DKR-KABUM-04-NGA-013

From Khyentse Lineage - A Tsadra Foundation Project
Revision as of 14:46, 3 November 2022 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-04-NGA-013

Wylie title DKR-KABUM-04-NGA-013.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "nga"., Text 13, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "NGA" is not a number.

"NGA" is not a number.

[edit]
༄༅། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ནས་བརྗོད་དེ་གསོལ་བ་གདབ་ཅིང་མཆོད་འབུལ་གྱི་ཆོ་ག་སྒྲིབ་གཉིས་ཀུན་སྦྱང་ཕན་བདེའི་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།། ༄༅། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཡེ། མཚན་མཆོག་ནོར་བུའི་ཅོད་པན་མཆོག །དད་པས་མཆོད་ལས་ཕན་བདེའི་དཔལ། །རྟག་སྩོལ་དེ་བཞིན་གཤེགས་བཏུད་ནས། །དེ་མཉེས་ཆོ་གའི་ལས་རིམ་འཆད། དེ་ཡང་དཀོན་མཆོག་བརྩེགས་པའི་སྒོ་མཐའ་ཡས་པའི་གཟུངས་ཀྱི་ལེའུ་ལས། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་དེ་ཡང་སྒྲོན་མ་ཆེན་པོ་ཡིན་ཏེ། ཉོན་མོངས་པ་རྣམས་ངེས་པར་བསྲེགས་པར་འགྱུར་བ་ཡིན་ནོ། གང་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚན་ཐོས་པ་དེ་ཡང་དེ་དག་གིས་མྱ་ངན་ལས་འདས་བའི་རྒྱུ་ཆེན་པོར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བརྗོད་པ་ཡང་མུན་པ་དང་འབྲལ་བར་འགྱུར་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ཡང་མུན་པ་དང་འབྲལ་བར་འགྱུར་རོ། །ཞེས་སོགས་གསུངས་པས་མཚོན་གནས་སྐབས་མཐར་ཐུག་གི་དགོས་པ་དུ་མ་འགྲུབ་པའི་ཕན་ཡོན་སྤྱི་དང་བྱེ་བྲག་དཔག་ཏུ་མེད་པ་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་པ་ལ་མཆོག་ཏུ་གུས་པའི་ཡིད་ཆེས་ཀྱིས་རང་གཞན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ནས་བརྗོད་ཅིང་གསོལ་བ་གདབ་པ་ཁ་ཏོན་དུ་བགྱི་བར་འདོད་པས་རྒྱུད་སྡོམ་པ་དང་ལྡན་པའི་སྒོ་ནས་ཆོ་གའི་རིམ་པ་འདི་ལྟ་བུ་ཞིག་ལ་གནས་ནས་ཆེས་ལེགས་པའི་ཕྱིར་དེའི་ཚུལ་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་ཁང་ཕྱག་བདར་སྐྱང་ནུལ་བྱས་པའི་གུང་དུ་སྟེགས་བུ་གྲུ་བཞི་པར་སྟོན་པ་ཤཱཀྱའི་རྒྱལ་པོ་གཙོ་བོར་གྱུར་པའི་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བྲིས་འབུར་ཐེག་པ་ཆེ་ཆུང་གི་མདོ་ཡི་གླེགས་བམ་སྐུ་གདུང་ཆ་བརྒྱད་སོགས་དང་ལྡན་པ་བཀྲམ་པའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་མཆོད་པའི་ཡོ་བྱད་ཅི་འབྱོར་བ་གཙང་ཞིང་དག་པར་བཤམས། གཞན་ཡང་ཁྲུས་བུམ། མཎྜལ། དྲི་བཟང་གིས་སྦགས་པའི་འབྲུ། རོལ་མོའི་རིགས་བྱེད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཉེར་བསྡོགས་སུ་བྱའོ། །གཉིས་པ་ནི། གྲུབ་ན་སྐབས་འདིར་དོན་ཡོད་ཞགས་པ་དང་བཅུ་གཅིག་ཞལ་གྱི་སྙུང་ཆོག་ལས་འབྱུང་བ་ལྟར་ཡན་ལག་བརྒྱད་པའི་གསོ་སྦྱོང་ཚུལ་བཞིན་བླངས་ནས་རྒྱུད་སྡོམ་ལྡན་དུ་བསྒྲུབ་པ་ཁྱིམ་པ་སོགས་ལ་ལྷག་པར་གལ་ཆེ་ཞིང༌། མ་གྲུབ་ཀྱང་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་དད་པ་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལ་བློ་བཞག་པ་དང་བཅས་ཏེ་སྔ་དྲོའི་ཆར་བདེ་བའི་སྟན་ལ་འཁོད་པས་ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདག་དང་འགྲོ་བ༴ ནམ་མཁའི་གནས་སུ༴ སངས་རྒྱས་ཆོས་དང༴ བདག་དང་མཐའ༴ སེམས་ཅན་ཐམས་ཅད་བདེ་བ༴ སོགས་རྒྱས་པར་སྤྲོ་ན་སྦྱར། མཆན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་ཅི་རིགས་བརྗོད་དེ་དམིགས་པ་རྣམས་ལ་ཡིད་རྩེ་གཅིག་ཏུ་གཞོལ། གཉིས་པ་ས་གཞི་བྱིན་བརླབ་པ་ནི། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་ཆེན་པོ་དང༌། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདེ་གཤེགས་རྣམས་ཀྱིས་མདོ་ལས་གསུངས་པ་བཞིན། རྒྱལ་བ་སྲས་བཅས་གདན་འཛོམས་དཀྱིལ་འཁོར་དང༌། །མཆོད་པའི་ཚོགས་སུ་སྦྱར་བ་འདི་དག་ཀུན། །སྲས་བཅས་རྒྱལ་བའི་སྨོན་ལམ་ལས་གྲུབ་པའི། །བདེ་བ་ཅན་སོགས་དག་པའི་ཞིང་རྣམས་བཞིན། །རིན་ཆེན་ས་གཞི་མཉམ་ཡངས་བདེ་འཇམ་གསལ། །མེ་ཏོག་གཅལ་བཀྲམ་ཙན་དན་དྲི་བསུང་ལྡང༌། །གསེར་དངུལ་མུ་ཏིག་བྱེ་མ་གྲམ་བུར་བརྡལ། །ནོར་བུའི་ཕ་གུས་མཐའ་བསྐོར་ཡིད་འོང་བའི། །མེ་ཏོག་སྣ་ཚོགས་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་གྱི་དྲིལ་བུ་མེ་ཏོག་རྒྱན་ཕྲེང་སོགས། །ཕུན་ཚོགས་ཞིང་གི་བཀོད་པས་བརྒྱན་གྱུར་ཅིག །གསུམ་པ་ཁང་བཟང་བྱིན་རླབས་ནི། དབུས་སུ་རིན་ཆེན་བདུན་འབར་གཞལ་མེད་ཁང༌། །འཇིག་རྟེན་ལས་འདས་དགེ་རྩ་ལས་བྱུང་བའི། །ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པའི་གནས། །གཞལ་མེད་ཁང་མཆོག་ཆེན་པོ་འབྱུང་གྱུར་ཅིག །བཞི་པ་གདན་ཁྲི་བྱིན་རླབས་ནི། དེ་དབུས་རིན་ཆེན་སེང་ཁྲི་པདྨའི་གདན། །མཛེས་ཤིང་ཡངས་པར་ཕྱོགས་བཅུར་བཞུགས་པ་ཡི། །མོས་པའི་ཡུལ་བྱས་རྒྱལ་བ་སྲས་དང་བཅས། །སོ་སོར་འཚམ་པའི་གདན་བཟང་འབྱུང་གྱུར་ཅིག །ལྔ་པ་མཆོད་པ་བྱིན་རླབས་ནི། ཕྱི་ནང་ཀུན་ཏུ་ལྷ་མིའི་ཡོ་བྱད་མཆོག །རོལ་མོ་རྒྱན་ཕྲེང་ཞལ་ཟས་ན་བཟའ་སོགས། །སྲས་བཅས་རྒྱལ་བའི་སྨོན་ལམ་ལས་བྱུང་བའི། །ཀུན་བཟང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །ཕྱོགས་དུས་ཀུན་ན་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །བསྡུ་ན་གོང་གི་ཁང་བཟང་གདན་ཁྲི་མཆོད་པ་བྱིན་རླབས་དོར་ཏེ། གསེར་གྱི་དྲིལ་བུ་མེ་ཏོག་རྒྱན་ཕྲེང་མཛེས། །རིན་ཆེན་ཁང་བཟང་བཀོད་ལེགས་གདན་ཁྲི་བཅས། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ཅིག །རྒྱས་བསྡུས་གང་ལྟར་ཡང་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། གཉིས་པ་དངོས་གཞི་ལ་དང་པོ་སྤྱན་འདྲེན་ནི། དྲི་བཟང་པོའི་སྤོས་བཏུལ་ཏེ་དད་པའི་སེམས་རྩེ་གཅིག་ཏུ་བྱ་བ་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །སེམས་ཅན་ཀུན་ལ་བདེ་བ་རབ་ཏུ་བྱིན། །སྲིད་པ་གསུམ་གྱི་སྡུག་བསྔལ་ཀུན་ལས་གྲོལ། །ཚད་མེད་རྣམ་པ་སྣ་ཚོགས་ཆར་འབེབས་པའི། །བདེ་གཤེགས་སྲས་བཅས་དེང་འདིར་དགོངས་པར་མཛོད། །ཕྱོགས་བཅུའི་ཞིང་ན་རྫུ་འཕྲུལ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་བརྩོན་སེམས་དཔའ་འཁོར་དང་བཅས། །གདུལ་བྱའི་ཡུལ་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ཞེས་སྤྱན་དྲངས་པ་ལ་མཆོད་ཡོན་གྱི་ཆུ་བཟེད་ཞལ་དུ་བསྒྲེངས་ཏེ། སྣ་ཚོགས་རིན་ཆེན་སྣོད་ཀྱི་ཁྱད་པར་ལས། །ལེགས་འོང་ཡན་ལག་བརྒྱད་ལྡན་དྲི་བཟང་ཆུ། །མཆོད་ཡོན་བདུད་རྩིའི་ཆབ་གཙང་སྦྲེང་འདིས་ཀྱང༌། །འགྲོ་ཀུན་ཉོན་མོངས་གདུང་བ་ཞི་གྱུར་ཅིག །དཱུརྦའི་ཆུན་པོས་ཆུ་བླངས་ཏེ། ཞབས་བསིལ་བའི་ཚུལ་གྱིས། ཟག་པ་ལས་གྲོལ་མཚན་དཔེའི་རེ་ཁཱ་ཅན། །ངང་པའི་མཆོག་ལྟར་འོད་ཀྱིས་འབྲེལ་བའི་ཞབས། །བསིལ་བྱེད་ཕུལ་བས་མཁའ་ཁྱབ་འགྲོ་བའི་རྒྱུད། །རྫུ་འཕྲུལ་རྐང་པའི་མཆོག་དང་ལྡན་གྱུར་ཅིག །ཁྲུས་གསོལ་བ་ནི། ཏིང་འཛིན་ལས་གྲུབ་དྲི་ཞིམ་གཙང་ཁང་དུ། །ལྷ་ཡི་བདུད་རྩི་དག་པའི་ཁྲུས་མཆོག་གི །སྲི་ཞུ་བརྩོན་པས་ཕུལ་བའི་བསོད་ནམས་ཀྱིས། །ཉེས་པའི་རྙོགས་བྲལ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྐུ་ཕྱི་དང་རྒྱན་གོས་ཕུལ་བ་ནི། དྲི་བཟང་ངད་ལྡང་ཡིད་འོང་ལྷ་ཡི་གོས། །རིན་ཐང་གཞལ་མེད་ནོར་བུའི་རྒྱན་བཟང་ཟུང༌། །མཛེས་པའི་སྐུ་ལ་དྲིལ་ཕྱིས་ཀླུབས་པའི་མཐུས། །མཚན་དཔེའི་རྒྱན་དང་བག་ཡོད་གོས་ཐོབ་ཤོག །ཨོཾ་སུ་ཝཱསྟྲ་ཨཱ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ། བསྡུ་ན་མཆོད་ཡོན་འབུལ་བ་ནས་འདི་ཡན་ཆད་མ་བགྱིས་ཀྱང་རུང༌། གཉིས་པ་བཞུགས་སུ་གསོལ་བ་ནི། དངོས་དང་ཏིང་འཛིན་གཏན་པ་མེད་པའི་མཐུས། །ནམ་མཁའ་མཛོད་ཀྱི་འབྱོར་པས་འཁྱུད་པའི་ཁྲིར། །ཀུན་ཁྱབ་བརྩེ་བའི་སྤྱན་ཡངས་མ་རྨད་པས། །ཕུན་ཚོགས་མཆོད་པའི་ཡུལ་དུ་བརྟན་པར་བཞུགས། །ཞེས་གསོལ་བས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་སྤྱན་དྲངས་པའི་བདེ་བར་གཤེགས་པ་འཁོར་བྱང་ཆུབ་སེམས་དཔའ་ཉན་རང་འཕགས་པའི་དགེ་འདུན་གྱི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་དགྱེས་ཤིང་བརྩེ་བ་ཆེན་པོས་བདག་ལ་ཞལ་ཕྱོགས་པས་བཞུགས་པར་གྱུར། གསུམ་པ་ཕྱག་འཚལ་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། འགྲེང་སྟེ་གནས་ལྔ་ས་ལ་ཕབ་སྟེ་འདུད་པའི་ཕྱག་དག་དྲན་དང་བཅས་པས་འཚལ་བཞིན། ན་མོ་མཉྫུ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་སྔགས་ལན་གསུམ་བརྗོད་པ་སྔོན་དུ་འགྲོ་བས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་སོགས་དཀོན་མཆོག་རྗེས་དྲན་དང༌། བསྡུ་ན། སྐྱེ་བོ་མང་པོ་ལ་སྨན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་ཐུགས་བརྩེ་བ་དང༌། སྐྱེ་བོ་ཕལ་པོ་ཆེ་དང༌། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ཕྱོགས་བཅུའི་འཇིག་རྟེན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་སྦྱིན་པ་རབ་ཏུ་མཛད་པ། ཆོས་ཀྱི་སྒྲོན་མེ་རབ་ཏུ་འབར་བར་མཛད་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་རྔ་རབ་ཏུ་རྡུང་བ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་རྡུང་བ། ཆོས་ཀྱི་དུང་རབ་ཏུ་འབུད་པ། ཆོས་ཀྱི་སྲོག་ཤིང་རབ་ཏུ་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམས་བག་ཏུ་སྤྱོད་དུ་འཇུག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། དེའི་ཞལ་ནས་གསུངས་པའི་དམ་པའི་ཆོས་ཞི་བ་འདོད་ཆགས་དང་བྲལ་བ་རྣམས་དང༌། འཕགས་པ་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་དམ་པ་ཆོས་སྐྱོང་བའི་ཞབས་འབྲིང་གི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཡིད་འོང་རྫིང་བུའི་ནགས་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མཉམ་པ་ཉིད་དུ་སངས་རྒྱས་པས། །མཁའ་ལྟར་མི་གཡོ་ཡེ་ཤེས་སྐུ་མངའ་བ། །ཡོན་ཏན་ཀུན་གྱི་ཕ་རོལ་བྱོན་པ་ཡི། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ལ། །རྒྱལ་བ་རང་བྱུང་ཀུན་མཁྱེན་བདེར་གཤེགས་སོགས། །མཚན་གྱི་སྙན་པ་སྲིད་མཐར་རབ་གྲགས་པ། །ཐོས་དང་དྲན་པས་དོན་ཀུན་གྲུབ་མཛད་པའི། །རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང༌། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཐུབ་པ་མཆོག་གིས་ཐེག་མཆོག་སེང་གེའི་དབྱངས། །སྒྲོག་ཚེ་ལྷར་བཅས་གདུལ་བྱའི་འཁོར་དབུས་སུ། །བསྟན་མཆོག་འཛིན་དང་སྐྱོང་བར་ཞལ་བཞེས་པའི། །རྒྱལ་སྲས་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། ཞེས་དང༌། སྐབས་འདིར་སྤྲོ་ན་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་སོགས་མཁས་གྲུབ་ཀྱི་སྐྱེས་བུ་གཞན་དག་གིས་མཛད་པའི་དེ་བཞིན་གཤེགས་པ་སྤྱིའི་བསྟོད་པ་སོགས་ཀྱང་སྦྱར་ཞིང་མ་གྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གཉིས་པ་ནི། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་སྔ་མ་ལྟར་སྦྱར་ཏེ། ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སོགས་རིགས་འགྲེ་ནས། ཉི་ཟླ་སྒྲོན་མ༴ །བཟང་པོ་དམ་པའི་དཔལ༴ །རྗེས་སྤྱོད༴ །སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ༴ །ཁོན་དང་རྒྱགས་པ་རྣམ་པར་གནོན་པ༴ །རིན་ཆེན་གཟུགས་བཀོད་འོད་སྣང༴ །བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན༴ །སེམས་དང་པོ་བསྐྱེད་པ་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ༴ །རིན་ཆེན་གདུགས་འཕགས་སྣང་ལ༴ །བྱང་ཆུབ་སེམས་དཔའ་འདུལ་བ་ལ༴ །སྐྲག་མེད་མུན་བྲལ་ཏིང་འཛིན་མངོན་འཕགས་རྒྱལ་པོ༴ །དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་ཉོན་མོངས་བསྐྱོད་ལ༴ །ཤིན་ཏུ་ཡོངས་བསྒྲགས༴ །གཡུལ་ལས་རྣམ་པར་རྒྱལ་བའི་དཔལ༴ །དཔལ་བརྩེགས་རྒྱལ་པོ༴ གསེར་འོད་སེང་གེ་རྣམ་པར་རོལ་ལ༴ །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ༴ །སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ༴ །འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་སོ་སོའི་མཚན་ནས་བརྗོད་པ་དང་ཆབས་ཅིག་གྲུབ་ན་ལུས་ཕྱག་དངོས་སུ་འཚལ་ཞིང་མེ་ཏོག་འཐོར། མ་གྲུབ་ན་དད་མོས་རྩེ་གཅིག་པས་ཐལ་མོ་སྦྱར་ཏེ་བདེ་བར་གཤེགས་པའི་ཡོན་ཏན་ཡིད་ལ་བྱ་ཞིང༌། མཚན་དེ་དག་ཁྲི་འབུམ་ལ་སོགས་པའི་གྲངས་བསགས་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། ཞེས་སོགས་བསྡུས་ཏེ་སྦྱར་ཀྱང་རུང་ཞིང་དེ་སྐབས་འདིར་སྨོས་པའི་མཚན་བཟུང་བའི་ཕན་ཡོན་གྱི་གཙོ་བོ་འདི་དག་ཐོས་ཤིང་དྲན་པས་བུད་མེད་ཀྱི་ལུས་སུ་ནམ་ཡང་མི་སྐྱེ་བར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་སྟེ་གཞན་དུ་བྱེ་བྲག་ཏུ་ཕྱག་འཚལ་བའི་སྐབས་འདིར་མདོ་སྡེ་བསྐལ་བཟང་ལས་དེ་བཞིན་གཤེགས་པ་སྟོང་གི་མཚན་དང༌། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ་དང༌། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ། དཔང་སྐོང་ཕྱག་བརྒྱ་པ་དང༌། ཕུང་པོ་གསུམ་པའི་མདོ་ལ་སོགས་པས་མཚོན་མདོ་དེ་རྣམས་ནས་གླེང་གཞི་དང་གཞུང་ཏུ་བསྟན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་གྱི་ཆོ་ག་དང༌། ཀུན་མཁྱེན་འཇམ་པའི་དབྱངས་མི་ཕམ་རྣམ་པར་རྒྱལ་བས་མཛད་པའི་མཚན་འབུམ་ནོར་བུའི་ཕྲེང་བ་རྒྱས་བསྡུས་གཉིས་ཚང་བའམ་མིན་ཀྱང་རང་གིས་གང་འདོད་པ་དེ་དག་ཁོལ་བུར་ཕྱུང་སྟེ་བརྗོད་ལ་གསོལ་བ་གདབ་ཅིང་ཕྱག་འཚལ་ཀྱང་རུང་བའོ། །གཉིས་པ་མཆོད་པ་འབུལ་བ་ནི། སྤྲོ་ན་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་མཆོད་ཕྲེང་རྒྱས་འབྲིང་གི་སྐོར་ཇི་ལྟར་རིགས་པ་སྦྱར་ཞིང༌། འདིར་དཀྱུས་ཙམ་དུ། མེ་ཏོག་དམ་པ་ཕྲེང་བ་སོགས་ནས་ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་དང༌། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །འདོད་པའི་ཡོན་ཏན་དྲུག་ལྡན་མཆོད་པའི་སྤྲིན། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །སྒྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང༌། །བསྟོད་དབྱངས་རོལ་མོ་ལྷ་རྫས་ཁྲུས་རྒྱན་དང༌། །རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ། །བདག་གཞན་ལུས་དང་ལོངས་སྤྱོད་རྒྱུར་བྱས་པའི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ཟག་མེད་མཆོད་པ་བཅས། །མ་ལུས་ལུས་མེད་ཀུན་བཟང་བདེ་ཆེན་གཏེར། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་དང༌། རིན་ཆེན་མཎྜལ་བྱི་དོར་བྱས་ཏེ་འབྲུ་སྨན་སོགས་ཀྱི་ཚོམ་བུ་བཀོད་བཞིན་པས་ཚོམ་བུ་སོ་བདུན་མ་སོགས་གྲངས་ཇི་ལྟར་རིགས་པ་འབུལ་མཐར། ཧོཿ འདི་ལྟར་དངོས་སུ་བཤམས་དང་མོས་པའི་མཐུས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོ་བཀོད་པ་འདི། །ངོ་བོ་རྣམ་དག་ཡེ་ཤེས་རང་བཞིན་ལས། །རྣམ་པ་མ་ལུས་འདོད་དགུ་ཕུན་སུམ་ཚོགས། །བྱེད་ལས་ཟག་མེད་མཆོག་གི་བདེ་སྟེར་བ། །ཕྱོགས་ཀྱི་མཐར་ཁྱབ་དུས་ཀུན་རྒྱུན་མི་འཆད། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན། །མཚུངས་མེད་ཐུགས་རྗེ་ཆེན་པོས་ཡོངས་བཞེས་ནས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང༌། །ཡིད་ལ་ཇི་ལྟར་འདོད་པའི་དཔལ་རྣམས་དང༌། །བླ་མེད་གྲུབ་མཆོག་བདག་ལ་བསྩལ་དུ་གསོལ། །ཞེས་སྨོན་ལམ་བཏབ་ལ་མཆོད་པའི་སྤྲིན་གཟུངས་རོལ་མོ་བཅས་བྱའོ། །གསུམ་པ་སྡིག་པ་བཤགས་པ་ནི། ཧོཿ ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པའི་ཐུགས་རྗེ་ཆེན་པོའི་མངའ་བདག་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་མི་ཤེས་པ་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། སྒོ་གསུམ་ནས་སྡིག་པ་མི་དགེ་བའི་ལས་གང་དང་ཅི་བགྱིས་པ་ཐམས་ཅད་གནོང་ཞིང་འགྱོད་པ་དྲག་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སླན་ཆད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྡིག་ལྟུང་གི་དངོས་པོ་ཡ་ང་བ་བགྱིད་པར་མ་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་མངའ་བ་རྣམས་ཀྱིས་བདག་ནོངས་པ་ཅན་ལ་ཐུགས་བརྩེ་བར་མཛད་ནས་ལས་དང་ཉོན་མོངས་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྐད་ཅིག་འདི་ཉིད་དུ་དག་ཅིང་དངོས་གྲུབ་ཐམས་ཅད་མཐོང་བའི་ཆོས་འདི་ཉིད་དུ་ཐོབ་པའི་སྐལ་པ་བཟང་པོ་ཅན་དུ་འགྱུར་བ་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཉོན་མོངས་པའི་གཞན་དབང་ཅན་རྣམས་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བདག་ཡེ་ཤེས་ཀྱི་སྣང་བ་དམ་པར་གྱུར་ནས་རྒུད་པ་ཐམས་ཅད་སེལ་ཞིང་ཕན་བདེ་མ་ལུས་པ་སྒྲུབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྟོབས་བཞིའི་གནད་དང་ལྡན་པས་བརྗོད། དྲུག་པ་རྗེས་སུ་ཡི་རང་བ་སོགས་ནས་ལྷག་མ་རྣམས་རྒྱས་པར་མོས་ན་ཁོ་བོའི་བླ་མ་རིན་པོ་ཆེས་མཛད་པའི་ས་སྙིང་མཆོད་ཆོག་ལས་བྱུང་བའི་མདོའི་ཡན་ལག་བདུན་པ་ཚིག་ལྷུག་སྤེལ་ཏེ་སྦྱར་ཞིང༌། བསྡུ་ན། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་འཇིག་རྟེན་ན༴སོགས་ཡན་ལག་ལྷག་མ་རྣམས་སྦྱར། མཆན། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་བརྗོད། དེ་ཡང་སངས་རྒྱས་ཀྱི་མཚན་གྲངས་གསོག་པའི་ཚེ་མཚན་ནས་བརྗོད་པ་ཉེར་གཅིག་གམ་བརྒྱ་རྩ་ལ་སོགས་པའི་མཚམས་སུ་ཡན་ལག་བདུན་པ་རེ་དང་སྤེལ་ན་བསག་སྦྱང་སྟོབས་སུ་ཆེ་བས་རྒྱས་པར་གོང་ལྟར་ལྕོགས་ན་དང༌། མིན་ཀྱང་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཙམ་དང༌། འདི་ཡང་སྐབས་སུ་བརྗོད་པར་བྱ་སྟེ། ཨོཾ། སྣང་སྲིད་རྣམ་དག་མཉམ་ཉིད་ཆོས་སྐུའི་ཀློང༌། །གདོད་ནས་རྣམ་གྲོལ་ཆེན་པོར་ཕྱག་འཚལ་ལོ། །གང་སྣང་བདེ་ཆེན་རྡོ་རྗེའི་རང་བཞིན་གྱིས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པ་འབུལ། །རང་སེམས་རྣམ་རྟོག་འཁྲུལ་པའི་ཉེས་པ་ཡིས། །མ་དག་ནོངས་པར་བཟུང་བ་མཐོལ་ལོ་བཤགས། །འདི་ལྟར་བདེ་ཆེན་ཆོས་སྐུར་རོ་གཅིག་པའི། །ཡང་དག་དོན་ལ་མི་ཕྱེད་ཡི་རང་ངོ༌། །མཉམ་ཉིད་ངང་ནས་ཐུགས་རྗེའི་རོལ་པ་ཡིས། །ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར། །སྐུ་གསུམ་རོལ་པ་ནམ་ཡང་མི་ཟད་པའི། །རྟག་པ་ཆེན་པོར་བཞུགས་ལ་གསོལ་བ་འདེབས། །ཐམས་ཅད་མ་ལུས་དགེ་ཞིང་ལེགས་པའི་ལམ། །རང་གྲོལ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །ཅེས་དེ་དག་སྤེལ་ཏེ་རེས་མོས་སུ་བྱ་ཞིང༌། དེ་ཡང་ཚོགས་བསགས་མཐུན་རྐྱེན་སྤེལ་བའི་རིགས་ལ་མཆོད་པ་དང༌། སྒྲིབ་སྦྱང་སོགས་འགལ་རྐྱེན་སྦྱང་བའི་རིགས་ལ་སྡིགས་བཤགས་ཀྱི་ཡན་ལག་རྒྱས་པར་བྱ་བ་སོགས་སྐབས་དང་བསྟུན་ཏེ་འཕྲུལ་ཤེས་པར་བྱ་ཞིང༌། གང་ལྟར་ཡང་བར་མཚམས་ཅི་རིགས་པར་འདོད་པའི་དོན་འགྲུབ་པའི་གསོལ་འདེབས་ཀྱིས་ཐུགས་དམ་བསྐུལ་བ་འདི་ཡང་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་སློབ་མར་བཅས་པ་བདག་དང་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་དེང་འདིར་བདག་ཅག་གིས་མཚན་ནས་བརྗོད་དེ་གསོལ་བ་བཏབ་པ་དང་ཕྱག་མཆོད་ཐུགས་དམ་བསྐུལ་བས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང༌། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང༌། དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་སྙིགས་མ་ལྔ་ཡི་སྡུག་བསྔལ་དང་བྲལ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཞིང༌། ཁྱད་པར་དུ་བདག་དང་དམིགས་ཡུལ་འབྲེལ་ཐོག་གིས་མཚོན་པའི་ལུས་ཅན་ཐམས་ཅད་དེང་ནས་བླ་མེད་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་བའི་དལ་བའི་རྟེན་ཐོབ་པ་དང༌། གཞོན་ནུ་ཉིད་ནས་ངེས་འབྱུང་གི་དད་པའི་བསམ་པ་དང་ལྡན་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྗེས་སུ་སློབ་ཅིང་དགེ་བའི་བཤེས་ཀྱིས་ཟིན་པ་དང༌། ཚེ་རབས་ཐམས་ཅད་དུ་ཉོན་མོངས་པ་རགས་ཤིང་བློ་ཡི་སྟོབས་དམན་པ་སོགས་སྐྱོན་དང་ཉེས་པའི་སྣོད་དུ་གྱུར་པའི་བུད་མེད་ཀྱི་ལུས་སུ་ནམ་ཡང་སྐྱེ་བར་མི་འགྱུར་ཞིང༌། བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་དུ་མེ་ཏོག་པདྨའི་སྙིང་པོ་རུ་བརྫུས་ཏེ་སྐྱེས་ནས་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཐམས་ཅད་འབད་པ་མེད་པར་ངང་གིས་རྒྱུད་ལ་སྐྱེས་ཤིང༌། ཞིང་དེའི་སངས་རྒྱས་ལ་མཆོད་པ་དང༌། བསྙེན་བཀུར་བགྱིད་ཅིང་དམ་པའི་ཆོས་ཉན་པ། ཡང་དག་པར་མཉམ་པར་འཇོག་པ་དང༌། གཞན་ལ་ཆོས་བསྟན་པ་སོགས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་སློབ་པའི་རྣམ་ཐར་འཕགས་པ་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་ལྟ་བུར་འགྱུར་ཞིང༌། གང་དག་བདག་གི་ཕ་མ་དང་དགྲ་གཉེན་གྱིས་མཚོན་མིང་ཙམ་ཐོས་པ་ཡན་ཆད་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ས་ལ་དབུགས་དབྱུང་བའི་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱི་སྟོབས་རྒྱལ་བ་ཀུན་དང་གཉིས་སུ་མེད་པའི་དཔལ་དམ་པ་རྟེན་འདིར་དབང་ཐོབ་པ་བདག་གི་མོས་གུས་དང་བསོད་ནམས་ལྷག་བསམ་གྱི་སྟོབས་དང་ཁྱེད་རྣམས་ཀྱིས་སྔོན་སློབ་པ་ལམ་གྱི་དུས་སུ་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པའི་ཞལ་བཞེས་བསླུ་བ་མེད་པས་མྱུར་དུ་འགྲུབ་པར་མཛད་དུ་གསོལ། བདུན་པ་གཟུངས་བཟླ་བ་ནི། དེ་ལྟར་གསོལ་བ་བཏབ་ཅིང་སླར་ཡང་གཟུངས་སྔགས་ཟབ་མོ་བཟླས་པས་ཐུགས་དམ་བསྐུལ་བས་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་དག་པའི་ཞིང་རབ་འབྱམས་སུ་ཁྱབ་སྟེ་དེ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བའི་ཐུགས་དམ་བསྐུལ་ཞིང་དེ་ཐམས་ཅད་ཀྱི་མཁྱེན་བརྩེས་རྗེས་སུ་དགོངས། མ་དག་པའི་འཇིག་རྟེན་མཐའ་ཀླས་པ་རྣམས་སུའང་འོད་ཟེར་ཆེན་པོས་སྣང་བར་མཛད་དེ་སེམས་ཅན་ཀུན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་བསལ་ནས་ལམ་དང་ལམ་གྱི་རྟེན་ལ་བཀོད། སླར་དག་པའི་ཞིང་གི་རྒྱལ་བ་སྲས་དང་བཅས་པ་དང་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བྱུང་བའི་འོད་ཟེར་གྱིས་རང་དང་དམིགས་ཡུལ་ལ་རེག་པའི་མོད་ལ་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་བསལ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སངས། བྱིན་རླབས་ཀྱི་སྣོད་དུ་རུང་བའི་སྐལ་པ་དང་ལྡན་པའི་གནས་སུ་དབུགས་དབྱུང་བར་བསམ་ཞིང༌། གཟུངས་བུམ་བསྒྲུབས་ན། སྐུའི་ཆ་ལས་བྱུང་བའི་འོད་ཟེར་བུམ་ཆུ་ལའང་ཁྱབ་པས་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་ནུས་པ་དང་ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱྀ་ད་ཡ། ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་ལན་གཅིག་བཟླས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པའང་ཟད་པར་བྱེད་པའི་ཕན་ཡོན་ཚད་མེད་གསུངས་པ་ཉིད་ཅི་ནུས་སུ་བཟླ་ཞིང༌། རང་གཞན་གྱི་དོན་དུ་བྱེ་ཡུངས་དང་གཤིན་པོའི་རུས་བུ་སོགས་ལ་ཕུས་གདབ་སྟེ་སྔགས་ཀྱི་སྣང་བ་དོན་གཉིས་སྒྲུབ་པར་ཤེས་ཤིང༌། སྐབས་སུ་སངས་རྒྱས་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ། སྤང་རྟོགས་ཀྱིས་ཡོན་ཏན། སེམས་ཅན་ལ་དགོངས་པའི་ཐུགས་རྗེ་སོགས་དང་མཚན་ཙམ་བཟུང་ཡང་གནས་སྐབས་དང་མཐར་ཐུག་གི་དགེ་བ་ལ་སོགས་ཐམས་ཅད་འབད་མེད་དུ་སྩོལ་བ་ལ་སེམས་དྭངས་པའི་དད་པ་དང༌། དེ་དག་ལ་ཐེ་ཚོམ་ནམ་ཡང་མི་བྱ་ཞིང་མཆོག་ཏུ་གུས་པའི་ཡིད་ཆེས་ཀྱི་དད་པ། ནམ་བདག་ཀྱང་དེ་ལྟ་བུ་ཐོབ་པའི་སྐལ་པ་དང་ལྡན་སྙམ་པ་འདོད་པའི་དད་པ། བདག་གཞན་གྱི་དགེ་རྩ་ཐམས་ཅད་འདི་ལྟ་བུའི་ཡོན་ཏན་ཐོབ་པའི་ཕྱིར་བསྔོ་བའི་འབུལ་བ་ཕྱིར་མི་ལྡོག་པའི་དད་པ་རྣམས་དྲག་ཏུ་བསྐྱེད། སྤྲོ་ན་མཚན་སྔར་བཏོན་པ་རྣམས་ཀྱིས་ཕན་ཡོན་སོགས་དང་ཐེག་པ་ཆེ་ཆུང་གི་མདོ་སྡེའི་ཚོགས་ཀྱང་གསལ་དག་སྙན་གསུམ་དང་ལྡན་པས་བཀླག་པར་བྱའོ། །གསུམ་པ་ལ་རྗེས་ཀྱི་རིམ་པ་དངོས་དང༌། ཞར་བྱུང་འཕྲོས་དོན་ནོ། །དང་པོ་ལ་མཆོད་བསྟོད་ནི། མཆོད་པའི་ཚོགས་གསར་དུ་བཤམས་པའམ་ཁ་གསོས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང༌། །ཕྱོགས་བཅུ་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །མཆོད་གཟུངས་རོལ་མོ་དང་བཅས་པས་མཆོད་ལ། ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་རྣམས་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་ལ་བསྟོད། །ཅེས་ཚིགས་སུ་བཅད་པས་བསྟོད་དེ་སྨོན་ལམ་བྱ་བ་ནི། དེང་འདིར་མདོ་སྡེའི་ཆོ་ག་ཇི་བཞིན་དུ། །རྒྱལ་བ་འཁོར་བཅས་ཕྱག་འཚལ་མཆོད་སོགས་མཐུས། །བདེ་གཤེགས་རྣམས་ཀྱིས་སྨོན་ལམ་གང་བཏབ་དང༌། །རྒྱལ་སྲས་ཚད་མ་རྣམས་ཀྱི་ཞལ་བཞེས་དང༌། །ཆོས་སྐྱོང་སྲུང་མས་ཐུགས་དམ་གང་བཅས་པ། །བདག་ཅག་རྣམས་ལ་འགྲུབ་པར་མཛད་དུ་གསོལ། །ཐུབ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །མི་བདག་ཆོས་ལྡན་འབངས་རྣམས་དགེ་ལ་འཁོད། །འགྲོ་ཀུན་བདེ་སྐྱིད་འཕེལ་ཞིང་ཆོས་ལ་མོས། །ནད་གདོན་དབུལ་ཕོངས་འཐབ་རྩོད་རྒྱུན་ཆད་དེ། །བྱམས་པའི་སེམས་ལྡན་ཆོས་དང་བཀྲ་ཤིས་རྒྱས། །སྒྲིབ་བྱང་ཚོགས་རྫོགས་བྱང་ཆེན་མྱུར་ཐོབ་ཤོག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང༌། མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པས་མཚོན་སྤྱི་དང་བྱེ་བྲག་གི་སྨོན་ལམ་ཇི་ལྟར་རིགས་པའང་གདབ། གཉིས་པ་བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །ཞེས་བརྗོད་པས་ནོངས་པ་བཤགས། གསུམ་པ་རྟེན་ཡོད་ན་དེ་ལ་བཞུགས་སུ་གསོལ་བ་ནི། འདིར་ནི་རྟེན་དང་ལྷན་ཅིག་ཏུ། སོགས་བརྗོད་ལ་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར། མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཚིགས་སུ་བཅད་པའི་མཐར། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་དང་སེམས་ཅན་གྱི་དོན་མཛད་པ་ལགས་ཀྱིས་སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །ཞེས་བསྐུལ་བས་སོ་སོའི་ཞིང་ཁམས་སུ་བྱོན་པར་མོས། བཞི་པ་དགེ་རྩ་བསྔོ་བ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་སོགས་བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་པས་མཚོན་སྨོན་ལམ་གྱི་རིམ་པ་ཇི་ལྟར་རིགས་པའང་བྱ་ཞིང༌། ལྔ་པ་ཤིས་པ་བརྗོད་པ་ནི། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་འོས་པ་སྔོན་དུ་འགྲོ་བས། ཕུན་སུམ་ཚོགས་པའི་སྤང་རྟོགས་མངོན་གྱུར་ཏེ། །མཐའ་ཡས་འགྲོ་ལ་ཐུགས་རྗེ་ཉི་མའི་འོད། །ཆེས་ཆེར་རབ་འབར་སྲིད་ཞིའི་དགེ་ལེགས་དབྱིག །རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །འགོག་དང་ལམ་གྱི་བདེན་པའི་དེ་བཞིན་ཉིད། །ཐོས་པ་ཙམ་གྱིས་སྲིད་ཞིའི་སྡུག་བསྔལ་ལས། །རྣམ་པར་སྒྲོལ་ནུས་ཟབ་དང་རྒྱ་ཆེ་བའི། །གསུང་མཆོག་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །ཀུན་འབྱུང་སྡུག་བསྔལ་འཆིང་ལས་རྣམ་གྲོལ་ཞིང༌། །བསྟན་མཆོག་འཛིན་དང་རྒྱལ་བའི་ཕྲིན་ལས་སྤེལ། །མཐའ་ཡས་སྐྱེ་དགུའི་མགོན་གྱུར་རྒྱལ་བའི་སྲས། །ཉན་རང་དགེ་འདུན་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད་དེ་མེ་ཏོག་གི་ཆར་བསྙིལ་བས་དགེ་ལེགས་ཀྱི་དཔལ་ཀུན་ཏུ་འཕེལ་ཞིང་བརྟན་པར་བྱའོ། །སྔར་བསྒྲུབས་པའི་གཟུངས་བུམ་གྱི་ཆུ་དང༌། བྱེ་ཡུངས་སོགས་ཀྱང་རུས་བུ་དང༌། དུར་ཁྲོད་ཀྱི་ས་ལ་གཏོར་བ་དང་རང་གཞན་གྱིས་འཐོར་འཐུང་སོགས་བགྱིས་ཀྱང་སྒྲིབ་པའི་ཚོགས་བྱང་ཞིང༌། གནས་ངན་ལས་དབུགས་དབྱུང་བ་སོགས་ངན་སོང་སྐྱོབ་པའི་ཆོ་ག་ལས་གསུང༌། གཉིས་པ་འཕྲོས་དོན་ནི། དེ་ལྟར་བསྟན་པའི་ཆོ་ག་སྔ་མ་ནི་མདོ་སྡེ་འགའ་ཞིག་ལས་དངོས་སུ་གསུངས་པའི་དགོངས་པ་ལྟར་ཅུང་ཟད་རྒྱས་པར་ཕྱེ་སྟེ་བཤད་པ་ཡིན་ལ། འོན་ཀྱང་རྒྱུན་གྱི་རྣལ་འབྱོར་ལྟ་བུར་མདོར་བསྡུས་པ་ལ་མོས་ན། རྟེན་དང་མཆོད་པ་དངོས་སུ་བཤམས་པ་འབྱོར་ན་ལེགས་ཀྱང་ཡིད་ཀྱིས་དམིགས་ཏེ། སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་ཚད་མེད་བཞི་ཙམ་སྔོན་དུ་འགྲོ་བས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་སངས་རྒྱས་སྲས་བཅས་པ་ཡིད་ཀྱི་ཡུལ་དུ་བྱས་ཏེ། ཨེ་མ་ཧོ། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཡོངས་རྫོགས་པ། །བདེ་བར་གཤེགས་པ་ཡེ་ཤེས་སྐུ་ཅན་གྱི། །སྙིང་རྗེ་ཆེན་པོས་ཚོགས་གཉིས་མཐར་ཕྱིན་པའི། །འོད་ཟེར་ཆོ་འཕྲུལ་ཆེན་པོ་དྲན་བྱས་ནས། །བདག་མེད་ངང་ནས་བྱམས་སོགས་བཞི་ལྡན་པར། །འོད་ཀྱིས་ཀུན་ཏུ་ཁྱབ་དམིགས་མཚན་ནས་གསོལ། །ཞེས་བརྗོད་པ་སྔོན་དུ་འགྲོ་བས་སངས་རྒྱས་དང་བྱང་སེམས་ཀྱི་མཚན་གང་འདོད་ཐམས་ཅད་ཚང་བར་བརྗོད་ལ། མཐར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་སྲས་དང་བཅས་པའི་ཞབས་ཀྱི་པདྨོ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བདག་གིས་ཞིང་མ་ལུས་པའི་རྡུལ་གྱི་གྲངས་སྙེད་ཀྱི་ལུས་ཀྱིས་མཆོག་ཏུ་བཏུད་དེ་གུས་པ་ཆེན་པོས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཆེད་དུ་བདག་གིས་གསོལ་བ་གང་བཏབ་པའི་འབྲས་བུ་རྟེན་འདིར་མངོན་དུ་གྱུར་ཏེ་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང༌། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་རྒྱ་མཚོ་མ་ལུས་པ་བདག་གཅིག་པུས་སྤྱོད་ནུས་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་ཏེ། གཟུངས་བཟླ་ན་འདིར་སྦྱར། ཇི་སྙེད་སུ་དག་མའི་ཡན་ལག་བདུན་པ་དང་བཟང་སྤྱོད་ཡོངས་སུ་རྫོགས་པའི་སྨོན་ལམ་བཅས་བགྱིས་པས་ཀྱང་རུང་ཞིང༌། དེ་ལས་གཞན་ཆོ་གའི་རིམ་པ་མ་གྲུབ་ཀྱང་འགྲོ་འཆག་ཉལ་འདུག་གང་དང་གང་གི་སྐབས་སུ་ཡང་སངས་རྒྱས་རྣམས་ཡིད་ལ་བྱས་ཏེ་མཚན་ནས་བརྗོད་པ་འབའ་ཞིག་པས་ཀྱང་དོན་འགྲུབ་པ་སྟེ་ཏིང་འཛིན་རྒྱལ་པོ་ལས། འཆག་ཅིང་འདུག་དང་འགྲེང་དང་ཉལ་བ་དང༌། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེར་མྱ་ངན་འདའ་བར་འགྱུར། །ཞེས་སོགས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་ཆགས་ཐོགས་དང་བྲལ་ཞིང་ཕྲིན་ལས་རྩོལ་མེད་དུ་སྣང་བས་གང་གིས་གསོལ་བ་བཏབ་པ་དེ་ལ་དེ་མ་ཐག་བྱིན་གྱིས་བརླབས་ཤིང་ཐུགས་རྗེའི་གཟིགས་པ་ནི་ཚད་མས་གྲུབ་པ་ལྟར་རོ། །རྡུལ་བྲལ་ཡང་དག་གཟིགས་པས་རྡོ་རྗེའི་གསུང༌། །ལེགས་བྱས་ཤིང་རྟས་དད་པའི་སྐྱེད་ཚལ་དུ། །མགྲོན་བོས་ཚོགས་གཉིས་འདོད་དགུའི་དཔལ་སྟེར་འདི། །སྲིད་ཞིའི་འབྱོར་བ་འབུམ་གྱིས་མཚོན་ནུས་མིན། །དེ་ཕྱིར་དད་དང་མོས་པའི་ལྷག་བློ་ཡིས། །ཚད་མའི་གསུང་བཞིན་མཚན་ནས་བརྗོད་པའི་ཐབས། །གསར་སྤེལ་གང་དེའི་ཨུཏྤལ་དོ་ཤལ་ཡང༌། །རྣམ་འདྲེན་བླ་མ་དགྱེས་པའི་རྒྱན་དུ་འབུལ། །གང་ལས་ཐོབ་པའི་ལེགས་བྱས་བདུད་རྩིའི་འཛུམ། །དམིགས་ཡུལ་གྱིས་མཚོན་མཐའ་ཀླས་འགྲོ་སིམ་སྟེར། །ཕན་བདེའི་འོད་ཟེར་བྱེ་བས་འཁྱུད་བཞིན་དུ། །མི་ཡི་སེང་གེའི་གོ་འཕང་བརྟན་གྱུར་ཅིག །ཅེས་པའང་དམ་པའི་སྤང་རྟོགས་ནོར་བུའི་མཛོད་མངའ་རྣམ་འདྲེན་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཀརྨ་བསམ་གཏན་ལྷུན་གྲུབ་ནས་སྐྱེད་མའི་སྒྲིབ་སྦྱང་ཆེད་དུ་བཀའ་བསྩལ་བ་ལྟར་རྗེ་བཙུན་བརྟན་པའི་འཁོར་ལོ་མི་ཕམ་རྣམ་པར་རྒྱལ་བས་མཚན་འབུམ་གྱི་འཇུག་ཏུ་གསོལ་བའི་དགོངས་དོན་བཞིན་ཚིག་སྦྱོར་ཕལ་ཆེར་ཡང་རྗེ་དེའི་གསུང་འབའ་ཞིག་བསྡེབས་ཏེ་ཤཱཀྱའི་རྗེས་འཇུག་གཏེར་ཆེན་བླ་མ་མཁྱེན་སྤྲུལ་རབ་གསལ་ཟླ་བའམ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབེན་པའི་རི་ངོགས་བསམ་གཏན་གྱི་སྤྱིལ་བུ་བྱང་ཆུབ་ཤིང་གི་གྲིབ་བསིལ་གྱིས་མཛེས་པར་བྲེས་པ་འདིས་ཀྱང༌། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་དབུགས་དབྱུང་བའི་རྒྱུར་སྨོན་པ་བཞིན་འགྲུབ་པ་བླ་མ་རྒྱལ་བ་སྲས་དང་བཅས་པས་མཛད་དུ་གསོལ། སརྦ་དཱ་ཀ་ལྱཾ།། །

Footnotes

Other Information