ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་མ་དམར་མོའི་གསང་སྒྲུབ་ཡིད་བཞིན་འཕྲུལ་མཛོད༔

From Khyentse Lineage - A Tsadra Foundation Project
Revision as of 09:04, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-08-NYA-032
Wylie title yang zab bde chen dpal mo'i thugs kyi me long las: dbyangs can ma dmar mo'i gsang sgrub yid bzhin 'phrul mdzod: DKR-KABUM-08-NYA-032.pdf
Location dil mgo mkhyen brtse bka' 'bum
Volume 8, Text 32, Pages 266-274 (Folios 1a to 9a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las dbyangs can ma dmar mo'i gsang sgrub yid bzhin 'phrul mdzod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 266-274. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can dmar mo
Colophon

ཡང་དག་དོན་གྱི་ལྷ་མོ་ཡི༔ གསང་གསུམ་རང་རིག་ཨེ་ཝཾ་གཟུགས༔ ཀུན་ནས་ཟླུམ་པོའི་ཏི་ལ་ཀའི༔ ཀློང་ལས་རང་བྱུང་ཤར་བ་བཞིན༔ པདྨ་ཐུགས་མཆོག་རྡོ་རྗེ་རྩལ༔ ཆོས་ཀྱི་གོ་ཆ་འཛིན་དེས་ཕབ༔ དམ་པ་ཟུང་གིས་བཀའ་ལུང་བཞིན༔ མི་འགྱུར་རྟགས་ཀྱི་རི་མོར་བཀོད༔ བསྟན་འགྲོའི་སྨན་ཡོན་མཆོག་ཏུ་ཤོག༔ གཡུ་ཡི་སྒྲོན་མས་བཀའ་འདི་སྲུངས༔ དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མཱ་ཡ༔ རྒྱ༔རྒྱ༔རྒྱ༔ མངྒ་ལཾ། དགེའོ།།

yang dag don gyi lha mo yi:_gsang gsum rang rig e waM gzugs:_kun nas zlum po'i ti la ka'i:_klong las rang byung shar ba bzhin:_pad+ma thugs mchog rdo rje rtsal:_chos kyi go cha 'dzin des phab:_dam pa zung gis bka' lung bzhin:_mi 'gyur rtags kyi ri mor bkod:_bstan 'gro'i sman yon mchog tu shog:_g.yu yi sgron mas bka' 'di srungs:_don gnyis 'grub pa'i bkra shis shog:_sa mA ya:__rgya:rgya:rgya:_mang+ga laM/_dge'o//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་མ་དམར་མོའི་གསང་སྒྲུབ་ཡིད་བཞིན་འཕྲུལ་མཛོད་ཞེས་བྱ་བཞུགས་སོ༔

༁ྃ༔ ༠༠༠༠༠༔ ཨེ་དབྱིངས་དྲི་མེད་མཁྱེན་པའི་ཡེ་ཤེས་དངོས༔ མི་ཤིགས་ཝཾ་ཡིག་བདེ་བ་ཆེན་པོའི་ཀློང༔ གཉིས་མེད་ཟུང་འཇུག་ཧེ་རུ་ཀ་དཔལ་མོར༔ བློ་འདས་མཐའ་བྲལ་འཛིན་མེད་ཕྱག་གིས་འདུད༔ ཀ་དག་གཞི་དབྱིངས་དག་ཆེན་ཡེ་ཤེས་ལས༔ རྩལ་སྣང་ལྷུན་གྲུབ་ཟླ་བའི་སྲིང་མོ་ཞེས༔ གསང་བ་ལྷ་མོ་དམར་མོ་ཡོངས་ཤར་བའི༔ རྩ་སྒྲུབ་ཡིད་བཞིན་འཕྲུལ་མཛོད་འདི་ན་ངོམ༔ དེ་ཡང་དབང་གི་ལས་དག་ལ༔ ཤིས་པའི་གནས་ནི་ཉམས་དགའ་བར༔ ཌཱཀྐིའི་རཀྟ་བཞད་པ་ཡི༔ མདའ་མིག་དབང་གི་ཚེས་ལ་ནི༔ བྷནྡྷ་མཚན་ལྡན་སྣོད་མཆོག་ཏུ༔ དམ་རྫས་ཨ་མྲྀ་ཏ་དང་ནི༔ ཆགས་པའི་རྡུལ་གྱི་མེ་ཏོག་གི༔ ཕོན་པོ་སོ་ལྔ་ཕྱོགས་བསྡུས་བཅུད༔ གཏམས་པའི་མཁའ་འགྲོའི་བླ་ཆགས་རྫས༔ མེ་ལོང་སིནྡྷུ་རས་བཅག་དང༔ ཤེལ་དཀར་དུང་འགྲོན་ལ་སོགས་པ༔ འདུ་བགྱིས་ཡོ་བྱད་ཚོགས་པར་བཤམས༔ དེ་ནས་དངོས་གཞི་སྒྲུབ་པའི་རིམ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ གདོད་ནས་རྣམ་དག་སྐུ་གསུམ་མཁའ་འགྲོ་ཡི༔ ངོ་མཚར་རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ལ༔ ཤེས་དང་ཤེས་བྱ་བདག་ཉིད་གཅིག་པ་རུ༔ འདུ་འབྲལ་མེད་པའི་ངང་ནས་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་གཞན་དོན་སེམས་བསྐྱེད་ནི༔ ཧོ༔ མཐའ་མེད་འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ ཡང་དག་ཞི་བ་མཆོག་གི་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་དབྱངས་ཅན་ཁྱོད་བསྒྲུབས་ནས༔ འགྲོ་རྣམས་བདེ་ཆེན་ས་ལ་འགོད་པར་བགྱི༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ ཧཱུྃ༔ གཞི་དབྱིངས་ཀློང་ལ་གཞི་སྣང་གྲོལ་ཕྱག་འཚལ༔ སྒྲིབ་མེད་ཡེ་ཤེས་རྩལ་སྣང་མཆོད་པར་འབུལ༔ ཉེས་པའི་ཚོགས་ཀུན་སྐུ་ལྔའི་ངང་དུ་བཤགས༔ གསུང་ལྔས་འགྲོ་རྒྱུད་གྲོལ་བར་རྗེས་ཡི་རང༔ ཐུགས་གསང་མཆོག་གི་ཆོས་འཁོར་བསྐོར་བར་བསྐུལ༔ ཡོན་ཏན་མངའ་དབང་བསྒྱུར་ལ་བཞུགས་གསོལ་འདེབས༔ དགེ་ཚོགས་མཛད་པ་ལྷུན་གྱིས་གྲུབ་ཕྱིར་བསྔོ༔ བཞི་པ་བགེགས་ལ་བསྒོ་བ་ནི༔ ཧཱུྃ༔ རང་སྣང་དག་པ་རབ་འབྱམས་ཆེན་པོ་ལ༔ མ་དག་འཁྲུལ་པའི་ཀུན་བཏགས་གདོན་གྱི་ཚོགས༔ དགག་སྒྲུབ་སྤང་བླང་མེད་པའི་གཏོར་མ་ལོངས༔ སྤང་ཐོབ་བྲལ་བའི་ངང་དུ་མཚམས་བཅད་དོ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྡིགས་པར་བྱ༔ ལྔ་པ་སྲུང་འཁོར་ཕུབ་པ་ནི༔ ཧཱུྃ༔ སྣོད་བཅུད་རྒྱུད་རྣམས་ཡེ་ནས་དག་རྟོགས་ཤིང༔ ཀུན་རྫོབ་སྒྱུ་མ་དོན་དམ་སྐྱེ་བ་མེད༔ ངོ་བོ་ཡེ་ཤེས་རང་བཞིན་སྐུར་སྨིན་པས༔ བརྟན་གཡོ་དག་མཉམ་སྲུང་བའི་འཁོར་ལོར་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་བྷྲཱུྃ༔ དྲུག་པ་བྱིན་ཆེན་འབེབས་པ་ནི༔ ཨེ་མ་ཧོ༔ རང་བཞིན་སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ རོལ་པ་འགག་མེད་མཁའ་འགྲོ་དབྱངས་ཅན་མ༔ རྩལ་སྣང་གནས་ཡུལ་དཔའ་བོ་ཌཱ་ཀྐིའི་ཚོགས༔ འདིར་གཤེགས་གནས་དང་ཡོ་བྱད་སྒྲུབ་པ་པོར༔ དབང་བསྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔ བྱ་བྱེད་རོལ་པ་ངོ་བོ་དབྱེར་མེད་དུ༔ མཚན་ཉིད་བློ་དང་བྲལ་བར་བྱིན་ཆེན་ཕོབ༔ མི་བརྗེད་གཟུངས་དང་མི་འཇིགས་སྤོབས་པ་དང༔ མི་ཟད་བློ་གྲོས་མཆོག་ཐོབ་བྱིན་ཕོབ་ཅིག༔ ལུས་ལ་བདེ་དྲོད་ངག་ལ་ནུས་པ་དང༔ སེམས་ལ་ཉམས་རྟོགས་འཆར་བར་བྱིན་གྱིས་རློབས༔ སྒྲུབ་པའི་རྟགས་མཚན་མངོན་དུ་འགྱུར་བར་མཛོད༔ ཨོཾ་བཛྲ་ཛྙཱ་ན་ཌཱཀྐི་ནི་སྭ་ར་སྭ་སྟི་ས་མ་ཡ་ཧྲཱིཾཿཧྲཱིཾཿཧྲཱིཾཿ ཕེཾཿཕེཾཿ ཨེ་ཨཱ་ར་ལི་ཛཿཛཿ བདུན་པ་མཆོད་རྫས་བརླབ་པ་ནི༔ ཧོཿ ཕྱི་ནང་དངོས་ཀུན་མཆོད་པའི་སྤྲིན་ཕུང་གཡོ༔ རྩ་རྣམས་དག་པ་མི་འགྱུར་འཁོར་ལོའི་དཔྱིད༔ རླུང་ཁམས་ཡེ་ཤེས་རོལ་པའི་ཡོ་ལང་གིས༔ སྒྲོན་དྲུག་ཐིག་ལེ་ཆེན་པོའི་རྩལ་ལས་ནི༔ དཔག་མེད་གསང་གསུམ་མཆོད་པ་བླ་ན་མེད༔ སརྦ་པཉྩ་ས་མ་ཡ་ཧོ༔ བརྒྱད་པ་དངོས་གཞིའི་རིམ་པ་ནི༔ ཨཱཿ བློ་འདས་སྤྲོས་བྲལ་ཆེན་པོ་ལ༔ རང་མདངས་འགགས་མེད་སྙིང་རྗེའི་རྩལ༔ ཐུགས་རྗེའི་རིག་པའི་ཡེ་ཤེས་ནི༔ ཧྲཱིཾཿཡིག་དམར་པོ་འོད་དུ་ཞུ༔ སྲིད་ཞིའི་སྣང་བརྙན་བཀྲ་བ་ཡི༔ ཡེ་ཤེས་མེ་ལོང་ཡོངས་གྱུར་ལས༔ ཟླ་གམ་མཚན་རྫོགས་གཞལ་ཡས་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ བཅོམ་ལྡན་ལྷ་མོ་དབྱངས་ཅན་མ༔ སྐུ་མདོག་དམར་མོ་ཆགས་ཉམས་རྒྱས༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ དགོས་འདོད་འཇོ་བའི་ནོར་བུ་དང༔ གཡོན་པས་ཤེས་བྱའི་སྣང་བརྙན་འབུམ༔ གཅིག་ཆར་རྫོགས་པའི་ཨ་དརྴ༔ མ་རིག་གཉིད་སློང་གཡས་འཁྱིལ་དུང༔ འཛིན་ཅིང་དགྱེས་པའི་གར་གྱིས་རོལ༔ མཐོན་མཐིང་རལ་པའི་ཟུར་ཕུད་རྩེར༔ མ་ཎི་ཀ་ཡི་ཐོར་ཚུགས་མཛེས༔ གཉེན་ལྕུག་འཁྲིལ་ལྡེམ་གཞོན་པ་དང༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་ཏེ༔ ཞི་ཚུལ་དགུ་ཡི་ཉམས་ཀྱིས་སྒེག༔ སྤྱན་གསུམ་སྐུ་གསུམ་གཟིགས་སྟངས་ངོམ༔ མཚན་ཉིད་དྲུག་ལྡན་པདྨ་རྒྱས༔ འདོད་པའི་མྱོས་བུམ་འབུར་ཞིང་གཡོ༔ རིན་ཆེན་དབུ་རྒྱན་སྙན་ཆ་དང༔ མགུར་ཆུན་ཕྱག་ཞབས་གདུ་བུས་བརྒྱན༔ གཞོན་ནུའི་འཕྱང་འཕྲུལ་དུ་མས་སྤུད༔ པཉྩ་ལི་ཀའི་སྨད་གཡོགས་དང༔ དར་དཔྱངས་རཏྣའི་སྐ་རགས་འཆང༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ སྐུ་ལ་གདན་གསུམ་དཀྱིལ་འཁོར་ཀུན༔ མ་ལུས་ལུས་པ་མེད་པར་རྫོགས༔ རྩ་འཁོར་འོད་ཀྱི་དྲྭ་བའི་ཀློང༔ གནས་ཡུལ་དཔའ་བོ་ཌཱཀྐིའི་ཚོགས༔ ཏིལ་གོང་ཁ་ཕྱེས་ལྟ་བུར་གསལ༔ སྤྱི་བོར་འཇའ་གུར་འཁྲིགས་པའི་ཀློང༔ རིགས་བདག་བླ་མ་འཇམ་དཔལ་དབྱངས༔ དམར་གསལ་ལོངས་རྫོགས་ཆས་ཀྱིས་བརྒྱན༔ ཕྱག་ཟུང་རྡོར་དྲིལ་ཐུགས་ཀར་བསྣོལ༔ ཕྲག་གོང་ཨུཏྤལ་ཁ་ཕྱེའི་དབུས༔ རལ་གྲིའི་མགུལ་པར་གླེགས་བམ་མཚན༔ ཐུགས་ལས་འཇའ་ཟེར་ཕྱོགས་བཅུར་འཕྲོས༔ ལྔ་ལྡན་ཐིག་ལེ་ཉེར་གཅིག་ཀློང༔ འཕགས་མ་ལྷ་མོ་ཉི་ཤུ་གཅིག༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ ཡེ་ནས་དམ་ཡེ་གཉིས་སུ་མེད༔ ས་མཱ་ཡ༔ དགུ་པ་གདུང་བས་སྤྱན་འདྲེན་ནི༔ ཨེ་མ་ཧོཿ གནས་འོག་མིན་མཁའ་སྤྱོད་གཡུ་ལོ་བཀོད༔ ཡུལ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་སོགས༔ ཞིང་དག་པ་རབ་འབྱམས་གར་བཞུགས་ནས༔ མ་ཆོས་སྐུ་ཡུམ་ཆེན་ཀུན་ཏུ་བཟང༔ དཔལ་ལོངས་སྤྱོད་རྫོགས་མཛད་ཝ་རཱ་ཧི༔ ལྷ་འཇམ་དཔལ་དགྱེས་བསྐྱེད་ཚངས་སྲས་མོ༔ ཡུམ་རྗེ་བཙུན་ཨརྻ་ཏཱ་རེ་མ༔ མགོན་པདྨའི་ལྕམ་གཅིག་མཁར་ཆེན་བཟའ༔ ཡུལ་ཉེར་བཞིའི་དཔའ་བོ་ཌཱཀྐིའི་ཚོགས༔ འདིར་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ན༔ དུས་སྐད་ཅིག་ཉིད་ལ་བྱོན་ནས་ཀྱང༔ དོན་ཡུམ་ཆེན་དགོངས་པ་མངོན་གྱུར་མཛོད༔ སླར་མི་བརྗེད་གཟུངས་དང་མི་འཇིགས་སྤོབས༔ དོན་མི་ཟད་བློ་གྲོས་སྣང་བ་སྩོལ༔ མཆོག་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ༔ བཛྲ་ཌཱཀྐི་ནི་ས་མཱ་ཡ་ཧྲཱིཾཿཧྲཱིཾཿཛཿཛཿ བཅུ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡིན་ལུགས་བསམ་ངོ་བྲལ་བ་དང༔ བློ་ནི་ངོ་བོ་ཉིད་ཀྱིས་དག༔ ལྷ་དང་རང་རིག་གཉིས་མེད་དུ༔ དགག་སྒྲུབ་ལས་འདས་བཞུགས་གསོལ་འདེབས༔ ཛཿཧཱུྃ་བཾ་ཧོཿ ས་མཱ་ཡ་ཏིཥྛ་ལྷན༔ བཅུ་གཅིག་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཡེ་ནས་རང་རིག་ཌཱཀྐི་རུ༔ ཤེས་ལ་སྒོམ་བྱེད་བློ་དང་བྲལ༔ གཞི་འབྲས་དབྱེར་མེད་རང་བཞིན་ལ༔ བརྡ་དོན་མཇལ་བས་ཕྱག་བགྱིའོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཅུ་གཉིས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་ཞིའི་དངོས་ཀུན་མཆོད་པའི་སྤྲིན་ཕུང་ནི༔ མི་ཟད་རྒྱན་གྱི་འཁོར་ལོའི་རོལ་པ་རུ༔ ཡིད་བཞིན་འདོད་པ་འཇོ་བའི་འཕྲུལ་གྱི་མཛོད༔ དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཆེན་པོར་རོལ༔ ཨོཾ་བཛྲ་ཛྙཱ་ན་དྷཱཀྐི་ནི་སྭ་ར་སྭ་སྟི་ས་པཱ་རི་ཝ་ར་པུཥྤེ་ནས་ཤབྟ་སརྦ་པཉྩ་རཀྟ་བ་ལིངྟ་པཱུ་ཛ་ཧོ༔ བཅུ་གསུམ་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོཿ དང་པོའི་སངས་རྒྱས་ཡུམ་ཆེན་ཀུན་བཟང་མོ༔ འཕགས་བཞི་སྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ སྤྲུལ་པའི་མཁའ་འགྲོ་ངག་གི་དབང་ཕྱུག་མ༔ པདྨའི་ལས་རྒྱ་མཁར་ཆེན་བཟའ་ལ་བསྟོད༔ ཀུན་དགའི་དཔལ་སྟེར་མཚན་དཔེའི་ལང་ཚོ་འབར༔ རྒྱལ་བའི་ཆོས་ཀུན་དབྱངས་སུ་ལེན་པའི་གསུང༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐུགས༔ དཔལ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད༔ དགའ་བ་བཅུ་དྲུག་དཔལ་གྱིས་མངོན་མཛེས་སྐུ༔ སྟོང་ཉིད་བཅུ་དྲུག་དཔྱིད་དུ་སྙོམས་ཞུགས་པས༔ ཐིག་ལེ་བཅུ་དྲུག་ཨེ་ཝཾ་དབྱིངས་སུ་དག༔ ཡེ་ཤེས་བཅུ་དྲུག་ས་ལ་སྙེམས་གྱུར་ཅིག༔ བཅུ་བཞི་བཟླས་པའི་དམིགས་པ་ནི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས༔ ཞབས་གཉིས་བརྐྱང་བསྐུམ་རོལ་སྟབས་བཞུགས༔ ཁྲོ་མོའི་ཆས་ཀུན་ཡོངས་རྫོགས་པའི༔ ཙིཏྟ་འོད་ལྔའི་ཐིག་ལེའི་དབུས༔ དགའ་འཁྱིལ་ཧྲཱིཾཿགིས་མཚན་པའི་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ སྣང་དང་ཕྱེད་སྣང་མི་སྣང་གི༔ སྲིད་པའི་སྣང་ཞེན་མ་ལུས་ཀུན༔ ལྷ་སྔགས་ཆོས་སྐུའི་རོལ་པར་གསལ༔ རིག་འདུས་བླ་མའི་ཐུགས་རྒྱུད་བསྐུལ༔ འོད་འཕྲོས་དོན་གཉིས་ལྷུན་གྱིས་གྲུབ༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ གོ་རིམ་བཞིན་དུ་བབས་པ་ལས༔ གནས་དང་སྤང་བྱ་ངོ་བོ་ཡི༔ དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང༔ ཆོས་དོན་རབ་ཏུ་རྣམ་འབྱེད་ཀྱི༔ གཟུངས་སྤོབས་བློ་གྲོས་སྣང་བ་རྒྱས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨཱོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱཿ རྩ་སྔགས་ཆུ་བོའི་རྒྱུན་བཞིན་བསྙེན༔ འཁྲུལ་མེད་དགོངས་རྒྱུད་རྟོགས་པ་འཕོ༔ རང་མདངས་འགགས་མེད་ལྷུན་གྲུབ་ཀྱི༔ ལུ་གུ་རྒྱུད་ཀྱི་སྣང་བ་མཐོང༔ རྩལ་ལས་བཀའ་དང་བསྟན་བཅོས་ཀྱི༔ ཚིག་དོན་ཀློང་རྡོལ་ལྷུག་པར་འཆར༔ མི་བརྗེད་གཟུངས་དང་མི་འཇིགས་པའི༔ ཡང་དག་སྤོབས་པ་ཐོབ་པ་དང༔ མི་ཟད་བློ་གྲོས་སྣང་བ་རྒྱས༔ སྒྲུབ་དང་ལས་བཞིའི་ཁ་བསྒྱུར་སོགས༔ གབ་པའི་མན་ངག་ཞལ་ལས་ཤེས༔ གཞན་ཡང་དངོས་ཉམས་རྨི་ལམ་དུ༔ གྲུབ་པའི་རྟགས་མཚན་སྣ་ཚོགས་འོང༔ མཐར་ཐུག་རྣམ་ཀུན་མཆོག་ལྡན་གྱི༔ དོན་གྱི་དབྱངས་ཅན་རང་ཞལ་མཇལ༔ ཐུན་མོང་རབ་འབྱམས་ལས་རྣམས་ཀུན༔ གེགས་མེད་བདེ་ལེགས་འགྲུབ་པར་འགྱུར༔ ས་མཱ་ཡ༔ དེ་རྗེས་བླ་ན་མེད་པ་ཡི༔ ཁྱད་པར་ཚོགས་གཉིས་གསོག་པའི་ཕྱིར༔ ག་ཎ་ཙཀྲའི་མཆོད་པ་ནི༔ ཕྱི་ནང་གསང་བའི་དམ་ཚིག་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ དང་པོ་བྱིན་གྱིས་བརླབ་པ་ནི༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃཿ ཀུན་བཏགས་ཕྱི་སྣོད་བྷནྡྷ་རུ༔ གཞན་དབང་ནང་བཅུད་སྣང་སྲིད་དངོས༔ ཡོངས་གྲུབ་ཀ་ནས་དག་པ་ཡི༔ ངོ་བོ་ཡེ་ཤེས་རོལ་པའི་རྒྱན༔ རྣམ་པ་འདོད་པའི་ཡོན་ཏན་ཀུན༔ ཡིད་བཞིན་འབྱུང་བའི་གཏེར་དུ་བསྒྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧྲཱིཿ ཕྱི་ལྟར་འོག་མིན་མཁའ་སྤྱོད་གཡུ་ལོ་བཀོད༔ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་ལ་སོགས༔ ནང་ལྟར་རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་མཆོག༔ རྩ་ཁམས་ཡེ་ཤེས་སྤྲིན་དུ་རོལ་པའི་དཔྱིད༔ རླུང་ཁམས་ཡེ་ཤེས་གདངས་སུ་སྦྱོར་བའི་དབྱིངས༔ གདན་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལས༔ དཔའ་བོ་དང་ནི་རྣལ་འབྱོར་མ་རྣམས་ཀུན༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱིན་རླབས་དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ཌཱཀྐི་ནི་ཨེ་ཨ་ར་ལི་ཕེཾཿཕེཾཿཛཿཛཿ གསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཧོཿ ཕྱི་ལྟར་བླ་མེད་དམ་ཚིག་ཆེན་པོའི་རྫས༔ ནང་ལྟར་ཀཱ་མ་གུ་ཎ་པཉྩར་སྨིན༔ གཞན་དུ་དགའ་བཞི་རྣམ་དག་མཐར་ཕྱིན་གྱི༔ གསལ་ཡངས་རང་བྱུང་མཆོད་པ་འབུལ་ལོ་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཁ་ཧི༔ བཞི་པ་བར་པ་བཤགས་པ་ནི༔ ཧོཿ གདོད་ནས་བཤགས་བྱ་བཤགས་བྱེད་གཉིས་མེད་ཀྱང༔ གློ་བུར་མ་རིག་འཁྲུལ་པའི་ལས་དབང་གིས༔ ཐོག་མེད་ནས་བསགས་དམ་ཚིག་ཆག་ཉམས་ཀུན༔ མཐོལ་བཤགས་མི་སྒྲིབ་ཚངས་པ་བསྩལ་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཧོཿ ལྔ་པ་ཐ་མ་བསྒྲལ་བསྟབ་ནིཿ ཧཱུྃ༔ འཇིག་ལྟའི་རུ་ཏྲ་ལས་སྐྱེས་ཞིང་གྱུར་གྱི༔ མཆོག་དང་མཆོག་ཕྲན་དག་མཉམ་ཆེན་པོ་རུ༔ ཡོངས་བསྒྲལ་གཞི་དབྱིངས་རིག་པའི་ཀློང་དུ་བསྟབ༔ བསྐང་ངོ་ཀུན་ཟླུམ་ཐིག་ལེའི་དབྱིངས་སུ་བསྐང༔ སྐོང་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ དྲུག་པ་ལྷག་མ་བསྔོ་བ་ནི༔ ཨ་ཀཱ་རོས་བརླབས་ལ༔ ཕེཾཿ དཀྱིལ་འཁོར་མུ་རན་མཐར་སྐྱོང་བའི༔ ལྷག་ལ་དབང་བའི་མགྲོན་ཚོགས་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ དེ་ནས་ཐ་མའི་ལས་རིམ་ལ༔ དང་པོ་ཐུགས་དམ་བསྐུལ་བ་ནི༔ ཧྲཱིཿ གཞི་དབྱིངས་ཡུམ་ཆེན་ཆོས་སྐུའི་མཁའ་ཀློང་ནས༔ གཞི་སྣང་མ་འགག་དབྱངས་ཅན་མཁའ་འགྲོའི་ཚོགས༔ གཞི་རྩལ་རོལ་པ་རྒྱན་གྱི་འཁོར་ལོར་བཞེངས༔ གཞི་ཐོག་ཉིད་དུ་གྲོལ་བའི་ཕྲིན་ལས་མཛོད༔ གཉིས་པ་ཆད་མདོ་བསྒྲག་པ་ནི༔ ཧཱུྃ༔ སྔོན་ཚེ་དུས་བཞི་མཉམ་ཉིད་ཆེན་པོའི་ཀློང༔ འདུས་མ་བྱས་པ་ཡེ་ཤེས་རྡོ་རྗེ་ཆེ༔ ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་ཚེ༔ རྟག་ཆད་མཐར་འཛིན་གཞི་ཐོག་གྲོལ་བ་ཡི༔ ཆད་དང་གཡར་དམ་ད་དུས་སྐུལ་བྱེད་ན༔ ལམ་སྣང་འབྲས་བུར་སྨིན་པའི་ཕྲིན་ལས་མཛོད༔ འོག་མིན་མཁའ་སྤྱོད་གཡུ་ལོ་བཀོད་པ་དང༔ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་ལ་སོགས༔ ལོངས་སྤྱོད་རྫོགས་མཛད་ཌཱཀྐིའི་ཚོགས་རྣམས་ཀྱིས༔ ཉིད་ལས་མི་གཞན་འཁོར་ལ་བརྡ་དོན་དང༔ རྟགས་ཀྱི་ཆོས་གསུངས་དེ་ཡི་ཚེ་སྐབས་སུ༔ སྟོན་འཁོར་སྲིད་ཞི་མཉམ་ཉིད་ཆེན་པོ་རུ༔ རྟོགས་པའི་ཆད་བཞིན་ཕྲིན་ལས་འགྲུབ་པར་མཛོད༔ བོད་ཡུལ་ལྗོངས་འདིར་སློབ་དཔོན་པདྨ་ཡི༔ གཟུངས་མཆོག་ཌཱཀྐི་ཡེ་ཤེས་མཚོ་རྒྱལ་གྱིས༔ བྱིན་རླབས་དགོངས་པའི་རྩལ་ལ་རྒྱས་བཏབ་ཚེ༔ སྲིང་གཅིག་གཡུ་སྒྲོན་ཡིད་འོང་ལྷ་མོ་དང༔ རྨུག་འཛིན་དབང་པོ་གཏེར་གྱི་མཛོད་འཛིན་པས༔ ཅི་འདོད་དངོས་གྲུབ་སྟེར་བའི་ཆད་མདོ་བཞིན༔ གཏོར་མ་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད༔ གསུམ་པ་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོཿ དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་གནས་དག་པའི༔ བརྟན་མ་བཅུ་གཉིས་འདིར་བྱོན་གཏོར་མ་ལོངས༔ རྩ་རླུང་ཐིག་ལེ་དབང་ཐང་ཉམས་པ་གསོས༔ ཚེ་བསོད་ཉམས་རྟོགས་འཕེལ་བའི་ཕྲིན་ལས་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་པ་བརྟུལ་ཞུགས་བྲོས་མནན་ནིཿ ཧཱུྃ༔ མཚན་བཅས་རྟོགས་པའི་དམ་སྲི་ལོག་འདྲེན་ཀུན༔ ཨེ་དབྱིངས་སྟོང་ཆེན་ཡུམ་གྱི་མཁའ་ཀློང་དུ༔ ལྡང་མེད་རྒྱས་བཏབ་ལས་བཞི་ལྷུན་གྲུབ་ཀྱི༔ བྲོ་བརྡུང་ཉོན་མོངས་ཀ་དག་ངང་དུ་ནོན༔ སྟྭཾ་བྷ་ཡ་ནན་ནན༔ ལྔ་པ་དངོས་གྲུབ་བླང་པ་ནི༔ ཨེ་མ་ཧོཿ རྒྱལ་ཡུམ་བསྒྲུབ་པས་དངོས་གྲུབ་ཉི་མ་བཞིན༔ འདྲེན་པའི་སྐྱ་རེངས་ཤར་ཚེ་བསྐུལ་བྱེད་ན༔ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས༔ ཐུགས་གསང་མི་ཤིགས་འོད་ལྔའི་ཏི་ལ་ཀ༔ སྣང་སྲིད་ཡོངས་དག་དཔལ་གྱི་བེའུ་ནས༔ འཛད་མེད་མཆོག་ཐུན་དངོས་གྲུབ་གཏེར་གྱི་དབྱིག༔ ད་ལྟ་སྐད་ཅིག་ཉིད་ལ་བསྩལ་དུ་གསོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་མཆོད་ཅིང་བསྟོད་ལ༔ དྲུག་པ་བཟོད་གསོལ་ནོངས་བཤགས་ནི༔ ཧོཿ མཁའ་འགྲོའི་དཀྱིལ་འཁོར་དམ་པ་རུ༔ འགལ་འཁྲུལ་ཉེས་ཚོགས་ཅི་བགྱིས་པ༔ ཌཱཀྐི་དམ་ཅན་སྤྱན་སྔ་རུ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཡིག་གེ་བརྒྱ་པས་ལྷག་ཆད་བསྐང༔ བདུན་པ་རྫོགས་རིམ་བསྡུ་བ་ནི༔ ཧོཿ སྣང་གྲགས་ལྷ་སྔགས་སྒྱུ་མའི་རོལ་པ་ཀུན༔ ཀ་དག་སྒྲིབ་མེད་གཉུག་མའི་ཀློང་དུ་ཨཿ སླར་ཡང་གཞི་ལས་གཞི་སྣང་ལྷུན་གྲུབ་ཀྱི༔ དག་མཉམ་ཟུང་འཇུག་ལྷ་སྐུའི་ཕྱག་རྒྱར་ལྡང༔ བརྒྱད་པ་བསྔོ་བའི་མཚམས་སྦྱོར་ནི༔ ཧོཿ སྒྲ་དབྱངས་ལྷ་མོའི་དཀྱིལ་འཁོར་དམ་པ་རུ༔ སྨིན་གྲོལ་ལམ་ལ་བསླབས་པའི་དགེ་བའི་མཐུས༔ འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་དམ་པ་ཐོབ་པའི་རྒྱུ་རུ་བསྔོ༔ དགུ་པ་སྨོན་ལམ་གདབ་པ་ནི༔ ཧོཿ བྱ་བྱེད་རོལ་བ་དག་པའི་འཁོར་ལོ་རུ༔ ཡོངས་ཤར་ཁྱད་ཆོས་དྲུག་ལྡན་གདོད་མའི་དབྱིངས༔ སྒྲོན་དྲུག་ཡེ་ཤེས་སྐུ་ཡི་འཛུམ་ཞལ་དང༔ གཉིས་མེད་མཇལ་ཏེ་མངོན་པར་བྱང་ཆུབ་ཤོག༔ བཅུ་པ་བཀྲ་ཤིས་བརྗོད་པ་ནི༔ ལྷ་ཡི་ལམ་ཀུན་མཁའ་ཡི་གོས་ཀྱིས་ནི༔ ཁྱབ་པ་ཇི་བཞིན་དགའ་སྟེར་ལྷ་མོའི་ཚོགས༔ སྲིད་ཞིའི་མཛེས་སྡུག་རྫོགས་པའི་རྣམ་འགྱུར་ངོམ༔ མེ་ཏོག་མནྡྷ་ར་དང་པདྨ་དང༔ ཀུ་མུད་ཏ་དང་ཨུཏྤལ་གུར་གུམ་སོགས༔ ཤིས་བརྗོད་ཆུ་སྐྱེས་འཕྲེང་བ་ཆར་དུ་བསྙིལ༔ ངོ་མཚར་དབྱངས་བདུན་དཔྱིད་ལ་རབ་དྲངས་པའི༔ གླུ་གར་རོལ་མོའི་འགྱུར་བ་འགྲན་ལ་བརྩོན༔ འཇའ་ཚོན་འོད་ལྔའི་གུར་ཁྱིམ་རྣམ་བཀྲ་ཞིང༔ ཀུན་ཀྱང་རྗེས་ཆགས་ཉམས་ཀྱི་དགྱེས་པར་བཞུགས༔ རང་རིག་འགྱུར་མེད་ཆོས་སྐུ་ཡུམ་ཆེན་མོ༔ རང་རྩལ་འགག་མེད་ཤེས་རབ་ཕ་རོལ་ཕྱིན༔ རང་སྣང་བདེ་ཆེན་དཔལ་མོ་མཚོ་རྒྱལ་མས༔ རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ མཚན་དཔེ་གསལ་རྫོགས་སྐུ་ཡི་བཀྲ་ཤིས་ཤོག༔ དྲུག་ཅུའི་གདངས་ལྡན་གསུང་གི་བཀྲ་ཤིས་ཤོག༔ སྒྲིབ་མེད་གསལ་སྟོང་ཐུགས་ཀྱི་བཀྲ་ཤིས་ཤོག༔ དབྱངས་ཅན་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ མདོ་རྒྱུད་མ་ལུས་དགོངས་དོན་ས་ལེར་བཀྲ༔ སྒྲ་དོན་རྒྱན་གྱི་བརྗོད་པ་རྣམ་པར་དག༔ འགལ་ཟློས་ལྷག་ཆད་སྐྱོན་སྤངས་འཆོས་སྐྱོབ་ཀྱི༔ དབྱངས་སྙན་ཕྱོགས་སུ་སྒྲོགས་པའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་ཡོད་མེད་ཚིག་ལས་འདས༔ ལམ་གྱི་བཀྲ་ཤིས་སྒོམ་བྱེད་བློ་དང་བྲལ༔ འབྲས་བུའི་བཀྲ་ཤིས་སྐུ་དང་ཡེ་ཤེས་ཀྱི༔ སྣང་བ་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག༔ ཕུན་ཚོགས་སྡེ་བཞིའི་ལང་ཚོའི་འདབ་མ་བཞད༔ ལུང་རྟོགས་ཡོན་ཏན་སྦྲང་རྩིའི་བཅུད་ཀྱིས་གཏམས༔ དོན་གཉིས་གེ་སར་དོགས་པས་རབ་བཟུང་བའི༔ དགེ་མཚན་པདྨོ་རྒྱས་པའི་བཀྲ་ཤིས་ཤོག༔ ཡང་དག་དོན་གྱི་ལྷ་མོ་ཡི༔ གསང་གསུམ་རང་རིག་ཨེ་ཝཾ་གཟུགས༔ ཀུན་ནས་ཟླུམ་པོའི་ཏི་ལ་ཀའི༔ ཀློང་ལས་རང་བྱུང་ཤར་བ་བཞིན༔ པདྨ་ཐུགས་མཆོག་རྡོ་རྗེ་རྩལ༔ ཆོས་ཀྱི་གོ་ཆ་འཛིན་དེས་ཕབ༔ དམ་པ་ཟུང་གིས་བཀའ་ལུང་བཞིན༔ མི་འགྱུར་རྟགས་ཀྱི་རི་མོར་བཀོད༔ བསྟན་འགྲོའི་སྨན་ཡོན་མཆོག་ཏུ་ཤོག༔ གཡུ་ཡི་སྒྲོན་མས་བཀའ་འདི་སྲུངས༔ དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མཱ་ཡ༔ རྒྱ༔རྒྱ༔རྒྱ༔ མངྒ་ལཾ། དགེའོ།། །།

Footnotes

Other Information