JKCL-KABUM-04-NGA-048

From Khyentse Lineage - A Tsadra Foundation Project
Revision as of 15:11, 7 December 2021 by Mort (talk | contribs)

བླ་མའི་རྣལ་འབྱོར་སེམས་ཉིད་ངལ་གསོ།
Wylie title bla ma'i rnal 'byor sems nyid ngal gso JKCL-KABUM-04-NGA-048.pdf
Location chos kyi blo gros bka' 'bum
Volume 4, Text 48, Pages 333-339 (Folios 1a1 to 4a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor sems nyid ngal gso. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 333-339. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon
  • First colophon page 338: །ཅེས་བླ་མའི་རྣལ་འབྱོར་མཚན་ཁ་བསྒྱུར་བྱས་ན། བླ་མ་གང་ལའང་སྦྱར་ཆོག་པ་བྱས་ཏེ་མང་ཐོས་བློ་གྲོས་གསལ་བ་རང་སློབ་ཀུན་དགའ་དབང་ཕྱུག་ནས་རྟེན་བཅས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུང་བྱིན་རླབས་ཅན་འགའ་རེ་བསྣན་ཏེ་བྲིས་པ་འདིས་ཀྱང་རང་རིག་བླ་མ་སྐུ་བཞིའི་ངོ་བོ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།དགེའོ།
  • Second colophon page 339: །ཞེས་པའང་མཁར་མདོ་ཡ་ཐང་གཟའ་མི་རྣམས་དང་པད་སྟོབས་ཀྱིས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།
  • First colophon page 338: /ces bla ma'i rnal 'byor mtshan kha bsgyur byas na/__bla ma gang la'ang sbyar chog pa byas te mang thos blo gros gsal ba rang slob kun dga' dbang phyug nas rten bcas bskul ngor/__'jam dbyangs chos kyi blo gros pas bla ma gong ma'i gsung byin rlabs can 'ga' re bsnan te bris pa 'dis kyang rang rig bla ma sku bzhi'i ngo bo mngon du byed pa'i rgyur gyur cig__/sarba dA mang+ga laM//____//dge'o/
  • Second colophon page 339: /zhes pa'ang mkhar mdo ya thang gza' mi rnams dang pad stobs kyis gsung bskul ngor chos kyi blo gros pas so//

1 Texts in this Section (sde tshan or chos tshan)

333-339
བླ་མའི་རྣལ་འབྱོར་སེམས་ཉིད་ངལ་གསོ།
bla ma'i rnal 'byor sems nyid ngal gso
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
བླ་མའི་རྣལ་འབྱོར་སེམས་ཉིད་ངལ་གསོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བླ་མ་མཆོག་ལས་གཞན་མེད་པའི། །སྐྱབས་ཀྱི་མཆོག་ཏུ་བསྙེན་བྱས་ནས། །མཆོག་སྒྲུབ་བླ་མའི་རྣལ་འབྱོར་ནི། །སེམས་ཉིད་ངལ་བསོ་ཉུང་ངུར་སྤེལ། དེ་ལ་དབང་ཐོབ་ཅིང་རྒྱུད་གྲོལ་བར་སྟོན་པའི་སློབ་དཔོན་ནི། དཀྱིལ་འཁོར་ཀུན་བདག་ཏུ་ཤེས་པས་དད་པ་དང་། མོས་གུས་འཕྲོག་ཏུ་མེད་ཅིང་དམ་ཚིག་རྣམ་པར་དག་པ་དང་ལྡན་པས། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས། ངེས་འབྱུང་གིས་བློ་བཅོས། བྱང་ཆུབ་ཀྱི་སེམས་ལ་དྲན་པ་ཉེ་བར་བཞག་སྟེ། ཐོག་མར་སྐྱབས་སེམས་ནི། སངས་རྒྱས་ཆོས་ཚོགས་ལན་གསུམ། །རང་སྣང་རྣམ་དག་ཆོས་དབྱིངས་ཡངས་པའི་མཁར། །སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་ཆོས་ཀྱི་བློ་གྲོས་ཆེ། །རྡོ་རྗེ་འཆང་ཆེན་གནམ་སྔོན་དྭངས་པའི་མདོག །ཞལ་གཅིག་ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་བསྣོལ། །ལོངས་སྐུའི་རྒྱན་སྤྲས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕུང་ཁམས་སྐྱེ་མཆེད་དབང་ཡུལ་རྟོག་ཚོགས་རྣམས། །གདན་གསུམ་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་སྐྱབས་གནས་རྒྱ་མཚོའི་ཚོགས། །སྤྱན་དྲངས་དམ་ཡེ་དབྱེར་མེད་ཆེན་པོར་གསལ། །ཤེས་ཤིང་སྤྲོ་ན། གང་དྲིན་མ། སྐུ་ཡི་སྤྱོད་པ་རྣམ་དག་སོགས་ཀྱིས་བསྟོད། ཡན་ལག་བདུན་པ་ནི། སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །རང་ལུས་གྲངས་མེད་སྤྲུལ་ནས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །བཅས་དང་རང་བཞིན་སྡིག་སྒྲིབ་ཉེས་ལྟུང་བཤགས། །འཁོར་འདས་དུས་གསུམ་དགེ་ལ་རྗེས་ཡི་རང་། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །ཟག་བཅས་ཟག་མེད་དགེ་ཚོགས་འགྲོ་ལ་བསྔོ། །ཁམས་གསུམ་འགྲོ་རྣམས་སྐུ་བཞིར་གྲོལ་བར་ཤོག །གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ལྟ་བ་རྟོགས། །ཡེངས་མེད་འཛིན་མེད་སྒོམ་པ་ལམ་དུ་ཁྱེར། །སྡོམ་པ་གསུམ་གྱི་ལྟ་སྤྱོད་རྣམ་པར་དག །དབང་བཞིའི་འབྲས་བུ་ཚེ་འདིར་འགྲུབ་པར་ཤོག །ཅེས་ཕྱག་དང་བཅས་ཏེ་ལན་ཅི་རིགས་བྱ། མཎྜལ་ཅི་ནུས་དབུལ། བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་། །དགྲ་གཉེན་བར་མའི་སྣང་བ་ཅི་མཆིས་པ། །རྗེ་བཙུན་བླ་མའི་ཚོགས་ལ་དབུལ་བར་བགྱི། །ཆགས་སྡང་རྨོངས་གསུམ་ཞི་བར་བྱིན་གྱིས་རློབས། །རང་གི་ཐུགས་ནས་མཆོད་པའི་ལྷ་མོ་སྤྲོས། །ཕྱི་མཆོད་ཉེར་སྤྱོད་ནང་མཆོད་བདུད་རྩིའི་སྤྲིན། །གསང་མཆོད་སྙོམས་འཇུག་བདེ་སྟོང་དེ་ཁོ་ན། །འཁོར་གསུམ་སྤྲོས་དང་བྲལ་བའི་ངང་ནས་མཆོད། །རང་ལུས་ཐ་མལ་གསལ་བའི་ལག་གཡས་སུ། །ཡེ་ཤེས་རལ་གྲིས་རང་ལུས་ཐོད་པ་བྲེགས། །མདུན་དུ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་། །བཀན་ཏེ་བཞག་ནས་ཕུང་པོ་དུམ་བུར་བསིལ། །ཐོད་པའི་ནང་བཅུག་མེ་རླུང་སྦྱོར་བ་ཡིས། །ཞུ་བསྐོལ་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། བདུད་རྩིའི་ཕུད་ཀྱིས་སྐྱབས་ཀུན་འདུས་ཞལ་མཆོད། །ལྷག་མ་གནོད་བྱེད་ལན་ཆགས་མགྲོན་ལ་སྦྱིན། ཨོཾ་ཨཱཿཧཱུྃ། གསོལ་བ་འདེབས་པ་ནི། བླ་མའི་གསོལ་འདེབས་རྒྱས་བསྡུས་གང་ཤེས་བཏོན་ལ། མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ཨཱཿགུ་རུ་བཛྲ་དྷཱ་ར་ཧཱུྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། ཐུན་མཐར་དབང་བླང་བ་ནི། མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། །ཐེག་གསུམ་དམ་ཆོས་ཀྱི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་མངའ་བདག །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །སྐྱབས་གནས་གཅིག་ཆོག་གི་རྒྱལ་པོ། །རེ་ས་གཞན་ན་ནི་མེད་དོ། །བློ་གཏད་ལིང་བསྐྱུར་གྱི་འདུན་པས། །གསོལ་བ་རྩེ་གཅིག་ཏུ་འདེབས་ན། །བྱིན་རླབས་དབང་བསྐུར་ནི་སྩོལ་ཅིག །མགོན་པོ་ཁྱེད་ཀྱིས་ཡེ་ཤེས་སྤྱན་གྱིས་གཟིགས། །ཐུགས་རྗེའི་ཕྱག་གིས་ཉེ་བར་འཛིན་པ་དང་། །རྐྱེན་ངན་བར་ཆད་འཇིགས་ལས་སྒྲོལ་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མ་དག་སྣང་བ་འཁོར་བར་ངེས་འབྱུང་གིས། །དལ་བའི་རྟེན་ལ་སྙིང་པོ་ལོན་པ་དང་། །དགེ་སྡིག་ལས་འབྲས་བླང་དོར་རབ་བརྩོན་ཞིང་། །ཚེ་འདིར་ཞེན་པ་ལོག་པར་བྱིན་གྱིས་རློབས། །ལམ་གྱི་ཐུན་མོང་བྱམས་དང་སྙིང་རྗེ་དང་། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་འབྱོངས་ཤིང་། །ཐུན་མོང་མིན་པའི་སྔགས་ཀྱི་ཉམས་སྣང་ལ། །ངེས་ཤེས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །འབྲས་བུས་དེ་བཞིན་གཤེགས་པའི་རྒྱན་འཁོར་ལྔ། །འཛད་མེད་ཡོན་ཏན་ཕྲིན་ལས་གཏེར་ཆེན་པོ། །མྱུར་དུ་ཐོབ་པར་འདོད་པའི་སྤྲོ་བ་བསྐྱེད། །དག་པའི་སྣང་བ་འབྱོངས་པར་བྱིན་གྱིས་རློབས། །མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་ལས། །སྨིན་བྱེད་དབང་བཞིའི་ཆུ་བོས་རྒྱུད་སྨིན་ཏེ། །དམ་ཚིག་སྡོམ་པ་རྣམ་པར་དག་པ་དང་། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །བསྐྱེད་པའི་རིམ་པས་ལུས་རྩ་ལྷ་སྐུ་དག །རླུང་དང་གཏུམ་མོས་འབར་འཛག་དབུ་མར་ཐིམ། །ཐུན་མོང་ཁྱད་པར་ཕྱག་རྒྱའི་རྣལ་འབྱོར་ལས། །དཔེ་དོན་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །རྟེན་དང་བརྟེན་པ་འབྲས་བུར་གནས་གྱུར་ནས། །ཆེ་བ་གསུམ་ལྡན་གོ་འཕང་ཐོབ་པ་དང་། །རང་གཞན་དོན་གཉིས་འབད་མེད་ལྷུན་གྱིས་གྲུབ། །མཛད་པ་ཕྲིན་ལས་མཁའ་ཁྱབ་འབྱུང་བར་ཤོག །ཕྱི་ཡི་རྟེན་འབྲེལ་ནང་གི་ལུས་ལ་ཚང་། །ནང་གི་རྟེན་འབྲེལ་གསང་བའི་སེམས་ལ་རྫོགས། །གསང་བའི་རྟེན་འབྲེལ་ཆོས་ཉིད་གཉུག་མའི་གཤིས། །དེ་ཁོ་ན་ཉིད་རྟེན་འབྲེལ་མངོན་གྱུར་ཤོག །དེ་ཉིད་མཐར་ཐུག་རྟེན་འབྲེལ་མི་སློབ་ལམ། །འགྲོས་བཞིར་ཐིམ་པས་ཤིན་ཏུ་རྣམ་པར་དག །བླ་མ་ངོ་བོ་ཉིད་སྐུའི་རང་བཞིན་ནི། །བཅུ་གསུམ་རྡོ་རྗེ་འཛིན་རྒྱལ་ཐོབ་པར་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སྒྲུབ་ལ་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་རྒྱལ་བས་བསྔགས་པ་ཀུན་ཚངས་ནས། །ལུང་རྟོགས་ཡོན་ཏན་དབང་འབྱོར་བྱིན་གྱིས་རློབས། །ཞེས་བླ་མ་རྒྱང་འབོད་དང་འབྲེལ་བའི་གསོལ་འདེབས་མཐར། །དབང་བླང་བ་ནི། །བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །ཨོཾ་གྱི་གཟུགས་བྱུང་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག །སྐུ་ཡི་བྱིན་རླབས་སྤྲུལ་སྐུའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ། །ཨཱཿཡི་གཟུགས་བྱུང་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གི་བྱིན་རླབས་ལོངས་སྐུའི་ས་བོན་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །ཧཱུྃ་གི་གཟུགས་བྱུང་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་སེམས་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་རླབས་ཆོས་སྐུའི་ས་བོན་བཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། །འབྲུ་གསུམ་གཟུགས་བྱུང་རང་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒྲིབ་པའི་བག་ཆགས་དག །ཀུན་གྱི་བྱིན་རླབས་ངོ་བོ་ཉིད་སྐུར་གྱུར། །ཅེས་བརྗོད་ལ་དབང་གི་ཡེ་ཤེས་བསྐྱངས་ཏེ་ཅི་ནུས་སུ་མཉམ་པར་བཞག །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །གཟུང་དང་འཛིན་པའི་རྟོག་པ་ཀུན་བྲལ་བའི། །ཆོས་དབྱིངས་འོད་གསལ་གཉུག་མའི་རང་ཞལ་བལྟ། །ཞེས་བརྗོད་དེ། བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་བསྲེ་བའི་ངང་ལ་སྒོམ་འདོད་ཀྱི་བློའི་རྟོག་པས་བསླད་མ་ཞུགས་པར་རང་བབས་སུ་འཇོག །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་གཞན་སེམས་ཅན་ཀུན། །ཟབ་མོ་བླ་མའི་ལམ་གྱིས་གྲོལ་གྱུར་ནས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །དཔལ་ལྡན་བླ་མས་རྗེས་སུ་འཛིན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་སོགས་དང་། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་བླ་མ་མཉེས་བྱས་ནས། །ཅི་མཛད་རྒྱལ་བའི་མཛད་པར་ལེགས་རྟོགས་ཏེ། །རྨད་བྱུང་ཕྲིན་ལས་སྒྲུབ་ལ་བརྩོན་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། སྣང་གྲགས་རིག་གསུམ་བླ་མའི་གསང་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར་རྟག་ཏུ་བརྩོན་པར་བྱའོ། །ཤིན་ཏུ་ཟབ་པའི་ཉེ་ལམ་ནི། །ཟབ་མོ་བླ་མའི་རྣལ་འབྱོར་ཞེས། །སངས་རྒྱས་ཀུན་གྱིས་རབ་བསྔགས་པ། །སྒྲུབ་པས་རྣམ་གྲོལ་མཆོག་ཐོབ་ཤོག །ཅེས་བླ་མའི་རྣལ་འབྱོར་མཚན་ཁ་བསྒྱུར་བྱས་ན། བླ་མ་གང་ལའང་སྦྱར་ཆོག་པ་བྱས་ཏེ་མང་ཐོས་བློ་གྲོས་གསལ་བ་རང་སློབ་ཀུན་དགའ་དབང་ཕྱུག་ནས་རྟེན་བཅས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུང་བྱིན་རླབས་ཅན་འགའ་རེ་བསྣན་ཏེ་བྲིས་པ་འདིས་ཀྱང་རང་རིག་བླ་མ་སྐུ་བཞིའི་ངོ་བོ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།དགེའོ། །མདུན་གྱི་ནམ་མཁར་པད་དཀར་ཟླ་བའི་སྟེང་། །རྩ་བའི་བླ་མ་ཀུན་གཟིགས་འཇམ་པའི་དབྱངས། །ཆོས་ཀྱི་བློ་གྲོས་དཀར་དམར་མདངས་ལྡན་པ། །ཕྱག་གཉིས་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོ་ལ། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་སྒྲིབ་ཉེས་ལྟུང་གནོད་འགྱོད་དྲག་པོས་བཤགས། །དད་མོས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་གཟིགས། །འཆི་ཁ་གནད་གཅོད་སྡུག་བསྔལ་མི་འབྱུང་དང་། །མགོན་པོས་རྗེས་བཟུང་ཐར་པའི་ལམ་སྣ་དྲོངས། །དག་པའི་ཞིང་མཆོག་སྐྱེ་བར་བྱིན་གྱིས་རློབས། །མཐར་ནི་བླ་མ་རང་དང་དབྱེར་མེད་འདྲེས། །སྣང་གྲག་ཐམས་ཅད་བླ་མའི་རོལ་པར་ཤར། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། སོགས་ཀྱི་བསྔོ་སྨོན་བྱའོ། །ཞེས་པའང་མཁར་མདོ་ཡ་ཐང་གཟའ་མི་རྣམས་དང་པད་སྟོབས་ཀྱིས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

bla ma'i rnal 'byor sems nyid ngal gso zhes bya ba bzhugs so/__/oM swa sti/__bla ma mchog las gzhan med pa'i/__/skyabs kyi mchog tu bsnyen byas nas/__/mchog sgrub bla ma'i rnal 'byor ni/__/sems nyid ngal bso nyung ngur spel/__de la dbang thob cing rgyud grol bar ston pa'i slob dpon ni/__dkyil 'khor kun bdag tu shes pas dad pa dang /__mos gus 'phrog tu med cing dam tshig rnam par dag pa dang ldan pas/__bde ba'i stan la bsam gtan gyi spyod lam dang ldan pas 'khod nas/__nges 'byung gis blo bcos/__byang chub kyi sems la dran pa nye bar bzhag ste/__thog mar skyabs sems ni/__sangs rgyas chos tshogs lan gsum/__/rang snang rnam dag chos dbyings yangs pa'i mkhar/__/seng khri pad+ma nyi zla'i gdan gyi steng /__/rtsa ba'i bla ma chos kyi blo gros che/__/rdo rje 'chang chen gnam sngon dwangs pa'i mdog__/zhal gcig phyag gnyis thabs shes rdor dril bsnol/__/longs sku'i rgyan spras rdo rje'i skyil krung bzhugs/__/phung khams skye mched dbang yul rtog tshogs rnams/__/gdan gsum dkyil 'khor chen por lhun gyis grub/__/gnas gsum rdo rje'i yig 'bru gsum gyis mtshan/__/de las 'od 'phros skyabs gnas rgya mtsho'i tshogs/__/spyan drangs dam ye dbyer med chen por gsal/__/shes shing spro na/__gang drin ma/__sku yi spyod pa rnam dag sogs kyis bstod/__yan lag bdun pa ni/__skyabs gnas kun 'dus dpal ldan bla ma la/__/rang lus grangs med sprul nas gus phyag 'tshal/__/dngos 'byor yid sprul mchod sprin rgya mtshos mchod/__/bcas dang rang bzhin sdig sgrib nyes ltung bshags/__/'khor 'das dus gsum dge la rjes yi rang /__/theg gsum chos kyi 'khor lo bskor bar bskul/__/mya ngan mi 'da' rtag par bzhugs gsol 'debs/__/zag bcas zag med dge tshogs 'gro la bsngo/__/khams gsum 'gro rnams sku bzhir grol bar shog__/gsal stong zung 'jug spros bral lta ba rtogs/__/yengs med 'dzin med sgom pa lam du khyer/__/sdom pa gsum gyi lta spyod rnam par dag__/dbang bzhi'i 'bras bu tshe 'dir 'grub par shog__/ces phyag dang bcas te lan ci rigs bya/__maN+Dal ci nus dbul/__bdag gzhan lus dang longs spyod dge tshogs dang /__/dgra gnyen bar ma'i snang ba ci mchis pa/__/rje btsun bla ma'i tshogs la dbul bar bgyi/__/chags sdang rmongs gsum zhi bar byin gyis rlobs/__/rang gi thugs nas mchod pa'i lha mo spros/__/phyi mchod nyer spyod nang mchod bdud rtsi'i sprin/__/gsang mchod snyoms 'jug bde stong de kho na/__/'khor gsum spros dang bral ba'i ngang nas mchod/__/rang lus tha mal gsal ba'i lag g.yas su/__/ye shes ral gris rang lus thod pa bregs/__/mdun du thod pa'i sgyed pu gsum gyi steng /__/bkan te bzhag nas phung po dum bur bsil/__/thod pa'i nang bcug me rlung sbyor ba yis/__/zhu bskol ye shes bdud rtsi'i rgya mtshor gyur/__/oM AHhU~M ha ho hrIHlan gsum brjod/__bdud rtsi'i phud kyis skyabs kun 'dus zhal mchod/__/lhag ma gnod byed lan chags mgron la sbyin/__oM AHhU~M/__gsol ba 'debs pa ni/__bla ma'i gsol 'debs rgyas bsdus gang shes bton la/__mtshan sngags bzla bar spro na/__oM AHgu ru badz+ra d+hA ra hU~M swA hA/__zhes ci nus bzlas la/__thun mthar dbang blang ba ni/__mkhyen no mkhyen no bla ma mkhyen no/__/sangs rgyas kun 'dus kyi ngo bo/__/theg gsum dam chos kyi 'byung gnas/__/'phags tshogs dge 'dun gyi mnga' bdag__/rtsa ba'i bla ma khyed mkhyen no/__/skyabs gnas gcig chog gi rgyal po/__/re sa gzhan na ni med do/__/blo gtad ling bskyur gyi 'dun pas/__/gsol ba rtse gcig tu 'debs na/__/byin rlabs dbang bskur ni stsol cig__/mgon po khyed kyis ye shes spyan gyis gzigs/__/thugs rje'i phyag gis nye bar 'dzin pa dang /__/rkyen ngan bar chad 'jigs las sgrol nas kyang /__/mchog dang thun mong dngos grub stsal du gsol/__/ma dag snang ba 'khor bar nges 'byung gis/__/dal ba'i rten la snying po lon pa dang /__/dge sdig las 'bras blang dor rab brtson zhing /__/tshe 'dir zhen pa log par byin gyis rlobs/__/lam gyi thun mong byams dang snying rje dang /__/kun rdzob don dam byang chub sems 'byongs shing /__/thun mong min pa'i sngags kyi nyams snang la/__/nges shes gting nas skye bar byin gyis rlobs/__/'bras bus de bzhin gshegs pa'i rgyan 'khor lnga/__/'dzad med yon tan phrin las gter chen po/__/myur du thob par 'dod pa'i spro ba bskyed/__/dag pa'i snang ba 'byongs par byin gyis rlobs/__/mtshan nyid ldan pa'i rdo rje slob dpon las/__/smin byed dbang bzhi'i chu bos rgyud smin te/__/dam tshig sdom pa rnam par dag pa dang /__/'khor 'das dbyer med rtogs par byin gyis rlobs/__/bskyed pa'i rim pas lus rtsa lha sku dag__/rlung dang gtum mos 'bar 'dzag dbu mar thim/__/thun mong khyad par phyag rgya'i rnal 'byor las/__/dpe don ye shes skye bar byin gyis rlobs/__/rten dang brten pa 'bras bur gnas gyur nas/__/che ba gsum ldan go 'phang thob pa dang /__/rang gzhan don gnyis 'bad med lhun gyis grub/__/mdzad pa phrin las mkha' khyab 'byung bar shog__/phyi yi rten 'brel nang gi lus la tshang /__/nang gi rten 'brel gsang ba'i sems la rdzogs/__/gsang ba'i rten 'brel chos nyid gnyug ma'i gshis/__/de kho na nyid rten 'brel mngon gyur shog__/de nyid mthar thug rten 'brel mi slob lam/__/'gros bzhir thim pas shin tu rnam par dag__/bla ma ngo bo nyid sku'i rang bzhin ni/__/bcu gsum rdo rje 'dzin rgyal thob par shog__/de ma thob pa'i tshe rabs thams cad du/__/byang chub sgrub la 'gal rkyen kun zhi zhing /__/mthun rkyen rgyal bas bsngags pa kun tshangs nas/__/lung rtogs yon tan dbang 'byor byin gyis rlobs/__/zhes bla ma rgyang 'bod dang 'brel ba'i gsol 'debs mthar/__/dbang blang ba ni/__/bla ma'i dpral ba'i oM las 'od dkar po/__/oM gyi gzugs byung rang gi dpral bar thim/__/bum pa'i dbang thob lus kyi dri ma dag__/sku yi byin rlabs sprul sku'i sa bon bzhag__/bla ma'i mgrin pa'i AHlas 'od dmar po/__/AHyi gzugs byung rang gi mgrin par thim/__/gsang ba'i dbang thob ngag gi dri ma dag__/gsung gi byin rlabs longs sku'i sa bon bzhag__/bla ma'i thugs ka'i hU~M las 'od sngon po/__/hU~M gi gzugs byung rang gi snying gar thim/__/gsum pa'i dbang thob sems kyi dri ma dag__/thugs kyi byin rlabs chos sku'i sa bon bzhag__/bla ma'i yi ge gsum las 'od sna tshogs/__/'bru gsum gzugs byung rang gi gnas gsum thim/__/bzhi pa'i dbang thob sgrib pa'i bag chags dag__/kun gyi byin rlabs ngo bo nyid skur gyur/__/ces brjod la dbang gi ye shes bskyangs te ci nus su mnyam par bzhag__/mthar ni bla ma 'od zhu rang la thim/__/thugs yid gcig 'dres dgongs pa'i rtsal chen rdzogs/__/gzung dang 'dzin pa'i rtog pa kun bral ba'i/__/chos dbyings 'od gsal gnyug ma'i rang zhal blta/__/zhes brjod de/__bla ma'i rdo rje gsum dang rang gi sgo gsum dbyer med bsre ba'i ngang la sgom 'dod kyi blo'i rtog pas bslad ma zhugs par rang babs su 'jog__/thun las ldang ba na/__dge ba 'di yis bdag gzhan sems can kun/__/zab mo bla ma'i lam gyis grol gyur nas/__/'di phyi bar do'i gnas skabs thams cad du/__/dpal ldan bla mas rjes su 'dzin par shog__/skye ba kun tu yang dag sogs dang /__/lus ngag yid gsum longs spyod dang bcas pa'i/__/don yod rnam bzhis bla ma mnyes byas nas/__/ci mdzad rgyal ba'i mdzad par legs rtogs te/__/rmad byung phrin las sgrub la brtson par shog__/ces sogs bsngo smon dang /__snang grags rig gsum bla ma'i gsang ba gsum gyi lam khyer dang ma bral bar rtag tu brtson par bya'o/__/shin tu zab pa'i nye lam ni/__/zab mo bla ma'i rnal 'byor zhes/__/sangs rgyas kun gyis rab bsngags pa/__/sgrub pas rnam grol mchog thob shog__/ces bla ma'i rnal 'byor mtshan kha bsgyur byas na/__bla ma gang la'ang sbyar chog pa byas te mang thos blo gros gsal ba rang slob kun dga' dbang phyug nas rten bcas bskul ngor/__'jam dbyangs chos kyi blo gros pas bla ma gong ma'i gsung byin rlabs can 'ga' re bsnan te bris pa 'dis kyang rang rig bla ma sku bzhi'i ngo bo mngon du byed pa'i rgyur gyur cig__/sarba dA mang+ga laM//____//dge'o/__/mdun gyi nam mkhar pad dkar zla ba'i steng /__/rtsa ba'i bla ma kun gzigs 'jam pa'i dbyangs/__/chos kyi blo gros dkar dmar mdangs ldan pa/__/phyag gnyis sems nyid ngal gso'i phyag rgya can/__/zhabs gnyis rdo rje'i skyil mo krung gis bzhugs/__/skyabs kun 'dus pa'i bdag nyid chen po la/__/lus dang longs spyod kun bzang mchod sprin 'bul/__/tshe rabs 'khor ba thog med nas bsags pa'i/__/sdig sgrib nyes ltung gnod 'gyod drag pos bshags/__/dad mos gdung shugs drag pos gsol 'debs na/__/'di phyi bar do kun tu thugs rjes gzigs/__/'chi kha gnad gcod sdug bsngal mi 'byung dang /__/mgon pos rjes bzung thar pa'i lam sna drongs/__/dag pa'i zhing mchog skye bar byin gyis rlobs/__/mthar ni bla ma rang dang dbyer med 'dres/__/snang grag thams cad bla ma'i rol par shar/__/skye ba kun tu yang dag bla ma dang /__sogs kyi bsngo smon bya'o/__/zhes pa'ang mkhar mdo ya thang gza' mi rnams dang pad stobs kyis gsung bskul ngor chos kyi blo gros pas so//____//

Footnotes

Other Information