དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ སེང་ཆེན་དགྲ་བླའི་གསས་མཁར་བསྟོད་པའི་ཆོ་ག་དགེ་ལེགས་སྙིང་པོ༔

From Khyentse Lineage - A Tsadra Foundation Project
Revision as of 08:12, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-23-'A-023
Wylie title dgra 'dul wer ma'i snying tig las: seng chen dgra bla'i gsas mkhar bstod pa'i cho ga dge legs snying po DKR-KABUM-23-A-023.pdf
Location dil mgo mkhyen brtse bka' 'bum
Volume 23, Text 23, Pages 423-440 (Folios 1a to 9b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Dgra 'dul wer ma'i snying tig las seng chen dgra bla'i gsas mkhar bstod pa'i cho ga dge legs snying po. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 423-440. Delhi: Shechen Publications, 1994.
Genre Ritual and Liturgical Texts - cho ga phyag len  ·  Verses of Praise - bstod pa
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
Colophon

ཅེས་པའང་ཀུན་ཏུ་རྒྱུ་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རོལ་པའི་རྡོ་རྗེ་གར་དབང་མདོ་སྔགས་གླིང་པས་གཡུ་བྲག་དབེན་པའི་སྨན་ལྗོངས་སུ་རྒྱུ་བའི་སྐབས་རྟེན་འབྱུང་པདྨའི་རོལ་མོ་ལས་ཤར་བ་ལྟར་དག་པར་གཏན་ལ་ཕབ་པའོ། །དགེའོ། །

ces pa'ang kun tu rgyu khrag 'thung bdud 'dul ye shes rol pa'i rdo rje gar dbang mdo sngags gling pas g.yu brag dben pa'i sman ljongs su rgyu ba'i skabs rten 'byung pad+ma'i rol mo las shar ba ltar dag par gtan la phab pa'o/_/dge'o/_/

[edit]
དྷཱིཿ།༔ དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ སེང་ཆེན་དགྲ་བླའི་གསས་མཁར་བསྟོད་པའི་ཆོ་ག་དགེ་ལེགས་སྙིང་པོ་བཞུགས༔

དྷཱིཿ།༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ མ་འོངས་སྙིགས་མའི་དུས་ཀྱི་ཚེ༔ དམ་སྲི་ཀླ་ཀློའི་ཡུལ་ཁམས་ཁེངས༔ རྒྱལ་བསེན་འབྱུང་པོས་བཟུང་བའི་ཚེ༔ ཀུན་ལ་མི་བདེ་སྡུག་བསྔལ་འབྱུང༔ ནད་མུག་མཚོན་འཁྲུག་རྒྱུན་མི་འཆད༔ སྣོད་བཅུད་མངའ་ཐང་དཔལ་འབྱོར་ཉམས༔ ཁྱད་པར་དཀར་ཕྱོགས་མགོ་འཕང་དམའ༔ ནག་པོ་སྨོན་ལམ་མཐུ་བཙན་ཚེ༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ རི་བོ་དཔྱད་ལེགས་བཀྲ་བཟང་ཞིང༔ རྩེ་མཐོ་ཉམས་དགའི་མགུལ་ཡངས་པར༔ ས་མིག་བཙལ་ལ་ཆོ་ག་བྱ༔ གནང་བ་ཞུ་སྟེ་རིན་གྱིས་བསླུ༔ གསས་མཁར་གྲུ་བཞི་བ་གམ་ཅན༔ བཟང་པོའི་ཤིང་གི་སྲོག་ཤིང་བཙུགས༔ དབུས་སུ་བླ་རྡོ་སྲོག་འཁོར་ཆས༔ གཞུང་ལྟར་ཚོགས་དང་ཁྱད་པར་དུ༔ རི་རྩེ་རྒྱ་མཚོ་ཆུ་ཆེན་གྱི༔ གནས་ནས་བླངས་པའི་མཁར་གོང་གིས༔ ཕྱུར་བུར་བཀང་ཞིང་ཁྱད་པར་དུ༔ གཏེར་གྱི་བུམ་པ་ཚད་ལྡན་གཞུག༔ དམུ་ཐག་ཕྱོགས་བཞིར་འཐེན་པ་ལ༔ དར་གྱི་ཅོད་པན་མཛེས་པར་བསྟར༔ རི་ཡི་དམུ་ཐག་གྱེན་བརྒྱུད་དེ༔ གསས་མཁར་བཅུ་གསུམ་ཕྲེང་དུ་བསྟར༔ དར་ཐག་བལ་ཚོན་ཤིང་རྩིས་བརྒྱན༔ དུས་བཟང་ཡར་ངོ་ཤིས་པའི་ཆར༔ སྔགས་འཆང་ལྷ་ཡི་རྣལ་འབྱོར་གྱིས༔ ཁྲུས་དང་བསང་སྦྱང་ནན་ཏན་བྱ༔ སྔགས་དྲུག་ཕྱག་རྒྱ་ལྷ་དྲུག་གིས༔ བསང་སྦྱང་བྱིན་རླབས་རྒྱས་པར་བྱ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ས་གཞི་པདྨ་འདབ་བརྒྱད་དབུས༔ བྷྲཱུྃ་ལས་རིན་ཆེན་གསས་མཁར་ཆེ༔ ཡིད་འོང་ནོར་བུའི་གཞལ་མེད་ཁང༔ ངོ་མཚར་བཀོད་པས་བརྒྱན་པའི་དབུས༔ སེང་ཆེན་ནོར་བུ་དགྲ་བླའི་རྒྱལ༔ དཀར་གསལ་ལྷ་ཡི་དམག་དཔོན་ཆས༔ རིན་ཆེན་རྡོ་རྗེའི་གོ་ཁྲབ་གསོལ༔ དབུ་ལ་དར་འཕྲུ་དགུང་དུ་བསྙེགས༔ ཆེ་བརྗིད་དགྲ་བླའི་ཆས་ཀྱིས་མཛེས༔ ཕྱག་གཡས་བ་དན་དགུང་ལ་འཕྱར༔ མཛེས་པའི་དར་ལྕེ་པུ་རུ་རུ༔ གཡོན་པས་གཡས་འཁྱིལ་བཀྲ་ཤིས་དུང༔ སྙན་པའི་རང་སྒྲ་སྒྲོག་པ་འཛིན༔ རྫུ་འཕྲུལ་རྡོ་རྗེའི་རྐྱང་རྒོད་ཕེར༔ བང་མགྱོགས་རླུང་གི་རྩལ་ལྡན་འཆིབ༔ སྐུ་ལས་བདུད་རྩིའི་འཇའ་སྤྲིན་འཕྲོ༔ རྩེ་གྲོགས་དགྲ་བླ་བཅུ་གསུམ་དང༔ ཁྱད་པར་སེང་འབྲུག་ཁྱུང་སྟག་ཚོགས༔ འཁྲུགས་ཤིང་གར་སྟབས་ང་རོ་སྒྲོག༔ སྟེང་དུ་རྩ་བརྒྱུད་བླ་མ་དང༔ ཁྱད་པར་སྣང་སྲིད་ཟིལ་གནོན་རྩལ༔ དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ བར་དུ་ཡི་དམ་དཔའ་བོ་དང༔ མཁའ་འགྲོ་ནོར་ལྷ་རྒྱ་མཚོའི་ཚོགས༔ བསམ་ཡས་བཀོད་པ་འབུམ་ཕྲག་སྟོན༔ སེང་ཆེན་མདུན་དུ་ཡུལ་ལྷའི་གཙོ༔ གང་ཡིན་འཁོར་དང་བཅས་པ་གསལ༔ གཞན་ཡང་གཙང་རིས་དཔལ་མགོན་སོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཀུན་ཀྱང་དགྱེས་པའི་ངང་ཚུལ་གྱི༔ གཟི་བྱིན་འོད་དུ་འཁྲིགས་པར་བསམ༔ ཐུགས་སྲོག་ལས་བྱུང་འོད་ཀྱིས་བསྐུལ༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲང་བསམ༔ ཙནྡན་ཨ་དཀར་ལྷ་ཤིང་གི༔ དུད་སྤྲིན་སྙན་བརྗིད་རོལ་མོ་དང༔ ཤིས་པའི་དབྱངས་ཀྱི་མདུན་བདར་ཏེ༔ གདུང་བའི་ཤུགས་ཀྱིས་འདི་ལྟར་བསྐུལ༔ ཀྱཻ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བོད་ཡུལ་སངས་རྒྱས་བསྟན་པ་སྤེལ༔ དཀར་ཕྱོགས་རུ་མཚོན་བསྒྲེངས་པའི་ཚེ༔ ཟན་ཡང་དཔལ་གྱི་བསམ་ཡས་ནི༔ ཧས་པོ་རི་ཡི་ཡང་གོང་དུ༔ བོད་ཀྱི་ལྷ་སྲིན་ཀུན་ཚོགས་པར༔ མཆོད་སྦྱིན་བསང་དང་གསེར་སྐྱེམས་མཛད༔ དཀར་ཕྱོགས་དབུ་འཕང་དགུང་དུ་བསྟོད༔ བཀའ་ལ་མི་ཉན་གདུག་པ་ཅན༔ དམ་བཏགས་སྲོག་གི་སྙིང་པོ་བླངས༔ ནག་ཕྱོགས་བདུད་རིགས་བསད་བསྐྲད་བརྒྱལ༔ མངའ་བདག་ཆབ་སྲིད་རབ་ཏུ་རྒྱས༔ སངས་རྒྱས་བསྟན་པའི་ཉི་མ་ཤར༔ ངོ་མཚར་རྟེན་འབྱུང་ཇི་བཞིན་དུ༔ ད་ལྟ་རྣལ་འབྱོར་བདག་ཅག་གིས༔ བཀྲ་ཤིས་རི་མཐོ་ས་གཙང་ངོགས༔ རིན་ཆེན་གསས་མཁར་གཉན་པོ་བརྩིགས༔ སྨན་འབྲུ་ནོར་བུ་དར་གྱིས་གཏམས༔ དགེ་མཚན་ཤིས་པའི་རི་མོས་བརྒྱན༔ དར་གྱི་ཅོད་པན་ཤིང་སྣས་སྤྲས༔ སྔགས་རྒྱ་ཏིང་འཛིན་མི་བཟད་པས༔ འདོད་རྒུར་བསྒྱུར་བའི་འཕྲུལ་ཆེན་པོ༔ རབ་འབྱམས་རྩ་གསུམ་ལྷ་ཚོགས་དང༔ ཁྱད་པར་དགྲ་བླ་ཝེར་མའི་རྟེན༔ ངོ་མཚར་ཐབས་ཀྱི་ཆོ་ག་ཡིས༔ འཛུགས་ཕྱིར་གནས་འདིར་ལྷ་འཁོར་ཀུན༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ སྣ་ཚོགས་དར་གྱི་གཡབ་འདོར་ཞིང༔ སྙན་པའི་གླུ་དང་གླིང་བུས་བསྐུལ༔ དད་དང་མོས་པས་སྤྱན་འདྲེན་གྱིས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ རང་བཞིན་གཤེགས་བཞུགས་ལས་འདས་ཀྱང༔ རྣམ་འཕྲུལ་རྟེན་འབྱུང་མ་འགག་པའི༔ ཐབས་ཀྱི་ཆོ་ག་དེང་བགྱིད་ཀྱི༔ གང་འདུལ་སྒྱུ་མས་གཤེགས་སུ་གསོལ༔ ཨོཾ་ལོ་ཀ་པཱ་ལ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ་ཧྲཱིཿ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ གསང་བའི་དཀྱིལ་འཁོར་འདིར་བཞུགས་ལ༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི༔ ཕྲིན་ལས་བསམ་མི་ཁྱབ་པར་མཛོད༔ ཧཱུྃ་ཧྲཱིཿ དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ༔ ཏིང་འཛིན་རོལ་པས་བྱིན་བརླབས་པའི༔ ཡིད་འོང་མཆོད་པའི་ཁྱད་པར་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ ཉེ་བའི་རིན་ཆེན་བུམ་པ་བཟང༔ དཔག་བསམ་ལྗོན་ཚལ་བདུད་རྩིའི་རྫིང༔ སྨན་གྱི་ནགས་ཚལ་དར་ཟབ་གུར༔ འབྲུ་ཡི་ཕུང་པོ་རིན་ཆེན་གཏེར༔ དཀར་མངར་ཇ་ཆང་ཕུད་ཀྱི་སྐྱེམས༔ རྟ་ཕྱུགས་རི་དྭགས་གཅན་གཟན་ཚོགས༔ སྣ་ཚོགས་དཀོར་ནོར་བསམ་ཡས་པ༔ རྩ་གསུམ་དགྲ་བླ་ཝེར་མའི་རྗེ༔ མ་ལུས་འཁོར་དང་བཅས་པ་ལ༔ དགྱེས་པ་བསྐྱེད་ཕྱིར་འབུལ་ལགས་ན༔ བཞེས་ལ་ཕྲིན་ལས་རྣམ་བཞི་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་རཏྣ་མངྒ་ལཾ་དྲ་བྱཾ་བཛྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ཁྱད་པར་གསས་མཁར་བསྟོད་པ་ནི༔ ཀྱཻ༔ བཀྲ་ཤིས་རིན་ཆེན་ས་གཞིའི་ཁྱོན༔ དཔྱད་ལེགས་མགུལ་གྱི་དཔལ་བཟང་པོར༔ འདོད་རྒུ་འབྱུང་བའི་ས་མིག་ཏུ༔ རིན་ཆེན་གསས་མཁར་བརྟན་པོ་བརྩིགས༔ གྲུ་བཞི་ནོར་བུའི་གཞལ་ཡས་ཁང༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་རྫས༔ སྟེང་དུ་རྡོ་དཀར་ནོར་བུ་སྤུངས༔ རྒུད་པ་ཞི་ཕྱིར་བཀྲ་ཤིས་རྫས༔ ཡིད་འོང་དར་རས་བལ་ཚོན་བརྒྱན༔ ལྷ་སྲུང་ཆེ་རྒུ་འདུ་བའི་རྟེན༔ མདའ་མདུང་རལ་གྲིས་ངོ་འཐོན་སྐྱེད༔ ཕས་རྒོལ་བྱད་མ་འཇོམས་པའི་རྫོང༔ ངོ་མཚར་བཀོད་པ་ཁྱད་འཕགས་པ༔ དངོས་འབྱོར་ཡིད་ཀྱི་རོལ་པར་ཤར༔ བླ་རྡོ་མི་འབྲལ་སྲོག་གི་རྟེན༔ ཆོས་སྐྱོང་དགྲ་བླའི་ཡིད་ཆགས་གནས༔ རྣལ་འབྱོར་སྦྱིན་པའི་བདག་པོ་ཡི༔ ལྕགས་ཁམས་འབྱུང་བའི་དཔལ་ཡོན་སྐྱེད༔ རིན་ཆེན་ལྔ་དང་སྨན་འབྲུས་བཀང༔ མཐུན་རྫས་དཀོར་ཆའི་མཛོད་དུ་སྤུངས༔ ས་ཁམས་འབྱུང་བའི་མཐུན་བསྡེབས་རྫས༔ དར་དམར་སྔགས་དང་སྲོག་འཁོར་བཀྲ༔ ཡིད་མགུ་གསུང་གི་རྟེན་དུ་གྲུབ༔ མེ་ཁམས་འབྱུང་བའི་གཉེན་དང་རྫོང༔ སྣ་ཚོགས་དར་གྱི་བ་དན་འཕུར༔ ལྷ་སྲུང་དགྱེས་པའི་སྤྱན་གཟིགས་བཀྲ༔ སྙན་གྲགས་རླུང་གི་དཔལ་སྐྱེད་ཅིང༔ བདུད་རྩི་ཤིང་སྣ་མཛེས་པར་སྤུངས༔ དྲི་ཞིམ་སྤོས་ཀྱི་ནགས་སུ་འཁྲིགས༔ དཔག་བསམ་ལྗོན་པའི་སྐྱེད་མོས་ཚལ༔ ཤིང་ཁམས་སྲོག་གི་ཀ་བ་སྟེ༔ མདོར་ན་འབྱུང་བ་མཐུན་པའི་རྫས༔ གཙང་ཞིང་དག་ལ་རྨད་དུ་བྱུང༔ སྐུ་མཁར་བ་གམ་ཁྲིགས་སེ་ཁྲིག༔ ཤིང་རིས་འཇའ་ཚོན་ལམས་སེ་ལམ༔ དར་ཟབ་འཕུར་ལྕེ་པུ་རུ་རུ༔ སྨན་འབྲས་མེ་ཏོག་སྤུངས་སེ་སྤུང༔ ངོ་མཚར་བཀོད་པས་བརྒྱན་པ་འདི༔ རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང༔ ཁྱད་པར་དོན་གྲུབ་ཝེར་མའི་རྒྱལ༔ སེང་ཆེན་ནོར་བུ་དགྲ་འདུལ་རྩལ༔ དགྲ་བླ་རྒྱ་མཚོའི་འཁོར་དང་བཅས༔ དཀར་ཕྱོགས་ཟོ་དོར་ཕོ་ཉ་བ༔ བཞུགས་པའི་གནས་སུ་འབུལ་གྱིས་བཞེས༔ བརྟེན་པའི་མཁར་དུ་འབུལ་གྱིས་བཞེས༔ དགྱེས་པའི་རྫས་སུ་འབུལ་གྱིས་བཞེས༔ ཡིད་ཆགས་རྟེན་དུ་འབུལ་གྱིས་བཞེས༔ གནས་འདི་བཀྲ་ཤིས་ལྷ་ཡི་ཞིང༔ སྣོད་བཅུད་དཔལ་དང་ལྡན་པར་མཛོད༔ རྟེན་འདི་ལྷ་སྲུང་དགྱེས་པའི་རྫས༔ བྱིན་ཆགས་དངོས་གྲུབ་གཡང་འཁྱིལ་མཛོད༔ ལྷ་སྲུང་མི་དང་མི་འབྲལ་བར༔ ནག་ཕྱོགས་བདུད་བགེགས་བར་ཆད་སྲུངས༔ དགྲ་བླའི་ངོ་སོ་མི་དམའ་བར༔ ཕས་རྒོལ་ཆམ་ལ་འབེབས་པར་མཛོད༔ གཏེར་དང་ནོར་བུའི་མཆོག་བཞིན་དུ༔ འདོད་རྒུ་ལྷུན་གྱིས་གྲུབ་པར་མཛོད༔ དམུ་ཐག་ཕྱོགས་བཞིར་འཐེན་པ་ཡིས༔ ལས་བཞི་ལྷུན་གྱིས་གྲུབ་པར་མཛོད༔ རི་རྒྱུད་དམུ་ཡིས་མི་གཏོར་མནན༔ མི་འཆི་ཚེ་ཡི་རྫི་བོ་མཛོད༔ དཔལ་དང་གཡང་གི་མཚོ་བསྐྱིལ་ཏེ༔ བཀྲ་ཤིས་དགེ་མཚན་རྒྱས་པར་མཛོད༔ སླར་ཡང་དགྲ་བླའི་དབུ་འཕང་བསྟོད༔ མདའ་མདུང་རལ་གྲི་མཚོན་ཆ་སྤུང༔ བསང་དང་རོལ་མོ་རྒྱ་ཆེར་བྱ༔ སྐྱེས་པ་ཞུབ་ཅན་ཀི་བསྭོ་སྒྲོག༔ ཀྱཻ༔ འཇིག་རྟེན་སྲིད་པ་རྟེན་འབྱུང་མཐུ༔ དཀར་ཕྱོགས་ལས་ཀྱི་འབྲས་བུ་ལས༔ མི་ལ་འགོ་བའི་ལྷ་བྱུང་སྟེ༔ ཕྱི་རུ་མཁར་དང་རི་ལ་གནས༔ ནང་དུ་ལུས་ཀྱི་རྩ་རླུང་ཁམས༔ ཁྱད་པར་ཕྲག་པ་གཡས་སུ་བཞུགས༔ གསང་བ་རང་རིག་འཇིགས་མེད་པའི༔ དཔའ་རྩལ་སྤོབས་པ་བརྟན་པར་བཞུགས༔ འགོ་བའི་ལྷ་ནི་སྐྱེས་བུའི་གཉེན༔ བསྟོད་ཅིང་མཆོད་ན་སྒྲུབ་ལ་འགོ༔ བོས་པ་ཙམ་གྱིས་གློག་ལྟར་འབྱོན༔ བསྐུལ་བ་ཙམ་ནས་ཐོག་ལྟར་འབེབས༔ རྟེན་འབྲེལ་མཐུན་པ་ཀུན་བསྡེབས་པའི༔ ལེགས་དགུའི་ལྷ་ཞལ་དགུང་དུ་བསྟོད༔ སྣ་ཚོགས་ཝེར་མའི་རྒྱལ་པོ་ནི༔ འཛམ་བུའི་གླིང་གི་སེང་ཆེན་སྐུ༔ རྒྱ་བོད་གཉིས་ཀྱི་དགྲ་བླ་སྟེ༔ དོན་གྲུབ་ཝེར་མའི་རྒྱལ་པོ་ཞེས༔ སྐུ་ཆེ་གངས་ཀྱི་རི་བཞིན་བརྗིད༔ ཞལ་རས་ཟླ་བ་རྒྱས་པ་འདྲ༔ སྤྱན་མིག་འོད་ཟེར་སྟོང་གིས་མཛེས༔ འཛུམ་ཞལ་གཟི་བྱིན་ལམས་སེ་ལམ༔ རྨོག་དཀར་རྒྱལ་བའི་དོན་གྲུབ་གསོལ༔ དར་འཕྲུ་དགུང་དུ་བསྙེགས་པ་འདྲ༔ དཀར་ཕྱོགས་ལྷ་དམག་སྤྲིན་ལྟར་འཁྲིགས༔ དེ་རིང་བསྟོད་དོ་ལས་ལ་བཞེངས༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ༔ སྲ་བརྟན་ནམ་མཁའི་ཐོག་ཀྱང་རྡུག༔ བྱང་བུ་རེ་ལ་ལྷ་རེ་བཞུགས༔ སྲུང་མའི་དམག་དཔུང་ཟི་ར་འཚུབས༔ དེ་རིང་བསྟོད་དོ་ལས་ལ་བཞེངས༔ ཕྱག་གཡས་བ་དན་ལྕེ་བརྒྱད་འཕྱར༔ དར་གྱི་ཅོད་པན་འཇའ་ལྟར་བཀྲ༔ ཟོ་དོར་གཉེན་པོ་དཀར་པོའི་ཕྱོགས༔ སེང་ལྟར་འཕྱོ་བའི་དམག་དཔུང་འཁྲིགས༔ དེ་རིང་བསྟོད་དོ་ལས་ལ་བཞེངས༔ གཡོན་པ་བཀྲ་ཤིས་དཀར་དུང་འབུད༔ སྙན་གྲགས་འབྲུག་ལྟར་སྒྲོག་པ་ཡི༔ མོ་སྨན་བརྟན་མའི་དམག་དཔུང་རྣམས༔ མཛེས་བཀྲག་ནམ་མཁའི་གཟའ་ལྟར་བཀྲ༔ དེ་རིང་བསྟོད་དོ་ལས་ལ་བཞེངས༔ ཞབས་གཉིས་བརྗིད་པའི་རོལ་སྟབས་ཀྱིས༔ རྐྱང་རྒོད་གངས་ཀྱི་རི་རྩེ་འཆིབ༔ རྫུ་འཕྲུལ་རྐང་པའི་དམག་དཔུང་བཞི༔ མི་དཔའ་རྟ་མགྱོགས་རྡུལ་ལྟར་འཚུབས༔ ཀི་བསྭོ་སྒྲོག་ཅིང་མཚོན་ཆ་གཟེང༔ དེ་རིང་བསྟོད་དོ་ལས་ལ་བཞེངས༔ དབང་ཆེན་རྡོ་རྗེའི་འཚེར་སྒྲ་ཅན༔ ཟེ་རྔོག་སྤྲིན་དང་རླུང་ལྟར་འཚུབས༔ མཚོན་ཆའི་རྨིག་པ་རེ་རེས་ཀྱང༔ དམ་སྲི་བདུད་སྡེའི་ཀླད་པ་འགེམས༔ ལས་ཀྱི་ཕོ་ཉ་མཚོན་ལྟར་འཁྲུགས༔ དེ་རིང་བསྟོད་དོ་ལས་ལ་བཞེངས༔ ཁྱོད་ཀྱི་འཁོར་གྱི་ཚུལ་སྟོན་པ༔ སྟོབས་དང་རྩལ་ལས་སྣང་བའི་ལྷ༔ ཁྱིམ་ལྷ་གེལ་ཐུང་དུང་གི་ཀ་བས་བསྟོད༔ བཀྲ་ཤིས་དཔལ་འབྱོར་བསོད་ནམས་འདོད་རྒུ་སྤེལ༔ ཐབ་ལྷ་ཡུ་མོ་བཟའ་བཏུང་གཡོས་ཀྱིས་བསྟོད༔ ཞིམ་རྒུའི་བཅུད་ལེན་ལུས་སྲོག་ཟུངས་སུ་སྨིན༔ ཞིང་ལྷ་ཚངས་པ་རིན་ཆེན་སྙེ་མས་བསྟོད༔ ས་འདིར་འབྲུ་གཡང་བཅུད་དུ་ཆགས་པར་མཛོད༔ ཕྱུགས་ལྷ་རྣམ་སྲས་རྟ་ནོར་རྐང་བཞིས་བསྟོད༔ ནོར་ཕྱུགས་སྒབ་འཕེལ་དཔལ་གྱིས་ཁེངས་པར་མཛོད༔ ནོར་བདག་ཛཾ་ལྷ་རིན་ཆེན་དབྱིག་གིས་བསྟོད༔ སྣང་སྲིད་ཕྱྭ་དང་གཡང་གི་དམུ་རྫིང་སྐྱིལ༔ ཕྲག་ལྷ་དཀར་པོ་བསང་དང་སྐྱེམས་ཀྱིས་བསྟོད༔ འདོད་པའི་དོན་སྒྲུབས་རང་སྡེ་རྒྱལ་བར་མཛོད༔ སྲོག་ལྷ་དཀར་མཛེས་བདུད་རྩི་སྨན་གྱིས་བསྟོད༔ བླ་ཚེ་མི་ཉམས་སྲོག་གི་བརྟན་ཕུར་ཚུགས༔ མ་ལྷ་བུ་རྫི་ཡིད་མཐུན་རྫས་ཀྱིས་བསྟོད༔ རིགས་རྒྱུད་ཁྱེའུ་སྟོབས་རྩལ་བསྐྱེད་པ་སྤེལ༔ དགྲ་བླ་འཐབ་རྐྱེན་གོ་ཆ་མཚོན་གྱིས་བསྟོད༔ དགྲ་བདུད་ནག་ཕྱོགས་ཐམས་ཅད་ཆམ་ལ་ཕོབས༔ ཇག་ལྷ་དར་མ་རྟ་དང་གྲི་ཡིས་བསྟོད༔ དགྲ་སོད་བདག་རྒྱལ་འཇིགས་མེད་སྤོབས་པ་སྐྱེད༔ ཟས་ལྷ་གནོད་སྦྱིན་བཟའ་བཅའ་ཕུད་ཀྱིས་བསྟོད༔ གཞན་གྱི་ལག་རྒུལ་རང་གི་ཟ་ཁ་སྐྱེད༔ མགྲོན་ལྷ་ཕུན་ཚོགས་འབྱོར་པ་ཀུན་གྱིས་བསྟོད༔ ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་མ་མཛོད༔ ཚོང་ལྷ་ཚོགས་བདག་དབྱིག་གི་སྒྲོམ་བུས་བསྟོད༔ ཚོང་ལེགས་དཔལ་འབྱོར་གཞན་ནོར་བདག་ལ་བྱིན༔ དགྲ་བླ་མ་འབྲལ་མཁར་གྱི་རྟེན་འདིར་བཞུགས༔ ནག་ཕྱོགས་རྒྱུ་འགྲུལ་སྲུང་ལ་སོ་པ་མཛོད༔ དགྲ་བླ་མ་འབྲལ་རི་ཡི་འཕེན་འདིར་བཞུགས༔ སྣོད་བཅུད་དཔལ་འབྱོར་སྐྱེད་དང་བསྡུ་བར་མཛོད༔ དགྲ་བླ་མ་འབྲལ་མཁར་གྱི་རྩེ་འདིར་བཞུགས༔ ཁྱིམ་ལ་མི་ནོར་གཡང་གསུམ་དར་བར་མཛོད༔ དགྲ་བླ་མ་འབྲལ་སྐྱེ་རྒུའི་ཕྲག་ལ་བཞུགས༔ དོན་ཀུན་འབད་མེད་འགྲུབ་ཅིང་རྒྱལ་བར་མཛོད༔ དགྲ་བླ་མ་འབྲལ་བྱན་པོའི་ལག་ཏུ་བཞུགས༔ བཟའ་བཏུང་འབྱོར་པ་འཕེལ་རྒྱས་བརྟན་དང་སྤེལ༔ དགྲ་བླ་མ་འབྲལ་རུ་དར་རྩེ་ལ་བཞུགས༔ རང་ཕྱོགས་སྲུངས་སྐྱོབས་དགྲ་བོ་ཆམ་ལ་ཕོབས༔ དགྲ་བླ་མ་འབྲལ་རིག་པའི་ཁམས་སུ་བཞུགས༔ དཔའ་མཛངས་བློ་གྲོས་སྐྱེད་ལ་དར་བར་མཛོད༔ དགྲ་བླ་མ་འབྲལ་སྲོག་གི་རྩ་ལ་བཞུགས༔ མི་འཆི་ཚེ་ཡི་བླ་ཕུར་རྟོད་ལ་ནོན༔ དགྲ་བླ་མ་འབྲལ་ལུས་དང་གྲིབ་བཞིན་འགྲོགས༔ གང་བསམ་འགྲུབ་པའི་རྒྱལ་ཁ་དེ་རིང་ལོངས༔ ཀི་བསྭོ་ཆ་འོ་ལྷ་རྒྱལ་གཡང་ཁུ་ཡེ༔ ཁྱད་པར་ཕྱོགས་བཞིར་སྲུང་བཞི་དང༔ དམུ་ཐག་བཞི་ལ་ལྷ་བཞི་གདགས༔ འབྲུ་སྣ་འཐོར་ཞིང་གསེར་སྐྱེམས་སྦྲེང༔ ཕྱག་རྒྱ་ལྔ་ཡི་རྒྱས་བཏབ་ལ༔ ཀྱེ༔ རྩེ་མཐོ་རི་རྒྱལ་འདི་ཡི་མགུལ༔ དགྲ་བླ་གཉན་པོའི་སྐུ་ཡི་རྫོང༔ མཁར་དུ་བཙན་ལ་རྫོང་དུ་བརླིང༔ མི་འགྱུར་ས་ཡི་བརྟན་ཕུར་ཏེ༔ ཤར་གྱི་སྒོ་སྲུང་སྟག་སྐྱ་བོ༔ ཤིང་ཁམས་ལྷ་ཡི་རྒྱལ་པོ་སྟེ༔ བྱི་འབྲུག་སྤྲེལ་གསུམ་དཔལ་གྱི་ལྷ༔ དེ་རིང་དགྲ་བླའི་དཔུང་དུ་བཞུགས༔ སྟེང་གི་གནམ་གྱི་འཇུ་ཐག་ལ༔ དགྲ་བླའི་ཁྱུང་ཆེན་ནམ་མཁའ་ལྡིང༔ མཛངས་འཕྲུལ་སྐྱེད་པའི་ལྷ་ཡིན་པས༔ རྡོ་རྗེ་རིགས་ཀྱི་ཕོ་ཉ་བསྟོད༔ མི་ཤིགས་རྡོ་རྗེའི་སྲུང་བའི་གུར༔ བདག་ཅག་ཚུད་ལ་བྱིན་གྱིས་རློབས༔ ནད་གདོན་འཇིགས་པ་ཐམས་ཅད་སྲུངས༔ བཀྲ་ཤིས་དགེ་ལེགས་འབྱུང་བར་མཛོད༔ ལྷོ་ཡི་སྒོ་སྲུང་འབྲུག་སྔོན་པོ༔ མེ་ཁམས་ལྷ་ཡི་རྒྱལ་པོ་སྟེ༔ ཕག་ལུག་ཡོས་གསུམ་དཔལ་གྱི་ལྷ༔ དེ་རིང་དགྲ་བླའི་དཔུང་དུ་བཞུགས༔ སྟེང་གི་གནམ་གྱི་འཇུ་ཐག་ལ༔ དགྲ་བླའི་སྟག་ཆེན་མེ་ལྕེ་རིས༔ དཔའ་ཟིལ་བསྐྱེད་པའི་ལྷ་ཡིན་པས༔ རིན་ཆེན་རིགས་ཀྱི་ཕོ་ཉ་བསྟོད༔ འདོད་འབྱུང་རིན་ཆེན་སྲུང་བའི་གུར༔ བདག་ཅག་ཚུད་ལ་མཐུན་རྐྱེན་སྤེལ༔ བློ་གྲོས་བསོད་ནམས་ཚེ་དང་གཡང༔ དཔལ་འབྱོར་སྙན་གྲགས་རྒྱས་པར་མཛོད༔ ནུབ་ཀྱི་སྒོ་སྲུང་བྱ་དམར་པོ༔ ལྕགས་ཁམས་ལྷ་ཡི་རྒྱལ་པོ་སྟེ༔ སྟག་རྟ་ཁྱི་གསུམ་དཔལ་གྱི་ལྷ༔ དེ་རིང་དགྲ་བླའི་དཔུང་དུ་བཞུགས༔ སྟེང་གི་གནམ་གྱི་འཇུ་ཐག་ལ༔ དགྲ་བླ་སེང་ཆེན་གདོང་པ་ལྔ༔ མཛེས་བརྗིད་སྐྱེད་པའི་ལྷ་ཡིན་པས༔ པདྨ་རིགས་ཀྱི་ཕོ་ཉ་བསྟོད༔ ཡིད་འོང་པདྨའི་སྲུང་བའི་གུར༔ བདག་ཅག་ཚུད་ལ་ནུས་སྟོབས་སྐྱེད༔ ཁམས་གསུམ་བརྟན་གཡོ་མ་ལུས་ཀུན༔ བདག་གི་དབང་དུ་འདུ་བར་མཛོད༔ བྱང་གི་སྒོ་སྲུང་རུས་སྦལ་སེར༔ ཆུ་ཁམས་ལྷ་ཡི་རྒྱལ་པོ་སྟེ༔ བྱ་གླང་སྦྲུལ་གསུམ་དཔལ་གྱི་ལྷ༔ དེ་རིང་དགྲ་བླའི་དཔུང་དུ་བཞུགས༔ སྟེང་གི་གནམ་གྱི་འཇུ་ཐག་ལ༔ དགྲ་བླ་འབྲུག་ཆེན་ངར་སྒྲ་སྒྲོག༔ སྙན་གྲགས་སྐྱེད་པའི་ལྷ་ཡིན་པས༔ ལས་ཀྱི་རིགས་ཀྱི་ཕོ་ཉ་བསྟོད༔ ཐོགས་མེད་རལ་གྲིའི་སྲུང་བའི་གུར༔ བདག་ཅག་ཚུད་ལ་ནུས་སྟོབས་སྐྱེད༔ དགྲ་བགེགས་བྱད་མ་སྡེ་དང་བཅས༔ ཟིལ་གནོན་དྲག་པོའི་ལས་འགྲུབ་མཛོད༔ གསས་མཁར་སྟེང་དུ་རྒྱལ་མཚན་དང༔ བ་དན་དཀར་པོ་བསྒྲེངས་ལ་བཙུགས༔ དུང་གི་སྒྲ་ཡིས་བསྐུལ་དང་བཅས༔ མངའ་གསོལ་རི་བསྟོད་བྱ་བ་ནི༔ ཀྱེ༔ དགྲ་བླའི་རྒྱལ་པོ་ཝེར་མའི་རྗེ༔ དེ་རིང་དབུ་འཕང་དགུང་དུ་བསྟོད༔ མི་ཉམས་གཉུག་མའི་རྟེན་འབྲེལ་གྱིས༔ བདག་ཅག་ཕྱོགས་ལས་རྣམ་རྒྱལ་མཛོད༔ རི་རབ་ལྷུན་པོའི་སྤོར་མཉམ་པའི༔ ས་ཡི་དཔལ་དུ་མཁར་བརྩིགས་པས༔ སྲུང་བའི་དཔའ་རྫོང་བརྟན་པ་ཡིན༔ ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག༔ ཉི་ཟླའི་བཀྲག་མདངས་སྡུད་ནུས་པའི༔ སྤྱན་གཟིགས་བཀོད་པ་རྨད་བྱུང་གིས༔ གཞན་སེམས་དབང་མེད་འཕྲོག་ནུས་པས༔ ཆེ་དགུའི་རྒྱལ་ས་ནོན་པར་མཛོད༔ རྩི་ཤིང་སྨན་གྱི་བཅུད་ལྡན་པའི༔ ཤིང་རྩི་ཚར་དུ་དངར་བ་ཡིས༔ བསམ་དོན་འབད་མེད་ལྷུན་གྲུབ་པའི༔ ཕྲིན་ལས་མངའ་དབང་འབྱོར་བར་མཛོད༔ རི་རྒྱལ་མི་གཡོ་ལྷུན་རེ་ཆགས༔ དགྲ་བླ་མི་འབྲལ་དཔལ་དང་མགོན༔ ཕྱྭ་གཡང་མི་ཉམས་མཚོ་རུ་བསྐྱིལ༔ དབུ་འཕང་མི་དམའ་དགུང་དུ་བསྟོད༔ རི་རྩེ་མཐོ་ལ་གཉན་པ་བཞིན༔ བཀྲ་ཤིས་ཆེ་རྒུའི་མགོན་དུ་བཙན༔ རི་ངོགས་སྣུམ་ལ་ལྷུན་ཆགས་བཞིན༔ བཀྲ་ཤིས་ལེགས་ཚོགས་ངང་གིས་འདུ༔ རི་མཐའ་ལྕགས་རིས་བསྐོར་བ་བཞིན༔ མངའ་ཐང་ཆབ་སྲིད་མཐའ་ནས་རྒྱས༔ རི་འདི་མི་གཡོ་བརྟན་པ་ལྟར༔ དགེ་ལེགས་མི་ཉམས་བརྟན་ཅིང་དར༔ ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱིས༔ བཀྲ་ཤིས་ལས་མཐའ་བཙན་པར་མཛོད༔ ཅེས་བརྗོད་གཞན་ཡང་ཤིས་པའི་ཚིག༔ བསམ་མི་ཁྱབ་པ་བརྗོད་དང་བཅས༔ སྣོད་བཅུད་དཔལ་བསྐྱེད་རྟེན་འབྱུང་གི༔ ཆོ་ག་དུ་མས་མཐའ་རྒྱས་བྱ༔ ཚུལ་འདི་མ་འོངས་དུས་ཀྱི་ཁུག༔ བོད་ཁམས་ཕན་པའི་བཙས་སུ་བཞག༔ ང་སྤྲུལ་རིག་པའི་གསང་མཛོད་འཛིན༔ ཁྲག་འཐུང་བདུད་འདུལ་མིང་ལ་གཏད༔ སྨོན་ལམ་ཕྲིན་ལས་དུས་བབ་ཚེ༔ རིག་པའི་རྩལ་ལས་ཐོལ་གྱིས་སད༔ རྟེན་འབྲེལ་སྣ་ཁ་མ་ལོག་ན༔ ངོ་མཚར་ཤིས་པའི་ཐབས་ཀྱི་ཕུལ༔ བསྟན་འགྲོའི་དཔལ་དུ་ངང་གིས་འབྱུང༔ དེ་ཚེ་ཚུལ་བཞིན་སྤྱོད་པ་ཡི༔ ཨོ་རྒྱན་བདག་ལ་མོས་པའི་བུར༔ ཡིད་ཆེས་རྙེད་པར་གདོན་མི་ཟ༔ དུས་སུ་ཡལ་བར་མ་དོར་བར༔ སྐལ་བཟང་དོན་དུ་སྦ་བར་གྱིས༔ ཤེས་རབ་བློ་དང་སྙིང་རྗེ་ཅན༔ སྐྱེས་བུ་དེ་ཡིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པའང་ཀུན་ཏུ་རྒྱུ་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རོལ་པའི་རྡོ་རྗེ་གར་དབང་མདོ་སྔགས་གླིང་པས་གཡུ་བྲག་དབེན་པའི་སྨན་ལྗོངས་སུ་རྒྱུ་བའི་སྐབས་རྟེན་འབྱུང་པདྨའི་རོལ་མོ་ལས་ཤར་བ་ལྟར་དག་པར་གཏན་ལ་ཕབ་པའོ། །དགེའོ། །
[edit]

dgra 'dul wer ma'i snying tig las:_seng chen dgra bla'i gsas mkhar bstod pa'i cho ga dge legs snying po bzhugs: \u0f88\u0f88_pad+ma thod phreng rtsal la 'dud:_ma 'ongs snyigs ma'i dus kyi tshe:_dam sri kla klo'i yul khams khengs:_rgyal bsen 'byung pos bzung ba'i tshe:_kun la mi bde sdug bsngal 'byung:_nad mug mtshon 'khrug rgyun mi 'chad:_snod bcud mnga' thang dpal 'byor nyams:_khyad par dkar phyogs mgo 'phang dma':_nag po smon lam mthu btsan tshe:_sems bskyed ldan pa'i rnal 'byor pas:_ri bo dpyad legs bkra bzang zhing:_rtse mtho nyams dga'i mgul yangs par:_sa mig btsal la cho ga bya:_gnang ba zhu ste rin gyis bslu:_gsas mkhar gru bzhi ba gam can:_bzang po'i shing gi srog shing btsugs:_dbus su bla rdo srog 'khor chas:_gzhung ltar tshogs dang khyad par du:_ri rtse rgya mtsho chu chen gyi:_gnas nas blangs pa'i mkhar gong gis:_phyur bur bkang zhing khyad par du:_gter gyi bum pa tshad ldan gzhug:_dmu thag phyogs bzhir 'then pa la:_dar gyi cod pan mdzes par bstar:_ri yi dmu thag gyen brgyud de:_gsas mkhar bcu gsum phreng du bstar:_dar thag bal tshon shing rtsis brgyan:_dus bzang yar ngo shis pa'i char:_sngags 'chang lha yi rnal 'byor gyis:_khrus dang bsang sbyang nan tan bya:_sngags drug phyag rgya lha drug gis:_bsang sbyang byin rlabs rgyas par bya:_stong pa'i ngang las skad cig gis:_sa gzhi pad+ma 'dab brgyad dbus:_b+h+rU~M las rin chen gsas mkhar che:_yid 'ong nor bu'i gzhal med khang:_ngo mtshar bkod pas brgyan pa'i dbus:_seng chen nor bu dgra bla'i rgyal:_dkar gsal lha yi dmag dpon chas:_rin chen rdo rje'i go khrab gsol:_dbu la dar 'phru dgung du bsnyegs:_che brjid dgra bla'i chas kyis mdzes:_phyag g.yas ba dan dgung la 'phyar:_mdzes pa'i dar lce pu ru ru:_g.yon pas g.yas 'khyil bkra shis dung:_snyan pa'i rang sgra sgrog pa 'dzin:_rdzu 'phrul rdo rje'i rkyang rgod pher:_bang mgyogs rlung gi rtsal ldan 'chib:_sku las bdud rtsi'i 'ja' sprin 'phro:_rtse grogs dgra bla bcu gsum dang:_khyad par seng 'brug khyung stag tshogs:_'khrugs shing gar stabs nga ro sgrog:_steng du rtsa brgyud bla ma dang:_khyad par snang srid zil gnon rtsal:_dkon mchog rgya mtsho'i sprin phung 'phro:_bar du yi dam dpa' bo dang:_mkha' 'gro nor lha rgya mtsho'i tshogs:_bsam yas bkod pa 'bum phrag ston:_seng chen mdun du yul lha'i gtso:_gang yin 'khor dang bcas pa gsal:_gzhan yang gtsang ris dpal mgon sogs:_grangs med nyi zer rdul ltar 'khrigs:_kun kyang dgyes pa'i ngang tshul gyi:_gzi byin 'od du 'khrigs par bsam:_thugs srog las byung 'od kyis bskul:_ye shes lha tshogs spyan drang bsam:_tsan+dan a dkar lha shing gi:_dud sprin snyan brjid rol mo dang:_shis pa'i dbyangs kyi mdun bdar te:_gdung ba'i shugs kyis 'di ltar bskul:_kyai:_sngon gyi bskal pa'i dang po la:_slob dpon pad+ma thod phreng gis:_bod yul sangs rgyas bstan pa spel:_dkar phyogs ru mtshon bsgrengs pa'i tshe:_zan yang dpal gyi bsam yas ni:_has po ri yi yang gong du:_bod kyi lha srin kun tshogs par:_mchod sbyin bsang dang gser skyems mdzad:_dkar phyogs dbu 'phang dgung du bstod:_bka' la mi nyan gdug pa can:_dam btags srog gi snying po blangs:_nag phyogs bdud rigs bsad bskrad brgyal:_mnga' bdag chab srid rab tu rgyas:_sangs rgyas bstan pa'i nyi ma shar:_ngo mtshar rten 'byung ji bzhin du:_da lta rnal 'byor bdag cag gis:_bkra shis ri mtho sa gtsang ngogs:_rin chen gsas mkhar gnyan po brtsigs:_sman 'bru nor bu dar gyis gtams:_dge mtshan shis pa'i ri mos brgyan:_dar gyi cod pan shing snas spras:_sngags rgya ting 'dzin mi bzad pas:_'dod rgur bsgyur ba'i 'phrul chen po:_rab 'byams rtsa gsum lha tshogs dang:_khyad par dgra bla wer ma'i rten:_ngo mtshar thabs kyi cho ga yis:_'dzugs phyir gnas 'dir lha 'khor kun:_rdzu 'phrul shugs kyis gshegs su gsol:_sna tshogs dar gyi g.yab 'dor zhing:_snyan pa'i glu dang gling bus bskul:_dad dang mos pas spyan 'dren gyis:_skad cig nyid la gshegs su gsol:_rang bzhin gshegs bzhugs las 'das kyang:_rnam 'phrul rten 'byung ma 'gag pa'i:_thabs kyi cho ga deng bgyid kyi:_gang 'dul sgyu mas gshegs su gsol:_oM lo ka pA la ma hA seng ha ma Ni rA dza badz+ra sa ma ya dza dzaH_hU~M hrIH_dam tshig ye shes gnyis med pa'i:_gsang ba'i dkyil 'khor 'dir bzhugs la:_sku gsung thugs kyi yon tan gyi:_phrin las bsam mi khyab par mdzod:_hU~M hrIH_dngos su bshams dang yid kyis sprul:_ting 'dzin rol pas byin brlabs pa'i:_yid 'ong mchod pa'i khyad par ni:_nyer spyod bdun dang 'dod yon lnga:_bkra shis rdzas rtags rgyal srid bdun:_nye ba'i rin chen bum pa bzang:_dpag bsam ljon tshal bdud rtsi'i rdzing:_sman gyi nags tshal dar zab gur:_'bru yi phung po rin chen gter:_dkar mngar ja chang phud kyi skyems:_rta phyugs ri dwags gcan gzan tshogs:_sna tshogs dkor nor bsam yas pa:_rtsa gsum dgra bla wer ma'i rje:_ma lus 'khor dang bcas pa la:_dgyes pa bskyed phyir 'bul lags na:_bzhes la phrin las rnam bzhi mdzod:_oM badz+ra ar+g+haM nas/_shap+ta rat+na mang+ga laM dra byaM badz+ra pU dza me g+ha sa mu dra s+pha ra Na hi maM ga ga na khaM swA hAH_khyad par gsas mkhar bstod pa ni:_kyai:_bkra shis rin chen sa gzhi'i khyon:_dpyad legs mgul gyi dpal bzang por:_'dod rgu 'byung ba'i sa mig tu:_rin chen gsas mkhar brtan po brtsigs:_gru bzhi nor bu'i gzhal yas khang:_tshe bsod dpal 'byor rgyas pa'i rdzas:_steng du rdo dkar nor bu spungs:_rgud pa zhi phyir bkra shis rdzas:_yid 'ong dar ras bal tshon brgyan:_lha srung che rgu 'du ba'i rten:_mda' mdung ral gris ngo 'thon skyed:_phas rgol byad ma 'joms pa'i rdzong:_ngo mtshar bkod pa khyad 'phags pa:_dngos 'byor yid kyi rol par shar:_bla rdo mi 'bral srog gi rten:_chos skyong dgra bla'i yid chags gnas:_rnal 'byor sbyin pa'i bdag po yi:_lcags khams 'byung ba'i dpal yon skyed:_rin chen lnga dang sman 'brus bkang:_mthun rdzas dkor cha'i mdzod du spungs:_sa khams 'byung ba'i mthun bsdebs rdzas:_dar dmar sngags dang srog 'khor bkra:_yid mgu gsung gi rten du grub:_me khams 'byung ba'i gnyen dang rdzong:_sna tshogs dar gyi ba dan 'phur:_lha srung dgyes pa'i spyan gzigs bkra:_snyan grags rlung gi dpal skyed cing:_bdud rtsi shing sna mdzes par spungs:_dri zhim spos kyi nags su 'khrigs:_dpag bsam ljon pa'i skyed mos tshal:_shing khams srog gi ka ba ste:_mdor na 'byung ba mthun pa'i rdzas:_gtsang zhing dag la rmad du byung:_sku mkhar ba gam khrigs se khrig:_shing ris 'ja' tshon lams se lam:_dar zab 'phur lce pu ru ru:_sman 'bras me tog spungs se spung:_ngo mtshar bkod pas brgyan pa 'di:_rtsa gsum chos srung rgya mtsho dang:_khyad par don grub wer ma'i rgyal:_seng chen nor bu dgra 'dul rtsal:_dgra bla rgya mtsho'i 'khor dang bcas:_dkar phyogs zo dor pho nya ba:_bzhugs pa'i gnas su 'bul gyis bzhes:_brten pa'i mkhar du 'bul gyis bzhes:_dgyes pa'i rdzas su 'bul gyis bzhes:_yid chags rten du 'bul gyis bzhes:_gnas 'di bkra shis lha yi zhing:_snod bcud dpal dang ldan par mdzod:_rten 'di lha srung dgyes pa'i rdzas:_byin chags dngos grub g.yang 'khyil mdzod:_lha srung mi dang mi 'bral bar:_nag phyogs bdud bgegs bar chad srungs:_dgra bla'i ngo so mi dma' bar:_phas rgol cham la 'bebs par mdzod:_gter dang nor bu'i mchog bzhin du:_'dod rgu lhun gyis grub par mdzod:_dmu thag phyogs bzhir 'then pa yis:_las bzhi lhun gyis grub par mdzod:_ri rgyud dmu yis mi gtor mnan:_mi 'chi tshe yi rdzi bo mdzod:_dpal dang g.yang gi mtsho bskyil te:_bkra shis dge mtshan rgyas par mdzod:_slar yang dgra bla'i dbu 'phang bstod:_mda' mdung ral gri mtshon cha spung:_bsang dang rol mo rgya cher bya:_skyes pa zhub can ki bswo sgrog:_kyai:_'jig rten srid pa rten 'byung mthu:_dkar phyogs las kyi 'bras bu las:_mi la 'go ba'i lha byung ste:_phyi ru mkhar dang ri la gnas:_nang du lus kyi rtsa rlung khams:_khyad par phrag pa g.yas su bzhugs:_gsang ba rang rig 'jigs med pa'i:_dpa' rtsal spobs pa brtan par bzhugs:_'go ba'i lha ni skyes bu'i gnyen:_bstod cing mchod na sgrub la 'go:_bos pa tsam gyis glog ltar 'byon:_bskul ba tsam nas thog ltar 'bebs:_rten 'brel mthun pa kun bsdebs pa'i:_legs dgu'i lha zhal dgung du bstod:_sna tshogs wer ma'i rgyal po ni:_'dzam bu'i gling gi seng chen sku:_rgya bod gnyis kyi dgra bla ste:_don grub wer ma'i rgyal po zhes:_sku che gangs kyi ri bzhin brjid:_zhal ras zla ba rgyas pa 'dra:_spyan mig 'od zer stong gis mdzes:_'dzum zhal gzi byin lams se lam:_rmog dkar rgyal ba'i don grub gsol:_dar 'phru dgung du bsnyegs pa 'dra:_dkar phyogs lha dmag sprin ltar 'khrigs:_de ring bstod do las la bzhengs:_sku la rdo rje'i go khrab gsol:_sra brtan nam mkha'i thog kyang rdug:_byang bu re la lha re bzhugs:_srung ma'i dmag dpung zi ra 'tshubs:_de ring bstod do las la bzhengs:_phyag g.yas ba dan lce brgyad 'phyar:_dar gyi cod pan 'ja' ltar bkra:_zo dor gnyen po dkar po'i phyogs:_seng ltar 'phyo ba'i dmag dpung 'khrigs:_de ring bstod do las la bzhengs:_g.yon pa bkra shis dkar dung 'bud:_snyan grags 'brug ltar sgrog pa yi:_mo sman brtan ma'i dmag dpung rnams:_mdzes bkrag nam mkha'i gza' ltar bkra:_de ring bstod do las la bzhengs:_zhabs gnyis brjid pa'i rol stabs kyis:_rkyang rgod gangs kyi ri rtse 'chib:_rdzu 'phrul rkang pa'i dmag dpung bzhi:_mi dpa' rta mgyogs rdul ltar 'tshubs:_ki bswo sgrog cing mtshon cha gzeng:_de ring bstod do las la bzhengs:_dbang chen rdo rje'i 'tsher sgra can:_ze rngog sprin dang rlung ltar 'tshubs:_mtshon cha'i rmig pa re res kyang:_dam sri bdud sde'i klad pa 'gems:_las kyi pho nya mtshon ltar 'khrugs:_de ring bstod do las la bzhengs:_khyod kyi 'khor gyi tshul ston pa:_stobs dang rtsal las snang ba'i lha:_khyim lha gel thung dung gi ka bas bstod:_bkra shis dpal 'byor bsod nams 'dod rgu spel:_thab lha yu mo bza' btung g.yos kyis bstod:_zhim rgu'i bcud len lus srog zungs su smin:_zhing lha tshangs pa rin chen snye mas bstod:_sa 'dir 'bru g.yang bcud du chags par mdzod:_phyugs lha rnam sras rta nor rkang bzhis bstod:_nor phyugs sgab 'phel dpal gyis khengs par mdzod:_nor bdag dzaM lha rin chen dbyig gis bstod:_snang srid phywa dang g.yang gi dmu rdzing skyil:_phrag lha dkar po bsang dang skyems kyis bstod:_'dod pa'i don sgrubs rang sde rgyal bar mdzod:_srog lha dkar mdzes bdud rtsi sman gyis bstod:_bla tshe mi nyams srog gi brtan phur tshugs:_ma lha bu rdzi yid mthun rdzas kyis bstod:_rigs rgyud khye'u stobs rtsal bskyed pa spel:_dgra bla 'thab rkyen go cha mtshon gyis bstod:_dgra bdud nag phyogs thams cad cham la phobs:_jag lha dar ma rta dang gri yis bstod:_dgra sod bdag rgyal 'jigs med spobs pa skyed:_zas lha gnod sbyin bza' bca' phud kyis bstod:_gzhan gyi lag rgul rang gi za kha skyed:_mgron lha phun tshogs 'byor pa kun gyis bstod:_phar 'gro'i skyel ma tshur 'ong bsu ma mdzod:_tshong lha tshogs bdag dbyig gi sgrom bus bstod:_tshong legs dpal 'byor gzhan nor bdag la byin:_dgra bla ma 'bral mkhar gyi rten 'dir bzhugs:_nag phyogs rgyu 'grul srung la so pa mdzod:_dgra bla ma 'bral ri yi 'phen 'dir bzhugs:_snod bcud dpal 'byor skyed dang bsdu bar mdzod:_dgra bla ma 'bral mkhar gyi rtse 'dir bzhugs:_khyim la mi nor g.yang gsum dar bar mdzod:_dgra bla ma 'bral skye rgu'i phrag la bzhugs:_don kun 'bad med 'grub cing rgyal bar mdzod:_dgra bla ma 'bral byan po'i lag tu bzhugs:_bza' btung 'byor pa 'phel rgyas brtan dang spel:_dgra bla ma 'bral ru dar rtse la bzhugs:_rang phyogs srungs skyobs dgra bo cham la phobs:_dgra bla ma 'bral rig pa'i khams su bzhugs:_dpa' mdzangs blo gros skyed la dar bar mdzod:_dgra bla ma 'bral srog gi rtsa la bzhugs:_mi 'chi tshe yi bla phur rtod la non:_dgra bla ma 'bral lus dang grib bzhin 'grogs:_gang bsam 'grub pa'i rgyal kha de ring longs:_ki bswo cha 'o lha rgyal g.yang khu ye:_khyad par phyogs bzhir srung bzhi dang:_dmu thag bzhi la lha bzhi gdags:_'bru sna 'thor zhing gser skyems sbreng:_phyag rgya lnga yi rgyas btab la:_kye:_rtse mtho ri rgyal 'di yi mgul:_dgra bla gnyan po'i sku yi rdzong:_mkhar du btsan la rdzong du brling:_mi 'gyur sa yi brtan phur te:_shar gyi sgo srung stag skya bo:_shing khams lha yi rgyal po ste:_byi 'brug sprel gsum dpal gyi lha:_de ring dgra bla'i dpung du bzhugs:_steng gi gnam gyi 'ju thag la:_dgra bla'i khyung chen nam mkha' lding:_mdzangs 'phrul skyed pa'i lha yin pas:_rdo rje rigs kyi pho nya bstod:_mi shigs rdo rje'i srung ba'i gur:_bdag cag tshud la byin gyis rlobs:_nad gdon 'jigs pa thams cad srungs:_bkra shis dge legs 'byung bar mdzod:_lho yi sgo srung 'brug sngon po:_me khams lha yi rgyal po ste:_phag lug yos gsum dpal gyi lha:_de ring dgra bla'i dpung du bzhugs:_steng gi gnam gyi 'ju thag la:_dgra bla'i stag chen me lce ris:_dpa' zil bskyed pa'i lha yin pas:_rin chen rigs kyi pho nya bstod:_'dod 'byung rin chen srung ba'i gur:_bdag cag tshud la mthun rkyen spel:_blo gros bsod nams tshe dang g.yang:_dpal 'byor snyan grags rgyas par mdzod:_nub kyi sgo srung bya dmar po:_lcags khams lha yi rgyal po ste:_stag rta khyi gsum dpal gyi lha:_de ring dgra bla'i dpung du bzhugs:_steng gi gnam gyi 'ju thag la:_dgra bla seng chen gdong pa lnga:_mdzes brjid skyed pa'i lha yin pas:_pad+ma rigs kyi pho nya bstod:_yid 'ong pad+ma'i srung ba'i gur:_bdag cag tshud la nus stobs skyed:_khams gsum brtan g.yo ma lus kun:_bdag gi dbang du 'du bar mdzod:_byang gi sgo srung rus sbal ser:_chu khams lha yi rgyal po ste:_bya glang sbrul gsum dpal gyi lha:_de ring dgra bla'i dpung du bzhugs:_steng gi gnam gyi 'ju thag la:_dgra bla 'brug chen ngar sgra sgrog:_snyan grags skyed pa'i lha yin pas:_las kyi rigs kyi pho nya bstod:_thogs med ral gri'i srung ba'i gur:_bdag cag tshud la nus stobs skyed:_dgra bgegs byad ma sde dang bcas:_zil gnon drag po'i las 'grub mdzod:_gsas mkhar steng du rgyal mtshan dang:_ba dan dkar po bsgrengs la btsugs:_dung gi sgra yis bskul dang bcas:_mnga' gsol ri bstod bya ba ni:_kye:_dgra bla'i rgyal po wer ma'i rje:_de ring dbu 'phang dgung du bstod:_mi nyams gnyug ma'i rten 'brel gyis:_bdag cag phyogs las rnam rgyal mdzod:_ri rab lhun po'i spor mnyam pa'i:_sa yi dpal du mkhar brtsigs pas:_srung ba'i dpa' rdzong brtan pa yin:_phyogs las rnam par rgyal gyur cig:_nyi zla'i bkrag mdangs sdud nus pa'i:_spyan gzigs bkod pa rmad byung gis:_gzhan sems dbang med 'phrog nus pas:_che dgu'i rgyal sa non par mdzod:_rtsi shing sman gyi bcud ldan pa'i:_shing rtsi tshar du dngar ba yis:_bsam don 'bad med lhun grub pa'i:_phrin las mnga' dbang 'byor bar mdzod:_ri rgyal mi g.yo lhun re chags:_dgra bla mi 'bral dpal dang mgon:_phywa g.yang mi nyams mtsho ru bskyil:_dbu 'phang mi dma' dgung du bstod:_ri rtse mtho la gnyan pa bzhin:_bkra shis che rgu'i mgon du btsan:_ri ngogs snum la lhun chags bzhin:_bkra shis legs tshogs ngang gis 'du:_ri mtha' lcags ris bskor ba bzhin:_mnga' thang chab srid mtha' nas rgyas:_ri 'di mi g.yo brtan pa ltar:_dge legs mi nyams brtan cing dar:_phun sum tshogs pa'i rten 'brel gyis:_bkra shis las mtha' btsan par mdzod:_ces brjod gzhan yang shis pa'i tshig:_bsam mi khyab pa brjod dang bcas:_snod bcud dpal bskyed rten 'byung gi:_cho ga du mas mtha' rgyas bya:_tshul 'di ma 'ongs dus kyi khug:_bod khams phan pa'i btsas su bzhag:_nga sprul rig pa'i gsang mdzod 'dzin:_khrag 'thung bdud 'dul ming la gtad:_smon lam phrin las dus bab tshe:_rig pa'i rtsal las thol gyis sad:_rten 'brel sna kha ma log na:_ngo mtshar shis pa'i thabs kyi phul:_bstan 'gro'i dpal du ngang gis 'byung:_de tshe tshul bzhin spyod pa yi:_o rgyan bdag la mos pa'i bur:_yid ches rnyed par gdon mi za:_dus su yal bar ma dor bar:_skal bzang don du sba bar gyis:_shes rab blo dang snying rje can:_skyes bu de yis spyod par shog:_sa ma ya:_rgya rgya rgya:_ces pa'ang kun tu rgyu khrag 'thung bdud 'dul ye shes rol pa'i rdo rje gar dbang mdo sngags gling pas g.yu brag dben pa'i sman ljongs su rgyu ba'i skabs rten 'byung pad+ma'i rol mo las shar ba ltar dag par gtan la phab pa'o/_/dge'o/_/

Footnotes

Other Information