རྩ་བའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཡོན་ཏན་གྱི་ཕུང་པོར་སྙན་ངག་བྱ་དཀའ་བའི་རྒྱན་ལས་བརྩམས་ཏེ་ཅུང་ཟད་བསྔགས་པ།

From Khyentse Lineage - A Tsadra Foundation Project
Revision as of 09:23, 4 June 2024 by Mort (talk | contribs)
Wylie title rtsa ba'i bla ma 'jigs med rgyal ba'i myu gu'i yon tan gyi phung por snyan ngag bya dka' ba'i rgyan las brtsams te cung zad bsngags pa
Location dpal sprul bka' 'bum
Volume 1, Text 28, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Associated People འཇིགས་མེད་རྒྱལ་བའི་མྱུ་གུ་ ('jigs med rgyal ba'i myu gu)
Citation
Genre Diagrams - re'u mig  ·  Poetry - snyan ngag
[edit]
༄༅། །རྩ་བའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཡོན་ཏན་གྱི་ཕུང་པོར་སྙན་ངག་བྱ་དཀའ་བའི་རྒྱན་ལས་བརྩམས་ཏེ་ཅུང་ཟད་བསྔགས་པ།


༄༅༎ བིཔཱུཏོ྅ཀྵརངྷཏུནིརྦཱཎཿ

༄། བི པཱུ ཏོ ྅ ཀྵ ར ངྷ ཏུ ནི རྦཱ ཎཿ

༄༅། །རྣམ་དག་འགྱུར་བ་མེད་པའི་དབྱིངས་ཞི་བ། །


པྲཔཉྩསྱནཧིནིམིནྟྲིབཻ།

པྲ པ ཉྩ སྱ ན ཧི ནི མི ནྟྲི བཻ །

སྤྲོས་པའི་མཚན་མ་ངེས་པར་ཡོད་མིན་པ། །


ཛྙཱནོཡཱཾདྷྲུབམཊིཏཾཀནྟཾ།

ཛྙཱ ནོ ཡཱཾ དྷྲུ བ མ ཊི ཏཾ ཀ ནྟཾ །

ཡེ་ཤེས་གང་ལ་རྟག་ཏུ་རོལ་དགྱེས་པ། །


ཛཡནྟུགུརུབཥམོལོཀེ ༎

ཛ ཡ ནྟུ གུ རུ བ ཥ མོ ལོ ཀེ ། །

བླ་མ་མཉམ་མེད་སྲིད་ན་རྒྱལ་གྱུར་ཅིག །

མཆོག་གི་ཡེ་ཤེས་རྣམ་པར་དག་པའི་སྤྱན། །སྲིད་དང་ཞི་བ་མཉམ་པ་ཉིད་གཟིགས་པ། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་བ་སྟེ། །འདི་ནི་སྤྲོས་དང་བྲལ་བས་རྣམ་པར་ཞི།༡།གང་ལ་ཉེར་ལེན་སྲིད་པའི་རྒྱུན་ཟད་ཀྱང་། །ཡེ་ཤེས་ཐུགས་རྗེའི་སྣང་བ་འབྱམས་ཀླས་པ། །འགོགས་མེད་ཆུ་ཟླའི་གར་བཞིན་བགྲང་ཡས་པར། །འཆར་མོད་དག་ཆེན་དབྱིངས་སུ་རྒྱལ་ཀུན་གཅིག༢།ལམ་མཆོག་ཡོངས་རྫོགས་ཐེག་ཆེན་སྣང་བ་ཡིས། །སྙིགས་འགྲོའི་དམིགས་བུ་བགྱིད་ལ་དགྱེས་པའི་ཞལ། །སྐལ་དམན་བློ་ངོར་སྣང་རུང་གང་ཟག་མིའི། །ཚུལ་བཟུང་དགེ་བའི་བཤེས་ལས་གཞན་སུ་ཞིག༣།འདི་ན་གཞི་དབྱིངས་སྣང་བ་རྨད་པོ་ཆེ། །སྲིད་པའི་མངལ་རྒྱས་འཐུམ་པའི་སྣང་ཞེན་སྒྲིབ། །ཐུགས་བསྐྱེད་ཐུར་མས་བསལ་ལ་མི་སྐྱོ་བའི། །བཀའ་དྲིན་སྲིད་པའི་མཐར་ཡང་ཇི་ལྟར་གཞལ།༤།ཐོག་མར་ལོག་སྲེད་འཁོར་བའི་འཆིང་བ་བཅད། །བར་དུ་ཞི་དགའ་ཐེག་དམན་གཡང་ལས་བསྐྱབ། །མཐར་ཐུགས་ཐེག་མཆོག་ལམ་བཅུད་ཆར་དུ་བསྙིལ། །ཐུགས་རྗེ་རྒྱལ་བ་ལས་ཀྱང་ལྷག་པར་ངེས།༥།ལམ་མཆོག་བྱང་ཆུབ་སེམས་དང་བྲལ་བའི་ལམ། །ལམ་དེ་རྒྱལ་བ་དགྱེས་པའི་ལམ་མིན་ཞེས། །སྙིགས་དུས་འདི་ན་རྒྱལ་དང་རྒྱལ་སྲས་ཀྱི། །ལམ་མཆོག་འདི་འདོམས་རྒྱལ་བ་དངོས་མིན་ནམ།༦།ངེས་འབྱུང་བྱང་ཆུབ་སེམས་མཆོག་ཆོས་ཀྱི་བཅུད། །བྲལ་བའི་གདམས་ཕྲན་སྤྲེའུའི་ཟློས་གར་གྱིས། །བློ་ཆུང་འདི་སྣང་གཉེར་བའི་མིག་འབྲིད་པའི། །དམ་པར་རློམ་སྟེ་བླུན་པོའི་རྩེད་གྲོགས་ཙམ།༧།དེ་སླད་རིགས་ཅན་གསུམ་གྱི་གདུལ་བྱའི་རྒྱུད། །ངེས་འབྱུང་ཐབས་ཀྱིས་བཏུལ་བའི་ཞིང་ས་ལ། །སྨོན་འཇུག་སེམས་ཀྱི་ས་བོན་ལེགས་འདེབས་ཉིད། །སངས་རྒྱས་དངོས་བྱོན་ཁོ་བོའི་བླ་མ་ཙམ།༨།བསྔགས་འོས་ཡོན་ཏན་བྱེ་བའི་མཛོད་རྒྱས་པའི། །ལེགས་ལམ་ནོར་བུའི་གླིང་མཆོག་འདི་མཐོང་ནས། །སྙན་ཚིག་གླུ་ཡིས་ཁེངས་པའི་མགྲིན་ལྡན་པ། །སུ་ཞིག་དོན་མཐུན་བསྟོད་པའི་ངག་མི་སྤྲོ།༩།གྲངས་མེད་ཞིང་བཞུགས་རྒྱལ་དང་སེམས་དཔའི་ཚོགས། །རྣམ་དག་ལམ་མཆོག་སྤྱོད་ལ་དགྱེས་ལྡན་པས། །བདེན་ངག་བདུད་རྩིའི་བསྟོད་བཀུར་ལྷུར་ལེན་ན། །དོན་རྫོགས་སོ་སྐྱེའི་ཚིག་ལ་ཇི་ཞིག་གནས།༡༠།འོན་ཀྱང་སྙན་ཚིག་རིག་པའི་ཆུ་གཏེར་ལས། །རང་བློའི་སྐྲ་རྩེས་བླང་བའི་ཐིག་པ་འདི། །ཆུད་དུ་མི་གསན་སྙིང་པོར་བགྱིད་པའི་བློས། །བྱ་དཀའི་ལམ་དུ་དགོད་ལ་དེང་གཟིགས་ཤིག༡༡།