སྡོམ་པ་གསུམ་གྱི་གནད་བསྡུས་པ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-008
Wylie title sdom pa gsum gyi gnad bsdus pa PJCW-KABUM-04-NGA-008.pdf
Location dpal sprul bka' 'bum
Volume 4, Text 8, Pages 103-113 (Folios 1a1 to 6a2)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Sdom pa gsum gyi gnad bsdus pa. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 103-113. Kathmandu: Tsadra Foundation and Shechen Publications, 2026.
Genre Key Points - gnad yig  ·  Vows - sdom pa
[edit]
༄༅། །སྡོམ་པ་གསུམ་གྱི་གནད་བསྡུས་པ་ཞེས་བྱ་བ་བཞུགས་སོ། །


༄༅། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་སྤྱིར་རྒྱལ་བས་ཆོས་སྒོ་དང་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ། ཐེག་ཆེན་ལ་མདོ་སྔགས་གཉིས་སུ་དབྱེ་བས་ཉམས་ལེན་གྱི་གནད་ཐམས་ཅད་སྡོམ་པ་གསུམ་ལ་འདུ། སྡོམ་པ་གསུམ་པོ་བསྡུ་ན་འདི་ལྟ་སྟེ། སོ་ཐར་གྱི་ངོ་བོ་ངེས་འབྱུང་ཡིན། བྱང་སེམས་ངོ་བོ་གཞན་ཕན་ཡིན། གསང་སྔགས་ངོ་བོ་དག་སྣང་ཡིན། གསུམ་པོ་རང་སེམས་འདུལ་ལ་འདུ། འདི་ལ་བཞི། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་གསང་སྔགས། སྡོམ་གསུམ་འགལ་མེད་དུ་ཉམས་སུ་ལེན་ཚུལ་ལོ། །དང་པོ་ཕྱི་སོ་ཐར་གྱི་སྡོམ་པ་ནི། སོ་ཐར་གྱི་ངོ་བོ་ངེས་འབྱུང་ཡིན། ཞེས་བྱ་སྟེ། འདི་ལ་བསྡམ་བྱ། སྡོམ་བྱེད་གཉིས། དང་པོ་བསྡམ་བྱ་ནི། ད་ལྟ་རང་རེ་རྣམས་ཀྱི་རྒྱུད་ལ་ཚེ་ཕྱི་མ་ཕན་ཆད་ཀྱི་ཐར་པ་བྱང་ཆུབ་སྒྲུབས་པའི་ཆེད་མ་ཡིན་པར། འཇིག་རྟེན་ཚེ་འདི་ཙམ་ལ་ཞེན་ནས་བདེ་སྐྱིད་སྙན་གསུམ་མམ། ལྟོ་གོས་གཏམ་གསུམ་དོན་དུ་གཉེར་བའི་བློ་འདི་བསྡམ་བྱ་ཡིན། འདི་དག་གི་རྩ་བ་ཚེ་འདིར་ཞེན་པ་ཡིན། དེའི་རྩ་བ་བདག་འཛིན་ཡིན། འདི་དག་ལའང་། བདེ་འདོད་དང་སྐྱིད་འདོད་ལས། སྙན་འདོད་སྤངས་དཀའ། ལྟོ་གོས་ལས་གཏམ་སྤངས་དཀའ་བ་ཡིན། དེ་ཇི་ལྟར་ཡིན་ཞེ་ན། འཇིག་རྟེན་པ་རྣམས་གསོད་པར་ཤེས། གསོད་པ་པོས་མདུན་ན་སྒུག་བཞིན་དུ་གཡུལ་ངོར་ནན་གྱིས་འཇུག་པ་དེ་བདེ་སྐྱིད་སྤངས་ནས་སྙན་པ་བསྒྲུབ་པ་ཡིན། རང་ཤི་ཤུལ་གྱི་གཏམ་སྙན་པོ་དེའི་ཆེད་དུ་རང་གི་སྲོག་ཀྱང་ཡལ་བར་འདོར་བ་དེ་འཁྲུལ་ཚབས་ཆེ། ཡང་ཆོས་པ་རྣམས་ལྟོ་གོས་ལ་གྱོང་བསྐུར་ནས་དཀའ་སྤྱད་དང་སྙིང་རུས་ཀྱིས་ཆོས་བྱས་ཀྱང་། དེ་ཆོས་པ་བཟང་པོ་ཞིག་ཡིན་ཞེས་གཞན་གྱིས་གླེང་ན་དགའ་ཞིང་། དེའི་ཆེད་དུ་དགེ་སྦྱོར་གྱི་བྱས་ཡུས་འདྲེན་པ་དེ་ལྟོ་གོས་བློས་ཐོང་གཏམ་བློས་མ་ཐོང་བ་ཡིན། ལུས་ཀྱི་གསོས་སུ་མེད་ཐབས་མེད་ཅིང་ངེས་པར་ལྟོ་གོས་གཉིས་བློས་བཏང་ནས་གཏམ་སྟོང་པ་ཞིག་སྒྲུབ་པ་དེ་ཡང་འཁྲུལ་ཚབས་ཆེ། དེས་ན་རང་རེ་ཐམས་ཅད་ལ་ཆོས་འཇིག་རྟེན་གང་གི་ཐད་ནས་ཀྱང་མི་མདུན་ནས་ངོ་མི་ཚ་བ་ཞིག་བྱེད་དགོས་སྙམ་པ་དེ་གཏམ་དང་སྙན་པ་སྒྲུབ་པ་ཡིན་པས་དེ་སྤངས་བྱ་ཐམས་ཅད་ཀྱི་གཙོ་བོ་ཡིན། དེ་ལྟར་བདག་འཛིན་དང་ཚེ་འདིའི་ཞེན་པ་གཉིས་པོ་འདི་འཇིག་རྟེན་པའམ་འཁོར་བ་སྒྲུབ་པའི་ཀུན་སློང་ཐམས་ཅད་ཀྱི་རྩ་བ་ཡིན། ཀུན་སློང་དེ་ལ་གཞི་བྱས་ནས། ད་ག་རེ་ཆོས་དང་འཇིག་རྟེན་གང་སྒྲུབ་ཀྱང་རྒྱུ་རྫས་དང་ལོངས་སྤྱོད་ཞིག་མེད་པའི་ཐབས་མི་འདུག །ཆོས་བྱེད་ཀྱང་ལྟོ་གོས་གནས་མལ་དང་བཅས་པ་ཕུན་སུམ་ཚོགས་པ་ཞིག་མེད་ན་སྒྲུབ་པར་མི་ནུས་པར་འདུག །འཇིག་རྟེན་གྱི་བྱ་བ་བདེ་སྐྱིད་སྙན་གསུམ་ཐམས་ཅད་ཀྱི་རྩ་བ་ནི་ལོངས་སྤྱོད་ཁོ་ན་ཡིན་པར་འདུག །ལོངས་སྤྱོད་དེ་ཡང་མི་ཚེ་འཁྱོང་ངེས་ཤིག་མེད་ན་ཕྲན་ཚེག་ཙམ་རེས་ནམ་ཕུག་མི་འཁྱོང་བར་འདུག་སྙམ་པ་དེ་ཀུན་སློང་ངན་པ་གཉིས་པ་ཡིན། ང་ལོངས་སྤྱོད་དེ་འཚོལ་བའི་ཐབས་ཅི་ལྟར་བྱས་ན་དྲག་སྙམ་པའི་ཚེ། ཁ་ཅིག་གི་བསམ་པ་ལ་གཞན་རང་དང་མཉམ་པ་འདི་དང་འདི་ལྟ་བུ་ཞིག་གིས་ཀྱང་ཚོང་དང་སོ་ནམ་འབད་རྩོལ་གྱི་སྒོ་ནས་ལོངས་སྤྱོད་སྒྲུབ་པར་འདུག །ངས་ཀྱང་འདི་ལྟ་བུ་ཞིག་བྱས་ན། ལས་ཀ་དང་འབད་རྩོལ་གྱི་བརྩོན་འགྲུས་ནི་ནུས། མ་ནུས་ཀྱང་ཅི་ནུས་མི་བྱེད་པའི་ཐབས་མི་འདུག །ཚོང་དང་གཡོ་སྒྱུའི་སྐོར་འགོ་ནི་ཤེས། མ་ཤེས་ཀྱང་ཅི་ཤེས་མི་བྱེད་པའི་ཐབས་མི་འདུག །དཔེར་ན་ཐབས་འདི་དག་ལ་ངེས་པར་འབད་པར་བྱའོ་སྙམ་པའམ། ཡང་ཁ་ཅིག་གིས། གཞན་འདི་དང་འདི་ལྟ་བུ་དག །མིས་བཀུར་བ། རང་སྐྱིད་པ། དཀོར་དང་རྙེད་པ་ཆེ་བ་འདི་ལྟ་བུ་འདུག །ངས་ཀྱང་འདི་འདྲ་བ་ཞིག་བྱས་ན། ང་རང་ཚུལ་ནི་བཟང་། དགེ་སྦྱོར་དང་མཚམས་སྒྲུབ་ཕྲན་བུ་རེ་ནི་ནུས། བུད་མེད་ལ་འདོད་པ་ནི་ཆུང་། དཔེར་ན་བླ་མའམ་མིན་ཡང་དགེ་རྒན་བཟང་པོ་ཞིག་གི་གོ་ས་འོང་ངེས་སྙམ་པ་འདི་དག་ཀུན་སློང་ངན་པ་གསུམ་པ་ཡིན། དེ་གཉིས་ལས་སྔ་མས་ནི་ཆོས་ཀྱི་བྱ་བ་དགེ་སྦྱོར་དང་ཉམས་ལེན་ཐམས་ཅད་བློས་བཏང་། ལས་ཀ་དང་འབད་རྩོལ་གྱིས་དུས་འདའ། ཚོང་རྩིས་དང་གཡོ་སྒྱུའི་འཁོར་ལོ་བསྐོར། དོན་མེད་པ། བྱ་བ་མང་བ། འདུ་འཛི་དང་འབྲེལ་འདྲེས་མང་བ། རྒྱལ་ཁམས་ཀྱི་གཙོ་བོ་ཐམས་ཅད་ལ་ངོ་འཛིན་དང་མཐུན་འཇུག་དགོས་པ། ཇ་ཕོར་གང་ཡང་དལ་གྱིས་འཐུང་བའི་ལོངས་མེད་པ། ཉིན་དང་མཚན་དུ་དོན་མེད་པའི་རྣམ་གཡེང་དང་བསམ་མནོ་ལ་ཡེངས་ཏེ་རང་གིས་རང་སྟོར་བ། རང་སྐྱིད་དམ་མི་སྐྱིད། བྱ་བྱེད་འདི་དག་ལ་སྙིང་པོ་འདུག་གམ་མི་འདུག་སྙམ་པའི་བློ་ཙམ་ཡང་སྐྱེ་རྒྱུ་མེད། ཐ་ན་རང་གི་གོས་ལེགས་པར་བགོས་ནས་སྐ་རགས་དམ་པོར་བཅིང་བ་ལའང་བློ་མ་ཞུགས་པར་གང་བྱུང་རྟོགས་ལྡན་ལྟ་བུ་ཞིག་བྱས་ནས་གནག་ཕྱུགས་ཀྱི་སྐྱོང་བྲན། ཉོ་ཚོང་གི་འཕེལ་སྐྱེད། བཟའ་ཚང་གི་མགོ་འཛིན། ཉེ་འབྲེལ་གྱི་མཐུན་འཇུག །སྡེ་དཔོན་གྱི་ངོ་འཛིན་ཁོ་ནས་དུས་འདའ་ཞིང་། རང་གིས་རང་བརླག །རང་གིས་རང་ཕུང་། རང་ལ་བདེ་དུས་དང་དལ་ཁོམས་སྔ་དྲོ་གཅིག་ཙམ་ཡང་མེད་པ་ཞིག་རང་གིས་ཁུར་དུ་བླང་བ་དེ་དག་ལོངས་སྤྱོད་ཅུང་ཟད་རེ་འབྱོར་བའམ་མ་འབྱོར་བ་གང་ལྟར་གྱུར་ཡང་དེའི་ཚེ་འདི་སྙམ་དུ་ད་ང་ལ་ཅི་ལྟར་བྱས་ཀྱང་གཞན་གྱི་དད་འདུན་དང་བཀུར་བཟོས་ནི་མེད། དཀོར་དང་དད་ཟས་ནི་མ་ཟོས། ངས་ཅི་ལྟར་བྱས་ཀྱང་མི་ཁ་ཆུང་སྙམ་ནས། ཁྱིམ་པའི་བྱ་བ་ཐམས་ཅད་དང་དུ་བླང་མི་དགེ་བ་སྣ་གཅིག་ལའང་མི་འཛེམས་པར་ཁྱིམ་པ་གཞན་ལས་ཀྱང་ལོད་པ་ཁྲེལ་མེད་ལིང་ལ་ཤོར་བ་ཆོས་ཀྱི་སྐལ་བ་ཆད་པ། ངན་སོང་གི་གཏིང་རྡོ་བྱེད་པ་འདི་ཕྱི་གཉིས་ཀར་སྡུག་པ། སྡུག་དང་སྐྱིད་དུ་ནོར་བ་དེ་འབྱུང་། ཕྱི་མ་དེས་ལྟར་སྣང་ཆོས་པ་ལྟར་བཅོས་རང་གིས་རང་བཙོན་དུ་བཟུང་། སེམས་ཡན་པར་བཏང་ནས་སྤྱོད་ལམ་གྱིས་ཚུལ་འཆོས་བྱེད། འཁྲུལ་བ་རང་རྒྱུད་དུ་བཞག་ནས་ལུས་ངག་གི་དགེ་སྦྱོར་ལ་བརྩོན། ཡེ་ཤེས་ཀྱི་ལྷ་སྤངས་ནས་ནོར་ལྷ་དང་གཞི་བདག་སྒྲུབ། བྱམས་པ་དང་སྙིང་རྗེ་སྤངས་ནས་རང་འདོད་གཙོ་བོར་འཛིན། འཁྲུལ་རྟོག་ཕྱོགས་མེད་དུ་བཏང་ནས་སྒོ་དྲུང་དུ་མཚམས་ཐོ་བརྩེགས། རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་སྣ་གཅིག་མེད་པར་ལོ་མཚམས་དང་། ཟླ་མཚམས་ཀྱི་ཁ་གྲངས་འདྲེན། ཟས་ཁམ་གཅིག་ཙམ་ལའང་གཏོང་སེམས་མེད་པར་ཤ་ཁྱེར་ཁྲག་ཁྱེར་གྱི་ལུས་སྦྱིན་གཏོང་། ཏིང་ཤག་སིལ་སིལ་དང་རྔ་ཆུང་ཏིང་ཏིང་ལ་སྐྱབས་བཅོལ། ཟ་ཆོག་རྙེད་རྩོལ་སྒྲུབ་པའི་དཔེ་ཆ་དང་མཆོད་ཆས་སྒྲུབ་བཞིན་འཚམས་བྱེད་པ་སྐད་ཟེར། མིའི་མཐོང་སར་བླ་མའམ་དགེ་སློང་མ་རེད་ཀྱིས་དོགས་ནས་ཚུལ་འཆོས་བྱེད། རང་ཁྱིམ་ལྐོག་ཏུ་རྣམ་གཡེང་དང་ལས་ཀས་དུས་འདའ། ལྷ་བསྙེན་ལམ་དུ་འདྲེན། འཕྲེང་བ་ཚོགས་སུ་བགྲང་། དགེ་སྦྱོར་ཐམས་ཅད་ངོམ་ཆོས་ཁོ་ན་བྱེད། དེ་འདྲ་དེ་ལོ་ཤས་སོང་ནས་བླ་མ་དགེ་རྒན་གྱི་གྲལ་དུ་ཚུད། དད་ཟས་གཤིན་དཀོར་ཆར་པ་ལྟར་འབབ། ཞིམ་ཟས་དང་མངར་ཆུ། བཀུར་སྟི་དང་ཞེ་ས། ཡོན་བདག་གི་དད་འདུན། གྲྭ་ཚང་གི་བཀུར་བཟོས་སོགས་བྱུང་བ་དེའི་ཚེ་རང་རྒྱུད་ལ་མི་བརྟགས་པར་དོན་མེད་པའི་ང་རྒྱལ་ཞིག་ལང་། རྫོགས་པའི་སངས་རྒྱས་བྱོན་ཡང་དད་པ་དང་གུས་པ་མེད། མཆེད་གྲོགས་ལ་སྐྱོན་རྟོག་བྱེད། ཡོན་བདག་ལ་མགུ་འཁང་མང་། རང་ཟས་ཀྱིས་མི་ཚིམ། རང་ཁྱིམ་དུ་མི་ཟུང་། མི་དགོས་དགུ་དགོས་པ། འདོད་པ་དང་ཁོང་ཁྲོ་རྭ་ལྟར་གཟེངས། ཆགས་སྡང་མེ་ལྟར་འབར། ངོ་བསྲུང་དང་མཐུན་འཇུག་མང་། ཁྱིམ་པ་དང་ཡོན་བདག་གི་སེམས་བསྲུང་། གྲྭ་བ་གྲོགས་མཆེད་ཀྱི་སྙིང་བསྲེག །རྒྱུ་འབྲས་ཡལ་བར་བོར། ད་ངས་ཇི་ལྟར་བྱས་ཀྱང་ཆོག་སྙམ་ནས་གཉིད་དང་བག་མེད། ཐོ་ཅོ་དང་རྩིང་སྤྱོད། ཟོག་དང་ཚུལ་འཆོས་ཀྱིས་དུས་འདའ་བ། རྒྱལ་འགོང་དང་འབྱུང་པོས་བདག་ཏུ་བཟུང་བ། རང་གི་ལྷར་མཐོང་བ། དོན་དུ་འདྲེར་གྱུར་པ། བསྟན་པའི་ལམ་དང་འགལ་བ། ཆོས་དང་རང་རྒྱུད་འཛོལ་བ། ཤི་མ་ཐག་དུ་ཉི་ཚེ་བའི་དམྱལ་བར་སྐྱེ་བ་དེ་འབྱུང་། ལམ་ངན་པ་དེ་གཉིས་ཀའི་རྩ་བ་ཚེ་འདི་དོན་དུ་གཉེར་བའི་བློ་ཡིན་པས། དེ་ཁོ་ན་བསྡམ་བྱ་ཡིན། འཇིག་རྟེན་ཚེ་འདིར་སྒྲུབ་པ་ཐམས་ཅད་ལམ་ངན་པ་དེ་གཉིས་ལ་འདུས་པས་དེ་གཉིས་སྤང་བྱ་ཡིན། གཉིས་པ་སྡོམ་བྱེད་ནི། མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རག་དམྱལ་བ་ཡན་ཆད། ཁམས་གསུམ་པོ་འདི་གང་དུ་སྐྱེས་ཀྱང་། སྡུག་བསྔལ་གྱི་རང་བཞིན་སྡུག་བསྔལ་གྱི་ཡོ་ལང་སྡུག་བསྔལ་གྱི་འཁྲུལ་འཁོར། མེའི་འོབས་ལྟ་བུ། སྲིན་མོའི་གླིང་ལྟ་བུ། སྤུ་གྲིའི་སོ་ལྟ་བུ། མི་གཙང་བའི་ཁང་པ་ལྟ་བུ་བདེ་བའི་གོ་སྐབས་སྤུ་རྩེ་ཙམ་ཡང་མེད་པ། འབད་པ་ཐམས་ཅད་དོན་མེད། བྱས་པ་ཐམས་ཅད་སྡུག་བསྔལ། གང་ལའང་སྙིང་པོ་ཏིལ་འབྲུ་ཙམ་ཡང་མི་འདུག་པས་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ཀྱི་ཅི་བྱ། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། དམ་པའི་ཆོས་སྒྲུབ་ཏུ་ཡོད་པའི་སྐབས་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ནས་ཐར་ཐབས་ཤིག་ཅི་ནས་ཀྱང་བྱེད་དགོས་སྙམ་པའི་བློ་གཏིང་ནས་སྐྱེས་པ་ཞིག་ཡོད་ན་འདི་ཁོ་ན་སོ་ཐར་གྱི་སྡོམ་པ་ཡིན། འདུལ་བ་ལུང་སྡེ་བཞི། ཁྲིམས་ཉིས་བརྒྱ་ལྔ་བཅུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་གཞུང་ལུགས་དང་སྡེ་སྣོད་ཐམས་ཅད་ཀྱི་དོན་འདི་གཅིག་པུ་ལ་འདུས། འདི་ལམ་ཐམས་ཅད་ཀྱི་རྨང་རྡོ། ཆོས་ཐམས་ཅད་ཀྱི་རྩ་བ། ཐེག་པ་ཐམས་ཅད་ཀྱི་གཞི་མ་ཡིན་པས་ཚེ་འདི་བློས་གཏོང་ནུས་པའི་ངེས་འབྱུང་གཤའ་མ་ཞིག་རྒྱུད་ལ་སྐྱེས་པའི་ཚེ་ཐར་པའི་ལམ་གྱི་སྣེ་མོ་ཟིན་པ་ཡིན་པས་འདི་རྒྱུད་ལ་ཅི་སྐྱེ་བྱ་ཞིང་། མ་སྐྱེས་ན་སྤྱིར་འཁོར་བའི་སྡུག་བསྔལ་དང་བྱེ་བྲག་རང་གཞན་གྱི་བྱ་སྤྱོད་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་ལ་ཡང་དང་ཡང་དུ་བརྟགས་ནས་བརྩོན་འགྲུས་དྲག་པོས་རང་རྒྱུད་ལ་བསྐྱེད་དགོས་པ་ཡིན་ནོ། །ཐོག་མར་དགེ་བ་སོ་ཐར་གྱི་སྡོམ་པའི་སྐབས་སོ། །གཉིས་པ་ནང་བྱང་ཆུབ་སེམས་ཀྱི་བསླབ་བྱ་ནི། བྱང་སེམས་ཀྱི་ངོ་བོ་གཞན་ཕན་ཡིན། ཞེས་བྱ་སྟེ། འདི་ལའང་བསྡམ་བྱ་དང་སྡོམ་བྱེད་གཉིས། དང་བོ་བསྡམ་བྱ་ནི། རང་དོན་ཡིད་བྱེད་ཀྱི་བློ་ཡིན། དེ་ཡང་རང་བདེ་འདོད་སྐྱིད་འདོད་སྙན་འདོད་སོགས་ཚེ་འདིའི་ཞེན་པ་སྔར་དང་འདྲ། ངེས་ལེགས་ཐར་པའི་འབྲས་བུའང་རང་གཅིག་པུའི་ཆེད་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙམ་པ་ཞིག་མེད་ན་ཐེག་དམན་དུ་གོལ་བས་གོང་མ་དང་མི་འདྲ་བའི་ཁྱད་པར་དེ་ཡིན། དེ་ལ་རང་འདོད་རྩ་བ་ནས་ཟད་པ་ཞིག་དགོས་ཀྱང་། དེ་ས་དང་པོ་ནས་བདག་གཞན་མཉམ་པ་ཉིད་དུ་མ་རྟོགས་པར་མི་འོང་བས་ད་ལྟ་བློ་རིམ་གྱིས་སྦྱང་དགོས།། །།