JKW-KABUM-05-CA-004-002

From Khyentse Lineage - A Tsadra Foundation Project
Revision as of 16:30, 2 March 2022 by Mort (talk | contribs) (Text replacement - "|editor=rdzong sar blo gros phun tshogs" to "|editor=")

JKW-KABUM-05-CA-004-002

མངོན་རྒྱན་འཆད་ཐབས་གཞན་ཕན་ཉེར་མཁོ།
Wylie title mngon rgyan 'chad thabs gzhan phan nyer mkho JKW-KABUM-05-CA-004.pdf
Location mkhyen brtse'i bka' 'bum
Volume 5, sde tshan 4, Text 2, Pages 578-583 (Folios 3b1 to 6a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Source Author(s) བྱམས་པ་ (Maitreya)
Citation 'jam dbyangs mkhyen brtse'i dbang po. mngon rgyan 'chad thabs gzhan phan nyer mkho. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 5: 578-583. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Commentary Synoptic - bsdus don 'grel pa  ·  Commentary with Annotations - mchan 'grel

1 Texts in this Section (sde tshan or chos tshan)

[edit]
རྒྱན་གྱི་འཆད་ཐབས་ཉུང་གསལ་གཞན་ཕན་ཉེར་མཁོ་བཞུགས། །ཨོཾ་སྭ་སྟི་སིདྡྷི། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པ་རྒྱན་གྱི་དོན་བསྡུས་ཏེ་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ལེགས་སྦྱར་ལྷའི་སྐད་དུ། བསྟན་བཅོས་འདིའི་མཚན་ལ། ཨ་བྷི་ས་མ་ཡ་ཨ་ལངྐ་ར་ནཱ་མ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཤཱསྟྲ། ཞེས་བརྗོད་ཅིང་བོད་ཀྱི་སྐད་དུ་བསྒྱུར་ན་འབྲས་བུ་ཤེར་ཕྱིན་དང་ལམ་ཤེར་ཕྱིན་བརྗོད་བྱར་བྱེད་པའི་གཞུང་སྟོང་ཕྲག་བརྒྱ་པ་སོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་བྱེད་ཀྱི་ཐབས་མན་ངག་དང་བསྟན་བཅོས་ཀྱི་གཞི་མཐུན་ཡིན་པས་མན་ངག་གི་བསྟན་བཅོས་ཏེ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཡིན་ཅིང་། མཁྱེན་གསུམ་གྱི་རྣམ་པ་ཀུན་མངོན་དུ་ཕྱོགས་པར་མ་ནོར་བར་རྟོགས་པའི་ལམ་མཐའ་དག་གསལ་བྱེད་ཀྱི་རྒྱན་ཅེས་བྱ་བ་ནི་མཚན་སྒྲོག་པའོ། །གཉིས་པ་འགྱུར་ཕྱག་ནི། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་པདྨའི་འདབ་མ་ལྟར་རྒྱས་པའི་སངས་རྒྱས་དང་། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་དུ་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་ལ་སེམས་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་དཔའ་བོ་ཐམས་ཅད་དང་ཡང་ན་བྱང་ཆུབ་ནི་དེ་ཁོ་ན་ཉིད་ཡིན་ལ་དེ་དང་མཐུན་པར་སེམས་ཉིད་ཆོས་ཉིད་ལ་ཞུགས་པའི་དཔའ་བོ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུམ་པ་གཞུང་དོན་ལ་མཆོད་པར་བརྗོད་པ། བསྟན་བཅོས་བརྩམས་པའི་དགོས་པ། བརྩམ་པའི་བསྟན་བཅོས་ཀྱི་ལུས་སོ། ། ༈ དང་པོ་ནི། སྲིད་པ་ཐ་མའི་ཚེ་ཡང་དག་པའི་གདམས་ངག་གཞན་ལས་ཉན་ཅིང་ཚུལ་དེ་གཞན་ལའང་ངག་གིས་ཐོས་པར་བྱ་དགོས་པས་ཉན་ཐོས་སྲིད་པ་ཐ་མའི་ཚེ་གཞན་ལ་མ་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱ་ནུས་པའི་རང་བྱུང་རང་རྒྱལ་སོགས་ཞི་བ་ཐར་པ་འཚོལ་བ་རྣམས་ཕུང་སོགས་ཀྱི་གཞི་ཀུན་གང་ཟག་གི་བདག་མེད་དུ་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་དང་སྡུག་བསྔལ་ཀུན་ཉེ་བར་ཞི་བའི་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པར་ཁྲིད་པར་མཛད་པ་གང་ཡིན་པ་དང་། །བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་བྱེད་པ་རྣམས་ཐེག་པ་གསུམ་གྱི་ལམ་བདེན་མེད་དུ་ཤེས་པའི་ལམ་ཤེས་པ་ཉིད་ཀྱིས་འཇིག་རྟེན་ཏེ་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བརྗོད་བྱའི་རྣམ་པ་ཀུན་དང་ལྡན་པའི་རྗོད་བྱེད་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སོགས་སྣ་ཚོགས་པ་འདི་གསུངས་པ། །དེས་ན་ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་དང་། བྱང་ཆུབ་སེམས་དཔའི་འཕགས་པའི་ཚོགས་དང་བཅས་པ་དང་། སངས་རྒྱས་འཕགས་པ་རྣམས་ཀྱི་ཡང་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཕྱག་འཚལ་ལོ། །འདིར་ཡུམ་མཁྱེན་པ་གསུམ་གྱིས་གང་ཟག་གི་བདག་མེད་གཟུང་འཛིན་གཉིས་སྟོང་ལམ་གསུམ་བདེན་མེད་རྣམ་པ་ཐམས་ཅད་བདེན་མེད་སོགས་རྟོགས་པའི་ངོ་བོའི་ཡོན་ཏན། ཉེར་ཞིང་འཁྲིད་པ་གཞན་དོན་སྒྲུབ་པ་ཆོས་འཁོར་བསྐོར་བ་སོགས་ནུས་པའི་ཡོན་ཏན་དང་ལྡན་པའི་སྒོ་ནས་བསྟོད་པའོ། །འདིར་གདུལ་བྱ་དབང་རྣོན་གྱིས་དབུ་མའི་ལྟ་བ་རྟོགས་པའི་སྒོ་ནས་ཡོན་ཏན་གཉིས་པོ་དེ་མི་འགལ་བར་ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་ལ། དབང་བརྟུལ་གྱིས་ཚིག་ཙམ་གྱི་སྒོ་ནས་དད་པ་སྐྱེ་ལ་དེ་ལས་རྒྱན་ལ་ཐོས་སོགས་ཀྱིས་ཞུགས་ནས་རྣམ་མཁྱེན་ཐོབ་པར་འགྱུར་རོ། །གཉིས་པ་ལ་དགོས་སོགས་བཞི་ལས་བརྗོད་བྱ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་སོགས་པ་མངོན་རྟོགས་བརྒྱད་སྟོན་པས་ཤེར་ཕྱིན་གྱི་མདོ་འདི་ལས་བཤད་པ་གང་ཡིན་པའོ། །ཉིང་དགོས་ནི་མུ་སྟེགས་དང་ཉན་རང་སོགས་གཞན་གྱིས་ཐོས་སོགས་ཀྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་ཏེའོ། །སུས་མྱོང་ན་སེམས་བསྐྱེད་དང་གདམས་ངག་སོགས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་སྦྱིན་སོགས་ཀྱི་སྤྱོད་པ་བཅུ་ཡི་བདག་ཉིད་ཅན་ཀྱི་ཐེག་ཆེན་གྱི་ལམ་འབྲས་ཡུམ་གྱི་མདོ་ཡི་དོན་མ་ལུས་པ་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བའི་ཤེས་རབ་ཀྱིས་ངེས་པར་བྱས་པ་མི་བརྗེད་པའི་དྲན་པ་ལ་བཞག་ནས་མོས་སྤྱོད་པ་རྣམས་སུ་ཡང་ཡང་སྒོམ་པའི་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་རིམ་གྱིས་སངས་རྒྱས་ཀྱི་སར་མངོན་སུམ་དུ་ཉིང་དགོས་རྣམ་མཁྱེན་དེ་མཐོང་བར་འགྱུར་བའི་ཕྱིར་དུ་ཤེར་ཕྱིན་གྱི་མདོའི་དོན་དཀའ་ཚེགས་མེད་པར། །བདེ་བླག་ཏུ་ནི་མྱུར་དུ་རྟོགས་པར་འགྱུར་བ་ཞེས་བྱ་བ་ནི་བསྟན་བཅོས་མངོན་རྟོགས་རྒྱན་རྩོམ་པའི་དགོས་པ་ཡིན་ནོ། །འབྲེལ་པ་ནི་བསྟན་བཅོས་བརྗོད་བྱ་དང་འབྲེལ། དགོས་པ་བསྟན་བཅོས་དང་འབྲེལ། གནས་སྐབས་ཉིང་དགོས་མོས་སྤྱོད་དང་ས་བཅུ་སོགས་དགོས་པ་དང་འབྲེལ། མཐར་ཐུག་གི་ཉིང་དགོས་རྣམ་མཁྱེན་དེ་གནས་སྐབས་ཀྱི་ཉིང་དགོས་དང་འབྲེལ་བ་དེ་རྣམས་འབྲེལ་པ་ཡིན་ནོ། །གསུམ་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་ལ་གཉིས། མཁྱེན་གསུམ་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ལུས་མདོར་བསྟན་པ་དང་། ལུས་རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་སོགས། གཉིས་པ་ལུས་རྒྱས་པར་བཤད་པ་ནི། སེམས་བསྐྱེད་པ་ནི་སོགས། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། རྣམ་མཁྱེན་ནས། ཆོས་སྐུའི་ཡན་ལག་རྒྱས་པར་བཤད་ཀྱི་བརྒྱད། དེ་རེ་རེ་ལའང་གཉིས། མཚོན་བྱེད་ཀྱི་རྒྱས་པར་བཤད་པ་དང་། སྐབས་བསྡུ་བའོ། །དེ་རྣམས་ནི་རིམ་པར། སེམས་བསྐྱེད་པ་ནི་སོགས་ནས། བརྒྱད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ་བསྡུས་དོན་དུ་ཞིབ་པར་གསལ་ལོ། །གཉིས་པ་སྐབས་དྲུག་ཏུ་ཕྱེ་བ་ནི་ཉམས་སུ་བླང་བར་བྱ་བའི་མཁྱེན་པ་གསུམ་ནི། མཚན་ཉིད་ཀྱི་སྐབས་དང་རྣམ་རྫོགས་སྦྱོར་བ་ནི་མཁྱེན་གསུམ། དེ་ཡི་ཉམས་སུ་ལེན་བྱེད་ཀྱི་སྦྱོར་བའི་སྐབས་དང་། རྩེ་སྦྱོར་ནི་སྦྱོར་བ་དེ་རབ་ཏུ་གྱུར་པའི་སྐབས་དང་མཐར་གྱིས་པ་ནི་སྦྱོར་བ་དེ་ཡི་གོ་རིམ་གྱི་སྐབས་དང་། སྐད་ཅིག་སྦྱོར་བ་ནི་སྦྱོར་བ་དེ་མཐར་ཐུག་པའི་སྐབས་དང་། ཆོས་སྐུ་ནི་སྦྱོར་བ་དེ་ཡི་རྣམ་སྨིན་གྱི་སྐབས་དང་ནི་སྟེ་མཚན་ཉིད་སྐབས་སྦྱོར་བའི་སྐབས་རབ་ཀྱི་སྐབས་ཞེས་སོགས་དོན་བསྡུས་པའི་ཚུལ་གཞན་ཏེ་སྐབས་རྣམ་པ་དྲུག་ཏུ་བཤད་དོ། །གསུམ་པ་སྐབས་གསུམ་དུ་ཕྱེ་བ་ནི་འཇུག་པའི་ཡུལ་མཁྱེན་པ་ནི་རྣམ་པ་གསུམ་པོ་རྒྱུའི་སྐབས་དང་ཉམས་ལེན་གྱི་སྦྱོར་བ་རྣམ་པ་བཞི་ཡི་བདག་ཉིད་ནི་སྦྱོར་བའི་སྐབས་དང་། ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུའི་སྐབས་དང་ནི། །ཞེས་དེ་ལྟར་དོན་བསྡུས་ཚུལ་གཞན་ཏེ་སྐབས་རྣམ་པ་གསུམ་དུ་བཤད་དོ། །བཤད་ཚུལ་གསུམ་པོ་དེ་ལ་སྐབས་ཀྱི་གྲངས་བློ་ལ་འཆར་ཚུལ་མང་ཉུང་ཡོད་ཀྱང་། དོན་ནི་སྔར་རྒྱས་པར་བཤད་པ་གཞན་དུ་ཤེས་པར་བྱ་དགོས་སོ། །བཞི་པ་མཇུག་གི་དོན་གཉིས་མཛད་པ་པོ་གང་ཡིན་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། འགྲོ་བ་མགོན་མེད་པ་རྣམས་སྐྱོབ་བའི་རྗེ་བོ་སྒོ་གསུམ་མི་མཐུན་ཕྱོགས་ལས་བསྡམས་པའི་བཙུན་པ་སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པའི་མཚན་མི་འདོར་བས་བྱམས་པ་ལེགས་པའི་ལམ་དོན་དུ་གཉེར་བ་རྣམས་ཀྱི་མགོན་པོས་ཐུགས་རྗེ་གཞན་དབང་དུ་གྱུར་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་ཤེར་ཕྱིན་གྱི་མདོའི་དོན་རྟོགས་ཕྱིར་མཛད་པ་མ་ཚང་བ་མེད་པར་རྫོགས་སོ། །གཉིས་པ་གང་གིས་བསྒྱུར་བའི་འགྱུར་བྱང་ནི་རྒྱ་གར་གྱི་མཁན་པོ་བིདྱཱ་ཀཱ་ར་པྲ་བྷ་སྟེ་རིག་བྱེད་འོད་ཟེར་རམ་རིག་པའི་འབྱུང་གནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་སཾ་སྐྲྀ་ཏ་ལམ་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ་ལས། སླད་ཀྱི་པཎྜིཏ་གོ་མཱི་འཆི་མེད་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ། །འདིས་ཀྱང་བསྟན་འགྲོ་ལ་མྱུར་དུ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ།། །།སྨྲས་པ། མཚན་ཉིད་ལྡན་པའི་བཤེས་གཉེན་ལ་བརྟེན་ནས། །མདོ་དང་རྒྱན་ལ་ཐོས་སོགས་ཀྱིས་ཞུགས་ཏེ། །ངེས་འབྱུང་བྱང་སེམས་ཡང་དག་ལྟར་སྦྱོར་བ། །ཐོག་མར་མཁྱེན་གསུམ་ཉམས་ལེན་བསྡུས་དོན་ཡིན། །ཡུལ་ལྔ་ལམ་མཁས་བསམ་པའི་གོ་གྱོན་ནས། །འཇུག་པའི་སེམས་བསྐྱེད་སྦྱོར་བའི་ཕྱིན་དྲུག་བརྩོན། །གྲངས་མེད་གསུམ་གྱི་ཚོགས་ཀྱི་མགོ་བཅོམ་པ། །བཞི་པའི་ཐར་ཆ་མཚན་ཉིད་ཚང་བའོ། །དེ་ནས་བསྒོམ་བྱའི་རྣམ་ཀུན་བརྒྱ་དོན་གསུམ། །རྣམ་ཐར་བསྡུས་འདི་ཚང་ལ་མ་ནོར་བའི། །ལམ་དུ་མཚན་ཉིད་བཞི་ཡི་གཏན་ཕབ་ནས། །རྣམ་ཀུན་རང་བཞིན་མེད་པར་མཉམ་བཞག་བསྒོམ། །ཞི་ལྷག་ཟུང་འབྲེལ་སྒོམ་པ་རབ་རྩེར་སོན། །བརྒྱ་དང་དོན་གསུམ་དམིགས་བཅས་ཀུན་རྫོབ་ཏུ། །གོ་རིམ་མ་འཆོལ་མཐར་གྱིས་འབད་པ་བསྒོམ། །གོམས་པའི་རྩོལ་མེད་སྐད་ཅིག་གཅིག་ལ་རྫོགས། །སྦྱོར་བཞིའི་དོན་བསྡུས་སྐུ་བཞི་ཕྲིན་ལས་བཅས། །མངོན་དུ་བྱེད་པ་འབྲས་བུའི་བསྡུས་དོན་ཡིན།། །། ༈

Footnotes

Other Information