འཇམ་དབྱངས་བླ་མའི་སྒྲུབ་ཐབས་ཡེ་ཤེས་སྣང་གཏེར།

From Khyentse Lineage - A Tsadra Foundation Project
Revision as of 09:32, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-04-NGA-029
Wylie title 'jam dbyangs bla ma'i sgrub thabs ye shes snang gter JKCL-KABUM-04-NGA-029.pdf
Location chos kyi blo gros bka' 'bum
Volume 4, Text 29, Pages 165-182 (Folios 1a1 to 9b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'jam dbyangs bla ma'i sgrub thabs ye shes snang gter. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 165-182. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo  ·  Guru Yoga Texts - bla ma'i rnal 'byor
Deity 'jam dpal dbyangs
Colophon

ཞེས་པའང་དགེ་སློང་འཚོ་བྱེད་ཚེ་རིང་ཕུན་ཚོགས་ཀྱིས་ནན་ཏན་དུ་བསྐུལ་བ་དོན་ཡོད་པའི་ཕྱིར་དུ་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུང་ལས་བཏུས་ཏེ་བཀོད་པ་འདིས་ཀྱང་ཚོགས་གཉིས་རྒྱ་ཆེན་པོ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏཾ།།

zhes pa'ang dge slong 'tsho byed tshe ring phun tshogs kyis nan tan du bskul ba don yod pa'i phyir du 7'jam dbyangs chos kyi blo gros pas bla ma gong ma'i gsung las btus te bkod pa 'dis kyang tshogs gnyis rgya chen po 'phel ba'i rgyur gyur cig__/sarba dza ga taM//

1 Texts in this Section (sde tshan or chos tshan)

[edit]
༄༅། །འཇམ་དབྱངས་བླ་མའི་སྒྲུབ་ཐབས་ཡེ་ཤེས་སྣང་གཏེར་བཞུགས། །

བླ་མ་འཇམ་པའི་དབྱངས་ལ་འདུད། །དབང་ཐོབ་ལ་གནས་རྣལ་འབྱོར་པས། །སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་སྟེ། །བདེ་བའི་སྟན་ལ་རླུང་རོ་བསལ། །ངེས་འབྱུང་བྱང་སེམས་གསལ་བཏབ་ནས། །སྔོན་འགྲོ་སྐྱབས་སེམས་ཚོགས་བསགས་བྱ། ན་མོ། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །འཇམ་དབྱངས་བླ་མར་སྐྱབས་སུ་མཆི། །འགྲོ་རྣམས་མ་རིག་ལས་བསྒྲལ་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཀྱི་རྒྱུན་བཤགས་བྱ། བགེགས་ལ་གཏོར་མ་སྦྱིན་ཅིང་བསྐྲད། །བསྲུང་བའི་འཁོར་ལོས་ཕྱོགས་མཚམས་བཅིངས། ཧཱུྃ་ཧྲཱིཿགཉིས་སྣང་འཁྲུལ་པའི་གདོན་བགེགས་ཚོགས། །གཏོར་མ་འདི་ལོངས་རང་གནས་དེང་། །གཉིས་མེད་ཡེ་ཤེས་སྲུང་བའི་གུར། །ཕྱོགས་མཚམས་ཀུན་ཏུ་གཏམས་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ། བྱིན་ཆེན་འབེབས་ཅིང་མཆོད་རྫས་བརླབས། ཧཱུྃ་ཧྲཱིཿསྐུ་གསུམ་ཞིང་ན་བཞུགས་པ་ཡི། །རྩ་གསུམ་རྒྱ་མཚོས་བྱིན་ཆེན་ཕོབས། །སྣོད་བཅུད་དག་པའི་ཞིང་དུ་བསྒྱུར། །འདོད་ཡོན་མཆོད་སྤྲིན་མཁའ་ཁྱབ་སྤེལ། །བཛྲ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨ་ཧཱུྃ། དངོས་གཞི་ལྷ་བསྐྱེད་སྤྱན་དྲངས་བསྟིམས། དྷཱིཿཆོས་རྣམས་མི་དམིགས་སྟོང་པའི་ངང་། །པྃ་ལས་པད་དཀར་འདབ་བརྒྱད་སྟེང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ཉིད་འཇམ་དབྱངས་བླ་མ་ནི། །དམར་སེར་ཞལ་གཅིག་ཕྱག་གཉིས་པ། །ཞི་འཛུམ་པཎྜི་ཏ་ཡི་ཆས། །མཚན་དཔེའི་གཟི་བརྗིད་རབ་ཏུ་འབར། །ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་ལས། །ཨུཏྤལ་སྡོང་བུ་རྒྱས་པའི་རྩེར། །རལ་གྲི་དང་ནི་གླེགས་བམ་བསྣམས། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་མངོན་དགའི་ཞིང་ཁམས་ནས། །འཇམ་དབྱངས་བླ་མ་སྤྱན་དྲངས་གྱུར། །སྤོས་བཏུལ་གདུང་བའི་གླུ་ཡིས་བསྐུལ། ཧཱུྃ་ཧྲཱིཿགཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས། །འཇམ་དབྱངས་བླ་མ་ཀུན་དགའི་མཚན། །གདན་གསུམ་ཚང་བའི་དཀྱིལ་འཁོར་པ། །ཏིལ་གྱི་གོང་བུ་ཁ་ཕྱེས་བཞིན། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །གནས་འདིར་སྤྱན་དྲངས་གཤེགས་སུ་གསོལ། །ལུང་ངག་ཡིད་ལ་བྱིན་ཆེན་ཕོབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཨོཾ་མཉྫུ་ཤྲཱི་ཨནྡན་དྷཱ་ཛ་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿབཞུགས་སུ་གསོལ་ཞིང་ཕྱག་མཆོད་བསྟོད། ཧཱུྃ། རང་ལས་ཤར་བའི་ཡེ་ཤེས་པ། །བཟོད་ནས་འདུ་འབྲལ་མེད་པ་ཡི། །དག་མཉམ་ལྟ་བའི་ཀློང་ཆེན་པོར། །འཕོ་འགྱུར་མེད་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཧོཿརང་གསལ་ཡེ་ཤེས་ཕྱག་རྒྱའི་སྐུ། །ཡོན་ཏན་ལྷུན་གྱིས་རྫོགས་པ་ལ། །རང་རིག་ལྟ་བའི་ངང་ཉིད་ནས། །འདུ་འབྲལ་མེད་པར་ཕྱག་བགྱིའོ། །ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿཨོཾ་ཨཱཿཧཱུྃ། སྲིད་ཞིའི་འབྱོར་ཚོགས་ཅི་མཆིས་པ། །ཕྱི་ནང་གསང་བའི་མཆོད་པར་འབུལ། །རྡོ་རྗེའི་དབང་པོས་དགྱེས་པར་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་གུ་རུ་མཉྫུ་ཤྲཱི་ས་པ་རི་ཝ་ར་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་། རཱུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཙ་ཧོ། ཧཱུྃ་ཧྲཱིཿངོ་བོ་འོད་གསལ་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་རྫོགས་བླ་མ་ལོངས་སྤྱོད་ཆེ། །ཐུགས་རྗེ་གང་འདུལ་རབ་འབྱམས་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་འཇམ་དབྱངས་བླ་མར་བསྟོད། །སེམས་བཟུང་གསལ་དག་ང་རྒྱལ་བརྟན། བཟླས་པས་བསྙེན་སྒྲུབ་ལས་ལ་སྦྱོར། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས། །ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས། །དམར་སེར་ཞལ་གཅིག་ཕྱག་བཞི་པ། །རལ་གྲི་གླེགས་བམ་མདའ་གཞུ་འཛིན། །རང་འོད་དབྱངས་ཅན་དམར་མོ་ནི། །ནོར་བུ་མེ་ལོང་འཛིན་པས་འཁྱུད། །དེ་ཡི་ཐུགས་ཀར་ཟླ་བའི་སྟེང་། །དྷཱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངས། །འཇམ་དཔལ་ཡབ་ཡུམ་སྐུར་གྱུར་ནས། །སྔགས་ཀྱི་སྒྲ་སྒྲོགས་རང་ལ་ཐིམ། །སྔགས་ཀྱི་བུང་བ་རབ་སྤྲོས་པས། །སྲིད་ཞིའི་ཤེས་རབ་དྭངས་བཅུད་བསྡུས། །བདག་གཞན་གཉིས་སྣང་རྟོག་ཚོགས་ཀུན། །གཉིས་མེད་ཡེ་ཤེས་གཅིག་གི་ངང་། །རོ་གཅིག་མཉམ་ཉིད་ངང་ནས་བཟླས། །ཨོཾ་ཨཱ་ར་པ་ཙ་ན་དྷཱིཿབསྙེན་པ་འབུམ་ཕྲག་བཅུ་བཟླ་ཞིང་། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་གུ་རུ་མཉྫུ་ཤྲཱི་མཱུྃ་ཧྲཱི་པྲཉྫ་ཛྙཱ་ན་ཧྲཱིཿདྷཱིཿསྭཱ་ཧཱ། སྒྲུབ་སྔགས་འབུམ་ཕྲག་བཞི་ཡིས་འགྲུབ། ཨོཾ་དྷཱི་ཧྲཱིཾ་ཧཱུྃ་མཱྃ། པི་ཙུ་པི་ཙུ་པྲཉྫ་ཝརྔྷ་ནི་ཛྭ་ལ་ཛྭ་ལ་མེ་དྷཱི་ཝརྡྷ་ནི་དྷི་རི་དྷི་བུདྡྷི་ཝརྡྷ་ནི་ཧྲཱིཿསྭཱ་ཧཱ། ལས་སྦྱོར་ཁྲི་ཕྲག་གཅིག་བཟླའོ། །ཟབ་མོ་རྫོགས་པའི་རིམ་པ་ནི། །ཡེ་ཤེས་སེམས་དཔའ་མཉམ་སྦྱོར་སྒྲས། །རྒྱལ་རྣམས་རབ་བཀུག་ལུས་ལ་གཞུགས། །རྗེས་ཆགས་ཞུ་བདེའི་བདུད་རྩིའི་རྒྱུན། །ལུས་གང་བདེ་ཆེན་ཡེ་ཤེས་བསྐྱེད། །དེ་ཡི་ངང་ལ་མཉམ་པར་བཞག །ཡབ་ཡུམ་འོད་ཞུ་ཐིག་ལེ་ནི། །དམར་སེར་ཞལ་སྦྱོར་དྭངས་པ་ལས། །འོད་འཕྲོས་འཁོར་འདས་ཐམས་ཅད་བསྡུས། །ཐིག་ལེ་ནང་དུ་རབ་གཞུགས་ལ། །རླུང་རིག་སེམས་གསུམ་དབྱེར་མེད་བསྲེ། །ཐིག་ལེ་ཇེ་ཕྲར་དབྱིངས་སུ་བསྟིམ། །རིག་སྟོང་དོན་གྱི་འཇམ་པའི་དཔལ། །ཇི་བཞིན་པ་ཡི་ངང་ལ་བཞག །སྐབས་སུ་དབུ་མའི་ཡས་མར་སྣེར། །ཐིག་ལེ་བསྐྱེད་ནས་འབར་འཛག་གི། རྗེས་ཆགས་རྣལ་འབྱོར་ཡེ་ཤེས་བསྐུལ། །ས་མ་ཡ། ཐུན་མཚམས་ཚོགས་ཀྱི་མཆོད་པ་བྱ། །རྗེས་ལ་རྟག་ཆད་མཐའ་བསལ་ཞིང་། །བསྔོ་སྨོན་ཤིས་པ་བརྗོད་པ་ནི། ཨ། ལྷར་སྣང་རིག་པའི་དབྱིངས་སུ་ཐིམ། །དབྱིངས་རིག་འདུ་འབྲལ་མེད་པའི་ངང་། །དོན་གྱི་གནས་ལུགས་འཇམ་པའི་དཔལ། །རིག་འཛིན་བླ་མའི་སྐུ་རུ་ལྡང་། ཧོཿདགེ་འདིས་མཐའ་ཡས་སེམས་ཅན་ཀུན། །བློ་ཡི་མུན་པ་ཀུན་སེལ་ཞིང་། །མཁྱེན་གཉིས་སྣང་བ་རབ་རྒྱས་ནས། །འཇམ་དབྱངས་བླ་མའི་སྐུ་ཐོབ་ཤོགཧོཿབྱིན་རླབས་ཆར་འབེབས་བླ་མའི་སྐུ། །ཡི་དམ་དངོས་གྲུབ་ཀུན་སྩོལ་ཞིང་། །ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་གི། བཀྲ་ཤིས་དམ་པ་དེང་འདིར་སྩོལ། །སྲིད་ཞིར་བཀྲ་ཤིས་རབ་འཕེལ་ཤོག །ཅེས་བརྗོད་ཤིས་པའི་མེ་ཏོག་འཐོར། །རོལ་མོ་དབྱངས་སྙན་སྒྲོགས་པར་བྱ། ས་མ་ཡ། ཆུ་ལུག་མགོ་ཟླའི་ཚེས་༡༤ལའོ། །འདི་ནི་རང་གི་མོས་གུས་ཀྱི། །ཉམས་ལས་བྱུང་ཞིང་བཀའ་གཏེར་མིན། །དད་མོས་ལྡན་པས་བརྩོན་བྱས་ན། །དངོས་གྲུབ་ཐོབ་པར་འགྱང་པ་མེད། ། ༈ ནང་ལྟར་སྒྲུབ་པའི་རིམ་པ་ནི། ཨཿ སྐྱེ་མེད་དེ་བཞིན་ཉིད་ཀྱི་ངང་། །སྙིང་རྗེ་མ་འགགས་གཟུགས་སྐུའི་སྤྲིན། །རྒྱུ་ཡི་ཏིང་འཛིན་དྷཱི་དམར་སེར། །དེ་ཉིད་མཁའ་ལ་འཇའ་ལྟར་ཤར། །དེ་ལས་རིམ་ཆད་འབྱུང་བཞི་དང་། །ལྷུན་པོ་རྡོ་རྗེའི་སྲུང་འཁོར་ནང་། །པདྨ་སྣ་ཚོགས་རྡོ་རྗེ་ལ། །ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་། །རྒྱན་དང་བཀོད་པ་བསམ་ཡས་དབུས། །འདབ་བརྒྱད་གེ་སར་བཅས་པ་ཡི། །སེང་ཁྲི་པད་ཉི་ཟླ་བའི་སྟེང་། །དྷཱིཿཡིག་རལ་གྲི་དྷཱིས་མཚན་གྱུར། །དེ་ཉིད་ཡོངས་གྱུར་འཇམ་པའི་དབྱངས། །དམར་སེར་ཞལ་གཅིག་ཕྱག་བཞི་པ། །དང་པོས་རལ་གྲི་གླེགས་བམ་དང་། །འོག་མས་ཐབས་ཤེས་མདའ་གཞུ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཉི་མའི་རྒྱབ་ཡོལ་ལ་བརྟེན་པ། །མཚན་དཔེའི་གཟི་བརྗིད་འབར་བ་གསལ། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། ཨོཾ༔ མ་ལུས་ཕྱོགས་བཅུའི་ཞིང་བཞུགས་པའི། །རྒྱལ་བ་སྲས་བཅས་ཚོགས་རྣམས་ཀུན། །སྤྱན་དྲངས་དམ་ཡེ་གཉིས་མེད་གྱུར། །དབང་ལྷས་དབང་བསྐུར་རིགས་ཀྱི་བདག །མི་བསྐྱོད་རིགས་ལྔས་དབུར་བརྒྱན་གྱུར། ཧོཿལྷ་དང་བདག་རྟོག་གཉིས་མེད་པ། །རང་ངོ་ཤེས་པའི་ཕྱག་གིས་བཏུད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །ཐུགས་ཀའི་ཟླ་སྟེང་དྷཱིཿདམར་སེར། །རྩ་བའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་བདག་གཞན་དོན་གཉིས་བྱས། །སྣོད་བཅུད་ལྷ་ཡི་འཁོར་ལོར་གསལ། །རྡོ་རྗེའི་ཡི་གེ་དྲུག་པ་དང་། །འཇམ་དཔལ་རྒྱུད་ཀྱི་གསང་སྔགས་བཟླ། །ཨོཾ་སརྦ་དྷརྨཱ་བྷཱ་ཝ་སྭཱ་བྷཱ་ཝ། བི་ཤུདྡྷེ་བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ནཱ་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཿ སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟྟི་ཝཱ་གི་ཤྭ་ར། མ་ཧཱ་བཱ་ཙ། སརྦ་དྷརྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ༈ གསང་སྒྲུབ་འཇམ་དཔལ་རྡོ་རྗེ་ནི། །དམར་སེར་ཞལ་གསུམ་ཕྱག་དྲུག་པ། །ཞལ་གཡས་སྔོ་ཞིང་གཡོན་དཀར་བ། །དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད། །གཡས་གཉིས་རྡོ་རྗེ་རལ་གྲི་དང་། །གཡོན་གཉིས་གླེགས་བམ་མདའ་གཞུ་བསྣམས། །རང་འོད་རྡོ་རྗེ་དབྱངས་ཅན་མ། །དཀར་སེར་རལ་གྲི་པི་ཝཾ་འཛིན། །གཉིས་ཀ་དར་དང་རུས་པ་དང་། །རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །གཞན་རྣམས་སྔར་དང་འདྲ་བར་གསལ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །ཙིཏྟ་འོད་ཀྱི་གུར་ཁྱིམ་དབུས། །འཇམ་དཔལ་ཞལ་གཅིག་ཕྱག་གཉིས་པ། ཡབ་ཡུམ་ཚོན་གང་གསལ་བ་ཡི། །ཐུགས་ཀར་ཉི་སྟེང་རལ་གྲི་ཡི། །ཆང་ཟུང་དྷཱིཿམུྃ་གསང་བའི་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། །འོད་ཀྱིས་ཁམས་གསུམ་སྣོད་བཅུད་སྦྱོངས། །འཇམ་དཔལ་སྐུ་གསུང་ཐུགས་སུ་བསྒྱུར། །བདག་ཐིམ་དངོས་གྲུབ་རྣམ་གཉིས་ཐོབ། །མཁྱེན་གཉིས་ཡེ་ཤེས་རྒྱས་པར་མོས། །ཨོཾ་ཨཱ་ར་པ་ཙ་ན་དྷཱིཿམཱུྃ་ཧྲཱི་ཨ་ཨ། སོགས་ཀྱི་གསང་སྔགས་བཟླ། ཐིག་ལེ་ཕྲ་མོའི་རྣལ་འབྱོར་ནི། །ཐུགས་ཀའི་རལ་གྲི་ས་བོན་ལས། །སྤྲོ་བསྡུས་སྣོད་བཅུད་ཐམས་ཅད་བསྡུ། །རལ་གྲི་ས་བོན་བཅས་པར་ཐིམ། །དེ་ཉིད་འོད་ཞུ་ཐིག་ལེ་ནི། །དམར་སེར་ཤིན་ཏུ་དྭངས་ཕྲའི་ནང་། །འཁོར་འདས་གཟུགས་བརྙན་རབ་བཀྲ་བར། །སེམས་གཏད་དེ་ལས་འོད་འཕྲོས་པས། །རང་ལུས་དེ་ལ་བསྡུ་བྱ་ཞིང་། །ཐིག་ལེ་རྒྱ་བསྐྱེད་ནམ་མཁར་ཁྱབ། །ཇེ་ཕྲར་སྲན་མ་ཙམ་གྱུར་བསྒོམ། །དེ་ལྟའི་སྤྲོ་བསྡུ་ཡང་ཡང་བྱ། །མཐར་ནི་མི་དམིགས་བརྗོད་པ་བྲལ། །གནས་ལུགས་ལྟ་བའི་ངང་བསྐྱང་ངོ་།། །།

༄༅། །འཇམ་དབྱངས་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཚོགས་མཆོད་བསོད་ནམས་རབ་རྒྱས་ཞེས་བྱ་བ་བཞུགས་སོ། །བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གསང་སྔགས་ཀྱི་རྣལ་འབྱོར་པས་རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་སྐད་ཅིག་གིས་བཟླུམ་པར་བྱ་བའི་ཐབས་མཁས་ཚོགས་ཀྱི་འཁོར་ལོའི་རྗེས་མཐུན་ཚོགས་ཀྱི་མཆོད་པ་འབུལ་བར་སྤྲོ་ན་སྡིག་དང་མ་འདྲེས་པའི་དམ་ཚིག་གི་རྫས་རྣམས་ཅི་འབྱོར་པ་བཤམས་ལ། བླ་མཆོད་བཟླས་པ་ཡན་གྲུབ་རྗེས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་དཀྱིལ་སྔོ། །དེ་སྟེང་རྃ་ལས་མེ་དཀྱིལ་གྲུ་གསུམ་དམར། །ཨ་ལས་རབ་དཀར་ཐོད་པ་སྟོང་གསུམ་ཁྱོན། །དེ་སྟེང་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། །དེ་སྟེང་བྷྲཱུྃ་ཨཱྃ་ཛྲཱིཾ་ཁཾ་ཧཱུྃ་ལྔ་ལས། །བདུད་རྩི་ལྔ་དང་ཡེ་ཤེས་ལྔའི་ངོ་བོ། །བདེ་གཤེགས་རིགས་ལྔའི་ས་བོན་རྣམས་ཀྱིས་མཚན། །ཟླ་བའི་མཐའ་མར་དབྱངས་གསལ་གཡས་གཡོན་བསྐོར། །སྟེང་གི་ནམ་མཁར་ཨོཾ་དཀར་ཐུར་དུ་བལྟ། །དེ་སྟེང་རྃ་ལས་ཉི་དཀྱིལ་ཧཱུྃ་ཡིག་ལས། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་རླུང་གཡོས་མེ་སྦར་བས། །ཤ་ལྔ་བདུད་རྩི་ལྔ་རྣམས་སྐོལ་ཞིང་ཞུ། །རླངས་པ་ཨོཾ་ཧཱུྃ་ལ་ཕོག་བདུད་རྩིའི་རྒྱུན། །ཆར་ལྟར་བབ་ཅིང་སླར་ཡང་འོད་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བའི་ཡེ་ཤེས་བདུད་རྩི་རྣམས། །ཧེ་རུ་ཀ་ཡི་རྣམ་པར་སྤྱན་དྲངས་ཏེ། །རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པ་དང་། །རྡོ་རྗེ་ཉི་མ་ཨོཾ་བཅས་ཞུ་བ་ལས། །ཚོགས་ཀྱི་བདུད་རྩི་རྣམས་དང་གཉིས་མེད་པ། །ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས། །འདོད་ཡོན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕྱག་རྒྱ་དང་བཅས་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། ཚོགས་ཞིང་སྤྱན་དྲངས་བ་ནི། འབར་བའི་ཕྱག་རྒྱས། ཕཻཾ། གནས་གསང་བ་མཆོག་གི་དགྱེས་པ་ན། །དཔལ་རྡོ་རྗེ་འཆང་ཆེན་དབྱིངས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་མོས་པའི་བུ་ལ་བྱིན་གྱིས་རློབས། །ཤར་མངོན་པར་དགའ་བའི་ཞིང་ཁམས་ནས། །མགོན་བདེ་གཤེགས་དྲི་མ་མེད་པའི་དཔལ། །འདིར་གཤེགས་སོགས་ཚིག་རྐང་གཉིས་རིགས་འགྲེའོ། །གནས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བླ་མ་ས་སྐྱ་པ་ཆེན་པོ་ཡང་། །འདིར་གཤེགས༴ །སྟེང་མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །རྗེ་འཇམ་དབྱངས་བླ་མ་རིག་པ་འཛིན། །འདིར་གཤེགས༴ །བུ་རང་སྣང་དག་པའི་ཞིང་ཁམས་ནས། །ཆོས་རྗེ་ས་སྐྱ་པཎྜི་ཏ། །འདིར་གཤེགས༴ །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །ཕ་མཚུངས་མེད་ཀུན་དགའ་རྒྱལ་མཚན་ཡང་། །འདིར་གཤེགས༴ །སྣང་སྲིད་ཀུན་འོག་མིན་གཞལ་ཡས་ཁང་། །བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་དང་། །དཔལ་འཁོར་ལོ་སྡོམ་པ་རྣལ་འབྱོར་མ། །ཡི་དམ་གྱི་ལྷ་ཚོགས་གྲངས་མེད་ཀྱང་། འདིར་གཤེགས༴ །དབྱིངས་རྡོ་རྗེ་བདག་མེད་མ་དཔལ་དང་། །རྗེ་བཙུན་རིགས་བྱེད་ལྷ་མོ་སོགས། །དཔའ་བོ་དང་ཌཱ་ཀིའི་ཚོགས་ཆེན་པོ། །རི་རབ་ཀྱི་རྡུལ་དང་མཉམ་པ་ཡང་། །རུས་རྒྱན་དང་གཡེར་ཁ་སི་ལི་ལི། །ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས། །འདིར་གཤེགས༴ །གནས་དུར་ཁྲོད་ཆེན་པོའི་ཚོགས་ཁང་ནས། །དཔལ་ལྡན་མགོན་པོ་ལྕམ་དྲལ་ལ། །འཁོར་རྒྱུད་གསུམ་བསྟན་སྲུང་རྒྱ་མཚོས་བསྐོར། །འདིར་གཤེགས༴ །གནས་རང་ལུས་རྡོ་རྗེའི་ཕུང་པོ་ཡི། །རྩ་འཁོར་ལོ་ལྔ་ཡི་དབུས་བཞུགས་པའི། །བླ་མ་རིགས་ལྔ་ཌཱ་ཀི་དང་། །དབང་ཡུལ་གྱི་སེམས་དཔའ་ལྕམ་དྲལ་དང་། །སྤྲུལ་པའི་ཁྲོ་ཚོགས་ཆེན་པོ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདག་མོས་པའི་བུ་ལ་བྱིན་གྱིས་རློབས། །ཚོགས་གཏོར་གྱི་མཆོད་པ་རྒྱ་རེ་ཆེ། །བདུད་རྩི་ཡི་རླངས་པས་ཕྱོགས་བཅུར་གཏིབས། །འདོད་ཡོན་གྱི་ལྷ་མོ་དྭངས་ཤིང་སྤྲོ། །པད་ཅན་གྱི་མཚན་ཉིད་ཡོངས་རྫོགས་པའི། །བཅུ་དྲུག་གི་རིག་མས་གར་སྟབས་བསྒྱུར། །ཟག་མེད་ཀྱི་བདེ་བ་ཆེན་པོ་ཡི། །རོ་ཡིས་སྨྱོས་ཤིང་ཨ་ཧྃ་སྒྲ་ཆེན་སྒྲོགས། །འཁོར་འདས་ཀུན་བདེ་སྟོང་ཕྱག་རྒྱའི་གར། །དཔལ་འཇམ་དབྱངས་བླ་མའི་རོལ་པར་ཤར། །སྐུ་རྡོ་རྗེའི་གར་སྟབས་ཁྲིགས་སེ་ཁྲིག །གསུང་ཚངས་པའི་དབྱངས་ཀྱི་ཆོས་སྒྲ་སྒྲོགས། །ཐུགས་མཁྱེན་བརྩེའི་དགོངས་པ་ཉི་ཤར་བཞིན། །ལུས་ལ་རྡོ་རྗེའི་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་དབྱངས་ནུས་པའི་དཔལ་ཐོབ་ཅིང་། །ཡིད་ལ་བདེ་སྟོང་ཡེ་ཤེས་ཆེན་པོ་འཆར། །སྒོ་གསུམ་སྐུ་བཞིར་སྨིན་པར་མཛད་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། དེ་ནས་བདུད་རྩིའི་མཆོད་པ་ནི། ཨོཾ་ཨཱཿཧཱུྃ། དམན་པའི་སྤྱོད་ཡུལ་དག་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱིས་བསྟེན་བྱའི་དམ་ཚིག་མཆོག །དངོས་གྲུབ་རྣམ་གཉིས་ཀུན་གྱི་གཞིར་གྱུར་པ། །ཟག་མེད་བདུད་རྩི་མཆོག་གི་མཆོད་པ་འདི། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་དངོས། །དྲན་པས་སྲིད་ཞིའི་རྒུད་པ་ཀུན་སེལ་བའི། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་སོགས། །རྒྱུད་སྡེ་ཆེན་པོ་བཞི་དང་རྗེས་འབྲེལ་བའི། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ཡི་དམ་ལྷ་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཨོཾ་ཨཱཿཧཱུྃ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་རྒྱ་མཚོ་དང་། །གནས་གསུམ་བཞུགས་པའི་དཔའ་བོ་རྣལ་འབྱོར་མ། །ཡུལ་ལྷ་གཞི་བདག་རིགས་དྲུག་ཚོགས་བཅས་རྣམས། །ལྷ་རུ་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །སྒྲིབ་པ་གཉིས་ཀྱི་དྲི་མ་ཀུན་བསལ་ནས། །གཟུང་འཛིན་རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས་ཀྱི་དངོས། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད། ཚོགས་ཕུད་ཆ་གསུམ་དུ་བསྒོས་ལ། ཨོཾ་ཨཱཿཧཱུྃ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །རྒྱལ་བའི་མཁྱེན་བརྩེ་ཡེ་ཤེས་གཅིག་བསྡུས་པ། །སྲིད་ཞིའི་དབང་ཕྱུག་བླ་མ་འཇམ་པའི་དབྱངས། །གདན་གསུམ་ཚང་བའི་དེད་དཔོན་ཆེན་པོ་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །གཞན་ཡང་ཚད་མེད་ཐུགས་རྗེའི་སྤྲིན་མཛེས་ལས། །དབང་བསྐུར་རྒྱུད་བཤད་མན་ངག་སྟོན་མཛད་པའི། །བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །ཨོཾ་གུ་རུ་བཛྲ་དྷ་ར་མཉྫུ་གྷོ་ཥ་བྷཱུ་མི་པཎྜི་ཏ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ། ཨཱདྱཱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། །ལན་གསུམ་གྱིས་འབུལ། ཕུད་བར་པ་ཕུལ་ཏེ། ཨོཾ་ཨཱཿཧཱུྃ། སྤངས་རྟོགས་མཐར་ཕྱིན་རྒྱལ་བ་སྲས་བཅས་དང་། །ཡི་དམ་དཀྱིལ་འཁོར་འཁོར་ལོ་རབ་འབྱམས་སོགས། །སྐྱབས་གནས་མཆོད་འོས་རྒྱ་མཚོ་ཐམས་ཅད་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་བདག་དང་མཐའ་ཡས་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང་། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཀྱི། །ཕན་བདེའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཤྲཱི་ཧེ་རུ་ཀ་མཎྜལ་བྷཱུ་མི་པཎྜི་ཏ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། ཕུད་ཐ་མ་ཕུལ་ཏེ། ཨོཾ་ཨཱཿཧཱུྃ། སྲིད་ཞིར་མི་གནས་ཡེ་ཤེས་སྒྱུ་མའི་གར། །བརྟན་གཡོ་ཀུན་ཁྱབ་དགྱེས་མཛད་རྡོ་རྗེ་དང་། །གསང་འདུས་འཇིགས་བྱེད་འཁོར་ལོ་སྡོམ་པ་ཆེ། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་སོགས། །ཐབས་ཤེས་གཉིས་མེད་རྒྱུད་སྡེའི་ལྷ་ཚོགས་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་རྣམས། །དག་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི། །རང་བཞིན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཨོཾ་གུ་རུ་སཾ་གྲ་ཧ་བྷཻ་ར་ཝ་ཧེ་བཛྲ་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད་དེ་ཕུལ། ཨོཾ་ཨཱཿཧཱུྃ། རྡོ་རྗེའི་ཡེ་ཤེས་འབར་བའི་མེ་བོ་ཆེས། །ལོག་འདྲེན་བགེགས་ཀྱི་བུད་ཤིང་ཀུན་བསྲེགས་ནས། །གྲུབ་གཉིས་སྣང་བ་རྟག་ཏུ་རྒྱས་མཛད་པའི། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཐམས་ཅད་དང་། །གནས་ཡུལ་དུར་ཁྲོད་ཀུན་ན་བཞུགས་པ་ཡི། །སྤྲུལ་པའི་གར་མཛད་དཔའ་བོ་རྣལ་འབྱོར་མ། །སྲིད་ཞིའི་འབྱོར་པ་མཐའ་དག་སྦྱིན་མཛད་པའི། །གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་དང་། །གཞན་ཡང་ཡུལ་ལྷ་གཞི་བདག་རིགས་དྲུག་མགྲོན། །ཐམས་ཅད་ཡེ་ཤེས་གཅིག་གིས་བྱིན་བརླབས་པར། །ཞལ་ཟས་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་སྒྲུབས། །མཆོག་ཐུན་དངོས་གྲུབ་ཐོབ་པའི་ཕྲིན་ལས་མཛོད། །ཆོས་སྐྱོང་སོ་སོའི་གཏོར་སྔགས་དང་མཁའ་འགྲོ་སྤྱི་གཏོར་སྔགས་ཀྱིས་ཕུལ། ལས་རྡོར་གྱིས་ཚོགས་ཞུ་འབུལ་བྱས་ནས་དྲངས་ཏེ་ཚིམ་པར་རོལ། མཐར་ལྷག་མ་ཆུ་ཆང་གིས་བྲན། ཨོཾ་ཨཱཿཧཱུྃ། ལྷག་མའི་གཏོར་མ་ཞལ་ཟས་བདུད་རྩིའི་སྤྲིན། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ། །ཟད་པ་མེད་པ་ནམ་མཁའི་མཛོད་ལྟ་བུ། །དཔག་ཡས་སྲིད་ཞིའི་ཁམས་ཀུན་ཁྱབ་པར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཕཻཾ། ཞེས་པས་མགྲོན་བཀུག །ཨོཾ་ཁ་ཁ་ཁཱ་ཧི་ཨུཥྩི་ཊ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་དང་། འབྱུང་པོ་ལྷག་ལ་དབང་བའི་ཚོགས་རྣམས་ལ། །འདོད་ཡོན་ཚོགས་ཀྱི་ལྷག་མ་འདི་སྦྱིན་ནོ། །ཟག་མེད་བདེ་བ་མཆོག་གིས་ལུས་དང་སེམས། །ངོམས་ཤིང་ཚིམ་པའི་སྐལ་བ་ལྡན་གྱུར་ཅིག །ཅེས་བསྔོས་ལ་ཕྱི་རོལ་གཙང་སར་ཕུལ། རྡོར་གླུ་ཤིས་བརྗོད་སྨོན་ལམ་རྣམས་ཀྱེ་རྡོར་ལྟར་བྱའོ། །ཚོགས་ཞིང་ཐམས་ཅད་རིམ་གྱིས་འོད་དུ་ཞུ་ནས་ཆོས་ཀྱི་རྗེ་ཉིད་ལ་ཐིམ་པར་གྱུར། ཞེས་བརྗོད་ལ། རྗེས་གསོལ་བཏབ་དབང་བླང་བ་ཡན་བླ་མཆོད་གཞུང་ལྟར་བྱའོ། །ཚོགས་པ་མང་སྐབས་ལས་རྡོར་གྱི་ཕྱག་སྔོན་འགྲོས། ཚོགས་ཀྱི་ཡོ་བྱད་ལ་བྱིན་རླབས་གནང་བར་ཞུ། ཞེས་དང་། བླ་མ་དང་དཀོན་མཆོག་གི་དྲུང་དུ་སྨན་ཕུད་འབུལ་བར་ཞུ། ཞེས་དང་། བླ་མ་དང་དཀོན་མཆོག་གི་དྲུང་དུ་ཚོགས་ཕུད་འབུལ་བར་ཞུ། ཞེས་དང་། མཁའ་འགྲོ་དང་ཆོས་སྐྱོང་གི་དྲུང་དུ་ཚོགས་ཕུད་འབུལ་བར་ཞུ། ཞེས་པ་སོ་སོའི་ཐད་ཀྱི་སྐབས་དང་སྦྱར། དྲངས་པའི་སྐབས་ལས་རྡོར་གྱིས་བཟའ་བ་གཡས་དང་བཏུང་བ་གཡོན་དུ་ཐོགས་ཏེ། ཧོཿགཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་གདོལ་པ་ཁྱི་དང་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་ལག་གཉིས་ཀྱིས་སྟོབ། ལེན་པ་པོས་པད་བསྐོར་དང་བཅས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། ཞེས་པདྨའི་ཕྱག་རྒྱས་བླངས། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་ཐམས་ཅད་ལ་བྲིམ་ཚར་བ་དང་། ཐམས་ཅད་ཚོགས་ལ་རོལ་བར་ཞུ། ཞེས་བསྐུལ་ཏེ། མགྲིན་པར་བླ་མ། སྙིང་གར་ཡི་དམ་གྱི་ངོ་བོ་ཧཱུྃ་སྔོན་པོ། ལྟེ་བར་མཁའ་འགྲོ་ཆོས་སྐྱོང་རྣམས་གསལ་བཏབ་ལ་རོལ་བར་བྱའོ། །ཡང་ལས་རྡོར་ནས་ཕྱག་སྔོན་འགྲོས། ལྷག་མའི་གཏོར་མ་ལ་བྱིན་བརླབ་གནང་བར་ཞུ། ཞེས་བསྐུལ་ནས་ལྷག་ཆོག་བཏང་བར་བྱ་བ་ནི་སྤྲོས་བཅས་ཀྱི་ལུགས་སོ། །ཚོགས་འཁོར་གྱི་བཤད་པ་ཞིབ་མོ་ནི་གཞུང་གཞན་དུ་ཤེས་དགོས་པ་ཁོ་ནའོ། ཞེས་པའང་དགེ་སློང་འཚོ་བྱེད་ཚེ་རིང་ཕུན་ཚོགས་ཀྱིས་ནན་ཏན་དུ་བསྐུལ་བ་དོན་ཡོད་པའི་ཕྱིར་དུ་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུང་ལས་བཏུས་ཏེ་བཀོད་པ་འདིས་ཀྱང་ཚོགས་གཉིས་རྒྱ་ཆེན་པོ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏཾ།། །།

Footnotes

Other Information