུངས་པ་ནི། སྔོན་ཆད་སོགས། ཤོ་ལོ་ཀ་གཅིག །བཞི་པ་སྤྲོ་བ་བསྐྱེད་པ་ནི། དགེ་བ་བསྒོམ་སོགས་ཤོ་ལོ་ཀ་གཅིག་གིས་བསྟན་ཏོ། ། ༈ གཉིས་པ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་བཤད་པ་ལ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་གསུངས་པ་ལྟར། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེས་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་ལ་བསྔོ་བ་དང་སྨོན་པའི་ལེའུ་གཅིག་སྟེ། གཞུང་ལེའུ་བཅུའི་རང་བཞིན་ས་བཅད་བཞིས་ཡོངས་སུ་བསྡུས་ཏེ་འཆད་པར་བྱེད་པ་ལས། དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེས་པར་བྱེད་པའི་ལེའུ་གསུམ་ནི། དང་པོ་ཕན་ཡོན་གྱི་སྒོ་ནས་བྲོད་པ་སྐྱེད་པའི་ལེའུ། གཉིས་པ་མི་མཐུན་ཕྱོགས་ཀྱི་སྡིག་པ་བཤགས་པའི་ལེའུ། གསུམ་པ་མཐུན་ཕྱོགས་བྱང་སེམས་ཡོངས་བཟུང་གི་ལེའུ་དང་གསུམ་ལས། དང་པོ་ཕན་ཡོན་གྱི་ལེའུ་ལ་གཞུང་དང་། མཚན་ནོ། །དང་པོ་ལེའུའི་གཞུང་ལའང་། བྱང་ཆུབ་སེམས་ཀྱི་རྟེན་བཤད་པ་དང་། ཕན་ཡོན་བཤད་པ་གཉིས་ལས། དང་པོ་ལའང་། ལུས་རྟེན་དང་སེམས་རྟེན་བཤད་པ་གཉིས་ལས། དང་པོ་ནི། དལ་འབྱོར་སོགས་ཤྭ་ལོ་ཀ་གཅིག །གཉིས་པ་ནི། ཇི་ལྟར་མཚན་མོ་སོགས་ཤྭ་ལོ་ཀ་གཅིག །གཉིས་པ་ལའང་། སེམས་བསྐྱེད་སྤྱི་ཡི་ཕན་ཡོན། སྨོན་འཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་དང་གསུམ་ལས། དང་པོ་ལའང་། དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན། མིང་དོན་གནས་འགྱུར་བའི་ཕན་ཡོན། ཕན་ཡོན་དཔེའི་སྒོ་ནས་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ལྟས་དགེ་བ་སོགས་ཚིགས་བཅད་གསུམ། གཉིས་པ་ནི། བྱང་ཆུབ་སེམས་སྐྱེས་སོགས་ཚིགས་བཅད་གཅིག །གསུམ་པ་ལའང་གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ། རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ། འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ། སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ། དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ། འདིར་མ་བཤད་པ་གཞན་དུ་ཞལ་འཕངས་པ་དང་དྲུག་ལས། དང་པོ་ནི། གསེར་འགྱུར་སོགས་ཤོ་ལོ་ཀ་གཅིག །གཉིས་པ་ནི། འགྲོ་བའི་སོགས་ཤྭ་ལོ་ཀ་གཅིག །གསུམ་པ་ནི། དགེ་བ་སོགས་ཚིགས་བཅད་གཅིག ། བཞི་པ་ནི། སྡིག་པ་སོགས་ཚིགས་བཅད་གཅིག །ལྔ་པ་ནི། དེས་ནི་སོགས་རྐང་པ་གཉིས། དྲུག་པ་ནི། དེ་ཡི་སོགས་རྐང་པ་གཉིས་ཀྱིས་བསྟན་ཏོ། །གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་ལ། དབྱེ་བ་དང་། ཕན་ཡོན་གྱི་ཁྱད་པར། ལུང་རིགས་ཀྱི་སྒོ་ནས་སྒྲུབ་པ་དང་གསུམ་ལས། དང་པོ་ནི། བྱང་ཆུབ་སེམས་དེ་སོགས་ཤོ་ལོ་ཀ་གཉིས། གཉིས་པ་ནི། བྱང་ཆུབ་སྨོན་པའི་སོགས་ཚིགས་བཅད་གསུམ། གསུམ་པ་ལའང་། ལུང་དང་རིགས་པའི་སྒོ་ནས་སྒྲུབ་པ་གཉིས་ལས། དང་པོ་ནི། འདི་ནི་སོགས་ཚིགས་བཅད་གཅིག །གཉིས་པ་རིགས་པས་སྒྲུབ་པ་ལའང་སྨོན་པའི་ཕན་ཡོན་དང་། འཇུག་པའི་ཕན་ཡོན་རིགས་པས་སྒྲུབ་པ་གཉིས་ལས། དང་པོ་ནི། སེམས་ཅན་རྣམས་ཀྱི་སོགས་ཚིགས་བཅད་དྲུག །གཉིས་པ་ནི། ཕན་པར་བསམ་པ་སོགས་ཚིགས་བཅད་བཞི། གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་ནི། ཕན་བཏགས་ལན་སོགས་ཚིགས་བཅད་དྲུག་གིས་བསྟན་ཟིན་ཏོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སོགས། ལེའུ་དང་པོའོ། ། ༈ གཉིས་པ་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ་ལའང་། གཞུང་དང་། མཚན་གཉིས། དང་པོ་ལའང་མཆོད་པའི་ཡན་ལག །ཕྱག་འཚལ་བའི་ཡན་ལག །སྐྱབས་སུ་འགྲོ་བའི་ཡན་ལག །སྡིག་པ་བཤགས་པའི་ཡན་ལག་དང་བཞི་ལས། དང་པོ་ལའང་། དངོས་སུ་འབྱོར་བའི་མཆོད་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་དང་ལྔ་ལས། དང་པོ་ལའང་། བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་དང་། མ་བཟུང་བའི་མཆོད་པ། ལུས་དབུལ་བའི་མཆོད་པ་དང་གསུམ་ལས། དང་པོ་ནི། རིན་ཆེན་སེམས་དེ་སོགས་ཚིགས་བཅད་གཅིག །གཉིས་པ་ནི། མེ་ཏོག་འབྲས་བུ་སོགས་ཚིགས་བཅད་དྲུག །གསུམ་པ་ནི། རྒྱལ་དང་དེ་སྲས་སོགས་ཚིགས་བཅད་གཉིས། གཉིས་པ་ལའང་། ཁྲུས་དང་སྐུ་ཕྱི་སོགས་ཀྱི་མཆོད་པ་དང་། ཉེར་སྤྱོད་ཀྱི་མཆོད་པ་གཉིས་ལས། དང་པོ་ནི། ཁྲུས་ཀྱི་ཁང་པ་སོགས་ཚིགས་བཅད་བཞི། གཉིས་པ་ནི། སྟོང་གསུམ་སོགས་ཚིགས་བཅད་དྲུག །གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི། དེ་ལས་སོགས་ཚིགས་བཅད་གཉིས། བཞི་པ་བླ་ན་མེད་པའི་མཆོད་པ་ནི། ཇི་ལྟར་སོགས་ཚིགས་བཅད་གཅིག །ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི། ཡོན་ཏན་སོགས་ཚིགས་བཅད་གཅིག །གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། དུས་གསུམ་གཤེགས་པའི་སོགས་ཚིགས་བཅད་གཉིས། གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི། བྱང་ཆུབ་སོགས་ཚིགས་བཅད་གཅིག །བཞི་པ་སྡིག་པ་བཤགས་པའི་ཡན་ལག་ལ། བཤགས་ཡུལ་མངོན་དུ་བྱ་བ་དང་། བཤགས་པ་དངོས་བཤད་པ་གཉིས་ལས། དང་པོ་ནི། ཕྱོགས་རྣམས་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། སུན་འབྱིན་པའི་སྟོབས་དང་། རྟེན་གྱི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། སོར་ཆུད་པའི་སྟོབས་དང་བཞི་ལས། དང་པོ་ནི། ཐོག་མ་སོགས་ཚིགས་བཅད་བཅུ་དགུ། གཉིས་པ་ནི། དེ་བས་རྒྱལ་བ་སོགས་ཚིགས་བཅད་བདུན། གསུམ་པ་ལའང་། གཉེན་པོ་བརྟེན་དགོས་པའི་རྒྱུ་མཚན་དང་། གཉེན་པོ་དངོས་གཉིས་ལས། དང་པོ་ནི། ཐ་མ་ལ་སོགས་ཚིགས་བཅད་དགུ། གཉིས་པ་ནི། བདག་ནི་མི་ཤེས་ཚིགས་བཅད་གཉིས། བཞི་པ་ནི། འདྲེན་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། ། གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སོགས། ལེའུ་གཉིས་པའོ། ། ༈ གསུམ་པ་མཐུན་ཕྱོགས་བྱང་སེམས་ཡོངས་བཟུང་གི་ལེའུ་ལ། གཞུང་དང་མཚན་གཉིས་ལས། དང་པོ་ལའང་། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་སྒོམ་པ་དང་གསུམ་ལས། དང་པོ་ལའང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་བསགས་པ་དང་། ཉེར་ལེན་གྱི་རྒྱུ་བློ་སྦྱང་བ་གཉིས་ལས། དང་པོ་ལའང་། ཡན་ལག་བརྒྱད་ལས། མཆོད་ཕྱག་སྐྱབས་འགྲོ་སྡིག་བཤགས་ཀྱི་ཡན་ལག་བཞི་ལེའུ་གཉིས་པའི་སྐབས་སུ་བཤད་ཟིན་ནས། འདིར་བཤད་པར་བྱ་བ་ལ། རྗེས་སུ་ཡི་རང་བའི་དང་། ཆོས་འཁོར་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པའི་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་དང་། དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་དང་བཞི་ལས། དང་པོ་ནི། སེམས་ཅན་ཀུན་གྱི་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས། གཉིས་པ་ནི། ཕྱོགས་རྣམས་སོགས་ཚིགས་བཅད་གཅིག །གསུམ་པ་ནི། རྒྱལ་བ་སོགས་ཚིགས་བཅད་གཅིག །བཞི་པ་ནི། དེ་ལྟར་འདི་དག་སོགས་ཚིགས་བཅད་བཞི། གཉིས་པ་ལའང་། བློ་སྦྱོང་བ་དངོས་དང་། དེའི་འཐད་པ་དགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་བཏབ་པ་དང་བཞི་ལས། དང་པོ་ནི། ལུས་དང་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ཐམས་ཅད་བཏང་བས་སོགས་ཚིགས་བཅད་གཅིག །གསུམ་པ་ནི། བདག་གིས་ལུས་ཅན་སོགས་ཚིགས་བཅད་གཉིས། བཞི་པ་ནི། དེ་ལ་གནོད་པར་སོགས་ཚིགས་བཅད་བརྒྱད་དང་རྐང་བ་གཅིག །གཉིས་པ་དངོས་གཞི་དམ་བཅའ་བ་ནི། ཇི་ལྟར་སོགས་ཚིགས་བཅད་གཉིས། གསུམ་པ་མཇུག་ཏུ་རང་གཞན་དགའ་བ་སྒོམ་པ་ལ། རང་དགའ་བ་སྒོམ་པ་དང་། གཞན་དགའ་བ་སྒོམ་དུ་གཞུག་པ་དང་གཉིས་ལས། དང་པོ་ནི། དེ་ལྟར་བློ་དང་སོགས་ཚིགས་བཅད་དགུ། གཉིས་པ་ནི། བདག་གིས་དེ་རིང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་སོགས། ལེའུ་གསུམ་པའོ། ། ༈ གཉིས་པ་སྐྱེས་པ་མི་ཉམས་པར་བྱེད་པ། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ་ལ། རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ། བྱང་ཆུབ་སེམས་ཀྱི་བྱེ་བྲག་གི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ་དང་གསུམ་ལས། དང་པོ་བག་ཡོད་ཀྱི་ལེའུ་ལ། གཞུང་དང་། མཚན་གཉིས་ལས། དང་པོ་ལའང་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱལ་བའི་སོགས་ཚིགས་བཅད་གཅིག ། གཉིས་པ་ལའང་། བསྒྲུབ་བྱ་བསླབ་པ་ལ་བསམས་ཏེ་བག་བྱ་བ། རྟེན་དལ་འབྱོར་ལ་བསམས་ཏེ་བག་བྱ་བ། སྤང་བྱ་ཉོན་མོངས་ལ་བསམས་ཏེ་བག་བྱ་བ་དང་གསུམ་ལས། དང་པོ་ལའང་། བསམ་པ་བྱང་ཆུབ་སེམས་བསྐྱེད་མི་ཉམས་པར་བསྲུང་བ་དང་། སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི། བབ་ཅོལ་བརྩམས་པ་སོགས་ཚིགས་བཅད་བཅུ། གཉིས་པ་ནི། དེ་ལྟར་ཇི་ལྟར་སོགས་ཚིགས་བཅད་གསུམ། གཉིས་པ་ལའང་། དལ་འབྱོར་རྙེད་དཀའི་ཚུལ་བསམས་ཏེ་བག་བྱ་བ། ངན་སོང་ལས་ཐར་དཀའ་བ་ལ་བསམས་ཏེ་བག་བྱ་བ། དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པ་སོགས་ཚིགས་བཅད་དྲུག །གཉིས་པ་ནི། སྐད་ཅིག་གཅིག་བྱས་སོགས་ཚིགས་བཅད་གཉིས། གསུམ་པ་ནི། འདི་འདྲའི་དལ་བ་སོགས་ཚིགས་བཅད་ལྔ། གསུམ་པ་སྤང་བྱ་ཉོན་མོངས་ལ་བསམས་ཏེ་བག་བྱ་བ་ལའང་། ཉོན་མོངས་པའི་ཉེས་དམིགས་བཤད་པ་དང་། ཉོན་མོངས་པ་སྤངས་པའི་དཀའ་སྤྱད་བཟོད་པ། ཉོན་མོངས་ཇི་ལྟར་སྤངས་ཚུལ་དང་གསུམ་ལས། དང་པོ་ནི། ཞེ་སྡང་སོགས་ཚིགས་བཅད་བརྒྱད། གཉིས་པ་ནི། དེ་ལྟར་ཇི་སྲིད་སོགས་ཚིགས་བཅད་བདུན། གསུམ་པ་ནི། འདི་ལ་བདག་གིས་སོགས་ཚིགས་བཅད་དྲུག་གིས་བསྟན་ཏོ། །གཉིས་པ་ལེའུ་མཚན་ནི། བྱང་ཆུབ་སེམས་དཔའི་སོགས། ལེའུ་བཞི་པའོ། ། ༈ གཉིས་པ་ལེའུ་ལྔ་པ་ཤེས་བཞིན་གྱི་ལེའུ་ལའང་། གཞུང་དང་། མཚན་གཉིས་ལས། དང་པོ་ལའང་། བསླབ་པ་བསྲུང་པའི་ཐབས་སུ་སེམས་བསྲུང་བ། སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བརྟན་ཚུལ། དྲན་ཤེས་དང་ལྡན་པའི་སྒོ་ནས་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་དང་བཞི་ལས། དང་པོ་ལའང་། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བསླབ་པ་སོགས་ཚིགས་བཅད་གཅིག །གཉིས་པ་རྒྱས་པར་བཤད་པ་ལའང་། གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ། དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ། དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། སེམས་ཀྱི་གླང་པོ་སོགས་ཚིགས་བཅད་བདུན། གཉིས་པ་ནི། གལ་ཏེ་འགྲོ་བ་སོགས་ཚིགས་བཅད་དགུ། གསུམ་པ་ནི། དེ་ལྟས་བདག་གིས་སོགས་ཚིགས་བཅད་ལྔ། གཉིས་པ་སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བརྟན་ཚུལ་ལའང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སེམས་བསྲུང་འདོད་པ་སོགས་ཚིགས་བཅད་གཅིག །གཉིས་པ་རྒྱས་པར་བཤད་པ་ལའང་། ཤེས་བཞིན་མེད་པའི་ཉེས་དམིགས་བཤད་པ་དང་། དྲན་པ་བརྟན་ཐབས་དངོས་བཤད་པ་གཉིས་ལས། དང་པོ་ནི། ནད་ཀྱིས་དཀྲུགས་པའི་སོགས་ཚིགས་བཅད་ལྔ། གཉིས་པ་ནི། དེ་བས་དྲན་པ་སོགས་ཚིགས་བཅད་ལྔ། གསུམ་པ་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ་ལའང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བསླབ་ཚུལ། དགེ་བ་ཆོས་སྡུད་ཀྱི་ཚལ་ཁྲིམས་ལ་བསླབ་ཚུལ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ་དང་གསུམ་ལས། དང་པོ་ལའང་། སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ་དང་། བསླབ་པ་ཉམས་པ་སྲུང་བ་གཉིས་ལས། དང་པོ་ནི། རེ་ཞིག་དང་པོར་སོགས་ཚིགས་བཅད་བཅུ་གཅིག །གཉིས་པ་ནི། བྲ་མོའི་གཏམ་ནི་སོགས་ཚིགས་བཅད་བཅུ་བཞི། གཉིས་པ་ལའང་། བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤངས་དགོས་པར་བསྟན་པ་དང་། བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་གཉིས་ལས། དང་པོ་ནི། བྱ་རྒོད་ཤ་ལ་སོགས་ཚིགས་བཅད་བཅུ་གཉིས། གཉིས་པ་ནི། དེ་ལྟ་རང་དབང་སོགས་ཚིགས་བཅད་བཅུ་གསུམ། གསུམ་པ་ལའང་། གཞན་དོན་ལྷུར་ལེན་པ། ཟང་ཟིང་དང་ཆོས་ཀྱིས་བསྡུ་བ། ཕ་རོལ་གྱི་མ་དད་པ་བསྲུང་པ་དང་གསུམ་ལས། དང་པོ་ནི། དེ་ལྟར་རིགས་བྱས་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ལོག་པར་ལྟུང་དང་སོགས་ཚིགས་བཅད་དྲུག །གསུམ་པ་ནི། སོ་ཤིང་དང་ནི་སོགས་ཚིགས་བཅད་དྲུག །བཞི་པ་བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལའང་། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས་དང་། ངོ་བོ་ངོས་བཟུང་ནས་ལེའུའི་དོན་བསྡུ་བ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའི་སོགས་ཚིགས་བཅད་བཅུ་གཅིག །གཉིས་པ་ནི། ལུས་དང་སེམས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་སོགས་ནས་ལེའུ་ལྔ་པའོ། ། ༈ གསུམ་པ་ལེའུ་དྲུག་པ་བཟོད་པའི་ལེའུ་ལའང་། གཞུང་དང་མཚན་གཉིས་ལས། དང་པོ་གཞུང་ལའང་། ཁོང་ཁྲོ་སྤངས་པ་དང་། བཟོད་པ་བསྒོམ་པའི་ཚུལ། སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི། བསྐལ་པ་སྟོང་དུ་སོགས་ཚིགས་བཅད་བཅུ། གཉིས་པ་ལའང་། བཟོད་ཡུལ་ངོས་བཟུང་བ་དང་། བཟོད་པ་བསྒོམ་པ་དངོས་གཉིས་ལས། དང་པོ་ནི། བདག་གམ་བདག་གི་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ་དང་། འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་གཉིས་ལས། དང་པོ་ལའང་། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་དང་། བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་དང་། བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་དང་། བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ་དང་བཞི་ལས། དང་པོ་ལའང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང་། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་གསུམ་ལས། དང་པོ་ནི། བདེ་བའི་རྒྱུ་ནི་སོགས་ཚིགས་བཅད་བཅུ། གཉིས་པ་ནི། མཁྲིས་པ་སོགས་ཚིགས་བཅད་བཅུ་གཉིས། གསུམ་པ་ནི། གལ་ཏེ་རང་དགས་སོགས་ཚིགས་བཅད་བཅོ་བརྒྱད། གཉིས་པ་ནི། ཡིད་ནི་ལུས་ཅན་སོགས་ཚིགས་བཅད་བཅུ་གཉིས། གསུམ་པ་ནི། སྐུ་གཟུགས་མཆོད་རྟེན་སོགས་ཚིགས་བཅད་བཅུ་གཉིས། བཞི་པ་ནི། གཞན་གྱིས་ཡོན་ཏན་སོགས་ཚིགས་བཅད་བཅུ་གཅིག །གཉིས་པ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དེ་ལ་ཡང་། དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་དང་། བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་གཉིས་ལས། དང་པོ་ནི། གལ་ཏེ་དགྲ་ཞིག་སོགས་ཚིགས་བཅད་གསུམ། གཉིས་པ་ནི། བསྟོད་དང་གྲགས་པའི་སོགས་ཚིགས་བཅད་ཉེར་གཉིས། གསུམ་པ་སེམས་ཅན་ལ་གུས་པར་བྱ་བ་ལའང་། བསོད་ནམས་ཀྱི་ཞིང་དུ་བསམས་ཏེ་གུས་པར་བྱ་བ་དང་། རྒྱལ་བ་དགྱེས་པ་ལ་བསམས་ཏེ་གུས་པར་བྱ་བ་དང་། ཕན་གནོད་ཀྱི་འབྲས་བུ་ལ་བསམས་ཏེ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི། དེ་ཕྱིར་སོགས་ཚིགས་བཅད་བདུན། གཉིས་པ་ནི། གཞན་ཡང་སོགས་ཚིགས་བཅད་དགུ། གསུམ་པ་ནི། དཔེར་ན་རྒྱལ་པོའི་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སོགས། ལེའུ་དྲུག་པའོ། ། ༈ གསུམ་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་གོང་ནས་གོང་དུ་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ། ཀུན་རྫོབ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསམ་གཏན་གྱི་ལེའུ། དོན་དམ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་དང་གསུམ་ལས་དང་པོ་བརྩོན་འགྲུས་ཀྱི་ལེའུ་ལ། གཞུང་དང་། མཚན་གཉིས་ལས། དང་པོ་ལའང་། བརྩོན་འགྲུས་རྩོམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ་དང་། ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ་དང་གཉིས་ལས། དང་པོ་ནི། དེ་ལྟར་བཟོད་པས་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བ་དང་། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤངས་པ་དང་། མཐུན་ཕྱོགས་སྒྲུབ་པ་སྟེ་གསུམ་ལས། དང་པོ་ནི། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་རྐང་པ་གཅིག །གཉིས་པ་ལའང་། མི་མཐུན་པའི་ཕྱོགས་ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ་དང་། དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པ་གཉིས་ལས། དང་པོ་ནི། དེ་ཡི་མི་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ། གཉིས་པ་ལའང་། སྙོམས་ལས་འཛིན་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང་། བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང་། སྒྱིད་ལུགས་ཀྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། ཉོན་མོངས་རྒྱ་བས་སོགས་ཚིགས་བཅད་བཅུ་གཅིག ། གཉིས་པ་ནི། དགའ་བའི་རྒྱུ་ནི་སོགས་ཚིགས་བཅད་གཉིས། གསུམ་པ་ནི། བདག་གིས་བྱང་ཆུབ་སོགས་ཚིགས་བཅད་བཅོ་ལྔ། གསུམ་པ་མཐུན་ཕྱོགས་སྒྲུབ་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། དེ་ལྟར་མི་མཐུན་སོགས་ཚིགས་བཅད་གཅིག ། གཉིས་པ་ལའང་། དཔུང་བཞི་བསགས་པ་དང་། སྟོབས་གཉིས་བསྐྱེད་ཚུལ་བཤད་པ་དང་གཉིས་ལས། དང་པོ་ལའང་། མོས་པའི་དཔུང་བཤད་པ། བརྟན་པའམ་ང་རྒྱལ་གྱི་དཔུང་བཤད་པ། དགའ་བའི་དཔུང་བཤད་པ། དོར་བའི་དཔུང་བཤད་པ་དང་བཞི་ལས། དང་པོ་ནི། བདག་དང་གཞན་གྱི་སོགས་ཚིགས་བཅད་བཅུ་གསུམ་དང་རྐང་པ་གཉིས། གཉིས་པ་ལའང་། སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་རྒྱལ་མཚན་སོགས་ཚིགས་བཅད་གསུམ། གཉིས་པ་ལའང་། ལས་ཀྱི་ང་རྒྱལ་དང་། ནུས་པའི་ང་རྒྱལ་དང་། ཉོན་མོངས་པའི་ང་རྒྱལ་དང་གསུམ་ལས། དང་པོ་ནི། བདག་ཉིད་གཅིག་པུས་སོགས་ཚིགས་རྐང་བཅུ། གཉིས་པ་ནི། ཤི་བའི་སྦྲུལ་དང་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཅིག །གསུམ་པ་ནི། ཉོན་མོངས་ཕྱོགས་ཀྱི་སོགས་ཚིགས་བཅད་གསུམ། གསུམ་པ་ནི། དེ་བཞིན་གནས་སྐབས་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས། བཞི་པ་ནི། སྟོབས་ཉམས་པ་དང་སོགས་ཚིགས་བཅད་གཅིག །གཉིས་པ་སྟོབས་གཉིས་བསྐྱེད་ཚུལ་ལའང་། ལྷུར་ལེན་གྱི་སྟོབས་དང་། དབང་བསྒྱུར་གྱི་སྟོབས་གཉིས་ལས། དང་པོ་ནི། འཐབ་རྙིང་དགྲ་དང་སོགས་ཚིགས་བཅད་བདུན། གཉིས་པ་ནི། ཅི་ནས་ལས་བྱེད་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ། །གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སོགས། ལེའུ་བདུན་པའོ། ། ༈ གཉིས་པ་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལ། གཞུང་དང། མཚན་གཉིས་ལས། དང་པོ་ལའང་། མཚམས་སྦྱོར་བའི་སྒོ་ནས་མདོར་བསྟན་པ། བསམ་གཏན་གྱི་མི་མཐུན་ཕྱོགས་སྤངས་པ། བསམ་གཏན་སྒོམ་པ་དངོས་དང་གསུམ་ལས། དང་པོ་ནི། དེ་ལྟར་བརྩོན་འགྲུས་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། ལུས་དང་སེམས་ནི་སོགས་ཚིགས་བཅད་གཅིག །གཉིས་པ་རྒྱས་བཤད་ལའང་། འཇིག་རྟེན་སྤངས་པ་དང་། རྣམ་རྟོག་དོར་བ་གཉིས་ལས། དང་པོ་ལའང་། འཇིག་རྟེན་སྤངས་དགོས་པའི་རྒྱུ་མཚན་བཤད་པ་དང་། ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤངས་པར་བྱ་བ་དང་། ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤངས་པར་བྱ་བ་དང་། སྤངས་ནས་དབེན་པ་བརྟེན་ཚུལ་བཤད་པ་དང་བཞི་ལས། དང་པོ་ནི། ཆགས་པའི་ཕྱིར་དང་སོགས་ཚིགས་བཅད་གཉིས། གཉིས་པ་ནི། མི་རྟག་སུ་ཞིག་སོགས་ཚིགས་བཅད་བཅུ་གཉིས། གསུམ་པ་ནི། བདག་ནི་རྙེད་མང་སོགས་ཚིགས་བཅད་བརྒྱད། བཞི་པ་ནི། ནགས་ན་རི་དྭགས་སོགས་ཚིགས་བཅད་བཅུ་བཞི། གཉིས་པ་རྣམ་རྟོག་དོར་བ་ལའང་། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། འཇིག་རྟེན་འདི་དང་སོགས་ཚིགས་བཅད་གཅིག །གཉིས་པ་རྒྱས་བཤད་ལའང་། ནང་བུད་མེད་ཀྱི་སྲེད་པ་སྤངས་པ། ཕྱིར་རྙེད་སོགས་ཀྱི་སྲེད་པ་སྤངས་པ། དབེན་པའི་ཡོན་ཏན་དྲན་པ་དང་གསུམ་ལས། དང་པོ་ལའང་། རྒྱུ་བསྒྲུབ་དགའ་བར་བསམ་པ། ངོ་བོ་མི་གཙང་བ་ཡིན་པ། འབྲས་བུ་གནོད་པར་མང་བར་བསམ་པ་དང་གསུམ་ལས། དང་པོ་ནི། ཕོ་ཉ་ཕོ་ཉ་སོགས་ཚིགས་བཅད་གསུམ། གཉིས་པ་ནི། གང་ཞིག་དང་པོར་སོགས་ཚིགས་བཅད་ཉེར་བརྒྱད། གཉིས་པ་ཕྱི་རྙེད་སོགས་ཀྱི་སྲེད་པ་སྤངས་པ་ནི། བསགས་དང་བསྲུང་དང་སོགས་ཚིགས་བཅད་དྲུག །གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི། དེ་ལྟར་འདོད་ལ་སོགས་ཚིགས་བཅད་བཞི། གསུམ་པ་བསམ་གཏན་སྒོམ་པ་དངོས་ལ། མཚམས་སྦྱར་ཏེ་མདོར་བསྟན་པ། །བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ། ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་དང་གསུམ་ལས། དང་པོ་ནི། དེ་ལ་སོགས་པའི་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། བདག་གཞན་མཉམ་པ་བསྒོམ་ཚུལ་དང་། བདག་གཞན་བརྗེ་བ་བསྒོམ་ཚུལ་དང་གཉིས་ལས། དང་པོ་ལའང་མདོར་བསྟན། རྒྱས་བཤད། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། བདག་དང་གཞན་དུ་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་མཉམ་པ་ཇི་ལྟར་བསྒོམ་ཚུལ། དེ་ལ་རྩོད་པ་སྤངས་པ། དེ་ལྟར་གོམས་པའི་ཕན་ཡོན་དང་གསུམ་ལས། དང་པོ་ནི། ལག་པ་ལ་སོགས་སོགས་ཚིགས་བཅད་བཅུ་གསུམ། གཉིས་པ་ནི། སྙིང་རྗེས་སྡུག་བསྔལ་སོགས་ཚིགས་བཅད་གསུམ། གསུམ་པ་ནི། དེ་ལྟར་རྒྱུད་ནི་སོགས་ཚིགས་བཅད་གསུམ། གསུམ་པ་དོན་བསྡུ་བ་ནི། དེ་བས་ཇི་ལྟར་སོགས་ཚིགས་བཅད་གཅིག །གཉིས་པ་བདག་གཞན་བརྗེ་བ་ལ། རྒྱུ་མཚན་བརྗོད་པས་མདོར་བསྟན། དེ་སྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གོམས་པ་ཡིས་ནི་སོགས་ཚིགས་བཅད་གསུམ། གཉིས་པ་ལའང་། བརྗེ་ཚུལ་སྤྱིར་བསྟན་པ་དང་། གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ། བརྗེས་ནས་ཇི་ལྟར་བསྒྲུབ་པ་དང་གསུམ་ལས། དང་པོ་ལའང་། གཞན་དང་དུ་བླང་བ། བདག་གཅེས་འཛིན་དོར་བ། བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན། དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ་དང་བཞི་ལས། དང་པོ་ནི། ཇི་ལྟར་ལག་པ་སོགས་ཚིགས་བཅད་བདུན། གཉིས་པ་ནི། བདག་ལུས་གང་ལ་སོགས་ཚིགས་བཅད་བཞི། གསུམ་པ་ནི། གལ་ཏེ་ཕྱིན་ན་སོགས་ཚིགས་བཅད་དགུ། བཞི་པ་ནི། འཇིག་རྟེན་དག་ན་སོགས་ཚིགས་བཅད་དྲུག །གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་སྒོམ་པ་ལའང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དམན་སོགས་བདག་ཏུ་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། དམན་པ་དང་བརྗེས་ནས་ཕྲག་དོག་སྒོམ་པ་དང་། མཉམ་པ་དང་བརྗེས་ནས་འགྲན་སེམས་སྒོམ་པ་དང་། ལྷག་པ་དང་བརྗེས་ནས་ང་རྒྱལ་སྒོམ་པ་དང་གསུམ་ལས། དང་པོ་ནི། འདི་ནི་བཀུར་བྱས་སོགས་ཚིགས་བཅད་དྲུག །གཉིས་པ་ནི། བདག་དང་མཉམ་ལ་སོགས་ཚིགས་བཅད་བཞི། གསུམ་པ་ནི། ཉོན་མོངས་འདི་ཡང་སོགས་ཚིགས་བཅད་བཞི། གསུམ་པ་བརྗེས་ནས་ཇི་ལྟར་སྒྲུབ་པ་ལའང་། འཇམ་པོའི་སྒོ་ནས་གདམས་པ་དང་། རྩུབ་མོའི་སྒོ་ནས་ཚར་གཅོད་པ་གཉིས་ལས། དང་པོ་ནི། ཡིད་ཁྱོད་རང་དོན་སོགས་ཚིགས་བཅད་བཅུ་གསུམ། གཉིས་པ་ལའང་། ཡིད་ཚར་བཅད་པ་དང་། ལུས་ཚར་བཅད་པ་གཉིས་ལས། དང་པོ་ནི། འོན་ཏེ་དེ་ལྟར་སོགས་ཚིགས་བཅད་དྲུག །གཉིས་པ་ནི། ཇི་ལྟ་ཇི་ལྟར་སོགས་ཚིགས་བཅད་བཅུ་གཅིག །གསུམ་པ་ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་ནི། དེ་བས་བྱིས་པའི་སོགས་ཚིགས་བཅད་གསུམ། གཉིས་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སོགས་ནས་ལེའུ་བརྒྱད་པའོ། ། ༈ གསུམ་པ་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་ལ། གཞུང་དང་། མཚན་གཉིས་ལས། དང་པོ་ལའང་། ཤེས་རབ་བསྐྱེད་པ་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཡན་ལག་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། ལྟ་བ་གཏན་ལ་ཕབ་པ། སྒོམ་པས་ཉམས་སུ་བླངས་པ། གཏན་ཚིགས་གིས་སྒྲོ་འདོགས་བཅད་པ། སྟོང་ཉིད་རྟོགས་པའི་བྱེད་ལས་དང་བཞི་ལས། དང་པོ་ལའང་བདེན་གཉིས་ཀྱི་རྣམ་པར་བཞག་པ། དེ་ལ་རྩོད་པ་སྤངས་པ། ཐེག་ཆེན་མཆོག་ཏུ་སྒྲུབ་པ་དང་གསུམ་ལས། དང་པོ་ལའང་། བདེན་གཉིས་ཀྱི་དབྱེ་བ། བདེན་གཉིས་མཚན་ཉིད། བདེན་གཉིས་གཏན་ལ་འབེབས་པའི་གང་ཟག་དང་གསུམ་ལས། དང་པོ་ནི། ཀུན་རྫོབ་སོགས་ཚིགས་རྐང་གཉིས། གཉིས་པ་ནི། དོན་དམ་སོགས་རྐང་པ་གཉིས། གསུམ་པ་ནི། དེ་ལ་སོགས་རྐང་པ་དྲུག །གཉིས་པ་དེ་ལ་རྩོད་པ་སྤངས་པ་ལའང་གཞི་བདེན་གཉིས་ལ་རྩོད་པ་སྤངས་པ། ལམ་སྟོང་ཉིད་ལ་རྩོད་པ་སྤངས་པ། འབྲས་བུ་གཞན་དོན་ལ་རྩོད་པ་སྤངས་པ་དང་གསུམ་ལས། དང་པོ་ལའང་འཇིག་རྟེན་ཕལ་པའི་རྩོད་སྤངས། ཉན་ཐོས་རྣམས་ཀྱི་རྩོད་སྤངས། སེམས་ཙམ་རྣམས་ཀྱི་རྩོམ་པ་སྤངས་པ་དང་གསུམ་ལས། དང་པོ་ནི། གཉིས་ཀ་ཡང་ནི་སོགས་རྐང་པ་དྲུག །གཉིས་པ་ནི། གཟུགས་སོགས་མངོན་སུམ་སོགས་ཚིགས་བཅད་དགུ་དང་རྐང་པ་གཉིས། གསུམ་པ་ནི། གང་ཚེ་འཁྲུལ་བའང་སོགས་ཚིགས་བཅད་བཅུ་བཞི་དང་རྐང་པ་གཉིས། གཉིས་པ་ལམ་སྟོང་ཉིད་ལ་རྩོད་པ་སྤངས་པ་ལའང་། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། སྒྱུ་མ་ལྟ་བུར་སོགས་ཚིགས་བཅད་གསུམ། གཉིས་པ་ནི། གང་ཚེ་གང་ཞིག་སོགས་ཚིགས་བཅད་གཉིས། གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་པ་སྤངས་པ་ནི། ཡིད་བཞིན་ནོར་བུ་སོགས་ཚིགས་བཅད་ལྔ། གསུམ་པ་ཐེག་ཆེན་མཆོག་ཏུ་སྒྲུབ་པ་ལའང་། ལུང་ཐེག་ཆེན་བཀར་སྒྲུབ་པ་དང་། ལམ་སྟོང་ཉིད་གཉེན་པོར་སྒྲུབ་པ་གཉིས་ལས། དང་པོ་ནི། བདེན་པ་མཐོང་བས་སོགས་ཚིགས་བཅད་བཅུ་གཉིས། གཉིས་པ་ནི། རྨོངས་པས་སྡུག་བསྔལ་སོགས་ཚིགས་བཅད་ལྔ། གཉིས་པ་བསྒོམ་པས་ཉམས་སུ་བླངས་པ་ལའང་། གང་ཟག་གི་བདག་མེད་སྒོམ་ཚུལ་དང་། ཆོས་ཀྱི་བདག་མེད་སྒོམ་ཚུལ་ཏེ་གཉིས་ལས། དང་པོ་ལའང་། ལྷན་སྐྱེས་ཀྱི་བདག་སྟོང་པར་སྒོམ་ཚུལ་དང་། ཀུན་བརྟག་གི་བདག་སྟོང་པར་སྒོམ་ཚུལ་དང་གཉིས་ལས། དང་པོ་ནི། སོ་དང་སྐྲ་སེན་སོགས་ཚིགས་བཅད་གསུམ། གཉིས་པ་ལའང་། བདག་ཤེས་པར་འདོད་པ་དགག་པ་དང་། བདག་བེམ་པོར་འདོད་པ་དགག་པ་དང་། བདག་མེད་པའི་དོན་ལ་རྩོད་པ་སྤངས་པ་དང་གསུམ་ལས། དང་པོ་ནི། གལ་ཏེ་སྒྲ་ཡི་སོགས་ཚིགས་བཅད་བརྒྱད། གཉིས་པ་ནི། སེམས་མེད་པ་ཡང་སོགས་ཚིགས་བཅད་གཉིས། གསུམ་པ་ལ། བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤངས། བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤངས། བཏགས་པའི་བདག་མི་འགོག་པར་བསྟན་པ་དང་གསུམ་ལས། དང་པོ་ནི། གལ་ཏེ་བདག་ནི་སོགས་ཚིགས་བཅད་ལྔ། གཉིས་པ་ནི། གལ་ཏེ་སེམས་ཅན་སོགས་ཚིགས་བཅད་གཅིག ། གསུམ་པ་ནི། སེམས་ཅན་མེད་འབྲས་སོགས་ཚིགས་བཅད་གཉིས། གཉིས་པ་ཆོས་ཀྱི་བདག་མེད་སྒོམ་ཚུལ་ལ། ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ་དང་བཞི་ལས། དང་པོ་ལའང་། ལུས་སྤྱིར་བརྟགས་པ། ཡན་ལག་བྱེ་བྲག་ཏུ་བརྟགས་པ། དེས་ན་ལུས་ལ་ཆགས་པ་སྤངས་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ལུས་ནི་རྐང་པ་སོགས་ཚིགས་བཅད་བདུན་དང་རྐང་པ་གཅིག །གཉིས་པ་ནི། དེ་བཞིན་སོར་མོའི་སོགས་ཚིགས་བཅད་གཉིས། གསུམ་པ་ནི། དེ་ལྟར་རྨི་ལམ་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། ཚོར་བའི་ངོ་བོ་ལ་བརྟགས་པ། ཚོར་བའི་རྒྱུ་ལ་བརྟགས་པ། ཚོར་བའི་འབྲས་བུ་ལ་བརྟགས་པ། ཚོར་བ་པོ་ལ་བརྟགས་པ་དང་བཞི་ལས། དང་པོ་ནི། སྡུག་བསྔལ་དེ་ཉིད་སོགས་ཚིགས་བཅད་ལྔ། གཉིས་པ་ནི། གལ་ཏེ་དབང་དོན་སོགས་ཚིགས་བཅད་ལྔ། གསུམ་པ་ནི། གང་ཚེ་ཚོར་བ་སོགས་ཚིགས་བཅད་གཅིག །བཞི་པ་ནི། མཐོང་བའམ་ནི་སོགས་ཚིགས་བཅད་གསུམ། གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ལའང་། སེམས་རང་བཞིན་མེད་པར་བརྟགས་པ་དང་། སེམས་སྐྱེ་བ་མེད་པར་བརྟགས་པ་གཉིས་ལས། དང་པོ་ནི། ཡིད་ནི་དབང་རྣམས་སོགས་ཚིགས་བཅད་གཉིས། གཉིས་པ་ནི། ཤེས་བྱ་ལས་སྔར་སོགས་ཚིགས་རྐང་པ་དྲུག །བཞི་པ་ལའང་། ཆོས་དྲན་པ་ཉེར་བཞག་དངོས་བཤད་པ་དང་། དེ་ལ་རྩོད་པ་སྤངས་པ་དང་གཉིས་ལས། དང་པོ་ནི། དེ་ལྟར་ཆོས་རྣམས་སོགས་རྐང་པ་གཉིས། གཉིས་པ་ལའང་། བདེན་གཉིས་མི་འཐད་པའི་རྩོད་སྤངས། གཏན་ཚིགས་མེད་པའི་རྩོད་སྤངས། རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤངས་དང་གསུམ་ལས། དང་པོ་ནི། གལ་ཏེ་དེ་ལྟར་སོགས་ཚིགས་བཅད་གཉིས། གཉིས་པ་ནི། རྟོག་དང་བརྟགས་པར་སོགས་ཚིགས་བཅད་གཅིག །གསུམ་པ་ནི། གང་ཚེ་རྣམ་པར་སོགས་ཚིགས་བཅད་གཉིས། གསུམ་པ་གཏན་ཚིག་གིས་སྒྲོ་འདོགས་གཅོད་པ་ལ། དངོས་པོར་སྨྲ་བའི་སྒྲུབ་བྱེད་དགག་པ་དང་། སྟོང་པར་སྨྲ་བའི་སྒྲུབ་བྱེད་བཀོད་པ་དང་གཉིས་ལས། དང་པོ་ནི། གང་གི་ལྟར་ན་སོགས་ཚིགས་བཅད་ལྔ། གཉིས་པ་ལའང་། རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེགས་མ། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ། །འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་གསུམ་ལས། དང་པོ་ལའང་། རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ་དང་། གཞན་ལས་སྐྱེ་བར་འདོད་པ་དགག་པ་དང་། བདག་ལས་སྐྱེ་བར་འདོད་པ་དགག་པ་དང་། དོན་བསྡུ་བ་དང་བཞི་ལས། དང་པོ་ནི། རེ་ཞིག་འཇིག་རྟེན་སོགས་ཚིགས་བཅད་གཉིས། གཉིས་པ་ལའང་། གཞན་མི་རྟག་པ་ལས་སྐྱེ་བ་དང་། རྟག་པ་ལས་སྐྱེ་བར་འདོད་པ་གཉིས་ལས། སྔ་མ་བཤད་ཟིན་ནས། གཉིས་པ་ནི། དབང་ཕྱུག་འགྲོ་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཉིས། གསུམ་པ་ལའང་། གཙོ་བོ་དགག་པ་དང་། བདག་སྐྱེ་དངོས་དགག་པ་དང་གཉིས་ལས། དང་པོ་ནི། གཙོ་བོ་རྟག་པ་སོགས་ཚིགས་བཅད་བརྒྱད། གཉིས་པ་ནི། གལ་ཏེ་མེད་པ་སོགས་ཚིགས་བཅད་དྲུག་དང་རྐང་པ་གཉིས། བཞི་པ་དོན་བསྡུ་བ་ནི། དེ་བས་སོགས་རྐང་པ་དྲུག །གཉིས་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ནི། རྨོངས་པས་སོགས་རྐང་པ་བཅུ། གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི། དངོས་པོ་སོགས་ཚིགས་བཅད་དྲུག །བཞི་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལ། རང་དོན་དུ་ཆོས་བརྒྱད་མགོ་སྙོམས་པ་དང་། གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་འབྱུང་བ་གཉིས་ལས། དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས། གཉིས་པ་ནི། བདག་ཉིད་སོགས་ཚིགས་བཅད་བཅུ་གསུམ་དང་རྐང་པ་གཉིས། གཉིས་པ་ལེའུ་མཚན་ནི། བྱང་ཆུབ་སོགས་ནས་ལེའུ་དགུ་པའོ། ། ༈ བཞི་པ་དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་ལ། བསྔོ་བ་མདོར་བསྡུས་ཏེ་བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བདག་གིས་བྱང་ཆུབ་སོགས་ཚིགས་བཅད་གཅིག །གཉིས་པ་ལའང་། གཞན་དོན་ཕན་དང་བདེ་བའི་རྒྱུར་བསྔོ་བ་དང་། རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་དང་། གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་དང་གསུམ་ལས། དང་པོ་ལའང་། དམན་པ་དང་བྲལ་བར་བསྔོ་བ་དང་། མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་དང་གཉིས་ལས། དང་པོ་ལའང་། ཁམས་གསུམ་སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་དང་། ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་དང་གཉིས་ལས། དང་པོ་ནི། ཕྱོགས་རྣམས་སོགས་ཚིགས་བཅད་གཉིས། གཉིས་པ་ནི། འཇིག་རྟེན་ཁམས་ན་སོགས་ཚིགས་བཅད་བཞི་བཅུ་ཞེ་བཞིས་བསྟན། གཉིས་པ་མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་ནི། སེམས་ཅན་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས། གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི། བདག་ཀྱང་སོགས་ཚིགས་བཅད་དྲུག །གསུམ་པ་གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་ནི། འགྲོ་བའི་སྡུག་བསྔལ་སོགས་ཚིགས་བཅད་གཅིག་གིས་བསྟན། ༈ གསུམ་པ་བརྩམས་པ་མཐར་ཕྱིན་པ། མཇུག་ཡོངས་རྫོགས་པའི་དོན་སྟོན་པ་ལ། བཀའ་དྲིན་དྲན་པའི་ཕྱག་བྱ་བ་དང་། ལེའུ་མཚན་བཤད་པ། གང་གིས་བརྩམས་པའི་མཛད་བྱང་། མཇུག་ལོ་ཙཱ་བའི་འགྱུར་བྱང་བཤད་པ་དང་བཞི་ལས། དང་པོ་ནི། གང་གི་དྲིན་གྱིས་སོགས་ཚིགས་བཅད་གཅིག །གཉིས་པ་ནི། བྱང་ཆུབ་སོགས་ནས་ལེའུ་བཅུ་པའོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའི་སོགས་ནས་སློབ་དཔོན་ཤནྟ་དེ་ཝས་མཛད་པ་རྫོགས་སོ། །བཞི་པ་ནི། རྒྱ་གར་གྱི་མཁན་པོ་སོགས་ཀྱིས་བསྟན་ཏོ། །

༈ སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟབ་དང་རྒྱ་ཆེ་ཐེག་པ་མཆོག་གཞུང་ལས། །ཟབ་མོ་ལྟ་བའི་དོན་མཆོག་སྟོན་པའི་བཀའ། །ཤེས་རབ་ཕར་ཕྱིན་རྡོ་རྗེ་གཅོད་པ་དང་། །རྒྱ་ཆེན་སྤྱོད་པའི་གནད་ཀུན་ཡོངས་བསྡུས་པ། །སེམས་དཔའི་བསྟན་བཅོས་སྤྱོད་གཞུང་ས་བཅད་བཅས། །བཀའ་བསྟན་ཀུན་གྱི་གཙོར་གྱུར་རྣམ་གཉིས་ཀྱི། །དཔེ་བརྒྱའི་ཕྱི་མོར་གྱུར་པའི་པར་འདི་དག །དམ་པས་མཆོག་གྱུར་པྲཛྙཱའི་མཚན་ཅན་གྱིས། །ཐུགས་བསྐྱེད་རྣམ་དག་མཁའ་ལྟར་དྭངས་པས་བསྒྲུབས། །དགེ་དེས་རྒྱལ་བསྟན་དར་ཞིང་རྒྱས་པ་དང་། ཁྱད་པར་ཡུན་རིང་དྲིན་གྱིས་ལེགས་སྐྱོང་བའི། །ཕ་མ་དུད་འགྲོའི་སྐྱེ་གནས་ལས་ཐར་ཏེ། །ལྷ་མིའི་རྟེན་ལས་རྣམ་གྲོལ་མཆོག་ཐོབ་ཤོག །ས་བཅད་སྤར་བྱང་དང་བཅས་པ་དཔལ་སྤྲུལ་རིན་པོ་ཆེས་མཛད་པ་དགེའོ། །དགེའོ། །དགེའོ།། །།