མཁའ་འགྲོ་གསང་བ་ཀུན་འདུས་ལས། ལས་བཞིའི་སྦྱིན་སྲེག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད།

From Khyentse Lineage - A Tsadra Foundation Project
Revision as of 15:43, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-07-JA-003
Wylie title mkha' 'gro gsang ba kun 'dus las las bzhi'i sbyin sreg rab 'byams phrin las snang ba'i nyin byed JKW-KABAB-07-JA-003.pdf
Location mkhyen brtse'i bka' babs
Volume 7, Text 3, Pages 287-310 (Folios 1a to 12b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. mkha' 'gro gsang ba kun 'dus las las bzhi'i sbyin sreg rab 'byams phrin las snang ba'i nyin byed. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 7: 287-310. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Fire Offerings - sbyin sreg
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-07-JA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-065
Colophon

།ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་མཁྱེན་བརྩེའི་བདག་ཉིད་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་རིན་པོ་ཆེའི་དབུ་རུ་བྱང་ཕྱོགས་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་བདག་རྐྱེན་ལས་ཟབ་གསང་རྡོ་རྗེའི་གསེང་ལམ་གྱི་སྒྲུབ་ཆེན་གཏན་འཇགས་གནང་བའི་སྐབས་གསུང་གི་ནན་ཏན་དུ་བསྐུལ་ཞིང༌། བྲི་གཞིའི་ཤོག་དཀར། ལྷ་རྫས་ཀྱི་རྟེན་དང་བཅས་བསྩལ་བས་སྦྱིན་སྲེག་གི་ཆོ་ག་རྒྱས་པའི་ལས་འགྲིགས་སུ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་རང་ལོ་ཞེ་བརྒྱད་པ་ནག་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་དབུས་འགྱུར་འཆང་གི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ལྷུན་གྲུབ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་རྫོགས་པར་སྦྱར་བས་དགེ་ལེགས་སུ་གྱུར་ཅིག།

ces rdo rje phag mo mkha' 'gro gsang ba kun 'dus kyi las bzhi'i sbyin sreg gi cho ga rab 'byams phrin las snang ba'i nyin byed ces bya ba 'di yang mkhyen brtse'i bdag nyid dpal yul rmugs sangs mchog sprul rin po che'i dbu ru byang phyogs do skya dgon pa chos sku 'od 'bar gling du do skya mchog sprul rin po che'i bdag rkyen las zab gsang rdo rje'i gseng lam gyi sgrub chen gtan 'jags gnang ba'i skabs gsung gi nan tan du bskul zhing*/__bri gzhi'i shog dkar/__lha rdzas kyi rten dang bcas bstsal bas sbyin sreg gi cho ga rgyas pa'i las 'grigs su 'jigs med mkhyen brtse'i 'od zer rang byung 'od gsal thugs mchog rdo rjes rang lo zhe brgyad pa nag zla'i dkar phyogs kyi dga' ba dang por dbus 'gyur 'chang gi gtsug lag chen po'i shar phyogs lhun grub me tog ldum ra'i gzims shag tu rdzogs par sbyar bas dge legs su gyur cig

[edit]
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། ལས་བཞིའི་སྦྱིན་སྲེག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད་ཞེས་བྱ་བ་བཞུགས་སོ།། །།

༄༅། །རྡོ་རྗེ་ཉི་མས་འཁྲུལ་རྟོག་མུན་བསལ་སྟེ། །ཡེ་ཤེས་སྣང་བས་དངོས་གྲུབ་ཀུན་དགའི་སྐྱེས། །སྦྱིན་མཛད་བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་ཕྲིན་ལས་བཞི་ཡི་སྲེག་བླུག་སྤེལ། །དེ་ཡང་སྙིང་པོའི་རྒྱུད་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བུས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་གསུངས་པའི་དོན་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོའི་ལྷ་སྔགས་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ལས་ལྔ་ཆར་གྱི་སྔོན་འགྲོར་ས་ཡི་ཆོ་ག་བྱ་བ་སྟེ། སོ་སོའི་དུས་སྐབས་ལ་བབ་པ་དང༌། ལས་གང་ཡང་རུང་བར་བསྔགས་ཤིང་རུང་བའི་གནས་སུ་དཀར་གཏོར་དང༌། གསེར་སྐྱེམས་བཤམས་ལ། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་བསྐྱེད་བཟླས་སམ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྐུར་གྱུར། ཨོཾ་བཛྲ་བྷཱ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བཻ་ཤ་ཡ༔ ཞེས་བརྒྱ་རྩ་ཙམ་བཟླས་པས་ང་རྒྱལ་བཟུང་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །སརྦ་བྷཱུ་ཏ་གཙྪས་གནང་ཞིང་རང་གནས་གཞི་དེར་ཐིམ་པར་བསམ་ལ་གསེར་སྐྱེམས་དང་གཏོར་མ་ཕྱི་རོལ་དུ་གཙང་སར་ཕུལ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོ་ས་ལ་རེག་པས་རྩ་སྔགས་བརྒྱ་རྩ་བརྒྱད་དང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷཱ་ཧཱུྃ་ཕཊ༔ ལན་བདུན་བཟླས་ལ་ཀུན་རྫོབ་ཀྱིས་སྦྱང་བ་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཆོས་ཉིད་ལ་དྲན་པར་བཞག་ནས། ཤུ་ནྱ་ཏཱའི་སྔགས་བརྗོད་པས་དོན་དམ་གྱིས་སྦྱངས་བའོ། །གཉིས་པ་ལ་ལྔ་ལས། དང་པོ་ཞི་བའི་སྦྱིན་སྲེག་ལ། ཆོ་གར་མ་གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། ཟླ་བ་ཡར་ངོ་བཀྲ་ཤིས་པའི་ཉི་མའི་དྲོད་ཀྱི་ཆ་ལ་ཤིས་པའི་ས་ལ་འཇམ་ཞིང་ཁོད་སྙོམས་པའི་སྟེགས་བུ་དཀར་པོ་ཁྲུ་གང་ལས་མི་ཆུང་བ་གྲུ་བཞི་པ་བྱས་པའི་ངོགས་སུ་རྡུལ་ཚོན་ཁ་དོག་དཀར་པོས་ཆོས་འབྱུང་བསྣོལ་མ་རྡོ་རྭ་མེ་རི་དང་བཅས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་དབུས་སུ་བྃ་ཡིག་རིགས་ཀྱི་ཁ་དོག་ཅན་དང༌། འདབ་མ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྲོག་གི་མཚོན་བྱེད་ཧ་རི་ནི་སའི་ཡིག་འབྲུ་བཞི་འགོད། བཅད་ཚོན་ཀྱང་དམར་སྐྱ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པར་གལ་ཆེ། ཐབ་ཀྱི་ཁར་བལ་བུ། ལྕང་མ། འོམ་བུ་སོགས་འོ་མ་ཅན་གྱི་བུད་ཤིང་ངམ། བ་ཡི་ལྕི་བ་ཁ་ཁྱེར་ཆ་ཟླུམ་པོར་བརྩེགས་ལ་ཙནྡན་དཀར་པོའི་ཆུ་འོ་མ་དང་སྦྱར་བས་བྲན། ཤར་ལྷོར་མེ་ཚང་བཅའ། ཐབ་སྟེགས་ཀྱི་གྲྭ་བཞིར་མདའ་བཞི་བཙུགས་པ་སྲད་བུ་དཀར་པོ་་་་་་་་ལས་སོ་སོ་ལ་རང་མདོག་དགོས་མཆན། བསྣོལ་མར་སྤྲེལ་བ་ལ་དར་དཀར་པོས་དགབ། དེའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུག །དེ་དང་ཉེ་བར་རང་གི་མདུན་དུ་དགང་བླུགས་ཁ་སྦྱར་ལ་རྡོར་དྲིལ་ཐོད་རྔ། བསང་ཆུ། མེ་ཏོག་གི་སྣོད་ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་སོགས་དང༌། རང་གི་གཡས་སུ་སྨན་གཏོར་རཀྟ་ཉེར་སྤྱོད། འབྲས་མཆན་དངུལ་གྱི་མེ་ཏོག་དཀར་པོ་རྣམས་བསྲེས་པའི་མར་དཀར་གྱི་གཏོར་ཟླུམ་རིལ་བུས་བསྐོར་བ་དང༌། ཚོགས་ཀྱི་ཡོ་བྱད། གཡོན་དུ་བསྲེགས་རྫས་མར་ཁུ། ལས་མཐུན་གྱི་ཡམ་ཤིང་མཐོ་གང་བའི་རྩེར་མངར་གསུམ་དང་མར་ཁུས་སྦགས་པ་དང༌། དེ་བཞིན་དུ་མངར་གསུམ་སྦྱར་བའི་ཞུན་མར་དང༌། ཁྱད་པར་གྱི་རྫས་ཏིལ་དཀར་པོ་དང༌། གུར་གུམ་འོ་མར་བཅས་པའི་ཞོ་ཟན། འབྲས་མ་གྲུག་པ་དང༌། སོ་བ་གྲ་མ་མེད་པ་དང༌། ནས་དང༌། སྲན་མ་དང༌། གྲོ་དང༌། དུརྺ་དང༌། ཀུ་ཤ་དང༌། གཞན་ཡང་བཤལ་སྨན་དང༌། དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་བ་རྣམས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་རིམ་པས་ཉིས་རིམ་དུ་འགོད། སྤྲོས་པ་ལ་དགའ་ན་དར་དཀར་གྱི་ན་བཟའ་དང༌། ཤེལ་གཙོ་བོར་གྱུར་པའི་རིན་པོ་ཆེ་དཀར་པོའི་རྒྱན་གྱིས་སྤྲས་པའི་ཆས་ཞུགས་དང༌། སྒྲུབ་པ་པོ་ཁ་ཤར་དུ་ཕྱོགས་པས་སེམས་སྐྱིལ་གྱིས་ཀུ་ཤ་སོགས་གཙང་ཞིང་འཇམ་པའི་སྟན་ལ་དང་བའི་སེམས་གྱིས་འཁོད་དོ། །གཉིས་པ་ནི། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམས་བཟླས་པ་མཆོད་བསྟོད་བར་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། རབ་གནས་དང་སྒྲུབ་མཆོད་འབྲེལ་བའི་ཚེ། ཨོཾ་བྃ་བཛྲ་བྷཱ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བཻ་ཤ་ཡ༔ ཞེས་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། བསང་ཆུ་སྒྲུབ་པ་ལས་བྱང་ལྟར་རྒྱས་པའམ། བསྡུ་ན། ཨོཾ་ས་ཀརྨ་དྷཱ་ཀི་ནི་ཧཱུྃ་ཕཊ༔ ཅུང་ཟད་བཟླས་པས་བགེགས་བསང་བའི་ནུས་པ་དང་ལྡན་པར་བྱིན་གྱིས་རླབས། རྡོར་དྲིལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་པས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གཎྜེ་ཨཱཿས་དྲིལ་བུ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སཱ་བྷཱ་ཝ་ཨཏྨ་ཀོ྅་ཧྃ་གིས་རྡོར་དྲིལ་བསྣོལ་མའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང༌། གཉིས་པ་དངོས་གཞི་ལ། ཐོག་མར་མཆོད་བསྲེག་གི་རྫས་རྣམས་བསང་ཆུས་འཐོར་ཏེ། མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ཉེར་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷ་ཏུ་སརྦ་པཱུ་ཛ་ཧཱུྃ༔ ཞེས་ཕྱི་མཆོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་སརྦ་ཀརྨ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ནང་མཆོད་སྔགས་རྣམས་སོ་སོར་ལན་གསུམ་རེས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང༌། ཨོཾ་ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨྃ་ཧ། ཞེས་ལན་བདུན་དང༌། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། གཙུབ་ཤིང་ལས་བྱུང་བའམ་དགེ་འདུན་གྱི་ཚང་མང་ལས་བྱུང་བའི་མེ་དུ་བ་མེད་པའི་དཔལ་འབར་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ་གཡས་སུ་བསྐོར་ཞིང་སྦར་ལ། ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནི་ཛྭ་ལ་རྃཿ ལན་གསུམ་རླུང་གཡབ་ཀྱིས་གཡབ་ཅིང༌། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱིས་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་བིགྷྣཱན་ཤ་ཡ་ཧཱུྃ་ཕཊ། ཅེས་བསངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ་ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང༌། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ། །དེ་ནས་ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང༌། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ། ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཏོ། གཉིས་པ་ན་བགྲང་ཕྲེང༌། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྦྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། །བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང༌། མདའ་དར་བཟུང་ལ། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣེ་ཡེ་ཨ་གཙྪ་ཡ་མ་མཆོག་གི་སྐབས། ཤནྟིཾ་ཀུ་རུ་སྭཱ་ཧཱ། མདའ་དར་གཡབ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་སྤྲད། རྒྱས་པའི་སྐབས། ཨོཾ་བཛྲ་པུཥྟིཾ་ཀུ་རུ་ཨོཾ༔ དབང་གི་སྐབས། ཝ་ཤཾ་ཀུ་རུ་ཧོ༔ དྲག་པོ་ལ། གཙྪ་ཡ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ༔ ཨངྐུ་ཤ་ཛ༔ ལྕགས་ཀྱུའྀ་ཕྱག་རྒྱས་བཀུག །ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཞགས་པའི་རྒྱས་བཀུག །ཨོཾ་བཛྲ་སྥོ་ཊ་བྃ༔ ལྕགས་སྒྲོག་གི་རྒྱས་གཉིས་མེད་དུ་བྱས། ཨོཾ་བཛྲ་གཎྜེ་ཧོཿ དྲིལ་བུའི་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས༔ མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ༔ བདག་ཅག་མེ་ཏོག་སྤོས་རབ་དང་༔ སྦྱིན་བསྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏིཙྪ་ཧོ༔ ནས་ཤབྡའི་བར་གྱིས་མཆོད། ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པ༔ བདག་གཞན་དོན་གྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་འདུད༔ ཅེས་བསྟོད། བུམ་ཆུས་གཏོར་ཞིང༌། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་ཚོགས་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ དེས་དེ་རྣམས་ཀྱི་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པའི་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། དྲག་པོའི་སྐབས་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་ཞེས་དམིགས་བསལ་ཁ་བསྒྱུར་དགོས། མཆན། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལེ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང༌། ཨོཾ་པཱ་པ་ཀ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུ་སྤེལ་ཚིག་སྦྲེལ་བས་འཐུས། ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལས་ཞུ་བའི་རང་བཞིན་ཅན་རྣམས་ཞལ་དུ། ཡམ་ཤིང༌། དུརྺ། ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང༌། ཞོ་ཟན་དང༌། ཏིལ་སོགས་ཕྱག་གིས་མཚོན་པར་འབུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང༌། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང༌། ཨོཾ་བོ་ཤི་ཧསྟ་བཛྲ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད༴ ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ༴ འབྲས། ཨོཾ་བཛྲ་པུཥྟ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ༴ གྲོ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ དུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ༴ རྫས་གཞན་རྣམས་ལ། ཨོཾ་ཨ་ཧ་ར་ཨ་ཧ་ར་ཕུ་མེ་མ་ཧཱ་དར་བེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བདག་ཅག་དཔོན་སློབ་སོགས་གོང་བྱོན་སྐྱེམས་སྐབས་ལྟར་ཕུལ། དེ་དག་གི་སྐབས་སུ་དམིགས་པ་ནི་བདེ་གཤེགས་འདུས་པའི་རྩ་གཞུང་ལས། །སྲེག་རྫས་བདུད་རྩི་ཕུལ་བས་མེ་ལྷ་མཉེས་ཏེ༔ འོད་ཟེར་བྱུང་སྟེ་བདག་གི་ཐུགས་ཀར་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་པ་བསྲེགས་སྟེ༔ སླར་འོད་ཟེར་ཆུ་རྒྱུན་ལྟ་བུའི་བཀྲུས་པར་བསམ་སྟེ༔ བཤང་བའི་ལམ་ནས་འཐོན་པར་བསམ་པའོ། ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ་སྙིང་ག་ནས་བརྩམས་བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ་རྫས་ལ་བསྟིམས་པས་མཆོད་པ་ནི་མན་ངག་གོ །དེ་བཞིན་དུ་ནད་དང་དགྲ་དང་འབྱུང་པོའི་ནད་ལ་སོགས་པ་ཐམས་ཅད་ལའང་སྦྱར་བར་བྱའོ། །གལ་ཏེ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ། །ཞེས་སྐབས་འདིར་སྤྲོ་ན་དངོས་གྲུབ་བླང་བའི་དོན་དུ་དགང་བླུགས་ཀྱང་འབུལ་བར་གསུངས་པས་རྟེན་འབྲེལ་དུ་བྲིས་འབུར་ཅི་རིགས་འབུལ་ན་ལེགས་ཤིང་མ་འབྱོར་ཀྱང་ཆད་སྐྱོན་མེད་དོ། །གང་ལྟར་ཡང༌། ཨཱ་ཀ་རོའི་སྔགས་ལན་གསུམ་གྱི་གཏོར་མ་འབུལ། སྐབས་འདིར་ཐབ་ཏུ་འབུལ་མི་དགོས། བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་སུ་སྐྱོབས་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ༔ རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་༔ བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་སིམ༔ ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཡུངས་ཀར་ཐབ་ཏུ་གཏོར་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷ་ཡི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཐོག་དྲངས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱས་པའི་སྐབས་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་དང༌། དབང་ལ་འཁོར་དང་བཅས་པར་བརྟན་གཡོ་སྲིད་ཞིའི་ཡོན་ཏན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་དང༌། དྲག་པོ་ལ། འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ། ཞི་བ་ལ། ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཨོཾ་ཨཱཿཧཱུྃ་མུྃཿ ཡེ་ཤེས་ཀྱི་མེ་ལྷ་ཐབས་ཀྱི་ཤར་ལྷོ་གཤེགས་པར་གྱུར། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ། གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཀུ་ཤའི་འཐོར་གཡབ་ཀྱིས་བསང་ཆུ་འཐོར་ཞིང༌། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། ཨཱཿ སྟོང་ཉིད་འོད་གསལ་དབྱིངས་ཀྱི་མཁའ༔ ཐིག་ལེ་ཆེན་པོའི་ཀློང་ཡངས་སུ༔ རིག་པའི་ཡེ་ཤེས་རང་སྣང་བ༔ ལས་ཀྱི་དངོས་གྲུབ་ཇི་སྙེད་ཀུན༔ མོས་པ་བཞིན་དུ་འབྱུང་བའི་གནས༔ མཚན་ཉིད་ཡོངས་རྫོགས་རྡོ་རྗེའི་ཐབ༔ གོས་དཀར་ཡུམ་གྱི་ངོ་བོ་ཉིད༔ དམ་ཚིག་མེ་ལྷའི་ལྟོ་བ་དང་༔ གཉིས་མེད་མེ་ལྕེ་འཁྱིལ་བའི་དབུས༔ བྷྲཱུྃ་ལས་དྲག་པོའི་གཞལ་མེད་ཁང་༔ ཞེས་པ་ནས། སྣ་ཚོགས་པདྨ་འདབ་བཞི་གསལ༔ ཞེས་པའི་བར་རྩ་བའི་ཕྲིན་ལས་ལྟར་རོ། །སྦྱིན་སྲེག་རྐྱང་པའི་སྐབས་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་པ་ཡིན་མོད། འདིར་སྒྲུབ་མཆོད་དང་རྗེས་སུ་འབྲེལ་བའི་དབང་དུ་བྱས་ཏེ། ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་ཡི་དམ་ལྷ་སོགས། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་པའི་བར་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་ལྷ་སྔགས་རྣམས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་ལྷ་སོ་སོའི་སྔགས་བརྗོད་མཐར་གསལ་གདབ་པ་ནི། བདེ་སྟོང་ཡེ་ཤེས་རྡོ་རྗེའི་སྔགས༔ ཞེས་པ་ནས། སརྦ་མཎྜ་ལ་མ་ཧཱ་སུ་ཁ་ཨཏྨ་ཀོ྅་ཧྃ༔ ཞེས་ཕག་མོ་རིགས་ལྔ། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་ལས་དང་དམ་ཚིག་གི་ཌཱ་ཀིའི་བསྐྱེད་པའི་བར་དང༌། ཧཱུྃ༔ ཡན་ལག་བརྒྱད་དང་ལྡན་པ་ཡི་སོགས། ཧཱུྃ༔ བདེ་གཤེགས་ཀུན་གྱི་སོགས་ཀྱིས་བསྟོད་པའང་བྱ། དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས། རྒྱས་པའི་སྐབས། གསེར་གཙོ་མ་སྐུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པ་ཞེས་བསྒྱུར། དབང་གི་སྐབས། རྗེས་སུ་ཆགས་པའི་འོད་ཟེར་དམར་པོ་བདུད་རྩིའི་ཟིལ་མངར་ཅན་ཞིང་ཐམས་ཅད་དུ་སྤྲཽ་བས་རབ་འབྱམས་དབང་གི་ཕྲིན་ལས་མཛད་པར་དམིགས། ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང༌། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བྃ་བཛྲ་བྷཱ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བཻ་ཤ་ཡ༔ ཞེས་རྩ་སྔགས་བདུན་གྱིས་དགང་ཞིང༌། མཐར། ཨ་བཻ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ལན་གཅིག་སྦྱར་བས་ཕུལ། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་སྤེལ་ཚིག་མེ་ལྷའི་སྐབས་ལྟར་སྦྱར། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་རྩ་སྔགས་བྷཱ་ར་ཧིའི་མཐར། དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ལྷ་སྔགས་ལན་རེའི་མཐར། ཨོཾ་བེ་ཤེ་ཧསྟ་བཛྲ་སྭཱ་ཧཱ། ཞེས་རྫས་སྔགས་བཅུ་སོགས་ཇི་ལྟར་རིགས་པ་སྦྱར་ནས་ཕུལ་ལ། སྤེལ་ཚིག་གོང་ལྟར་སྤྲེལ། ཚུལ་དེ་ལྟ་བུའི་རྫས་གཞན་རྣམས་ཀྱང་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་བསྟུན་སྟེ་ཕུལ། བསྙེན་པ་སོགས་ཀྱི་ཁ་སྐོང་ལ། གསང་སྔགས་ཀྱི་ལྷག་ཆད་སོགས་བཟླས་པའི་ཉེས་སྐྱོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དམིགས་བསལ་དང༌། རྫས་ཏིལ་གཙོ་བོར་འབུལ་བ་སོགས་འདོད་གསོལ་དང་རྫས་མེ་སྐོང་སྐབས་ལྟར་འབུལ་ཀྱང་ལེགས། རྫས་རེ་དང་སྔགས་རེ་རེ་སྤེལ་ལ་འབུལ། སྔགས་ཉུང་ལ་རྫས་མང་བདག་གིས་སྤངས། རྫས་ཉུང་ལ་སྔགས་མང་བ་ནི་འགལ་བ་མེད་དོ་གསུངས། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ་བསབ་མི་དགོས། སྡིག་སྒྲིབ་ཐམས་ཅད་ཞི་བའི་ལས་མཛད་པར་བསམ་ལ་དམིགས་པའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན་པ་ནི་རྣོ་ལ་ངར་གྱིས་གདགས་པ་བཞིན་ནོ། །རྒྱས་པའི་སྐབས། ཐབ་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱི་གསེར་གྱི་བུམ་པ་བདུད་རྩི་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་སྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་བབ་པས་དེའི་ལུས་དང༌། ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། དབང་གི་སྐབས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གང་འདོད་པར་རང་དབང་མེད་པར་དབང་དུ་འདུས་པར་བསམ། དྲག་པོའི་སྐབས། ལྷ་ཚོགས་རྣམས་ལས་འོད་ཟེར་ནག་པོ་མེ་ལྕེ་ལྟ་བུ་འཕྲོས་པས་མཚོན་ཆའི་ཆར་བབ་པས་དགྲ་བགེགས་བརླག་པར་བསམ། སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་ཝཱསྟྲ་ཡ་སྭཱ་ཧཱ། ཞེས་གོས་གསར་པ་དང༌། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་འབུལ། གཏེར་གཞུང་གི་ཚོགས་བསྡུས་སྐབས་འདིར་སྦྱར་ཞིང་ཚོགས་ཕུད་ཐབ་ཀྱི་དཀྱིལ་དང༌། ལྷག་མ་ཐབ་ཀྱི་ཟུར་དུ་འབུལ། ནང་དང་གསང་བའི་ཚོགས་མཆོད་བྱས་པས་དེ་དང་དེའི་སྦྱིན་སྲེག་ཀྱང་ཞར་བྱུང་དུ་འགྲུབ་ཅིང་དགོས་པ་ཆེ་བར་གསུངས་པས། ཚོགས་ཀྱི་བདུད་རྩི་ཅུང་ཟད་རོལ་སྟེ། ཧོཿ སྙིང་དབུས་མི་ཤིག་ཐིག་ལེའི་ཀློང་༔ སྟོང་གསལ་འདུས་མ་བྱས་པའི་ཀློང་༔ དབྱིངས་ཀྱི་ཕོ་ཉ་འདུ་འབྲལ་མེད༔ ཡེ་ཤེས་མཁའ་འགྲོ་སྤྲིན་ལྟར་འཕྲོ༔ སྤྱི་བོར་ཛ་ལནྡྷ་ར་སོགས༔ རྩ་ཁམས་གནས་ཡུལ་དུར་ཁྲོད་དུ༔ འགྲོ་འོང་རླུང་གིས་ལས་ཀུན་བྱེད༔ བདེ་སྟོང་ཐིག་ལེ་དཀར་དམར་གཟུགས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ སྣང་སྟོང་འོད་སྐུར་ཤིགས་སེ་ཤིག༔ ཨ་ཧྃ་སྔགས་ཀྱི་རང་སྒྲར་བཅས༔ བདེ་ཆེན་བདུད་རྩིའི་བསྲེག་བླུགས་རོལ༔ ཡུལ་དང་དབང་པོ་གཉིས་མེད་པར༔ དགྱེས་མཉམ་མཆོག་གི་མཆོད་པས་བསྐང་༔ ཐ་མལ་སྣང་ཞེན་ཉམས་ཆགས་བཤགས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ དགའ་བ་བཞི་ཡི་ཡེ་ཤེས་སྤོར༔ སྟོང་པ་བཞི་ཡི་འོད་གསལ་བསྐྱེད༔ ཐམས་ཅད་ཀ་དག་གཉུག་མའི་ངང་༔ ལྷུན་གྱིས་གྲུབ་པའི་མཆོག་དབང་བསྐུར༔ བཛྲ་དྷཱ་ཏུ་ཛྙཱ་ན་ལོ་ཀ་དྷཱ་ཀི་ནཱི་མཎྜ་ལ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ ཞེས་བརྗོད་ཅིང་བསམ། དྲོད་ཐོབ་པས་གསང་བའི་ཚོགས་འཁོར་རྡོ་རྗེའི་གླུ་གར་བཅས་དགོས་པར་གསུངས་ཀྱང་ཐུན་མོང་དུ་མ་ད་ན་དང༌། ཞུན་མར་ཅུང་ཟད་ཀྱི་སྐུ་མཉེས་སྙིང་གར་བྱུགས་ཤིང༌། ཧོཿ ཤེས་རབ་པདྨ་ཨེ་ཡི་དབྱིངས༔ ཐབས་ཀྱི་རྡོ་རྗེ་ཝྃ་ཡིག་གཟུགས༔ སྙོམས་འཇུག་བདེ་བའི་མཆོད་སྤྲིན་གྱིས༔ ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་དབྱིངས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཟག་མེད་དགྱེས་པ་ཆེན་པོ་བསྐྱེད༔ སྣང་སེམས་འཕོ་བའི་བག་ཆགས་སྦྱོངས༔ ཟག་བཅས་ཐིག་ལེ་སྲེད་ཞེན་སྒྲོལ༔ རྒྱུ་འབྲས་གཉིས་སུ་མ་ཕྱེད་པའི༔ བཅུ་དྲུག་དགའ་བའི་ཕོ་ཉ་མོས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤེལ༔ དྭངས་མ་མི་ཤིག་གསུམ་ལྡན་གྱིས༔ འཇའ་ལུས་རྡོ་རྗེའི་གོ་འཕང་ལ༔ མངོན་པར་བྱང་ཆུབ་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ་ཨ་ཧྃ༔ ཞེས་པའི་དོན་སྒོམ་ནས་མཐར་ཐུག་དེ་ཁོ་ན་ཉིད་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་པས་སོ་སོའི་དབང་པོའི་ཁྱད་པར་བཞིན་དངོས་དང་རྗེས་མཐུན་གྱི་དགོས་པ་དང་ཕན་ཡོན་ཐོབ་པར་འགྱུར་རོ། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་སོགས། ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང༌། ཨོཾ་ཨཱཿཧཱུྃ་མཱུཾ་ཞེས་བརྗོད་ཅིང༌། སྒྲུབ་མཆོད་དང་སྦྲཻལ་ཚེ། དཀྱིལ་འཁོར་པའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་དུ་གཤེགས་པར་བསམ་ཞིང༌། མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ནི་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་མཐུན་མོང་མ་ཡིན་པའི་སྐབས་འདིར་དམ་དབྱེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན་རང་ལ་བསྟིམ་པས་མི་ཤིག་པའི་ཐིག་ལེར་རོ་གཅིག་ཏུ་བསམ་ཀྱང་ལེགས་སོ། །གསུམ་པ་ནི། ལས་སྔགས་ཀྱིས་བསངས། །བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། དེ་ནས་དགང་བླུགས། མེ་ལྷ་ཞལ་ཅུང་ཟད་འཛུམ་པ་དང་བཅས་པས་སོགས་གཤེགས་སྐྱེམས་བདུན་ལྔ་གསུམ་གང་འོས་འབུལ། གོས་ཟུང་དང༌། སོ་རྩི་བཅས་འདས་པའི་མེ་ལྷའི་སྐབས་ལྟར་དང་རྫས་ལྷག་རྣམས་སོ་སོའི་སྔགས་ལྔའམ་གསུམ་རེའི་མཐར། ཨོཾ་བཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས༔ རྫས་དང་ཡོ་བྱད་མ་ཚོགས་པ་དང་༔ ཏིང་འཛིན་མ་གསལ་བ་དང་༔ ཆོ་ག་ལྷག་པ་དང་༔ ཉམས་པ་དང་༔ ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བས་འབུལ། རྫས་སོ་སོར་མི་ལྡང་ན་གཅིག་ཏུ་བསྡུས་ནས་འབུལ་ཀྱང་རུང་བར་གསུངས། སྦྱིན་སྲེག་གི་ཆོ་ག་རྒྱུན་དུ་བྱེད་ན་རྫས་ལྷག་བཞག་རྒྱུ་རུང༌། མི་བྱེད་ན་སྐབས་འདི་ཉིད་དུ་ཞིབ་པར་འབུལ་གསུངས་སོ། །མཐར། ཨོཾ་ཨགྣེ་དེ་ཝ་པུཥྤེ་ནས་ ཤབྡ་པྲ་ཏཱིཙྪ་ཧོཿ ཞེས་ཉེར་སྤྱོད་ཀྱི་མཆོད་ཅིང༌། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀ་རོས་སྔར་སྨོས་པའི་གཏོར་མ་ཐབ་ཏུ་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ། ཨོཾ་མཱུྃ༔ ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ་ཞིང༌། དགེ་རྩ་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་རྒྱས་སུ་བྱའོ། །དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་སོགས་མི་བྱ་བར་རང་ཞིར་འཇུག །ལོང་སྐབས་མ་བྱུང་ན་འོ་མ་དང་དྲི་བཟང་གི་ཆུས་གཞིལ། ཐལ་སོལ་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ས་ཆོག་ཞི་བའི་སྐབས་ལྟར་སྔོན་དུ་འགྲོ་བས། ཚོང་འདུས་དང་རྒྱལ་པོའི་བང་མཛོད་ཀྱིས་སྟེགས་ལ། རྡུལ་ཚོན་སེར་པོའི་མདོག་ཅན་གྱི་ཐབ་བཅད་ཚོན་དུར་སྨྲིག་གིས་བྱས་པའི་སྟེང་དུ་རྟར་ག་དང༌། ཤུག་པ་སོགས་འབྲས་ཅན་མདོག་སེར་ཞིང་དྲི་བཟང་བ་འོ་མ་ཅན་གང་འབྱོར་གྱྀ་བུད་ཤིང་གྲུ་བཞི་པར་བརྩིགས། གུར་གུམ་གྱི་ཆབ་ཀྱིས་བྲན་པ་ཁྲུ་དོ་ཙམ་བརྩིགས། རྫས་སྤྱིར་སྔ་མ་ལྟར་ཚོགས་པ་དང༌། བྱེ་བྲག་ཏུ་ཚེ་རྒྱས་པ་ལ་དུརྦ། ཤེས་རབ་རྒྱས་པ་ལ་དྲི་བཟང་དང་ལྡན་པའི་མེ་ཏོག་སེར་པོ། བསོད་ནམས་རྒྱས་པ་ལ་ཟས་མཆོག །འབྱོར་པ་རྒྱས་པ་ལ་རས་དར་ཟབ་འབྲུ་སྨན། རིགས་བརྒྱུད་རྒྱས་པ་ལ་ཤིང་ཐོག །སྐྱོན་མེད་རྣམས་གང་རྒྱས་པར་འདོད་པ་དེ་གཙོ་བོར་བྱ། སྣོད་ཀྱང་རིན་པོ་ཆེའི་རིགས་སེར་པོ་དང་གྲུ་བཞི་བྱ། སྟེགས་ཁེབ་དང་སྒྲུབ་པོའི་ཆས་གོས་སེར་པོ་བྱ་བས་བཟང་པོའི་འདུག་སྟངས་ཀྱིས་ཁ་ལྷོར་ཕྱོགས་པར་འདུག །རྗེ་རིགས་ཀྱི་ཁྱིམ་ལས་བྱུང་བའམ་ནོར་བུ་ལས་བྱུང་བའི་མེ་སྦར། ཐབ་ལྷ་བསྐྱེད་སྐབས། ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང༌། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་སེར་པོ་ལས་དབྱུག་ཐོ་སེར་པོ་རྃ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན་ཤ་སྐེམ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ་སོགས་ལྷ་བསྐྱེད་ནས་བརྩམས་འཇིག་རྟེན་དང་འདས་པའི་མེ་ལྷ་མཆོད་ཚུལ་སྔར་ཞི་བའི་སྐབས་ལྟར་ལ། དམིགས་བསལ་གྱི་ཁ་བསྒྱུར་སྐབས་ཐོབ་མཆན་གྱིས་གསལ་བ་ལྟར་ཤེས་པར་བྱ་ཞིང༌། སྦྱིན་སྲེག་བྱས་པའི་མེ་དཀྲུགས་གདལ་སོགས་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་དྲི་སེར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་མཛོད་ཕུག་དང༌། གཙུག་ལག་གི་ཕུག་ཏུ་སྦ་བའོ། །གསུམ་པ་དབང་གི་སྦྱིན་སྲེག་ནི། ས་ཆོག་སྔོན་དུ་འགྲོ་བས་ཚོང་འདུས་དང་སྨད་ཚོང་མའི་གནས་ཀྱི་ས་ལས་བྱས་པའི་ཐབ་སྟེགས་གྲུ་བཞི་པར་རྡུལ་ཚོན་དམར་པོའི་བཅད་ཚོན་ཀྱང་དམར་སྐྱ་ལ་སོགས་པས་བྱ། ཙནྡན་དམར་པོ་དང༌། སེང་ལྡེང༌། འོ་སེ། མཛོ་མོ་ཤིང་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་ཟླ་གམ་དུ་ཁྲུ་གང་བརྩིགས། སྟེགས་ཁེབས་དང༌། སྒྲུབ་པ་པོའི་ཆས་གོས་ཁ་དོག་དམར་པོ་དང༌། སྣོད་ཀྱང་གཙོ་བོར་ཟངས་དང་དབྱིབས་ཟླ་གམ་ཅན་དུ་བྱ། དབང་གི་ལས་དམིགས་བསལ་ལ་ཙནྡན་དམར་པོའམ་ཟངས་ཀྱི་བྱང་བུར་གསེར་རམ་མཚལ་གྱིས་རྩ་སྔགས་ཤམ་བུར། ཨ་ནྲྀ་ཏྲི་དུང་དུང་ཛཿཛཿ ཆེ་གེ་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲིས་པ་གང་མང་བསགས། རྫས་ཐམས་ཅད་ཁ་དོག་དམར་པོར་བཅོས། སློབ་དཔོན་ཁ་ནུབ་ཏུ་ཕྱོགས་པས་པད་སྐྱིལ་གྱིས་འདུག་ཅིང་ཆགས་པའི་སེམས་དང་སྒེག་ཉམས་བྱ། སྨད་ཚོང་གི་ཁྱིམ་ལས་བྱུང་བའི་མེ་དུ་བ་མེད་པས་སྤར། མེ་ལྷ་བསྐྱེད་སྐབས། ཧཱུྃ་ལས་དབང་གི་ཐབ་ཁུང་ཁ་དོག་དམར་ཞིང་དབྱིབས་ཟླ་གམ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཨུཏྤལ་དམར་པོ་དང༌། ཁ་ཁྱེར་ལ་པདྨའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་དམར་པོ་ལས་དབྱུག་ཐོ་དམར་པོ་རྃ་གྱིས་མཚན་པར་གྱུར་སྟེ། དེ་ལས་མེ་ལྷ་དམར་པོ་དྲང་སྲོང་གི་ཆ་བྱད་ཅན་ཤ་སྐེམ་ཚངས་པའི་སྐུད་པ་དམར་པོ་དང་ལྡན་སོགས་ཞི་བའི་སྐབས་ལྟར་ལ། དམིགས་བསལ་གྱི་ཁ་བསྒྱུར་དཀྱུས་སུ་འཁོད་པའི་མཆན་ལྟར་དང༌། སྲེག་ཐལ་སྡོད་ལོང་ཡོད་ན་རང་ཞི། མེད་ཚེ་ཆང་དང་སྦྱར་བའི་ཆུས་གཞིལ། ཐལ་བ་རི་མཐོན་པོའི་རྩེར་རླུང་ལ་བསྐུར་བའི་ཁྱད་པར་དམིགས་སུ་བསལ་བའོ། །བཞི་པ་དྲག་པོའི་སྦྱིན་སྲེག་ནི། ས་ཡི་ཆོ་ག་དང་ལྡན་པས་དུར་ཁྲོད་བརྒྱད་དང་འཕུང་ཤུལ་ལས་བཅོས་པའི་ས་སྟེགས་གྲུ་བཞི་པའི་སྟེང་རྡུལ་ཚོན་ནག་པོ་བཅད་ཚོན་སྔོ་སྐྱས་བྱས་པའི་ཐབ་འདུ་བྱ། སྐྱེར་པ་ལ་སོགས་པའི་དུག་དང་ཚེར་མ་ཅན་གྱི་ཤིང་སོར་ཉི་ཤུ་པ་གྲུ་གསུམ་དུ་བརྩིགས། སྟེགས་ཁེབ་དང་སྒྲུབ་པ་པོའི་ཆས་གོས་ནག་པོ་དང༌། དྲག་པོའི་རྫས་བདུན་ནི། མེ་སྲོག་འཛིན་པའི་རྫས་སྐྱེར་པ་དང་ཚེར་མ་ཅན་གྱི་དྲག་པོའི་ཤིང་གི་ཡམ་ཤིང་ཟུར་གསུམ་སོར་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྦག་པ། རྩ་བའི་རྫས་འབྱོར་ན་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ། མིང་རུས་བླ་དྭགས་གནད་ཡིག་དང་བཅས་པ་དྲུག་ཅུ་རྩ་བཞི་སོགས་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་བསྲེས་པའི་རིལ་བུ་མིང་རུས་ཅན། གནད་དབབ་རྫས་སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ་བཅས། གསོད་པའི་རྫས་ལྕགས་ཟངས་རྡོ་རྗེའི་ཕྱེ་མ། མྱོས་པའི་རྫས་མར་ནག་མོ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་ཀར་ཚ་བ་གསུམ་བཅས། ལྕགས་ཀྱི་སྣོད་གྲུ་གསུམ་པ་འབའ་ཞིག་བྱ། ལྕགས་དང་རྡོ་ཕྱེ་ཤ་ཆེན་གྱིས་སྦག་པའི་གཏོར་མ་གྲུ་གསུམ་རོ་སོལ་གྱིས་ནག་པོ་བྱས་པ་དང༌། དྲག་པོའི་ཉེར་སྤྱོད་ཀྱང་བཤམས། མཆོད་སྲེག་གི་རྫས་གཡས་གཡོན་མགོ་ལྡོག་ཏུ་བཀོད། སློབ་དཔོན་ཁ་བྱང་དུ་ཕྱོགས་བས་རུས་སྦལ་གྱིས་འདུག་སྟངས་དང་ཁྲོ་ཞིང་འཚིགས་པའི་སེམས་བྱ། ཤན་པའམ་དུར་ཁྲོད་ལས་བྱུང་བའི་མེ་སྦར་ལ། ལྷ་བསྐྱེད་སྐབས། ཧཱུྃ་ལས་དྲག་པོའི་ཐབ་ཁུང་ནག་པོ་དབྱིབས་གྲུ་གསུམ་མུ་རན་ཁ་ཁྱེར་དང་བཅས་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་རྭ་གདེང་བ་ཅན་གྱི་ཁ་ཁྱེར་དང་ཟུར་བཞིར་རལ་གྲིས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང༌། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ནག་པོ་ལས་དབྱུག་ཐོ་ནག་པོ་རྃ་གྱིས་མཚན་པར་གྱུར་སྟེ་དེ་ལས་མེ་ལྷ་ནག་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་རོ་སྐྲའི་ཚངས་སྐུད་ནག་པོ་དང་ལྡན་པ་སོགས་སྔ་མ་རྣམས་ལྟར། འདོད་གསོལ་རིགས་ཁ་བསྒྱུར་བཅས་བྱ་ཞིང༌། ལོང་སྐབས་ཡོད་མེད་གང་ལྟར་ཡང༌། མེ་དུག་ཁྲག་གིས་གཞིལ་ཏེ་ལམ་གྱི་བཞི་མདོར་མནན་པའི་ཁྱད་པར་རོ། །ལྔ་པ་མཆོག་གི་དངོས་གྲུབ་གཙོ་བོར་བྱེད་པ་ལ་རྒྱལ་རྫས་འདོད་གསོལ། བསྐྱེད་ཆོག་རྣམས་རྒྱས་པ་དང་མཚུངས་ཤིང༌། ཁྱད་པར་གྱི་རྫས་བདུད་རྩི་ཆོས་སྨན་དང་མཱ་ད་ན་སིནྡྷུ་ར་རྣམས་བསྲེས་པའི་ཟས་མཆོག་ལ་གཙོར་བྱ་གསུངས་སོ། །དེ་ལྟར་བཤད་ཉིད་རྡོ་རྗེ་ཕག་མོ་རྩ་བའི་དཀྱིལ་འཁོར་གྱི་ལྷ་སྔགས་ལ་སྦྱར་ཚུལ་ཡིན་ཀྱང་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་མཆོག་གི་ཞལ་ནས་སྤྱིར་ཕག་མོ་རིགས་གང་ལ་བསྟེན་ཀྱང་ལས་ཐམས་ཅད་སྒྲུབ་ཏུ་རུང་མོད་གཙོ་བོར་ཕག་མོ་དཀར་མོ་ཞི་བ། སེར་མོས་རྒྱས་པ། དམར་མོས་དབང༌། ལྗང་མོས་དྲག་པོ། ནག་མོས་ལྷ་མཆོག་གི་ལས་ལ་སྦྱར་བས་ལེགས་ཤིང༌། ཞེས་གསུངས་པ་ལྟར་ལྷ་སྔགས་རིགས་ལྔའི་མཁའ་འགྲོའི་སོ་སོའི་ཕྲིན་ལས་དང་སྔར་ལྟར་ཕུལ་ཀྱང་རིགས་དང་ལྷ་ཡི་ངེས་པས་ཆེས་ཟབ་ཅིང་མྱུར་ཕྱིར་སྐལ་ལྡན་དག་གིས་འདོད་ན་ཆོ་གའི་སྤྱི་ཆིངས་འདི་ཉིད་ཀྱིས་ཁོག་ཕུབ་ནས་སྒོས་བཀའ་སོ་སོར་སྦྱོར་ཆོག་པ་ཡོད་དོ། །སྤྱྀར་བཀའ་གཏེར་ཀུན་ནས་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང༌། ལས་ཀྱི་རྣོ་འདོན་སྲེག་བླུག་གི་ཆོ་ག་འདི་ཉིད་ཆེད་དུ་བསྔགས་ཤིང་བསྟན་པས་འདི་གཉིས་ཀ་ཚང་བས་ལྷག་པར་ཟབ་འགྱུར་ཆེ་བའི་རྒྱུ་མཚན་གྱིས་སྒྲུབ་པ་ཆེན་པོའི་སྐབས་སུ་ཉིན་དང་པོའི་སྐབས་དྲག་པོའི་སྦྱིན་སྲེག །ཉིན་གསུམ་པ་ལ་དབང༌། དངོས་གྲུབ་ལེན་པའི་སྔ་རོལ་དུ་རྒྱས་པ། བདུད་རྩི་སྒྲུབ་པའི་སྐབས་ལྟ་བུར་མཆོག །གྲོལ་རྗེས་ཞི་བ་བཅས་ཕྱག་བཞེས་སུ་བསྟར་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །རང་བྱུང་ལྷན་སྐྱེས་ཡེ་ཤེས་ཆེས་མྱུར་མེས། །འཁྲུལ་རྟོག་བུད་ཤིང་ཟོས་དང་ལྷན་ཅིག་པར། །དངོས་གྲུབ་སྣང་བ་སྦྱིན་པའི་ཆོ་གའི་ཚུལ། །བརྩམས་འདིས་ལས་ཀུན་འདོད་རྒུར་དབང་བྱེད་ཤོག །ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་མཁྱེན་བརྩེའི་བདག་ཉིད་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་རིན་པོ་ཆེའི་དབུ་རུ་བྱང་ཕྱོགས་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་བདག་རྐྱེན་ལས་ཟབ་གསང་རྡོ་རྗེའི་གསེང་ལམ་གྱི་སྒྲུབ་ཆེན་གཏན་འཇགས་གནང་བའི་སྐབས་གསུང་གི་ནན་ཏན་དུ་བསྐུལ་ཞིང༌། བྲི་གཞིའི་ཤོག་དཀར། ལྷ་རྫས་ཀྱི་རྟེན་དང་བཅས་བསྩལ་བས་སྦྱིན་སྲེག་གི་ཆོ་ག་རྒྱས་པའི་ལས་འགྲིགས་སུ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་རང་ལོ་ཞེ་བརྒྱད་པ་ནག་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་དབུས་འགྱུར་འཆང་གི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ལྷུན་གྲུབ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་རྫོགས་པར་སྦྱར་བས་དགེ་ལེགས་སུ་གྱུར་ཅིག། །།

Footnotes

Other Information