ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་སྒྲུབ་ཆེན་སྐབས་ལ་ཉེ་བར་མཁོ་བའི་སྟོང་ཐུན་ཉུང་ངུ་།

From Khyentse Lineage - A Tsadra Foundation Project
Revision as of 09:34, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-06-CHA-023
Wylie title lha btsun dag snang rig 'dzin srog sgrub kyi sgrub chen skabs la nye bar mkho ba'i stong thun nyung ngu JKCL-KABUM-06-CHA-023.pdf
Location chos kyi blo gros bka' 'bum
Volume 6, Text 23, Pages 333-342 (Folios 1a1 to 5b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Citation 'jam dbyangs mkhyen brtse chos kyi blo gros. lha btsun dag snang rig 'dzin srog sgrub kyi sgrub chen skabs la nye bar mkho ba'i stong thun nyung ngu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 333-342. Bir, H.P.: Khyentse Labrang, 2012.
Genre
Cycle རྩ་གསུམ་རིག་འཛིན་སྲོག་སྒྲུབ་ (rtsa gsum rig 'dzin srog sgrub)

1 Texts in this Section (sde tshan or chos tshan)

[edit]
༄༅། །ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་སྒྲུབ་ཆེན་སྐབས་ལ་ཉེ་བར་མཁོ་བའི་སྟོང་ཐུན་ཉུང་ངུ་བཞུགས་སོ། ། འོ་ད་ལམ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གྱི་ཡང་བཅུད་ལྔ་བརྒྱའི་གཙུག་རྒྱན་བི་མ་ལའི་རྣམ་པར་འཕྲུལ་པ་ཧེ་རུ་ཀ་དཔལ་ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་ཟབ་མོ་དག་སྣང་གི་གཏེར་བཅུད་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་མཆོག་གི་ལས་སྦྱོར་བདུད་རྩི་ཆེན་པོ་སྒྲུབ་པ་དང་འབྲེལ་བའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ། དེའང་སྒྱུ་འཕྲུལ་ལམ་རིམ་ལས། དེ་ཡང་ཐོག་མར་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་གསུངས་པ་ལྟར། གང་དུ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་མཆོག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སོགས་རྡོ་རྗེའི་རིག་འཛིན་རྣམས་ཀྱི་བྱིན་གྱིས་བརླབས་ཤིང་། དཔའ་བོ་མཁའ་འགྲོ་བྱེ་བ་འབུམ་སྡེ་སྤྲིན་ལྟར་གཏིབས་པའི་སྦས་གནས་ཆེན་པོ་དཔལ་རི་པད་འོད་གཉིས་པ་བཀྲ་ཤིས་འབྲས་མོ་ལྗོངས་ཀྱི་ས་ཡི་ཆར་ལས་བཞིའི་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་ཞིང་ཉམས་དགའ་བར། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་རིགས་བརྒྱུད་དྲི་མ་མེད་པའི་ཆོས་རྒྱལ་ཆེན་པོའི་ཕོ་བྲང་དང་འདབ་འབྱོར་བའི་གཙུག་ལག་ཁང་འོག་མིན་རྡོ་རྗེ་བཀོད་པའི་ཞིང་ཁམས་ཆེན་པོར། གང་གི་ཚེ་སྒྲུབ་པའི་དུས་ནི་འབྱུང་བ་སུམ་ལྡན་མེ་ཕོ་བྱ་ཡི་ལོ། བཀྲ་ཤིས་ནག་པ་ཟླ་བ་དཔལ་ལྡན་འབྲས་སྤུངས་སུ་རྒྱལ་བས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཆེན་གཟའ་སྐར་སྦྱོར་བ་ཕུན་སུམ་ཚོགས་པར་སྒྲུབ་པའི་རྫས། སྒྲུབ་རྟེན། མཆོད་པ། རྫས། འཚོ་བ། ནད་བཟློག་སྨན། རྐྱེན་བཟློག །ཐབས་ཀྱི་ཁྱད་པར་སོགས་སྤྱི་དང་ཁྱད་པར་གྱི་ཕུན་སུམ་ཚོགས་པའི་ཡོ་བྱད་ཐམས་ཅད་ལྷུན་གྱིས་གྲུབ་པར། སྒྲུབ་པ་པོ་དམ་པའི་མཛོད་གསུམ་འཛིན་ཅིང་ཡོན་ཏན་བརྒྱད་ལྡན་གྱི་སྟོན་པ་རྡོ་རྗེ་རྒྱལ་པོ། རྡོ་རྗེའི་གཟུངས་མ། རྒྱལ་ཐེབས་སོགས་སོ་སོའི་ལས་བསྐོས་ལ་མཁས་ཤིང་། སྣོད་ཀྱི་སྐྱོན་གསུམ་དག་ཅིང་ཡོན་ཏན་ལྔ་ལྡན་གྱི་འཁོར་ཚོམ་བུ་སྟེ། སྒྱུ་འཕྲུལ་ཁོག་གཞུང་ལས། ཚོགས་ནི་འབྱོར་པ་རྣམ་པ་གསུམ། ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་རྟེན་དང་། གང་ཟག །ཡོ་བྱད་ཁྱད་པར་ཅན་འཚོགས་པའི་ཚོགས་ཆེན་པོ་འདུས་པའི་རྡོ་རྗེའི་མཆེད་ལྕམ་ཕོ་མོ་སྐལ་པ་བཟང་པོ་དང་ལྡན་པ་རྣམས་སོ། །ཇི་ལྟར་སྒྲུབ་པའི་ཐབས་ལ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཆོ་ག་ཉམས་པའི་རྒྱུ་རྣམས་སྤངས་ཤིང་། རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ། སྔོན་འགྲོ་ས་ཡི་ཆོ་ག་སྣང་བ་དང་མི་སྣང་བ་ལས་སློང་བ། དབང་དུ་བྱ་ཞིང་ཏིང་ངེ་འཛིན་གྱིས་སྦྱངས་བ། ཕྱི་ནང་གསང་བའི་དམ་བསྐངས་བཤགས་པ། ཕྱི་མཚམས་རྒྱལ་ཆེན་བཞི་ལ་གཉེར་གཏད། བར་མཚམས་སྔགས་ཀྱི་དམ་ཚིག་ཉམས་པའི་སྲི་རྐྱེན་མནན་པ། ནང་མཚམས་བདུད་རྩི་འཁྱིལ་པས་བསྲུང་བ། བགེགས་རྣམས་ཀྱི་བར་དུ་གཅོད་མི་ནུས་ཤིང་། སྣོད་བཅུད་པདྨ་དྲག་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་གཞི་མ་ཏྲཾ་དྲག་པོ་བསྒྲལ་ཞིང་རོལ་པའི་བྲོས་མནན་ཏེ་ཡན་ལག་དུར་ཁྲོད་བརྒྱད་དང་། ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱི་བརླབ་པ། ལྷ་དང་ཉེ་བར་བསྙེན་པའི་སྟ་གོན་སོགས་ལེགས་པར་མཛད་ནས། བྱིན་རླབས་དང་ལྡན་པའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་རྟེན་མཆོད་རྫས་རྒྱན་གྱི་བཀོད་པ་རྣམས་གྲུབ་པ་དང་། ཕྲིན་ལས་ལ་འཇུག་རུང་གི་བྱ་བ། སྒྲུབ་པ་པོ་མཆེད་ལྕམ་རྣམས་རང་གནས་སུ་འཁོད་ཅིང་། ལས་སུ་བྱ་བ་སོ་སོར་བསྐོས་གདབ་ཅིང་ཞི་ཁྲོའི་ཆས་གོས་རྣམས་ཀྱིས་མངའ་གསོལ་བ་རྣམས་བགྱི་བ་ལ་ཐུགས་འདུན་ཅིང་། ལས་སོ་སོར་བྱ་བ་ལ་སྤྲོ་དགའ་ཆེར་བསྐྱེད་པ་དང་། དག་པའི་སྣང་བ་རྒྱ་ཆེན་པོ་དང་བཅས་ཏེ་རྗེས་ཟློས་དབྱངས་ཀྱི་རྟ་ལ་དྲངས་ཏེ་གསུང་བར་ཞུ། ཆས་ཀྱི་མངའ་གསོལ་སྐབས། དེ་ཡང་སྔོན་ཚེ་སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས་གསང་སྔགས་ཀྱི་དཀྱིལ་འཁོར་སྤྲུལ་བཤད་ཀྱི་ཚེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དབང་ཕྱུག །དྲག་པོ། མ་ཏྲྃ་རུ་ཏྲ་སོགས་དྲག་པོ་སྡེ་གསུམ་བཏུལ་ནས་དེ་དག་གི་ཆས་གོས་རྣམས་རྒྱལ་བྱེད་དཔའ་རྟགས་ཕྱི་ཚུལ་དུ་བཞེས་པའི་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་ཉམས་ལེན་དུ་སྦྱར་ཏེ་ལག་ཏུ་བླང་བས་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་ཞིང་། མ་མོ་མཁའ་འགྲོས་རང་རིགས་ཀྱི་སྡེ་ཚན་ཏུ་ཤེས་ཤིང་སྙིང་ཉེ་བ་དང་། བར་ཆད་ལས་རྒྱལ་བ་དང་། མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པ་ལ་མྱུར་བ་སོགས་དགོས་པ་ཆེན་པོ་དང་ལྡན་པས་འདུས་པ་རྣམས་ལྷ་ཡི་གསལ་སྣང་དང་ལྡན་པས་དུར་ཁྲོད་དཔའ་ཆས་རྣམས་བགོ་བའི་ཚུལ་དང་། རྟགས་གདབ་པ་སོགས་དགོངས་པ་རྩེ་གཅིག་པས་མཛད་པར་ཞུ། ཞེས་མཚམས་སྦྱར་བར་བྱའོ། །༈འོ་ད་ལམ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལའི་རྣམ་པར་འཕྲུལ་པ། རྩོད་པའི་དུས་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་ཟབ་མོ་དག་སྣང་གི་ཆོས་སྡེ་བླ་མ་རིག་འཛིན་རྩ་གསུམ་སྲོག་སྒྲུབ་ཀྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བའི་སྒོ་ནས་གསང་ཆེན་མཆོག་གི་མྱུར་ལམ་ཟབ་མོ་མྱོང་གྲོལ་དམ་རྫས་བདུད་རྩི་སྒྲུབ་པ་མ་དང་མཁའ་འགྲོའི་ཞལ་ལུང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་གྲུབ་པ་སྟེ། དེའང་ལྟ་བཙུན་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཉིད་བླ་མ་དགོངས་འདུས་ལུང་བསྟན་ལས། ཀུན་བཟང་རྣམ་རྒྱལ་དགོངས་འདུས་མེ་རོ་སློང་། ཞེས་དང་། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། བི་མ་ཏིང་འཛིན་མི་འགྱུར་བཟང་པོ་ཡིས༔ རིན་ཆེན་མཎྜལ་བླ་མའི་སྐུ་ལ་བབས༔ གསང་བའི་མཚན་ནི་འོད་གསལ་སྙིང་པོར་བཏགས༔ མ་འོངས་ལྷོ་རོང་ཕྱོགས་ནས་རིག་པ་འཛིན༔ བརྟུལ་ཞུགས་མཐར་ཕྱིན་ཀུན་བཟང་རྣམ་རྒྱལ་ཞེས༔ རྫོགས་ཆེན་དོན་སྟོན་དྲི་མེད་འོད་ཟེར་དངོས༔ སྔོན་བྱུང་རྗེས་དྲན་ཞྭ་ཡི་གཙུག་ལག་གསོ༔ དམ་ཆོས་རྫོགས་ཆེན་མེ་རོ་སློང་བྱེད་ཅིང་༔ གསང་སྔགས་ཟབ་དོན་དགོངས་པ་འགྲེལ་བར་བྱེད༔ དཔལ་གྱི་བསམ་ཡས་དག་ལ་འཇིགས་སྐྱོབས་ཚེ༔ ལྷ་མི་ཀུན་མཐོང་སངས་རྒྱས་རབ་བདུན་གྱི༔ འཕེལ་གདུང་སྦྲང་ཆར་བཞིན་དུ་འབེབས་པར་བྱེད༔ པཎ་ཆེན་བི་མ་དངོས་ལས་གཞན་མ་ཡིན༔ སྐྱེས་བུ་དེ་འདྲ་ས་སྟེང་འབྱུང་བ་དཀོན༔ མཚན་ཐོས་འགྲོ་ཀུན་ངན་སོང་སྒོ་ཁེག་ཅིང་༔ མ་འོངས་སངས་རྒྱས་སྤྱན་ལེགས་ཞེས་བྱར་འགྱུར༔ ཞེས་སོགས་དང་། གཞན་ཡང་གཏེར་ཁ་མང་པོ་ནས་ལུང་བསྟན་ཅིང་ཚད་མ་གསུམ་གྱིས་གྲུབ་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ལ་དཔལ་རི་པདྨ་འོད་དང་རྣམ་དབྱེར་མེད་པ་ཨོ་རྒྱན་སངས་རྒྱས་གཉིས་པས་དབུ་བསྙུངས་བཞེས་པའི་གནས་མཆོག་ལྷོ་ནུབ་མཁའ་སྤྱོད་དཔལ་གྱི་འབྲས་མོ་ལྗོངས་ལྷ་རི་རྡོ་རྗེ་སྙིང་ཕུག་ཏུ་ཆུ་བོ་བཞི་འདུས་ཀྱི་དབང་གི་གསང་བཅུད་འཁོར་ལོ་ལྔ་བརྩེགས་ལྷུན་གྲུབ་རྡོ་རྗེ་ལུས་ཀྱི་སྦུབས། ནང་རྩ་ཐིག་རླུང་གི་འཛིན་མདངས་གསལ་སྟོང་འཇིགས་བྲལ་རྡོ་རྗེ་སྙིང་པོའི་ངོ་བོར་དབང་གི་ཆུ་བོ་བཞི་རྫོགས་སུ་བསྐུར་ཐོབ་བྲལ་བའི་ངང་དུ་རྫོགས་ཤིང་། ཡེ་ཤེས་ཌཱ་ཀི་པདྨ་མདངས་གསལ་རྩལ་གྱིས་ཡེ་ཤེས་ཀྱི་རྩ་སྒོ་འབྱེད་ཅིང་བྱང་ཕྱོགས་འོད་ཕུང་ཌཱ་ཀིའི་གླིང་དུ་རྡོ་རྗེ་ཕག་མོ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ནུབ་ཕྱོགས་མཁའ་སྤྱོད་སྤྲུལ་པའི་གླིང་དུ་པདྨ་འབྱུང་གནས་ལས་བུམ་པའི་དབང་དང་། བྲག་དཀར་བཀྲ་ཤིས་ལྡིང་དུ་མཚོ་སྐྱེས་རྡོ་རྗེ། བི་མ་ལ། མཚོ་རྒྱལ་རྣམས་ཀྱིས་བར་སྣང་པོ་སྟི་གླེགས་བམ་གྱི་ཆར་ཕབས་ཤིང་བྱིན་གྱིས་བརླབས་པས་རིག་འཛིན་སྙིང་ཐིག་གི་ཚིག་དོན་ཐམས་ཅད་བཀྲ་ལམ་གྱིས་གསལ་ཞིང་། འཆད་རྩོད་རྩོམ་པ་ལ་དབང་ཐོབ་ཅིང་མི་བརྗེད་པའི་གཟུངས་དང་ལྡན་པར་གྱུར་པ་དེ་ལྟ་བུའི་བཀའ་བབ་ཁྱད་པར་འཕགས་པ་དང་ལྡན་པའི་ཟབ་ཆོས་འདི་ཉིད་སྒོམ་སྒྲུབ་ཉམས་སུ་བླངས་པའི་ཕན་ཡོན་ཀྱང་། ལུང་བསྟན་རྡོ་རྗེའི་སྲོག་སྙིང་ལས། རྩ་གསུམ་རིག་འཛིན་སྲོག་སྒྲུབ་འདི༔ ཆོས་བཀའ་ཕྱེ་བ་ཙམ་གྱིས་ཀྱང་༔ ནད་མུག་འཁྲུགས་རྩོད་བར་ཆད་ཞི༔ རྩ་གསུམ་དཔའ་བོ་ཌཱ་ཀི་འདུ༔ དངོས་ཉམས་རྨི་ལམ་ཐམས་ཅད་དུ༔ ཟག་མེད་ཏིང་འཛིན་བདེ་བ་འཕེལ༔ བྱིན་རླབས་ཚན་ཆེ་ཉམས་རྟོགས་འུར༔ ལྷ་འདྲེ་མི་གསུམ་རང་བཞིན་འདུ༔ བར་ཆད་བདུད་དཔུང་ཀུན་ལས་གྲོལ༔ ། འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ འདི་ཉིད་རྩ་གསུམ་བླ་རྡོ་ཡིན༔ བཅངས་པས་ནད་གདོན་སྡིག་སྒྲིབ་ཞི༔ མཇལ་བས་བག་ཕེབས་ཤེས་རིག་འགྱུར༔ ཉམས་བླངས་ཕྱིར་མི་ལྡོག་པ་ཐོབ༔ ཞེས་དང་། འདི་ཉིད་གང་དུ་གནས་པའི་ཕྱོགསཿཔདྨ་འོད་དང་རྣམ་དབྱེར་མེད༔ འབྲེལ་ཐོབ་སྐྱེས་བུ་ལྔ་བརྒྱ་ཕྲག༔ སུམ་འབུམ་འདི་ཡིས་གྲོལ་བར་བྱེད༔ བསྟན་པའི་སྙིང་པོ་འདི་ཡིས་བསྲིངས༔ ཞེས་སོགས་ཨོ་རྒྱན་དུས་གསུམ་མཁྱེན་པས་རྒྱ་ཆེར་བཀའ་སྩལ་པ་ལ་ཡིད་ཆེས་ངེས་ཤེས་ཀྱི་དད་པ་དང་། དགའ་སྤྲོ་རྒྱ་ཆེན་པོ་བསྐྱེད་དེ་སྒྲུབ་པ་ཆེན་པོའི་དངོས་གྲུབ་བླངས་བ་སོགས་རྗེས་ཀྱི་རིམ་པ་མཐའ་རྒྱས་སུ་ཉམས་སུ་བླང་བའི་བྱེ་བྲག་མར་མེའི་སྨོན་ལམ་བགྱིད་པ་སྐབས་སུ་བབ་པ་སྟེ། དེའང་འདིར་འཚོགས་པའི་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་རྣམས་གསང་ཆེན་རྡོ་རྗེའི་རིགས་གཅིག་ཏུ་འཚོགས་ཤིང་། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་ཟག་བཅས་ཟག་མེད་ཀྱི་དགེ་ཚོགས་རྒྱ་མཚོའི་མཐུ་ལ་བརྟེན་ནས་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་ཅིང་། སྣང་གསལ་མར་མེ་གཅིག་ལ་བལྟས་པ་རྣམས་རིག་འཛིན་རྣམ་པ་བཞིའི་ས་ལམ་བསྒྲོད་དེ། ས་མཆོག་འོད་གསལ་རྡོ་རྗེ་རྩེ་མོ་ཡེ་ཤེས་བླ་མའི་ས་ལ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་མངོན་བྱང་ཆུབ་ཅིང་། ནམ་མཁའ་དང་མཉམ་པའི་རིགས་དྲུག་གི་འཁོར་བ་རྣམས་དོང་ནས་སྤྲུགས་པར་ནུས་པའི་ཐུགས་སྨོན་དང་བཅས་ཏེ་མར་མེའི་སྨོན་ལམ་ལ་ཐུགས་གཏད་པར་ཞུ།། །།

Footnotes

Other Information