PJCW-KABUM-04-NGA-007

From Khyentse Lineage - A Tsadra Foundation Project
Revision as of 15:34, 5 June 2024 by Mort (talk | contribs)
Wylie title
Location dpal sprul bka' 'bum
Volume 4, Text 7, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །ཤེར་རྒྱན་སྐབས་བཞི་བའི་སྤྱི་དོན་སྤར་བྱང་།


ཨོཾ་སྭ་སྟི། རྣམ་དག་ཚུལ་ཁྲིམས་ཕུང་པོའི་མཛེས་པའི་སྐུ། །ཏིང་འཛིན་ཤེས་རབ་ཡོན་ཏན་དཔལ་གྱི་བརྗིད། །མཐའ་ཡས་འགྲོ་བའི་ཕན་བདེའི་གཞིར་གྱུར་པ། །ཐུབ་དབང་སྲས་བཅས་གུས་པའི་གཙུག་གིས་མཆོད། །ཤིན་ཏུ་དཔག་དཀའ་རྒྱལ་བ་ཀུན་གྱི་ཡུམ། །དགོངས་དོན་འཁྲུལ་མེད་གསལ་བར་འབྱེད་པའི་རྒྱན། །བཞི་བའི་སྐབས་ཀྱི་སྤྱི་དོན་ལེགས་བཤད་གཏམ། །འཆད་ཉན་ཉམས་སུ་ལེན་པའི་ཆ་རྐྱེན་དུ། །བཟོ་རིག་འཕྲུལ་གྱི་རྣམ་དཔྱོད་ལས་ཐོན་པ། །གཅིག་ལ་དུ་མར་འཆར་བའི་ཕྱི་མོའི་པར། །བློ་གྲོས་བཟང་པོས་ཐུབ་བསྟན་པདྨའི་ཚལ། །རྒྱས་མཛད་དམ་པའི་ཐུགས་བསྐྱེད་མཐུ་ཡིས་བསྐྲུན། །གང་གི་བཀའ་བཞིན་བརྩོན་པ་ལྷུར་ལེན་པ། །ཉེ་བར་གནས་པ་བློ་བཟང་ཆོས་ཉིད་དང་། །བརྐོས་མཁན་མཁས་པ་བུ་ལྷ་ཕ་བུར་བཅས། །བསམ་དང་སྦྱོར་བའི་ལེགས་བྱས་ཕྱོགས་གཅིག་སྤུངས། །དེ་དག་དྲི་མེད་ཟླ་བ་འབུམ་གྱི་ཞུན། །གཅིག་ཏུ་འཁྱིལ་ལྟར་རྣམ་པར་དཀའ་བའི་མཐུས། །ལུང་དང་རྟོགས་པའི་རྒྱལ་བསྟན་དཔག་བསམ་ལྗོན། །བཤད་དང་སྒྲུབ་པའི་ཁོ་ལག་ཡོངས་རྫོགས་ཤོག ། རྣམ་དཀར་ལས་འདིར་འབྲེལ་བ་ཐོགས་པའི་གཙོས། །འགྲོ་བ་མ་ལུས་འོད་སྣང་མཐའ་ཡས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་ཤིང་ཉམས་དགའ་བར། །པདྨའི་སྦུབ་ལས་ལུས་མཆོག་འཛིན་གྱུར་ཅིག །མི་གནས་མི་སྦྱོར་རྒྱལ་ཡུམ་དགོངས་པའི་མཁའ། །ཡུལ་དང་ཡུལ་ཅན་གཉིས་སྣང་རྡུལ་བྲལ་བ། །སྦྱོར་བཞིའི་མངོན་རྟོགས་དྲི་མེད་མཐར་བྱས་ཏེ། །ཆོས་སྐུའི་རྒྱལ་སར་ཀུན་ཀྱང་གནས་གྱུར་ཅིག །རྒྱལ་བའི་རྗེས་འཇུག་དགེ་འདུན་འདུས་པའི་སྡེ། །གང་ན་མཆིས་ཀུན་བསླབ་པ་རིན་པོ་ཆེ། །རྣམ་པ་གསུམ་གྱི་མཛད་བཟང་གོང་འཕེལ་མཐུས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་སྐབས་བཞི་བའི་སྤྱི་དོན་འདི་གྲྭ་ཚང་རིན་པོ་ཆེར་དཔེ་རྒྱུན་དཀོན་པ་ལ་ཕན་པར་དགོངས་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་བློ་བཟང་ཐུབ་བསྟན་གྱིས་ཐུགས་བསྐྱེད་དག་པས་སྤར་དུ་སྒྲུབ་སྐབས་སྤར་བྱང་ཉུང་ངུ་ཞིག་གྱིས་ཞེས་བཀའ་གནང་ལྟར་ཆོས་སྨྲ་བའི་གཟུགས་ཙམ་འཛིན་པ་དཔལ་དགེ་ཨ་བུར་འབོད་པས་ཐེག་ཆེན་དར་རྒྱས་གླིང་གི་ཆོས་གྲྭར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། ། དགེའོ། །དགེའོ། ། ༈ ཚ་བླའི་མགྲིན་པའི་དཀོར་མཛོད་གསར་དུ་རྡོལ། །འབྲོག་བླའི་མགྲིན་པའི་རྩ་འདབས་རྒ་བས་རྒོག །རྡོལ་ལས་མི་ལེན་རྒོག་ལས་ཚོལ་བ་འགལ། །རྒན་པོ་རྒས་ཆེས་འཆད་རྩོད་རྩོམ་གསུམ་བརྗེད། །ཧ་ཅང་བཙིར་ན་སྟུག་པ་འཆོར་ཉེ་ཡང་། །དབུ་བླའི་བཀའ་ལ་སྐྲག་ཆེས་ཅུང་ཟད་བྲི། ། ༈ སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟབ་དང་རྒྱ་ཆེ་ཐེག་པ་མཆོག་གཞུང་ལས། །ཟབ་མོ་ལྟ་བའི་དོན་མཆོག་སྟོན་པའི་བཀའ། །ཤེས་རབ་ཕར་ཕྱིན་རྡོ་རྗེ་གཅོད་པ་དང་། །རྒྱ་ཆེན་སྤྱོད་པའི་གནད་ཀུན་ཡོངས་བསྡུས་པ། །སེམས་དཔའི་བསྟན་བཅོས་རྒྱལ་སྲས་སྤྱོད་འཇུག་གཞུང་། །བཀའ་བསྟན་ཀུན་གྱི་གཙོར་གྱུར་རྣམ་གཉིས་ཀྱི། །དཔེ་བརྒྱའི་ཕྱི་མོར་གྱུར་པའི་སྤར་འདི་དག །དམ་པ་མཆོག་གྱུར་པྲཛྙཱའི་མཚན་ཅན་གྱིས། །ཐུགས་བསྐྱེད་རྣམ་དག་མཁའ་ལྟར་དྭངས་བས་བསྒྲུབས། །དགེ་དེས་རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །ཁྱད་པར་ཡུན་རིང་དྲིན་གྱིས་ལེགས་སྐྱོང་བའི། །ཕ་མ་དུད་འགྲོའི་སྐྱེ་གནས་ལས་ཐར་ཏེ། །ལྷ་མའི་རྟེན་ལས་རྣམ་གྲོལ་མཆོག་ཐོབ་ཤོག །དགེའོ །། །།