དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ།

From Khyentse Lineage - A Tsadra Foundation Project
Wylie title dpal sa skya pa chen po kun dga' snying po la brten pa'i bla ma'i rnal 'byor grub gnyis mchog stsol JKCL-KABUM-04-NGA-028.pdf
Location chos kyi blo gros bka' 'bum
Volume 4, Text 28, Pages 157-164 (Folios 1a1 to 4b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་ཆེན་ཀུན་དགའ་སྙིང་པོ་ (Sa chen kun dga' snying po)
Citation 'jam dbyangs mkhyen brtse chos kyi blo gros. dpal sa skya pa chen po kun dga' snying po la brten pa'i bla ma'i rnal 'byor grub gnyis mchog stsol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 157-164. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ལམ་ཟབ་ཕྱི་ནང་ལས་ལྷག་པའི་ཉམས་ལེན་མི་དགོས་ཀྱང་། གོང་མ་ཀུན་བློ། འཇམ་མགོན་མཁྱེན་བརྩེ། ངག་དབང་ལེགས་གྲུབ་སོགས་ཀྱིས་རྗེ་བཙུན་རིན་པོ་ཆེ་དང་། ཚར་ཆེན་སོགས་ལ་བླ་མའི་རྣམ་ཐར་མཛད་པ་ལ་དཔག་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྕགས་སྦྲུལ་ཟླ་གཉིས་ཚེས་ཉེར་དྲུག་ལ་རང་གི་མོས་པ་གཙོ་བོར་བྱས་ཏེ་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ་ཤུ་བྷཾ།།

/ces pa'ang lam zab phyi nang las lhag pa'i nyams len mi dgos kyang /__gong ma kun blo/__'jam mgon mkhyen brtse/__ngag dbang legs grub sogs kyis rje btsun rin po che dang /__tshar chen sogs la bla ma'i rnam thar mdzad pa la dpag nas 'jam dbyangs chos kyi blo gros pas lcags sbrul zla gnyis tshes nyer drug la rang gi mos pa gtso bor byas te bris pa 'dis kyang sems can la phan pa rgya chen po 'byung bar byin gyis brlab tu gsol/__sarba dza ga taM shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ་བཞུགས་སོ། ། རྗེ་བཙུན་བརྩེ་བ་ཆེན་པོའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཔལ་ལྡན་རྡོ་རྗེ་འཆང་དབང་གི། ཐུགས་ཀྱི་གསང་མཛོད་སྒོ་དབྱེ་བ། །རྣལ་འབྱོར་དབང་ཕྱུག་བརྩེ་བ་ཆེས། །རྟག་ཏུ་བྱིན་རློབས་ཤིས་པ་སྩོལ། །དེ་ལ་རྟེན་གྱི་གང་ཟག་དབང་གིས་རྒྱུད་སྨིན་པས་ལམ་གྱི་སྙིང་པོ་འདི་ལ་བརྩོན་པར་བྱ་སྟེ། དད་པ་དང་ངེས་འབྱུང་བྱང་སེམས་ལམ་གྱིས་གཞི་བཅའ་བ་སྔོན་དུ་འགྲོ་བས་འདིར་འཇུག་པ་ལ་སྦྱོར་དངོས་རྗེས་གསུམ་ལས། །དང་པོ་སྦྱོར་བ་སྐྱབས་སེམས་ནི། མདུན་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །སྐྱབས་ཡུལ་མངོན་སུམ་བཞིན་དུ་གསལ། །བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཀྱི་མཆོག་གྱུར་བླ་མ་མཆོག་གསུམ་ལ། །མི་ཕྱེད་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །ལན་གསུམ་སོགས་ཅི་ནུས་མཐར། སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ། །སྒྲིབ་དག་ཚོགས་གཉིས་རྫོགས་པར་གྱུར། །གཉིས་པ་སེམས་བསྐྱེད་པ་ནི། མ་གྱུར་རིགས་དྲུག་མཁའ་ཁྱབ་སེམས་ཅན་རྣམས། །རྫོགས་པའི་བྱང་ཆུབ་ཆེན་པོར་འགོད་པར་བྱ། །དེ་ཡི་ཆེད་དུ་ཟབ་མོའི་ཉེ་ལམ་ནི། །བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གསུམ་བརྗོད། །གཉིས་པ་དངོས་གཞི་ལ་ཚོགས་རྟེན་གསལ་བཏབ་བ་ནི། རང་མདུན་ནམ་མཁར་འཇའ་སྤྲིན་འཁྲིགས་པའི་ཀློང་། །སེང་ཁྲི་པད་དཀར་ཟླ་བ་རྒྱས་པའི་སྟེང་། །རྩ་བའི་བླ་མ་བརྩེ་ཆེན་ཀུན་དགའ་སྙིང་། །དཀར་གསལ་ཞི་འཛུམ་ཕྱག་གཡས་མཆོག་སྦྱིན་དང་། །གཡོན་པས་སྐྱབས་སྦྱིན་པད་དཀར་སྡོང་བུ་བསྣམས། །དགེ་བསྙེན་ཆས་གསོལ་ཞབས་གཉིས་རོལ་སྟབས་བཞུགས། །ཐུགས་དབུས་པད་ཟླའི་སྟེང་དུ་བིཪྺ་པ། །དམར་སྨུག་རྣལ་འབྱོར་སྤྱོད་པའི་ཆ་བྱད་ཅན། །ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད། །དེ་དག་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཐུགས་ལས་འོད་འཕྲོས་བདེ་བ་ཅན་སོགས་ནས། །རྗེ་བཙུན་བླ་མ་སྤྱན་དྲངས་གཉིས་མེད་ཐིམ། །གཉིས་པ་ཡན་ལག་བདུན་པ་བྱ་བ་ནི། རྒྱས་པར་གཞན་དུ་ཤེས། བསྡུ་ན། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །མི་ཕྱེད་རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་སྒྲིབ་ཉེས་ལྟུང་གནོང་འགྱོད་དྲག་པོས་བཤགས། །འཕགས་དང་སོ་སོའི་སྐྱེ་བོས་བསགས་པ་ཡི། །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བླ་ན་མེད། །འཁོར་བ་མ་སྟོང་བར་དུ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་འཇིག་རྟེན་མགོན་སླད་དུ། །བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །དེ་ལྟར་བསགས་པའི་དགེ་བ་འདིས་མཚོན་ཏེ། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། །གསུམ་པ་གསོལ་བ་བཏབ་པ་ལ། རྒྱས་པར་ཚངས་དབང་གཙུག་ནོར་མ་སོགས་བླ་མ་གོང་མས་མཛད་པ་བྱིན་རླབས་ཅན་དང་། བསྡུ་ན། ཐོབ་བྱའི་ཡོན་ཏན་ཀུན་བརྙེས་ཤིང་། །རང་དང་གཞན་གྱི་དོན་མཛད་པའི། །རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །ཀུན་དགའ་སྙིང་པོ་ལ་ཕྱག་འཚལ། །རྡོ་རྗེ་འཆང་དབང་བསམ་བཞིན་བྱོན་པའི་སྐུ། །མཐུ་སྟོབས་དབང་ཕྱུག་དག་དང་དབྱེར་མེད་པ། །གསང་སྔགས་བསྟན་པ་རྒྱ་མཚོའི་ཤིང་རྟ་ཆེ། །རྗེ་བཙུན་ས་སྐྱ་པ་ལ་གསོལ་བ་འདེབས། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཅི་ནུས་དང་། མཁྱེན་ནོ་མཁྱེན་ནོ་རྣལ་འབྱོར་དབང་ཕྱུག་བརྩེ་ཆེན་ཀུན་དགའ་སྙིང་པོ་མཁྱེན་ནོ། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་མཛོད། །འཁོར་བ་ངན་སོང་གནས་སུ་མ་གཏོང་། །འཇིགས་དང་རྐྱེན་ངན་བར་ཆད་ཀུན་ཞི། །ལས་ངན་སྡིག་སྒྲིབ་དག་པར་མཛོད་ཅིག །རྗེ་བཙུན་ས་སྐྱ་པ་ཆེན་པོ་ཁྱེད་མཁྱེན་ནོ། །ཟབ་མོ་དབང་བཞི་རྟེན་བཞིར་བསྐུར་ནས། །ལམ་བཞི་བསྒོམ་པས་རྟོགས་པ་མངོན་གྱུར། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན༴ །མྱུར་བ་ཉིད་དུ་བྱིན༴ །འདུག་ས་འདི་ཉིད་དུ་བྱིན༴ །ཐུན་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་མཁྱེན་ནོ། །ཅེས་པའང་ཅི་ནུས་བྱ་ཞིང་། དེ་ལྟར་དཔལ་ལྡན་བླ་མར་གསོལ་བཏབ་མཐུས། །མ་དག་སྣང་བར་ངེས་འབྱུང་སྐྱེ་བ་དང་། །ལམ་གྱི་རྩ་བ་བྱང་ཆུབ་སེམས་འབྱོངས་ཤིང་། །དག་སྣང་སྤྲོ་དགའ་ཐོབ་པར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རྒྱུ་རྒྱུད་ལྟ་བར་སྒྲོ་འདོགས་ལེགས་ཆོད་ནས། །འཁོར་འདས་ཆོས་ཀུན་སེམས་སུ་རྟོགས་པ་དང་། །དེ་ཉིད་བརྗོད་བྲལ་རྟོགས་པར་བྱིན༴ །གཞི་དུས་གསལ་སྟོང་ཟུང་འཇུག་རྡོ་རྗེའི་ལུས། །ལམ་དུས་དབང་བཞིའི་བསྐྱེད་རྫོགས་རིམ་གཉིས་ཀྱི། །གསོས་བཏབ་འབྲས་དུས་སྐུ་དང་ཡེ་ཤེས་སྨིན། །དཀྱིལ་འཁོར་རྣམ་བཞི་འགྲུབ་པར་བྱིན༴ །ཉམས་དང་ཏིང་འཛིན་སྒོམ་པའི་འཕྲང་ལས་གྲོལ། །རྩ་ཡིག་ཐིག་རླུང་ཤིན་ཏུ་སྦྱངས་པ་ཡིས། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་བརྙེས་གྱུར་ནས། །དོན་གཉིས་རླབས་ཆེན་འགྲུབ་པར་བྱིན་གྱིས་རློབས། །མཚན་སྔགས་བཟླ་ན། ཨོཾ་ཨཱཿགུ་རུ་ནནྡ་གརྦྷ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་མཚན་སྔགས་དེ་ཉིད་ལྔ་སྦྲེལ་འདི་ཅི་ནུས་བཟླ། །གསུམ་པ་རྗེས་ལ། །དང་པོ་དབང་བླང་བ་ནི། སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །བརྩེ་བ་ཆེན་པོས་བདག་ལ་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་ཆེན་པོས་བདག་རྒྱུད་སྨིན་པར་མཛོད། །བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །ཨོཾ་གྱི་གཟུགས་བྱུང་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་རྩ་ཡི་སྒྲིབ་དག་ནས། །སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར། །ཨཱཿཡི་གཟུགས་བྱུང་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ཡི་གེའི་སྒྲིབ་དག་ནས། །ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །ཧཱུྃ་ཡིག་གཟུགས་བྱུང་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་ཐིག་ལེའི་སྒྲིབ་དག་ནས། །ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་བཞག །བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་སྣ་ཚོགས་འབྲུ་གསུམ་གཟུགས་བྱུང་བ། །གནས་གསུམ་ཞུགས་པས་རླུང་གི་སྒྲིབ་དག་ནས། །ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་བཞག །གཉིས་པ་ཚོགས་རྟེན་རང་ལ་བསྡུ་བ་ནི། མཐར་ནི་བླ་མ་དགྱེས་པས་འོད་དུ་ཞུ། །རང་ལ་ཐིམ་པས་བདག་གི་སྒོ་གསུམ་དང་། །བླ་མའི་གསང་གསུམ་དབྱེར་མེད་འདྲེས་གྱུར་ནས། །བློ་འདས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་ཅི་གནས་སུ་ཐུགས་ཡིད་བསྲེ་བའི་ངང་དུ་མཉམ་པར་བཞག །གསུམ་པ་ཐུན་ལས་ལྡང་བ་ན། སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང་། །རང་བཞིན་སྤྲོས་བྲལ་གསང་བའི་བླ་མ་གསུམ། །དབྱེར་མེད་སྙིང་པོ་བླ་མའི་དོན་རྟོགས་ཤོག །སྐྱེ་བ་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི། །ཚད་མ་བཞི་ལྡན་སྙན་བརྒྱུད་ཟབ་མོའི་ཆོས། །མ་ནོར་ཇི་བཞིན་སྟོན་མཁས་བླ་མ་དང་། །འབྲལ་བ་མེད་ཅིང་རྟག་ཏུ་རྗེས་འཛིན་ཤོག །རྣལ་འབྱོར་དབང་ཕྱུག་ཀུན་དགའ་སྙིང་པོ་ཡིས། །ཐུགས་བསྐྱེད་མཛད་པ་སྨོན་ལམ་བཏབ་པ་རྣམས། །བདག་སོགས་འགྲོ་བས་མྱུར་དུ་འགྲུབ་གྱུར་ནས། །རྗེ་བཙུན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གཞན་ཡང་། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། སོགས་སྨོན་ལམ་གང་ཤེས་བཏབ་ལ། ཐུན་གྱི་རྗེས་ཤེས་ཐམས་ཅད་དུ་བླ་མའི་ལམ་ཁྱེར་དང་མི་འབྲལ་བར་བྱའོ། །འདི་བགྱིས་བདག་གཞན་སེམས་ཅན་ཀུན། །བླ་མའི་ལམ་གྱིས་གྲོལ་བ་དང་། །མི་གནས་མྱ་ངན་འདས་པའི་སར། །མཁའ་ཁྱབ་ཡིད་ཅན་དྲང་བར་ཤོག །ཅེས་པའང་ལམ་ཟབ་ཕྱི་ནང་ལས་ལྷག་པའི་ཉམས་ལེན་མི་དགོས་ཀྱང་། གོང་མ་ཀུན་བློ། འཇམ་མགོན་མཁྱེན་བརྩེ། ངག་དབང་ལེགས་གྲུབ་སོགས་ཀྱིས་རྗེ་བཙུན་རིན་པོ་ཆེ་དང་། ཚར་ཆེན་སོགས་ལ་བླ་མའི་རྣམ་ཐར་མཛད་པ་ལ་དཔག་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྕགས་སྦྲུལ་ཟླ་གཉིས་ཚེས་ཉེར་དྲུག་ལ་རང་གི་མོས་པ་གཙོ་བོར་བྱས་ཏེ་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་ཛ་ག་ཏཾ་ཤུ་བྷཾ།། །།
[edit]

@#/__/dpal sa skya pa chen po kun dga' snying po la brten pa'i bla ma'i rnal 'byor grub gnyis mchog stsol bzhugs so/__/ rje btsun brtse ba chen po'i zhabs la phyag 'tshal zhing skyabs su mchi'o/__/dpal ldan rdo rje 'chang dbang gi/__thugs kyi gsang mdzod sgo dbye ba/__/rnal 'byor dbang phyug brtse ba ches/__/rtag tu byin rlobs shis pa stsol/__/de la rten gyi gang zag dbang gis rgyud smin pas lam gyi snying po 'di la brtson par bya ste/__dad pa dang nges 'byung byang sems lam gyis gzhi bca' ba sngon du 'gro bas 'dir 'jug pa la sbyor dngos rjes gsum las/__/dang po sbyor ba skyabs sems ni/__mdun mkhar mchod sprin rgya mtsho'i dbus/__/skyabs yul mngon sum bzhin du gsal/__/bdag gzhan mkha' khyab 'gro ba ma lus kun/__/deng nas bzung ste byang chub snying po'i bar/__/skyabs kyi mchog gyur bla ma mchog gsum la/__/mi phyed rtse gcig gus pas skyabs su mchi/__/lan gsum sogs ci nus mthar/__skyabs yul 'od zhu rang la thim/__/sgrib dag tshogs gnyis rdzogs par gyur/__/gnyis pa sems bskyed pa ni/__ma gyur rigs drug mkha' khyab sems can rnams/__/rdzogs pa'i byang chub chen por 'god par bya/__/de yi ched du zab mo'i nye lam ni/__/bla ma'i rnal 'byor nyams su blang bar bgyi/__/lan gsum brjod/__/gnyis pa dngos gzhi la tshogs rten gsal btab ba ni/__rang mdun nam mkhar 'ja' sprin 'khrigs pa'i klong /__/seng khri pad dkar zla ba rgyas pa'i steng /__/rtsa ba'i bla ma brtse chen kun dga' snying /__/dkar gsal zhi 'dzum phyag g.yas mchog sbyin dang /__/g.yon pas skyabs sbyin pad dkar sdong bu bsnams/__/dge bsnyen chas gsol zhabs gnyis rol stabs bzhugs/__/thugs dbus pad zla'i steng du biR+Wa pa/__/dmar smug rnal 'byor spyod pa'i cha byad can/__/phyag gnyis chos kyi 'khor lo'i phyag rgya mdzad/__/de dag gnas gsum oM AHhU~M gis mtshan/__/thugs las 'od 'phros bde ba can sogs nas/__/rje btsun bla ma spyan drangs gnyis med thim/__/gnyis pa yan lag bdun pa bya ba ni/__rgyas par gzhan du shes/__bsdu na/__sku bzhi'i dbang phyug dpal ldan bla ma la/__/mi phyed rtse gcig gus pas phyag 'tshal lo/__/dngos su 'byor dang yid las byung ba yi/__/phyi nang gsang ba'i mchod sprin rgya mtshos mchod/__/tshe rabs 'khor ba thog med nas bsags pa'i/__/sdig sgrib nyes ltung gnong 'gyod drag pos bshags/__/'phags dang so so'i skye bos bsags pa yi/__/zag bcas zag med dge la rjes yi rang /__/zab dang rgya che'i chos 'khor bla na med/__/'khor ba ma stong bar du bskor bar bskul/__/mya ngan mi 'da' 'jig rten mgon slad du/__/bskal pa rgya mtshor bzhugs par gsol ba 'debs/__/de ltar bsags pa'i dge ba 'dis mtshon te/__/dus gsum dge tshogs byang chub chen por bsngo/__/zhes lan gsum/__/gsum pa gsol ba btab pa la/__rgyas par tshangs dbang gtsug nor ma sogs bla ma gong mas mdzad pa byin rlabs can dang /__bsdu na/__thob bya'i yon tan kun brnyes shing /__/rang dang gzhan gyi don mdzad pa'i/__/rnal 'byor dbang phyug sa skya pa/__/kun dga' snying po la phyag 'tshal/__/rdo rje 'chang dbang bsam bzhin byon pa'i sku/__/mthu stobs dbang phyug dag dang dbyer med pa/__/gsang sngags bstan pa rgya mtsho'i shing rta che/__/rje btsun sa skya pa la gsol ba 'debs/__/rtag tu bdag la byin gyis brlab tu gsol/__/zhes ci nus dang /__mkhyen no mkhyen no rnal 'byor dbang phyug brtse chen kun dga' snying po mkhyen no/__/thugs rje'i spyan gyis bdag la gzigs mdzod/__/'khor ba ngan song gnas su ma gtong /__/'jigs dang rkyen ngan bar chad kun zhi/__/las ngan sdig sgrib dag par mdzod cig__/rje btsun sa skya pa chen po khyed mkhyen no/__/zab mo dbang bzhi rten bzhir bskur nas/__/lam bzhi bsgom pas rtogs pa mngon gyur/__/sku bzhi'i go 'phang thob par byin gyis rlobs shig__/da lta nyid du byin=__/myur ba nyid du byin=__/'dug sa 'di nyid du byin=__/thun 'di nyid du byin gyis rlobs shig__/mkhyen no mkhyen no/__/ces pa'ang ci nus bya zhing /__de ltar dpal ldan bla mar gsol btab mthus/__/ma dag snang bar nges 'byung skye ba dang /__/lam gyi rtsa ba byang chub sems 'byongs shing /__/dag snang spro dga' thob par byin gyis rlobs/__/dbang gis rgyud smin dam tshig rnam par dag__/rgyu rgyud lta bar sgro 'dogs legs chod nas/__/'khor 'das chos kun sems su rtogs pa dang /__/de nyid brjod bral rtogs par byin=__/gzhi dus gsal stong zung 'jug rdo rje'i lus/__/lam dus dbang bzhi'i bskyed rdzogs rim gnyis kyi/__/gsos btab 'bras dus sku dang ye shes smin/__/dkyil 'khor rnam bzhi 'grub par byin=__/nyams dang ting 'dzin sgom pa'i 'phrang las grol/__/rtsa yig thig rlung shin tu sbyangs pa yis/__/'ja' lus rdo rje'i sku mchog brnyes gyur nas/__/don gnyis rlabs chen 'grub par byin gyis rlobs/__/mtshan sngags bzla na/__oM AHgu ru nan+da gar+b+ha sarba sid+d+hi hU~M swA hA/__zhes mtshan sngags de nyid lnga sbrel 'di ci nus bzla/__/gsum pa rjes la/__/dang po dbang blang ba ni/__skyabs gnas kun 'dus bla ma rdo rje 'chang /__/brtse ba chen pos bdag la nyer dgongs nas/__/bum gsang shes rab ye shes de kho na'i/__/ye shes chen pos bdag rgyud smin par mdzod/__/bla ma'i dpral ba'i oM las 'od dkar po/__/oM gyi gzugs byung rang gi dpral bar thim/__/bum pa'i dbang thob rtsa yi sgrib dag nas/__/sprul sku'i go 'phang thob pa'i skal ba bzhag__/bla ma'i mgrin pa'i AHlas 'od zer dmar/__/AHyi gzugs byung rang gi mgrin par thim/__/gsang ba'i dbang thob yi ge'i sgrib dag nas/__/longs sku'i go 'phang thob pa'i skal ba bzhag__/bla ma'i thugs ka'i hU~M las 'od sngon po/__/hU~M yig gzugs byung rang gi snying gar thim/__/gsum pa'i dbang thob thig le'i sgrib dag nas/__/chos sku'i go 'phang thob pa'i skal ba bzhag__/bla ma'i gnas gsum rdo rje'i 'bru gsum las/__/'od zer sna tshogs 'bru gsum gzugs byung ba/__/gnas gsum zhugs pas rlung gi sgrib dag nas/__/ngo bo nyid sku thob pa'i skal ba bzhag__/gnyis pa tshogs rten rang la bsdu ba ni/__mthar ni bla ma dgyes pas 'od du zhu/__/rang la thim pas bdag gi sgo gsum dang /__/bla ma'i gsang gsum dbyer med 'dres gyur nas/__/blo 'das 'od gsal chos sku'i rang zhal blta/__/zhes ci gnas su thugs yid bsre ba'i ngang du mnyam par bzhag__/gsum pa thun las ldang ba na/__sangs rgyas kun 'dus phyi yi bla ma dang /__/sems nyid 'od gsal nang gi bla ma dang /__/rang bzhin spros bral gsang ba'i bla ma gsum/__/dbyer med snying po bla ma'i don rtogs shog__/skye ba kun tu rje btsun sa skya pa'i/__/tshad ma bzhi ldan snyan brgyud zab mo'i chos/__/ma nor ji bzhin ston mkhas bla ma dang /__/'bral ba med cing rtag tu rjes 'dzin shog__/rnal 'byor dbang phyug kun dga' snying po yis/__/thugs bskyed mdzad pa smon lam btab pa rnams/__/bdag sogs 'gro bas myur du 'grub gyur nas/__/rje btsun khyed dang mnyam par byin gyis rlobs/__/gzhan yang /__dge ba 'di yis nam mkha'i mtha' klas pa'i/__sogs smon lam gang shes btab la/__thun gyi rjes shes thams cad du bla ma'i lam khyer dang mi 'bral bar bya'o/__/'di bgyis bdag gzhan sems can kun/__/bla ma'i lam gyis grol ba dang /__/mi gnas mya ngan 'das pa'i sar/__/mkha' khyab yid can drang bar shog__/ces pa'ang lam zab phyi nang las lhag pa'i nyams len mi dgos kyang /__gong ma kun blo/__'jam mgon mkhyen brtse/__ngag dbang legs grub sogs kyis rje btsun rin po che dang /__tshar chen sogs la bla ma'i rnam thar mdzad pa la dpag nas 'jam dbyangs chos kyi blo gros pas lcags sbrul zla gnyis tshes nyer drug la rang gi mos pa gtso bor byas te bris pa 'dis kyang sems can la phan pa rgya chen po 'byung bar byin gyis brlab tu gsol/__sarba dza ga taM shu b+haM//____//

Footnotes

Other Information