ཤཱ་རི་གསང་ཆེན་གནས་ཀྱི་མདོ་བྱང་།

From Khyentse Lineage - A Tsadra Foundation Project
Revision as of 08:38, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title shA ri gsang chen gnas kyi mdo byang JKCL-KABUM-10-THA-029.pdf
Location chos kyi blo gros bka' 'bum
Volume 10, Text 29, Pages 271-274 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. shA ri gsang chen gnas kyi mdo byang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 271-274. Bir, H.P.: Khyentse Labrang, 2012.
Genre Pilgrimage Guides - gnas yig
Colophon

ཅེས་པའང་ཤིང་ལུག་ཁྲུམ་ཟླ་༧ཚེས་༡༠ལ་རྩོལ་མེད་དུ་གནས་དེའི་མདུན་རོལ་བདེ་ཆེན་ཐང་དུ་ཤར་མར་བྲིས་པ་དགེའོ།

ces pa'ang shing lug khrum zla 7tshes 10la rtsol med du gnas de'i mdun rol bde chen thang du shar mar bris pa dge'o/

1 Texts in this Section (sde tshan or chos tshan)

[edit]
༄༅། །དྷི༽། ཤཱ་རི་གསང་ཆེན་གནས་ཀྱི་མདོ་བྱང་། རང་བྱུང་པདྨ་རྒྱལ་ལ་འདུད༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ནི༔ བསིལ་ཚལ་གཉིས་པ་གསང་ཆེན་ཞིང་༔ བཀོད་པ་ཁྱད་འཕགས་ལྷུན་གྱིས་གྲུབ༔ ཙིཏྟ་གསང་བའི་ས་འཛིན་སྤོ༔ རི་རྒྱལ་ལྷུན་པོ་བརྗིད་ཆགས་པ༔ ལྟ་ན་སྡུག་པའི་བྱང་གི་ཕྱོགས༔ ཕྱོགས་མཚམས་གནས་ཡུལ་བཀོད་པ་དང་༔ ངོ་མཚར་ཁྱད་འཕགས་ལྷུན་ཆགས་པ༔ གཡུ་ལུང་རྡོ་རྗེའི་བྲག་གི་ར༔ པདྨ་བཀོད་དང་གཉིས་མེད་པ༔ ལྷུན་རྫོགས་གསང་བའི་གནས་མཆོག་དེར༔ རང་བྱུང་སྦས་གནས་ཁྱད་དུ་འཕགས༔ དབུས་ན་ཟངས་མདོག་དཔལ་གྱི་རི༔ རྩ་གསུམ་དཔའ་བོ་མཁའ་འགྲོ་བཞུགས༔ ཤར་ན་རྡོ་རྗེ་བཀོད་པ་དང་༔ ལྷོ་ན་རིན་ཆེན་བརྩེགས་པ་དང་༔ ནུབ་ན་པདྨ་དགའ་བ་འཁྱིལ༔ བྱང་ན་དྲག་ཤུལ་རྔམ་ཆེན་སྒྲོགས༔ ཤར་ལྷོ་ཕུར་པའི་ཕོ་བྲང་དང་༔ ལྷོ་ནུབ་བམ་ཆེན་བརྩེགས་པའི་རི༔ ནུབ་བྱང་དགའ་བ་འཁྱིལ་བའི་ལུང་༔ བྱང་ཤར་མ་མོའི་སྦས་ལུང་དང་༔ གཞན་ཡང་ལུང་ལྔ་རྫོང་གསུམ་སོགས༔ ངོ་མཚར་བསམ་མི་ཁྱབ་པ་དང་༔ དབུས་རི་པདྨ་བདག་དང་ནི༔ རྗེ་འབངས་ཡོངས་སུ་རྫོགས་པ་ཡི༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་ཕུག༔ ཕོ་བྲང་གཞལ་མེད་ཁང་ཆེན་གྱི༔ ཕུག་ན་རང་བྱུང་བརྡ་ཡིག་བདུད་རྩིའི་ཆུ༔ དཔལ་ཆེན་བཀའ་བརྒྱད་བཀའ་འདུས་དང་༔ རྩ་གསུམ་དགོངས་པ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ཚོགས་རང་བྱོན་དང་༔ ཉེ་ལོག་ཕག་མོ་གསང་བའི་ཕུག༔ མཁའ་འགྲོ་དགོངས་འདུས་ལྷ་ཚོགས་དང་༔ ཆོས་སྐྱོང་དགོངས་པ་འདུས་པ་ཡི༔ གསང་བའི་ཕུག་པ་ཆེན་པོ་ཡོད༔ རང་བྱུང་ཐུགས་རྗེའི་སྒྲུབ་ཕུག་ཏུ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དང་༔ རིག་འཛིན་བརྒྱད་དང་རྗེ་འབངས་ཀྱི༔ སྒྲུབ་པའི་བྲག་གི་བ་གམ་དང་༔ ངོ་མཚར་ཆོས་གཏེར་སྣ་ཚོགས་དང་༔ ཟབ་མོའི་གཏེར་ཆེན་ཉེར་ལྔ་དང་༔ གཏེར་ཕྲན་བསམ་མི་ཁྱབ་པ་སྦས༔ ཤིན་ཏུ་གཉེན་པའི་མཚོ་ཆེན་གསུམ༔ གབ་པའི་མཚོ་མོ་མང་པོ་དང་༔ ཀླུ་རྒྱལ་དུང་སྐྱོང་རོལ་པའི་གནས༔ འོ་མའི་མཚོ་དང་ཤེལ་གྱི་བྲག༔ བདུད་རྩིའི་བུམ་པ་བཟང་པོ་སོགས༔ ཉམས་དགའ་བག་ཕེབས་ཡིད་དུ་འོང་༔ ས་མ་ཡ༔ དེ་ལྟའི་བཀྲ་ཤིས་འབྱུང་བའི་གནས༔ སྦས་གནས་ཆེན་པོ་འདི་ཉིད་ནི༔ བོད་ཡུལ་གནས་ཆེན་ཀུན་ལས་འཕགས༔ རྩ་གསུམ་མཁའ་འགྲོ་སྤྲིན་ལྟར་གནས༔ ཆུ་བོ་རུ་ལུའི་སྒྲ་དང་ལྡན༔ སྨན་དང་རྩི་ཤིང་ནགས་ཚལ་རྒྱས༔ འདོད་རྒུ་ཕུན་སུམ་ཚོགས་པའི་གནས༔ མཐོང་བས་ལས་ཀྱི་སྒྲིབ་པ་དག༔ ཚོགས་འཁོར་གཅིག་གི་མཁའ་འགྲོ་སྟོང་༔ བཤོས་དྲངས་མཉམ་པའི་བསོད་ནམས་ཐོབ༔ བསྐོར་བས་ནད་གདོན་བགེགས་རྣམས་ཞི༔ ཟབ་མོ་བསྙེན་དང་སྒྲུབ་པ་ཡི༔ མཐའ་དམག་དུས་ཀྱི་འཚུབ་འགྱུར་བཟློག༔ བསྟན་འཛིན་སྐྱེས་རྣམས་སྐུ་ཚེ་བསྲིངས༔ འཇིག་རྟེན་ཁམས་ཀུན་བདེ་བར་འགྱུར༔ ས་མ་ཡ༔ གནས་ཀྱི་མདོ་བྱང་སྙིང་པོ་འདི༔ ཆོས་རྒྱལ་ལང་གྲོའི་ཐུགས་ལ་བསྟིམ༔ མ་འོངས་ཆེར་སྙིགས་རྒུད་པའི་དུས༔ རིག་འཛིན་གནས་ཡུལ་བགྲོད་པའི་ཚེ༔ ཕྱོགས་དེར་ལྷུངས་བས་རྐྱེན་བྱས་ཏེ༔ ངེས་གསང་རིག་པའི་བརྡའ་ཡི་སྒོར༔ གསལ་ཚེ་ཤིན་ཏུ་སྣང་བ་བྱས༔ དེས་ནི་རྟེན་འབྲེལ་ཕུན་སུམ་ཚོགས༔ སྐལ་བ་བཟང་རྣམས་གྲོལ་བར་འགྱུར༔ ས་མ་ཡཿ ཅེས་པའང་ཤིང་ལུག་ཁྲུམ་ཟླ་༧ཚེས་༡༠ལ་རྩོལ་མེད་དུ་གནས་དེའི་མདུན་རོལ་བདེ་ཆེན་ཐང་དུ་ཤར་མར་བྲིས་པ་དགེའོ། །༈། གླང་ལོའི་ཟླ་ཚེས་ལ་རྨི་ཉམས་འདྲེས་མའི་སྣང་ཆར། བ་སོ་ལྟ་བུ་ནར་མོ་ལས་གྲུབ་པའི་སྔགས་སྲུང་མའི་སྐུ་ཉལ་ཐབས་ཡོད་པ་ཞིག་གི་ལུང་སྟོན་པ། ཤར་ཕྱོགས་བདེ་ཆེན་པདྨ་བརྩེགས་པ་ཞེས། །བྲག་རི་དམར་པོ་གནམ་དུ་བསྙེགས་པའི་ཞོལ། །བཻ་རོའི་སྒྲུབ་ཕུག་ཟླ་གམ་འཁྱིལ་པ་དེར། །མཚལ་གྱི་གཡུང་དྲུང་བརྡའ་ཡི་རི་མོ་ཡོད། །ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་དུས་ལའོ། །ཞེས་པ་ཚིག་རིས་ཅུང་ཟད་ཉམས་ཡོད་ན་ལས་དོན་དེ་བཞིན་བྱུང་སྣང་ཤར། ། ༈ ཤེས་ཉམས་ཟ་ཟའི་འཆར་ལུང་། ས་ཁྱི་ཟླ་༧པའི་ཚེས་༡༩སྔ་ཆར་རྡོ་རྗེ་གླིང་དུ་ཡོད་སྐབས་རིག་ཁམས་དྭངས་པར། ཤར་གླང་ཆེན་འགྱིང་འདྲའི་གངས་ཀྱི་རྩེར། །རྗེ་དུས་གསུམ་སངས་རྒྱས་བཞུགས་པའི་གནས། །གཙུག་ལག་ཁང་མི་ཆུང་ཙམ་བཞེངས་ན། །སྤྱིར་སངས་རྒྱས་བསྟན་ལ་ཕན་པ་དང་། །སྒོས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ། །ཞེས་ཐོལ་དྲན་དུ་བྱུང་བའོ།། །། ༈ ས་འཛིན་ཡོངས་ཀྱི་རྒྱལ་པོ། །གངས་ཅན་རི་ཡི་སྟེང་འདིར། །དུས་གསུམ་སངས་རྒྱས་གཙོར་གྱུར། །བཞུགས་པའི་ལྷ་ཁང་བཞེངས་ནས། །མཆོད་པའི་ཕྲེང་བ་ཚུགས་ན། །འཛམ་གླིང་སྤྱི་དང་བོད་ཁམས། །བདེ་སྐྱིད་དཔལ་ཡོན་རྒྱས་འོང་། །དེ་སྐད་དུ་ཡང་བརྗོད་པ་འདི། །དོན་དང་ལྡན་མིན་གང་ཡིན་ཀྱང་། །སྐབས་སུ་བརྡོལ་བའི་མགྲིན་གླུ་ཐལ། །གཞན་ལ་བཤད་པ་དགོས་པས་དབེན། །རྟེན་འབྲེལ་ངང་གིས་འགྲིགས་ན་བཟང་།། །།
[edit]

@#/__/d+hi)/__shA ri gsang chen gnas kyi mdo byang /__rang byung pad+ma rgyal la 'dud:__o rgyan rang byung dur khrod ni:__bsil tshal gnyis pa gsang chen zhing :__bkod pa khyad 'phags lhun gyis grub:__tsit+ta gsang ba'i sa 'dzin spo:__ri rgyal lhun po brjid chags pa:__lta na sdug pa'i byang gi phyogs:__phyogs mtshams gnas yul bkod pa dang :__ngo mtshar khyad 'phags lhun chags pa:__g.yu lung rdo rje'i brag gi ra:__pad+ma bkod dang gnyis med pa:__lhun rdzogs gsang ba'i gnas mchog der:__rang byung sbas gnas khyad du 'phags:__dbus na zangs mdog dpal gyi ri:__rtsa gsum dpa' bo mkha' 'gro bzhugs:__shar na rdo rje bkod pa dang :__lho na rin chen brtsegs pa dang :__nub na pad+ma dga' ba 'khyil:__byang na drag shul rngam chen sgrogs:__shar lho phur pa'i pho brang dang :__lho nub bam chen brtsegs pa'i ri:__nub byang dga' ba 'khyil ba'i lung :__byang shar ma mo'i sbas lung dang :__gzhan yang lung lnga rdzong gsum sogs:__ngo mtshar bsam mi khyab pa dang :__dbus ri pad+ma bdag dang ni:__rje 'bangs yongs su rdzogs pa yi:__tshom bu tshogs kyi sgrub pa'i phug:__pho brang gzhal med khang chen gyi:__phug na rang byung brda yig bdud rtsi'i chu:__dpal chen bka' brgyad bka' 'dus dang :__rtsa gsum dgongs pa 'dus pa yi:__dkyil 'khor lha tshogs rang byon dang :__nye log phag mo gsang ba'i phug:__mkha' 'gro dgongs 'dus lha tshogs dang :__chos skyong dgongs pa 'dus pa yi:__gsang ba'i phug pa chen po yod:__rang byung thugs rje'i sgrub phug tu:__thugs rje chen po'i dkyil 'khor dang :__rig 'dzin brgyad dang rje 'bangs kyi:__sgrub pa'i brag gi ba gam dang :__ngo mtshar chos gter sna tshogs dang :__zab mo'i gter chen nyer lnga dang :__gter phran bsam mi khyab pa sbas:__shin tu gnyen pa'i mtsho chen gsum:__gab pa'i mtsho mo mang po dang :__klu rgyal dung skyong rol pa'i gnas:__'o ma'i mtsho dang shel gyi brag:__bdud rtsi'i bum pa bzang po sogs:__nyams dga' bag phebs yid du 'ong :__sa ma ya:__de lta'i bkra shis 'byung ba'i gnas:__sbas gnas chen po 'di nyid ni:__bod yul gnas chen kun las 'phags:__rtsa gsum mkha' 'gro sprin ltar gnas:__chu bo ru lu'i sgra dang ldan:__sman dang rtsi shing nags tshal rgyas:__'dod rgu phun sum tshogs pa'i gnas:__mthong bas las kyi sgrib pa dag:__tshogs 'khor gcig gi mkha' 'gro stong :__bshos drangs mnyam pa'i bsod nams thob:__bskor bas nad gdon bgegs rnams zhi:__zab mo bsnyen dang sgrub pa yi:__mtha' dmag dus kyi 'tshub 'gyur bzlog:__bstan 'dzin skyes rnams sku tshe bsrings:__'jig rten khams kun bde bar 'gyur:__sa ma ya:__gnas kyi mdo byang snying po 'di:__chos rgyal lang gro'i thugs la bstim:__ma 'ongs cher snyigs rgud pa'i dus:__rig 'dzin gnas yul bgrod pa'i tshe:__phyogs der lhungs bas rkyen byas te:__nges gsang rig pa'i brda' yi sgor:__gsal tshe shin tu snang ba byas:__des ni rten 'brel phun sum tshogs:__skal ba bzang rnams grol bar 'gyur:__sa ma yaHces pa'ang shing lug khrum zla 7tshes 10la rtsol med du gnas de'i mdun rol bde chen thang du shar mar bris pa dge'o/__/!/__glang lo'i zla tshes la rmi nyams 'dres ma'i snang char/__ba so lta bu nar mo las grub pa'i sngags srung ma'i sku nyal thabs yod pa zhig gi lung ston pa/__shar phyogs bde chen pad+ma brtsegs pa zhes/__/brag ri dmar po gnam du bsnyegs pa'i zhol/__/bai ro'i sgrub phug zla gam 'khyil pa der/__/mtshal gyi g.yung drung brda' yi ri mo yod/__/cho 'phrul zla ba'i tshes bcu'i dus la'o/__/zhes pa tshig ris cung zad nyams yod na las don de bzhin byung snang shar/__/__!_shes nyams za za'i 'char lung /__sa khyi zla 7pa'i tshes 19snga char rdo rje gling du yod skabs rig khams dwangs par/__shar glang chen 'gying 'dra'i gangs kyi rtser/__/rje dus gsum sangs rgyas bzhugs pa'i gnas/__/gtsug lag khang mi chung tsam bzhengs na/__/spyir sangs rgyas bstan la phan pa dang /__/sgos spur rgyal bod kyi rgyal khams bde/__/zhes thol dran du byung ba'o//___//__!__sa 'dzin yongs kyi rgyal po/__/gangs can ri yi steng 'dir/__/dus gsum sangs rgyas gtsor gyur/__/bzhugs pa'i lha khang bzhengs nas/__/mchod pa'i phreng ba tshugs na/__/'dzam gling spyi dang bod khams/__/bde skyid dpal yon rgyas 'ong /__/de skad du yang brjod pa 'di/__/don dang ldan min gang yin kyang /__/skabs su brdol ba'i mgrin glu thal/__/gzhan la bshad pa dgos pas dben/__/rten 'brel ngang gis 'grigs na bzang //___//

Footnotes

Other Information