DKR-KABUM-23-'A-001

From Khyentse Lineage - A Tsadra Foundation Project
Revision as of 15:59, 15 December 2022 by Mort (talk | contribs)

DKR-KABUM-23-'A-001

སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཞལ་གསུངས་མ།
Wylie title sku tshe stod kyi rnam thar zhal gsungs ma DKR-KABUM-23-A-001.pdf
Location dil mgo mkhyen brtse bka' 'bum
Volume 23, Text 1, Pages 1-194 (Folios 1a to 97b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Sku tshe stod kyi rnam thar zhal gsungs ma. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 1-194. Delhi: Shechen Publications, 1994.
Genre Biographies - Hagiography - rnam thar
Colophon

བརྩམ་འཕྲོས།

brtsam 'phros/

[edit]
༄༅། །སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཞལ་གསུངས་མ་བཞུགས།

༄༅། །སྲིད་ཞིའི་གཡང་ལས་སྐྱོབ་མཛད་མཁྱེན་བརྩེའི་ཕྱག །སངས་རྒྱས་ཀུན་ལས་རྨད་བྱུང་རིགས་བརྒྱའི་བདག །སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་བླ་མ་རྗེ། །རབ་དྭངས་ཡིད་ཀྱི་ཆུ་མཚོར་འབྲལ་མེད་བསྙེན། །མཚན་མཆོག་མེ་ཏོག་ཡིད་ཀྱི་དོ་རར་བཀོད་ཙམ་གྱིས། །ཕན་བདེའི་དྲི་བསུང་ཤིན་ཏུ་མངར་པོས་གདུང་སེལ་ཞིང༌། །རྣམ་གྲོལ་སྦྲང་རྩིའི་དགའ་སྟོན་ཆེན་པོས་རྟག་སྐྱོང་མཛད། །རིན་ཆེན་རྣམ་གསུམ་དད་བརྒྱའི་ལ་ཐོད་མཛེས་པའི་ཏོག །བདག་རྒྱུད་ལས་ཉོན་སྲ་མཁྲེགས་བྲག་རིའི་ངོག །དམ་པའི་ཡོན་ཏན་འཁྲི་ཤིང་ཕྲ་མོ་དག །རབ་བརྟགས་བསྙད་པའི་རྣམ་ཐར་སྒྲོ་བཏགས་པ། །གནོང་བཞིན་ཡི་གེའི་རིས་སུ་བྲིས་ནས་ཐལ། །དེ་ཡང་འཕགས་པའི་ས་ལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་བདག་ཉིད་ཆེན་པོ་རྣམས་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་མཚོ་ལྟ་བུས་སྐུ་གསུང་ཐུགས་ཡོངས་སུ་མཛེས་པས་གདམས་ངག་རྣམ་ཐར་གྱི་སྒོ་ནས་བསྟན་ཏེ་དད་པ་ཅན་གྱི་གདུལ་བྱ་དངོས་བརྒྱུད་ནས་ཐར་པའི་ལམ་དུ་འདྲེན་ནུས་པ་ཡིན་ཀྱང༌། བདག་ལྟ་བུའི་རྒྱུད་སྐྱོན་གྱི་ལུད་ཕུང་ཉིད་ཀྱིས། རི་དབང་ལྷུན་པོའི་ཆེ་ཐང་ཀྱང་ཉམས་པར་བྱེད། དམ་པའི་ཡོན་ཏན་ལྟར་སྣང་བའི་མྱུ་གུ་ཕྲ་མོ་སྐྱེས་ཀྱང་རང་ཚུགས་མི་ཐུབ་པས་ཁ་དོག་ཀྱང་ལྗང་སེར་སྐམ་ལ་ཁད་དུ་གྱུར། དཀོར་ནག་གི་ཕག་པས་རྟག་ཏུ་ཚང་བཅས་པས་ལས་ཉོན་གྱི་དྲི་ངན་གྱིས་རྫི་ཕྱོགས་སུ་ཁྱབ་པའི་ནོངས་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་ཤེས་ཤིང་རྣམ་ཐར་བྲི་བ་ལ་ངོ་གནོང་བ་ལས་སྤྲོ་བ་གཏན་ནས་མེད་ཀྱང༌། དེང་གི་དུས་ཀྱི་ཐ་མའི་སྐབས་འདིར་རྒྱལ་བསྟན་རིན་པོ་ཆེའི་ལུང་རྟོགས་ཀྱི་དཔལ་ཡོན་ནི་མུན་སྲོས་ལྟར་འཐིབས། ཚད་མར་གྱུར་པའི་མཁས་ཤིང་དངོས་གྲུབ་བརྙེས་པའི་སྣང་བྱེད་འཇིག་རྟེན་གྱི་མིག་ཕལ་མོ་ཆེ་དབྱིངས་སུ་གཟིམས། བཤད་སྒྲུབ་ཡང་དག་པའི་དགའ་སྟོན་ནི་ཉིན་རེ་བཞིན་འགྲིབ་པའི་སྟེང༌། ཁ་བ་རི་པའི་ཆེ་བཙན་བཟང་གསུམ་ཕལ་མོ་ཆེ་མཐའ་མིའི་ལོག་སྦྱོར་གྱིས་རྒྱལ་བསྟན་གྱི་སྣང་བ་མེད་པའི་མཐའ་ཡི་ཡུལ་དུ་རྔ་ཐོག་གི་སྲན་མ་བཞིན་འཐོར་ཞིང་རྒྱུ་བའི་གྲལ་མཐར་བདག་ཀྱང་སོན་པས། འགྲན་ཟླ་དང་བྲལ་བ་འཁོར་ལོའི་མགོན་པོ་རྣམས་ཀྱི་བཀའ་དྲིན་གྱིས་མང་དུ་ཐོས་པའི་མཛོད་ཀྱིས་མ་ཕོངས་པ་ལྟར་སྣང་ཡང་ཐོས་བསམ་རྒྱུད་ལ་མ་སྦྱར་བས་རང་གཤིས་ངན་པའི་ཞིང་ས་ནི་ཐ་རེང་དུ་ལུས། རང་རྒྱུད་རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུ་ཡི་དྲི་ཙམ་མི་བྲོ་བར་ཆོས་ལྟར་བཅོས་པའི་བླ་མའི་གཟུགས་བརྙན་གྱི་རྒྱལ་མཚན་གྱི་རྩེར་མཁྱེན་བརྩེའི་སྤྲུལ་སྐུའི་མཚན་གྱི་ཏོག་གིས་བརྗིད་པའི་དབང་གིས་སྨིན་གྲོལ་གྱི་བདུད་རྩིའི་སྐྱེས། ཞུ་འདོད་སུ་བྱུང་ལ་ཆོས་རྔ་སྒྲོག་པ་ལ་ཕན་ཡོན་ཡོད་སྲིད་སྙམས་ཕྱོགས་དུས་ཀུན་ཏུ་བཀྱེས་པས། བསྟན་འཛིན་གྱི་སྐྱེས་བུ་མཚན་དོན་མཐུན་ཞིང༌། རྒྱུ་མཚན་མཁྱེན་པ་ཆོས་རྗེས་འབྲང་བ་དག་གིས་ཀྱང་མཚན་ལྡན་བླ་མར་གཟིགས་ཏེ་བཅོས་མིན་གྱི་དད་གུས་ཀྱིས་ཁོ་བོའི་རྣམ་ཐར་འབྲི་དགོས་པར་བཀའ་ལུང་ནན་ཏན་གྱིས་བསྐུལ་བ་ན། སྔར་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལ་རྗེ་ཉིད་ཀྱི་རྣམ་ཐར་མཛད་པར་ཆེད་དུ་གསོལ་བ ༣ ལན་དུ་མར་བཏབ་པའི་མཐར་ཞལ་གསུངས་ཚིགས་སུ་བཅད་པ་མཛད་དེ་ད་ཁྱེད་རང་གིས་ཀྱང་རྣམ་ཐར་ཞིག་བྲིས་དང་དོན་ཞིག་ཡོད། སྔོན་འཇམ་མགོན་མཁྱེན་བརྩེའི་དབང་པོའི་ཞལ་སློབ་རྡོ་རྗེ་འཛིན་པ་མཁས་དབང་རྡོ་རྗེ་རབ་བརྟན་ལ་ཁྱེད་ཀྱིས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང༌། རྒྱལ་སྲས་སེམས་དཔའ་ཆེན་པོ་དཔལ་སྤྲུལ་རིན་པོ་ཆེ་གཉིས་ལ་རྣམ་ཐར་ཞིག་མཛད་པར་གསོལ་བ་ཐོབ་དང་དགོས་པ་ཆེན་པོ་ཡོད། རྗེས་མ་ཁོ་བོའི་རྣམ་ཐར་ཞིག་ཀྱང་འབྲི་ཆོག །དེ་བསྐུལ་བ་པོ་ཁྱེད་རང་གིས་གྱིས་དང་དགོས་པ་དང་རྟེན་འབྲེལ་ཆེན་པོ་ཡོད་ཅེས་བཀའ་བསྩལ་བསྐྱངས་བཞིན་འཇམ་མགོན་རིན་པོ་ཆེའི་རྣམ་ཐར་བཀའ་རྩོམ་མཛད། དཔལ་སྤྲུལ་རིན་པོ་ཆེ་ལ་གསོལ་བ་བཏབ་པ་ཞལ་གྱིས་མ་བཞེས་པས། མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་རྒྱས་པ་ཞལ་གསུང་མཛད་རྒྱུ་མ་བྱུང་བ་རེད་ཅེས་བཀའ་འཕྲོས་སུ་ཕེབས་པའང་ཡིད་ལ་དྲན་པས། འཛམ་གླིང་ཆོས་ཀྱི་ཤིང་རྟ་འཇིག་རྟེན་མིག་གཅིག་གུ་ཎ་ས་མུ་དྲས། རྟེན་དལ་འབྱོར་སྐྱོན་མེད་ཐོབ། མཐུན་པའི་རྐྱེན་འཁོར་ལོ་རྣམ་པ་བཞིའི་ངང་གིས་འབྱོར། ཚུལ་གནས་ཐོས་བསམ་སྒོམ་པ་ལ་ཅི་ནུས་སུ་སྦྱར་བའི་འབྲས་བུ་སྤོང་ཀློག་ལས་གསུམ་གྱི་འཁོར་ལོ་མཚོན་བྱེད་གྲུབ་པ་ལས་ཕྱོགས་ཙམ་བརྗོད་པ་ནི། ཞེས་གསུངས་པ་ལྟར། གཅིག་ཏུ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་བའི་བཀའ་ལུང་གཡས་ཆུང་རས་ཆོད་དང་ཆུད་ཟོས་བཏང་བར་མི་རིགས་ཤིང༌། ༤མ་འོངས་པར་ངེས་དོན་དུ་འགྱུར་བའི་རྟེན་འབྲེལ་འགྲིགས་པར་འགྱུར་བས་རང་སྤྱོད་ལེགས་བྱས་ཀྱི་ཆ་ཅི་ཡོད་བྲི་བ་ལ། དང་པོ་ལུས་རྟེན་འདིའི་སྲིད་པ་བཟུང་བའི་ཡུལ་ནི། མ་ཧཱ་བྷོ་ཊ་སྟེ་བོད་ཆེན་པོར་གྲགས་པའི་ས་ཡི་ཆ་ལ། སྐོར་གསུམ། རུ་བཞི། ཁམས་གསུམ་ཞེས་རིས་སུ་བཅད་པ་ལྟར་ན་སྨད་ཁམས། མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ལྟར་ན་རྔུ་རྫ་ཟེ་མོའམ་ཟལ་མོ་སྒང༌། གནམ་བསྐོས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཇིང་གིར་གན་གྱིས་བོད་ཆོལ་ཁ་གསུམ་དུ་འགྲོ་མགོན་ཆོས་འཕགས་རིན་པོ་ཆེར་ཕུལ་བ་ལྟར་ན་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། ལྷ་ཆེན་ནོར་སྦྱིན་འབྲོག་གནས་ཇོ་བོ་སྒྱོགས་ཆེན་གདོང་རས་ལེགས་པར་བདག་གིར་བཟུང་བའི་ས་གཞི། ཡུལ་ལྗོངས་ཀྱི་མཐའ་གྲུ་ནེའུ་གསེང་ཡངས་པར་བརྡལ་བ་ལ། ལུང་ཕྲན་དག་ནས་འབབ་པའི་དག་བྱེད་ཀྱི་བགྲོད་པ་དུ་མས་འདབ་བརྒྱད་པདྨའི་ལང་ཚོ་ལྟར་བཀྲ་བའི་དབུས་སུ་ཁང་ཁྱིམ་དུ་མས་མཛེས་པ། ཁོར་ཡུག་ཀུན་ནས་རྨོས་ལེགས་ཞིང་གི་ལོ་འབྲས་ཀྱི་སྤུད་པའི་མཐར་རི་བོ་ལྷུན་སྟུགས་པ་ལ་ནགས་ཚལ་དང་བྲག་རི། སྤང་རི་བཀོད་ལེགས་པས་ཡོངས་སུ་བསྐོར་བའི་རྩེ་མོར་དགུན་གྱི་རྒྱལ་མོས་སྲུང་བའི་དུས་སུ་ཁ་བའི་རྡུལ་གྱི་ལ་ཐོད་དཀར་པོ་བཅིངས་པས་མུ་ཁྱུད་ལྟར་བསྐོར་བ། མདོ་སྨད་དལ་འགྲོ་ཆེན་པོ་བཞི་ཡི་ཡ་གྱལ་འབྲི་ཆུ་གསེར་དང་ལྡན་པའི་ཆུ་ཀླུང་ནུབ་ནས་ཤར་དུ་གཞོལ་བའི་གཡས་ཟུར་དར་གྱི་ལྷབ་ལྷུབ་བརྒྱ་ཕྲག་བརྩེགས་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཞིན་བརྗིད་པའི་ལྷུན་པོའི་རྩེ་མོར་བྲག་རི་ནོར་བུ་མེ་འབར་བ་ལྟ་བུའི་ཏོག་གིས་བརྒྱན་པར་གནས་པའི་གཞི་བདག་ཡུལ་སྐྱོང་གཉན་པོ་འབར་ལྷ་རྩེ་རྒྱལ་འཁོར་དང་བཅས་པས་བསྟེན་པའི་གཤམ་ནས་རོང་ཁུང་དོག་པོར་གསེར་ལྡན་རྦ་རླབས་འབུམ་ཕྲག་གི་གར་ནམ་མཁའི་དབྱིངས་སུ་བསྒྱུར་བཞིན་ཤར་ལྷོ་ནས་ལྷོ་ནུབ་ཏུ་གཞོལ་བའི་གཡོན་ཟུར། དེའུ་འབུར་གྱི་རྒྱུད་རིང་པོ་བཀྲ་ཤིས་གསེར་ཉ་འཁྱུག་པ་ལྟར་འོང་བའི་མགུལ་གྱི་ཕྱོགས། ནམ་མཁའ་དང་གཡས་གཡོན་གྱི་རི་དང་ཆུ་ཕྲན་ལམ་སྲང་སོགས་ཀྱི་བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱི་རེ་ཁཱ་གསལ་བ། རོང་འབྲོག་གི་ལོངས་སྤྱོད་ཀྱི་བགོ་སྐལ་ཕུན་སུམ་ཚོགས་པ་དང༌། སྨན་དང་རྩི་ཤིང༌། རྨོས་པ་དང་མ་རྨོས་པའི་འབྲུ་དང་འབྲས་བུའི་རིགས་ཀྱི་དགའ་སྟོན་བཟང་པོ་འཛད་མེད་དུ་འཇོ་བའི་ས་ཡི་ཐིག་ལེ་སྒ་འདན་གཉིས་སུ་འབོད་པའི་འདན་ཡུལ་ཏེ་ལོངས་སྤྱོད་མ་ཚང་བ་མེད་པའི་དབྱིག་གི་གཏེར་དང་ལྡན་པས་སམ། འབྲི་ཆུ་གསེར་ལྡན་ཡུལ་གྱི་དབུས་ནས་བགྲོད་པས་འདན་མ་ཞེས་གྲགས་ལ། རུ་གནོན་གྱི་གཙུག་ལག་ཁང་ཆེན་པོ་ཏཱ་རེ་པདྨོ་ལྗོངས་ཀྱི་ཤར་ཕྱོགས་སུ་དངོས་སུ་བཞུགས་པ། སངས་རྒྱས་གཉིས་པ་བརྟུལ་ཞུགས་པདྨ་རྒྱལ་པོ་འཁོར་དང་བཅས་པས་ཞབས་ཀྱིས་བཅགས་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་བོད་ཆེན་པོ་མདོ་ཁམས་ལ་ཁམས་སྟོད། བར་ཁམས། མདོ་སྨད་དེ་གསུམ་པོ། ས་ཁ་རྒྱ་ཆེ། ལུང་པ་ཕུ་ཐག་རིང༌། མི་སྡེའི་རྣམ་གྲངས་མང༌། མི་རིགས་དང་སྐད་རིགས་མི་གཅིག །ཆ་ལུགས་དང་སྤྱོད་ཡུལ་མི་འདྲ་བའི་སྡེ་ཤོག་ཐ་དད། ལ་ལ་ཐང་མ་ལྟར་རྒྱ་ཆེ། ལ་ལ་ཚོམ་བུ་ལྟར་བཀོད་ལེགས། གང་ཡང་དབྱར་ཁའི་མེ་ཏོག་ལྟར་སྣ་ཚོགས་སུ་བཀྲ་བའི་ཚུལ་དུ་ཡོད་པ་ལས། མདོ་ཁམས་ཡུལ་གྱི་ལྟེ་བ། དགུ་གླིང་ས་ཡི་མདུད་འཛོམ། སྡེ་དགེ་བྱང་ཆུབ་སེམས་དཔའི་མངའ་རིས། ལྷོ་རོང་སྡེ་ཁང་ཞིང་ཆེན་གྱི་བདག་པོ། དཔའ་མཛངས་ཡ་རབས་ཀྱི་རྒྱུད་ལས། རྒྱལ་ཁྲིམས་ཀྱི་ཇུས་ཤེས་ཤིང༌། སྤྱོད་པ་སོ་ཟིན་པས་གོང་རྗེའི་མདུན་བློན་དུ་འོས་ཤིང༌། སྡེ་རང་ཐོབ་ཀྱི་ཆུས་ཚུགས་ཐུབ་པའི་རྫོང་དཔོན་ཉི་ཤུ་རྩ་ལྔ། བྱང་འབྲོག་སྡེ་ཤོག་ཆེན་བཅུ་གཉིས་ཀྱི་བདག་པོ། གདུང་ཞྭ་དཀར་ཅན་གྱི་བུ་རྒྱུད། མཛངས་ལ་བློ་བརྟན་པ། རྗེ་ལ་སྙིང་ཉེ་ཞིང་འབངས་ལ་ཁྲེལ་གཞུང་ཆེ་བའི་དཔོན་ཁག་སུམ་ཅུ་སོ་ལྔ། ྈ སྐྱེས་པ་ཁོ་བོའི་རུས་ནི་འཇམ་མགོན་མཁྱེན་བརྩེའི་དབང་པོའི་གཏེར་ལུང་དུ། རིགས་ནི་སྨྱོས་ཡིན་རུས་ནི་སྒ། །ཞེས་གསུངས་པ་ལྟར། གཏེར་ཀླུང་དིལ་མགོ་དང༌། ཨ་ལོ་རོང་གི་དིལ་མགོ །འདན་དིལ་མགོ་གསུམ་ཁྱིམ་སོ་སོ་ཡིན་ཀྱང་རུས་གཅིག་པར་གྲགས་པའི་འདན་དིལ་མགོ །ཕ་མིང་བཀྲ་ཤིས་ཚེ་རིང་གྲགས། མེས་པོ་ཕ་དམ་པ་སྡེ་དགེའི་གཉེར་ཆེན་བཀྲ་ཤིས་ཚེ་འཕེལ་གྱིས་སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཐང་ཀ་བཞེངས་ཏེ་གྲུབ་པ་དང་སྐྱེས་པས་མིང་དཔག་བསམ་ཡང་ཟེར། སྡེ་གཉེར་བཀྲ་ཤིས་ཚེ་འཕེལ་གྱིས་བུ་འདིའི་ཕུར་པ་ཞིག་ཡི་དམ་དགོས་ཀྱི། མཁྱེན་བརྩེ་རིན་པོ་ཆེའི་ཟབ་གཏེར་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་དབང་ཞིག་ཞུ་ཕྱིར་སོང་ནས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལ་ཆེད་དུ་གསོལ་བ་བཏབ་སྟེ་ཡོད་སྐབས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོ་སྐུ་མཚམས་བཅད་རྒྱར་བཞུགས་པའི་སྐབས་ཡིན་ཀྱང་དེ་ཉིན་གློ་བུར་དུ་ཤོག་གསུངས་པ་ཕྱིན་མ་ཐག་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་དབང་ལུང་ཁྲིད་དང་བཅས་པ་རྒྱས་པར་བསྩལ། དེ་རྗེས་སུ་ཁྱེད་ནས་ད་ཕྱིན་ཆད་རི་དྭགས་མ་གཤོར། ཆོས་ལྡན་གྱི་བུས་རིགས་ངན་གྱི་ལས་ཀ་མ་བྱེད་གསུངས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་གསུངས་ཏེ་ཕྱིར་བསླེབས་པ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཡིས་ཀྱང་ཁོ་བོས་ཆེད་དུ་བསྒྲུབས་ཟིན་པས་ཚར་གཅིག་འདོན་གསུངས་ཏེ་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་སྨིན་གྲོལ་ཆ་ཚང་ལན་གཅིག་ཐོབ་པའི་སྐལ་པ་བཟང་པོར་གྱུར་ཏེ་བསྙེན་འབྲེལ་ཀྱང་བཞག །མི་ཕམ་འཇམ་པའི་དབྱངས་ལས་ཀྱང་བླ་ཕུར་དབྱེར་མེད་ཀྱི་ཁྲིད་ཞུས་ཏེ་ཟིན་བྲིས་བཅས་བསྩལ་ནས་གསོལ་འདེབས་ལེའུ་བདུན་མའི་བསྐལ་པ་མེ་ལྟར་འབར་བའི་གསོལ་འདེབས་ཚིག་རྐང་དྲུག་མ་འབུམ་ཕྲག་བསགས། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞུས་པའི་མིང་ཀརྨ་ནོར་བུ་རིག་འཛིན་ཚེ་དབང་ཞེས་གནང་བ་དང༌། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་མཁས་གྲུབ་ཀུན་གྱིས་ཐུགས་བརྩེ་ཆེན་པོས་བསྐྱངས་པ་དང༌། ཁོ་རང་གི་ངག་ནས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒོ་ནས་ཡིག་དྲུག་དུང་ཕྱུར། སྒྲོལ་མ་འབུམ་བཏོན་པ་དང༌། ལོ་རྟག་པར་སྒྲོལ་མ་འབུམ་དུ་མ་བསགས་པ་དང༌། མཆོད་མེ་འབུམ་ཕྲག་ཁ་ཤས་ཕུལ་བ་དང༌། བན་ཆེན་དགོན་དང་ས་དཀར་དགོན་དུ་དབྱར་གནས་ཀྱི་རྟེན་རྩ་ཕུལ་བ་སོགས་ཆོས་སྲིད་གཉིས་ཀའི་ཡོན་ཏན་མི་དམན་པ་དང༌། མ་རྒན་ཡང་འཇམ་མགོན་རྣམ་གཉིས། མི་ཕམ་འཇམ་པའི་དབྱངས། མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་མཇལ་ཞིང་དབང་ཆོས་མང་དུ་ཐོབ། བླ་མ་ལས་དབང་ཞུས་ཟིན་ནས་དེ་ཡི་བཀའ་གང་བསྩལ་མ་སྒྲུབ་པ་མེད་ཅིང༌། གཤེ་སྐུར་ཞུ་མ་མྱོང༌། དག་སྣང་དང་གཏོང་ཕོད་སོགས་རྣམ་དཀར་གྱིས་རྒྱུད་ཕྱུག་པ་ཡ་རབས་ཀྱི་གྲགས་པ་ཐོན་པའི་ཁུར་བླངས། ཁོ་བོའི་ཕ་རྒན་ལ་མི་ཕམ་འཇམ་དཔལ་དབྱངས་ཀྱི་བཀའ་ལས། ཕྲན་བན་རྒན་ནད་པ་འཆི་ལ་ཁད་ལ་ཁང་པ་མི་དགོས་ཀྱང་ཁྱེད་ཀྱི་འདུག་གནས། རྒྱབ་རི་དེར་སྒྲུབ་ཁང་ཞིག་རྒྱོབ་དང༌། ཆོས་རྒྱལ་སྡེ་དགེའི་རྒྱལ་སྲིད་ལ་ཕན། ཕྲན་སྡེ་དགེའི་མངའ་རིས་ལས་ཐག་རིང་དུ་མ་འགྲོ་ཞེས་ཆོས་རྒྱལ་སྡེ་དགེའི་ལྷ་སྲས་ཀྱིས་གསུངས་ཞེས་བྱུང༌། ཕྱི་ཡི་ས་དཔྱད་ཤར་ནས་བལྟས་ན་རི་བོ་རུས་སྦལ་གན་རྐྱལ་གྱི་གཟུགས་དབྱིབས་ཤིན་ཏུ་གསལ་བའི་སྙིང་གར་ཀུན་གཟིགས་མི་ཕམ་ཆོས་རྗེའི་གཟིམས་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་ཕྲ་བཏབ་པ་ལྟ་བུ། དེ་དང་མི་རིང་བར་ཤུག་པའི་སྡོང་པོ་ཆེན་པོ་ཞིག་སྐྱེས་པ་འཇམ་མགོན་བླ་མས་བྱང་ཆུབ་ལྗོན་ཤིང་ཡིན་ཅེས་གསུངས། རུས་སྦལ་མགོ་ནུབ་ཏུ་བསྟན་པ་ལ་མེ་རི། གཡས་ཕྱོགས་སུ་ཤིང་རི། གཡོན་དུ་ལྕགས་རི། མཇུག་མར་ཆུ་རིའི་ས་ཡི་དཔྱད་མཛེས་པ། ཤར་ཕྱོགས་ཡངས་ཤིང་ཉི་ཟླ་འཆར་སྔ། ནུབ་ཕྱི་བ། ནམ་མཁར་འཁོར་ལོ་རྩེ་མང་ཞིང་ཡངས་པ་སོགས་ས་དཔྱད་བཟང་དགུ་ཐམས་ཅད་ཚང་བ། ནང་གི་དཔྱད་ལ། བྱང་ཕྱོགས་ཤཾ་བྷ་ལའི་བཀོད་པ་ཡོངས་སུ་རྫོགས་པ་དབུས་རི་ཀ་ལཱ་པའི་ཕོ་བྲང༌། དེའི་ཕྱོགས་མཚམས་ཀྱི་ཐང་ཐམས་ཅད་ཆུ་ཡིས་པདྨའི་འདབ་མ་ལྟར་བཅད་པའི་དབུས་སུ་གྲོང་ཁྱེར་གྱི་ཚོམ་བུ་བཀོད་པ། དགུན་དུས་ཁ་བ་དང་ལྡན་པའི་རིས་ལྕགས་རི་ལྟར་བསྐོར་བ་དེར་དང་པོའི་སངས་རྒྱས་མི་ཕམ་འགྱུར་མེད་མི་བསྐྱོད་རྡོ་རྗེས་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བའི་ཐོག་མའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། རི་ཞོལ་དུ་དིལ་མགོ་ཞེས་པའི་ཁྱིམ་དེར་རབ་བྱུང་བཅོ་ལྔ་པའི་ཐུན་མོང་ཞེས་པ་ལྕགས་ཁྱི་ནག་ཟླའི་དུས་ཆེན་ནས་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེའི་རྒྱུད་ཀྱི་འགྲེལ་ཆེན་གྱི་བཤད་ཁྲིད་ལེགས་པར་གྲུབ་པའི་གཏང་རག་གི་ཚོགས་ཀྱི་འཁོར་ལོ་གྲུབ་པའི་ཟླ་བ་གྲོ་བཞིན་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་༣ལ་སྐྱེས་པར་ཀུན་གཟིགས་བླ་མ་མི་ཕམ་རིན་པོ་ཆེས་ཕྱག་བྲིས་གནང་འདུག །མིང་བཀྲ་ཤིས་དཔལ་འབྱོར་ཞེས་པ་དང༌། སྐྱེས་མ་ཐག་མ་ཡི་འོ་མ་མ་འཐུང་གོང་འཇམ་དཔལ་རིལ་བུའི་ཁུ་བ་ལྕེ་ལ་ཞོག་ཅེས་བཀའ་བསྩལ། དེ་ནས་བཟུང་དགོངས་པ་རྫོགས་ཀྱི་བར་འཇམ་དཔལ་རིལ་བུ་དང༌། ཆོས་སྨན་ཉིན་རེ་བཞིན་འཐུང་རྒྱུ་ཡོད་པ་བསྩལ་ཞིང༌། སྐྱེས་ནས་རིང་པོ་མ་ལོན་པར་སྐུ་མདུན་དུ་སོན་པ་ན་ཁྲུས་གླུད་ཚེ་འགུགས་བཅས་མཛད་ཅིང༌། རྒྱ་གར་ནས་ཁྱེའུ་ལ་བཙས་སྟོན་སྤྲད་སྲོལ་ཡོད་པ་དེ་ཡིན་གསུངས་ཏེ་བཟང་གོས་རྒྱས་མདོག་ཁ་གྲུ། བུམ་པ་བཅུད་ལྡན་བཅས་བསྩལ། སྐྲ་རིང་པོར་སྐྱེས་པ་ཞིག་ཡིན་པས་ཕ་རྒན་ནས་སྐྲ་རིང་པོ་འདིས་མིག་ལ་སྐྱོན་བྱེད་ཀྱི་འདུག་པས་བཅད་ན་རུང་ངམ་ཞུས་པས། རྒྱ་ནག་གི་ཁྱེའུ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་དབུ་སྐྲ་བཞིན་ཟུར་ཕུད་ལྔ་བཅིངས་སྲོལ་ཡོད་པས་དེ་ལྟར་གྱིས། སྐྲ་མ་བྲེགས་ཞེས་གསུངས། གྲིབ་རྐྱེན་ལྟ་བུའི་ཟས་ཅུང་ཟོས་པས་བརྣང་བ་ཞིག་ཡོད་པ། རྗེ་ཉིད་ཀྱི་བཞེས་ལྷག་ལ་ཨ་ར་པ་ཙ་གསུངས་ནས་ཞལ་སྔགས་གནང་སྟེ་ཡང་ཡང་བསྩལ་བ་དང༌། ཟླ་བ་རེ་རེ་བཞིན་སྤྱན་སྔར་ཕྱིན་པས་ཨ་ར་པ་ཙའི་གཟུངས་གསུང་བཞིན་ཞལ་སྔགས་གནང་བ་དང༌། སྲིའུ་གསོ་བའི་ཐབས་འཁོར་ལོ་རྗེ་ཉིད་ཀྱི་ཕྱག་བྲིས་དང༌། དཔལ་ལྡན་ལྷ་མོའི་སྔགས་མ་ཡིས་བཟླ་རྒྱུ་བསྩལ་བ་དང༌། བྱིས་པའི་ཁ་སྨན་བློན་པོ་སུམ་སྦྱོར་རང་ལོ་ལྔ་དྲུག་སྟེང་སླེབ་དུས་ཀྱང་བཏུང་རྒྱུ་ཡོད་པ་གནང༌། སྐུ་གཤེགས་ཁར་ཐུགས་དམ་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཆེད་དུ་བསྩལ་བ་དང༌། ངོས་ཕ་མ་སྤུན་དང་བཅས་པ་བྱང་ཆུབ་སྙིང་པོའི་བར་དུ་རྗེས་སུ་འཛིན་པའི་ཞལ་བཞེས་དང་སྨོན་ལམ་གནང་བ་སོགས་ཚད་མེད་པའི་བཀའ་དྲིན་ཆེན་པོས་བཟུང་བའི་མཐུས། ཕ་རྒན་མ་གྲོང་བའི་སྔོན་ཙམ་དུ་རྨི་ལམ་ལ་ཁོ་རང་མུན་པ་འཁྲིགས་ས་ཞིག་ཏུ་མར་འགྲོ་གྲབ་བྱས་པ། སྦུག་དེར་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེ་བཞུགས་འདུག་པས་དེར་མ་འགྲོ་འདིར་ཤོག་གསུངས་བྱུང་བས་སྐུའི་འཁྲིས་སུ་ཕྱིན་པ་རྨིས་ཟེར་བ་དང༌། རང་ཡང་ད་ལྟ་ཆོས་འཆད་ཉན་ལ་བློ་མིག་ཕྲ་མོ་ཐོབ་པ་དེ་རྗེ་འཇམ་དབྱངས་བླ་མའི་བཀའ་དྲིན་གྱི་སྣང་བ་ཡིན་པའི་ངེས་ཤེས་རྙེད་པ་ནི་རྒྱལ་སྲས་ཞི་བ་ལྷས། གང་གི་དྲིན་གྱིས་དགེ་བློ་འབྱུང༌། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །ཞེས་གསུངས་པ་བཞིན་འཇམ་དཔལ་དབྱངས་མི་ཡི་ཤ་ཚུགས་ཅན་སྐྱེས་མ་ཐག་ཞལ་མཇལ། ཆེད་དུ་མ་བཅོལ་བར་ཐུགས་རྗེས་བཟུང་བ་ནི་ཁོ་བོའི་རྣམ་ཐར་གྱི་སྙིང་པོ་ལྟ་བུའོ། །སྐབས་དེར་འཇམ་མགོན་ས་སྐྱ་པའི་བསྟན་པའི་ཤིང་རྟ་ཆེན་པོ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བཀའ་ཡི་བསྡུ་བ་པོ་རྡོ་རྗེ་འཆང་འཇམ་དབྱངས་བློ་གཏེར་དབང་པོའི་ཞབས་སོར་རང་ཁྱིམ་དུ་བཀོད་པ་དང༌། ང་མ་ཡི་པང་དུ་བཟུང་ནས་ཞལ་མཇལ་བ་ཤིན་ཏུ་ཐུགས་དགྱེས་ཚུལ་གྱིས་རྗེ་ཉིད་ཀྱི་རིགས་བདག་ཐམས་ཅད་མཁྱེན་གཟིགས་མཉྫུའི་ཞབས་ཀྱི་ཕྱག་མདུད། རྗེ་དེའི་ཕྱག་ཕྲེང༌། ཉིད་ཀྱི་ཐུགས་དམ་གསུང་བའི་ཕྱག་ཕྲེང་རྡོག་གཅིག་མགུལ་དར་ནང་མཛོད་སྲིད་དུ་རིང་བ་གཅིག་བཅས་བསྩལ། ལག་རིས་གཟིགས་ཏེ་རང་གི་ཕ་ལ་འདི་མཁྱེན་བརྩེ་རིན་པོ་ཆེའི་སྤྲུལ་པའི་སྐུ་ཞིག་ཡིན་པས་ཁོང་ལ་ཕུལ་དགོས་ཞེས་བཀའ་ནན་སྔ་ཕྱི་དུ་མར་ནན་ཏན་གནང་བ་ལ་བརྟེན། ཕ་རྒན་ནས་མི་ཕམ་རིན་པོ་ཆེར་བཀའ་བསླབ་ཞུས་པས་སྤྲུལ་སྐུའི་མིང་བཏགས་ཁྲི་བཀོད་མ་བྱས་ན་ལེགས། ཁྱོད་རང་གི་བུ་སྔོན་མ་དེ་ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུའི་སྤྲུལ་སྐུར་མངའ་གསོལ་ཆེད་དཀོར་མང་པོ་བསྡུས་ཏེ་སྐད་གྲགས་མང་པོ་བྱས་པས་སྤྲུལ་སྐུའི་ཚེའི་བར་ཆད་བྱས་པ་རེད། རྗེས་ནས་ཁོ་རང་བསམ་མནོ་འཁོར་དུས་གང་མོས་པ་དེ་བྱེད་དུ་བཅུག་ཅེས་བཀའ་བསྩལ་བས་བཏང་སྙོམས་སུ་སོང༌། འཇམ་དབྱངས་བློ་གཏེར་དབང་པོས་ཕྲན་དིལ་མགོའི་ཁྱིམ་དུ་ཕེབས་པའི་སྔ་ནུབ་ནས་བརྩམས་ཞག་གསུམ་རིང་ཁོ་བོའི་བླ་མ་མཁྱེན་བརྩེའི་དབང་པོ་དེ་ཤིན་ཏུ་ཐུགས་དགྱེས་ཉམས་ཀྱིས་ཡང་ཡང་མཇལ་བ་རྨིས་པའི་མཐར་དིལ་མགོ་ཚང་བུ་ཆུང་དེ་ང་རྩར་ཁུར་བྱུང་བ་རྫོང་སར་མཁྱེན་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཞལ་སྔ་ནས་མཁྱེན་བརྩེའི་སྤྲུལ་སྐུ་ཁྱད་འཕགས་ཤིག་ཕྲན་ལ་ངོས་འཛིན་དགོས་གསུངས་པ་དེ་ལ་ཐག་བཅད་རྒྱུ་ཡིན་ཞེས་རྗེ་ཉིད་ཀྱི་དྲུང་ཡིག་དབོན་སྟོད་མཁན་ཆེན་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ལ་བཀའ་བསྩལ་ཞེས་རྗེ་བླ་མ་འཇམ་པའི་དབྱངས་དྷརྨ་མ་ཏིའི་ཞལ་ལས་ཐོས། རང་གི་གཅེན་སངས་རྒྱས་མཉན་པ་མཆོག་སྤྲུལ་གྱི་ཡོངས་འཛིན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དངོས་སློབ་འབྲོང་པ་བླ་མ་བསྟན་འཛིན་ཆོས་རྒྱལ་རང་ཁྱིམ་དེར་བཞུགས་བཞིན་པས་ཆོས་རྒྱལ་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་མཆོད་ཞག་བདུན་ཕྲག་གསུངས་ནས་དོན་དབང་ཞིག་བདག་ཅག་ཕ་མ་བཅས་ལ་བཀའ་དྲིན་ཐོབ་འདུག་པ་ལུས་རྟེན་འདིའི་དབང་གི་དང་པོ་ཡིན་པས་དིལ་མགོའི་མི་རིགས་གཞན་ལས་ཚེ་རིང་ཙམ་འཚོ་བ་འདི་ཐོག་མའི་རྟེན་འབྲེལ་བཟང་པོ་ལས་བྱུང་བ་མིན་ནམ་སྙམ། ཆུ་བྱི་ས་ག་ཟླ་བའི་ཚེས་ཉེར་དགུ་ལ་ཀུན་གཟིགས་མི་ཕམ་འཇམ་པའི་དབྱངས་གཟུགས་སྐུའི་བཀོད་པ་བསྡུ་སྐབས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་བྱོན་པ་རང་གི་ཁྱིམ་དུ་གདན་འདྲེན་ཞུས་སྐབས་རང་གི་ཕ་རྒན་ལ་ཁྱོད་རང་གི་བུ་འདི་ང་ལ་སྟེར་དགོས། ཞེ་ཆེན་གྱི་བསྟན་པ་ལ་ཕན་ཐོག་པ་ཞིག་འོང་འདུག་གསུངས་པས། དེང་སང་སྤྲུལ་སྐུ་ཕལ་ཆེར་དཀོར་སྡུད་ཀྱི་ཕྱག་སྒོ་ལས་མི་འདུག །དེ་འདྲ་མ་ཡིན་པར་ཐོས་བསམ་སྒོམ་པས་བསྟན་པ་ལ་ཞབས་ཏོག་འབྱོར་ངེས་ཡིན་ན་ཕུལ་ཆོག་ཞུས། ཕ་རྒན་ནས་བུ་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་གང་ལགས་ཞུས་པས། ཕྲན་ཚང་ཁྱིམ་ནང་གི་མཆོད་ཁང་དེར་དགེ་མང་དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུའི་བཅའ་སྒྲུབ་མཛད་པའི་ཚེ་རིང་མའི་སྐུ་གསོབ་ཅིག་ཡོད་པ་དེ་མནལ་ལམ་དུ་ཚེ་རིང་མ་དངོས་སུ་གྱུར་ནས་བུ་འདི་ཁྱོད་ཀྱི་བདག་པོ་སྤྲོད་དང་ཁྱོད་ཀྱི་བསྟན་པ་ལ་ཕན་ཐོག་པ་ཞིག་འབྱུང་ཞེས་ཞུས་བྱུང་གསུངས། དེ་སྐབས་ཞེ་ཆེན་གྲྭ་པ་རྒན་པ་ཀུན་གྱིས་རབ་འབྱམས་རིན་པོ་ཆེའི་སྤྲུལ་སྐུ་ཡིན་སྐད་ཀྱང་བསྒྲགས། རབ་འབྱམས་རིན་པོ་ཆེ་བདེ་ཆེན་རྒྱལ་པོ་དགོངས་པ་རྫོགས་པའི་ཞག་གསུམ་སྟེང༌། རྒྱལ་ཚབ་རིན་པོ་ཆེ་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ཚུལ་གྱི་ཚིགས་བཅད་ཞིག་ཡོད་པའི་གཤམ་དེར། གཅིག་གསུམ་གཉིས་ཀྱི་དང་པོ་གྱིས། ཞེས་པ་ཞིག་འདུག་པ་རབ་འབྱམས་རིན་པོ་ཆེ་ལ་སྤྲུལ་སྐུ་གསུམ་བྱོན་པའི་ལྕགས་ཁྱི་ལོ་པ་ཁྱེད་རང་རེད། ལྕགས་ཕག་དགུང་ལྡན་གཉིས་པ་དེ་མགུ་ལོག་ཏུ་འཁྲུངས་རྒྱུ་དེ་རེད་པས་གདན་ས་ལ་ཁྲིར་བཀོད་མངའ་གསོལ་བ་གཉིས་པ་དེ་དགོས་པ་རེད་ཅེས་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་བཀའ་བསྩལ། སྐྱབས་རྗེ་རབ་འབྱམས་གོང་མ་དང་རྒྱལ་ཚབ་རིན་པོ་ཆེའི་དངོས་སློབ་བྱང་ཕྱོགས་སྒོ་མེ་དེང་སྐྱ་ཀ་བཅུ་ཀུན་བཟང་སྙན་གྲགས་རྒྱ་མཚོས་རབ་འབྱམས་རིན་པོ་ཆེའི་སྤྲུལ་སྐུ་གཅིག་ངོས་འཛིན་གནང་བ་མཁས་བཙུན་བཟང་པོའི་ཡོན་ཏན་མངའ་ཞིང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་གྲྭ་སར་ལོ་གསུམ་བཞུགས་ཤིང༌། སྐུ་ཚེའི་སྨད་དུ་ཞེ་ཆེན་དུ་ཕེབས་ནས་བཞུགས་པ་ཞིག་ཀྱང་བྱུང༌། ལོ་དྲུག་ལོན་སྐབས་བྱང་རྫ་རྒྱལ་དགོན་འཇིགས་མེད་རྒྱལ་བའི་མྱུ་གུའི་མཆོག་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེའི་དྲུང་དུ་ཚེ་དབང་ཞིག་ཞུས་པ་དབང་བཤད་སྐབས་རྗེ་ཉིད་ལ་དག་སྣང་ཟངས་མདོག་དཔལ་རིར་ཕེབས་ནས་སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ་དབུ་གསུམ་ཕྱག་དྲུག་ཅན་ཞིག་མཇལ་ཚུལ་གསུངས། ཚེ་དབང་གྲུབ་པ་དང་ལོ་རྗེས་མར་དབུས་གཙང་དུ་གནས་བསྐོར་འགྲོ་རྒྱུ་ཡིན་པས་བཟའ་ཚང་ཐམས་ཅད་ལ་སྐྱབས་འཇུག་ཞུས་པས། བུ་ཆུང་རྒྱ་རྡོག་པ་འདི་ནི་ངེད་གཉིས་ཚེ་རབས་མང་པོར་མི་འབྲལ་བར་སྐྱེ་བ་བླངས་པས་མི་བརྗེད། ངེད་གཉིས་སྐྱེ་བ་འདིའི་སྔ་མར་ཆུ་ཞིག་གི་འགྲམ་དུ་སྦལ་པ་ཞིག་འདུག་པ་བཟུང༌། དཔྱིད་མུ་གེ་ཚེས་དུས་སྦལ་ཁ་བྱེ། །སྟོན་འབྲུ་དྲུག་ཚེས་དུས་སྦལ་ཁ་རུབ། །ཟེར་དར་དུས་ངེད་གཉིས་ནས་སྦལ་པ་ཁ་རུབ་འདུག་པ་ཐུར་མ་ཞིག་གིས་ཕྱེས་པ་དྲན་སོགས་གསུངས་ཏེ། གསོལ་དཀར་སྔོ་ཁྲ་ཆུང་ཆུང་ཞིག་མངར་གསུམ་གྱིས་བཀང་ནས་གནང་སྟེ་ཐུགས་བརྩེ་ཆེན་པོས་བསྐྱངས། དགེ་མང་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ལ་ཡང་མཚམས་སྤྲུལ་རིན་པོ་ཆེས་དེ་ལྟར་གསུངས་པར་གྲགས། དབུས་གཙང་དུ་གནས་སྐོར་འགྲོ་ཁར་མཁས་གྲུབ་འཇམ་དབྱངས་གྲགས་པའི་མདུན་ནས་ཚེ་དབང་དང་ལམ་རིམ་ཡེ་ཤེས་སྙིང་པོའི་ལུང་བཀའ་དྲིན་དུ་ཐོབ། ཀཱི་ལུང་དགོན་དུ་རྒྱལ་སྲས་སེམས་དཔའ་ཆེན་པོ་རྫ་མུ་ར་འཇིགས་མེད་པདྨ་བདེ་ཆེན་བཟང་པོ་ལས་བར་དོའི་དྲུག་ཁྲིད། རིག་འདུས་དང་སྦྲེལ་བའི་རིག་པ་རྩལ་དབང༌། ཡེ་ཤེས་བླ་མའི་སྨིན་ཁྲིད་རྣམས་ཕ་རྒན་ནས་དབྱར་ཆོས་ཞུས་སོང་བ་དང་ཆབས་ཅིག་ཆོས་སྒོ་བཀའ་དོག་པོ་ཡོད་ཀྱང་ཕྲན་སྤྲུལ་སྐུ་ཡིན་པའི་དག་སྣང་གི་གཟིགས་པས་བཀའ་དྲིན་ཐོབ། རང་ལོ་བདུན་མེ་འབྲུག་ལ་དབུས་གཙང་གནས་སྐོར་ལ་འོང་བའི་ལམ་ཁར་བྱང་སྟག་ལུང་དུ་ཕྱིན་ནས་མ་སྤྲུལ་རིན་པོ་ཆེ་མཇལ་ཁ་གནང་བའི་གྲལ་དུ་ཕྱིན་པས་ཁོ་བོའི་མགོ་ལ་ཐལ་ལྕག་སྐུ་ཤུགས་ཕྱུང་སྟེ་ལན་གསུམ་ཞུས། ཕྱིར་ནང་ཕྲན་ཚང་སྐོར་གཟིམས་ཆུང་སྦུག་མཇལ་སྐབས་ཕ་རྒན་གྱི་མཚོན་སྲུང་གྲལ་ཁྱེ་ཡོ་རིག་འཛིན་ཆེན་པོ་ལས་རབ་རྩལ་གྱིས་རླུང་འཚུབས་ཤིག་གི་ནང་ནས་གཏེར་བཞེས་པའི་ཕུར་པ་ཞིག་ཡོད་པ་ཕྱག་གིས་བསྒྲིལ་མཐར་བུ་འདིའི་བསྲུང་བ་དགོས་འདུག་གསུངས་ཏེ་ཕྲན་ལ་གནང༌། ཕ་ལ་བུ་འདི་ཁྱིམ་པ་རབ་བྱུང་གང་བྱེད་ཀྱི་ཡིན་གསུངས་པས་ཁྱིམ་བཟུང་མཁན་ཡིན་ཞུས་སོང་བས། བཞད་མོ་ཆེན་པོ་གནང་སྟེ་འདིས་ཁྱིམ་ག་འདྲ་བཟུང་བ་བལྟ་ཨ། ལོ་ཉི་ཤུ་ནས་ཐག་ཆོད་འོང་གསུངས། ཕྲན་ལ་ལྷ་ས་ནས་སིབ་བུའི་ནད་ཀྱིས་མ་ཤི་ཙམ་བྱུང་བ་མ་རིན་པོ་ཆེའི་ཕྱག་གི་ཐལ་ལྕག་དེས་ཚེ་གེགས་བསལ་བ་ཡིན་ནམ་སྙམ། གཙང་པཎ་ཆེན་ཆོས་ཀྱི་ཉི་མ་དང༌། ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་པ་འཛམ་གླིང་ཆེ་རྒུ་དབང་སྡུད་ལས་ཚེ་དབང་དང༌། སྒྲོལ་མ་ཕོ་བྲང་པ་བདག་ཆེན་ཕྲིན་ལས་རིན་ཆེན་རྗེ་བཙུན་མ། མཚུར་ཕུ་ནས་རྒྱལ་དབང་བཅོ་ལྔ་པ། སྨིན་གླིང་ཁྲི་ཆེན་ཡབ་སྲས་རྣམས་དང་ཞལ་མཇལ་ཐོབ། མཚུར་ཕུའི་དགུ་གཏོར་ཡང་མཇལ། དེ་སྐབས་སིབ་བུའི་ནད་ཀྱིས་འཆི་ལ་ཉེ་བའི་སྐབས། མཆོག་གླིང་གཏེར་སྲས་མཆོག་སྤྲུལ་འགྱུར་མེད་ཚེ་དབང་བསྟན་འཕེལ་གྱིས་སྲོག་བསླུ་ལོ་གྲངས་ཤིག་བསླུས་གསུངས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་བརྒྱ་ཉིན་ཁ་ཤས་གསུངས། མཆོག་གླིང་གཏེར་བྱོན་སྐུ་ཚབ་རིན་པོ་ཆེས་བྱིན་རླབས་ཡང་ཡང་མཛད་པས་ནད་ལས་གྲོལ། ཕ་མ་སྤུན་སྲིང་དང་མཉམ་དུ་དབུས་གཙང་ལྷོ་གསུམ་གྱི་གནས་རྟེན་དང་ཆོས་འཁོར་རྣམ་གསུམ་ཞིབ་མཇལ་མཆོད་འབུལ་བཅས་ཞིབ་རྒྱས་བྱུང་ཡང་ལོ་ཆུང་བའི་སྟབས་ཀྱིས་བྱིས་པས་ལྷ་ཁང་མཐོང་བ་ལ་དགོས་པ་ཆེར་མེད་སྙམ། ཚོགས་མཆོད་སྨོན་ལམ་ཆེན་པོ་རྣམས་ཀྱང་མཇལ། ངོར་ཨེ་ཝཾ་ཆོས་སྡེར་ཕྱིན་པས་ཁང་སར་མཁན་རིན་པོ་ཆེས་ཕྲན་ཁོང་ལ་ཕུལ་དགོས་ཞབས་དྲུང་དུ་འཇོག་པ་ཡིན་གསུངས། ཕྱིས་སུ་ཁམས་སུ་ཕེབས་སྐབས་ཀྱང་དེ་བཞིན་གསུངས་པ་ཕ་རྒན་ནས་ཁྱེད་ཀྱིས་དེ་ལྟར་ནན་ཏན་གསུངས་པའི་རྒྱུ་མཚན་གང་ཡིན་ཞུས་སོང་བ། ངོར་གྱི་དགེ་འདུན་གྱིས་སེར་ཕྲེང་རྒྱས་པ་ཞིག་མཛད་འདུག་པའི་མཐར་ཕྲུ་གུ་ཞིག་གདན་བྱུང་བ་སུ་ཡིན་ན་དགོངས་པས་ཕྱིར་ཉིན་ཕྲན་མདུན་དུ་བྱུང་བས་སེར་ཕྲེང་གིས་བསུ་རྒྱུ་དེ་རེད་འདུག་པས་སྐྱེས་ཆེན་དམ་པའི་སྤྲུལ་སྐུ་ཞིག་ཡིན་ངེས་སྙམ་པ་བྱུང་གསུངས། རང་གི་ཨ་ཁུ་དཔལ་ཡུལ་ཀརྨ་ཡང་སྲིད་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་རང་གི་ཁྱིམ་དེར་ཕེབས་ནས་རྒྱུན་རིང་པོ་བཞུགས། འདི་ཕྱིར་ཕན་པའི་དབང་ཁྲིད་ཞབས་བརྟན་རྒྱ་ཆེར་གནང་ནས་གདན་སར་ཕྱིར་ཕེབས་སྐབས་གཡབ་དར་དེ་རང་གི་ཁྱིམ་དུ་ལུས་སོང་བ་དེ་ཚུར་ལེན་མི་དགོས་ད་དུང་བན་རྒན་ལན་གཅིག་སླེབ་པའི་རྟེན་འབྲེལ་ཡིན་ཞེས་མཆོད་དཔོན་རྒྱལ་རོང་གྲྭ་དགེ་ལེགས་ལ་གསུངས་པ་སྐུ་གཤེགས་པའི་ཕྱི་ལོར་ཁོ་བོ་སྐྱེས་པ་ཀཿཐོག་སི་ཏུ་པཎྜི་ཏས་དེ་ནི་དཔལ་ཡུལ་སྐུ་ཆེན་གྱི་སྤྲུལ་སྐུ་ཡིན་པར་ཕེབས་གསུངས་པས་མཆོད་དཔོན་དགེ་ལེགས་དབུས་གཙང་དུ་ཕེབས་སྐབས་ང་ཨ་མའི་པང་དུ་ཡོད་པར་ཁོ་རང་གི་འཁར་གསིལ་དང་ལྷུང་བཟེད་ཕུལ་ནས་བཞག་འདུག །དགེ་མང་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་སྐུ་གཤེགས་ཁར་རང་གི་ཕ་ལ་ཟངས་ཀྱི་མཆོད་ཆས་ཆ་ཚང་ཞིག་བཟོ་དགོས་བཀའ་ཕེབས་པ་ལྟར་བསྒྲུབས་ནས་ཕུལ་ཞིང༌། སྐུ་ཆས་སྐོར་སློབ་མ་སོ་སོར་བགོ་བཤའ་བྱས་ཏེ་གནང་སྐབས། ཕ་རྒན་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་མགུལ་ཕུར། ཕུད་ཀོང་བཅས་བསྩལ་བ་དང༌། ཨ་འཛོམ་འབྲུག་པ་རིན་པོ་ཆེ་སྣ་ཚོགས་རང་གྲོལ་གྱིས་དགེ་མང་དབོན་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་ཡིན་ཞེས་དགེ་མང་མཁན་ཡོན་ཏན་རྒྱ་མཚོ་ལ་ཕྱག་བྲིས་ཆེད་དུ་བསྩལ། འཕགས་རྣམས་དགྱེས་པའི་ཐུགས་བསྐྱེད་སྨོན་ལམ་ཚན། །འཕོས་ན་དམ་པའི་ཡོན་ཏན་གསལ་དགོས་ཀྱང༌། །བདག་རྒྱུད་ལས་ཉོན་རྡོ་ཡི་གོང་བུ་འདི། །ཁུར་དུ་ལྕི་བས་བཤད་ཀྱང་གདོང་པ་སྐྱེངས། །ས་དཀར་དགོན་གྱི་འདུས་སྡེ་ལ་མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་འོད་གསལ་རིན་པོ་ཆེས་འཇམ་དཔལ་མཚན་བརྗོད་དང༌། མཁྱེན་བརྩེ་རིན་པོ་ཆེའི་སྔོན་འགྲོའི་ཁྲིད་དང༌། མཉན་པ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མས་ཇོ་ལུགས་དུས་འཁོར་གྱི་དབང་ཆེན་གནང་བ་རྣམས་ཐོབ། འདི་སྐོར་ཞིག་ཏུ་མི་ཕམ་འཇམ་པའི་དབྱངས་ཀྱི་ཉེ་གནས་བླ་མ་རིན་པོ་ཆེ་ཤེས་རབ་འོད་གསལ་གྱིས་སྐར་འཛིན་གནང་སྟེ་སྡེ་དགེ་རྒན་ཀརྨ་ཆོས་འཛིན་ཞེས་པས་ཀློག་བསླབ་པས་དཀའ་ངལ་མེད་པ་ཡིག་རིགས་དཀར་ནག་གཉིས་ཀ་ལེགས་པར་ཤེས། ཕ་རྒན་ཆོས་རྒྱལ་སྡེ་དགེའི་དྲུང་ཡིག་ཡིན་པས་ཡི་གེ་འབྲི་རྒྱུ་ཡང་བསླབ་བརྩོན་བྱས། འཇམ་མགོན་བླ་མ་རྣམ་གཉིས་ཀྱི་ཐུགས་སྲས་མཁས་གྲུབ་འཇམ་དབྱངས་གྲགས་པའི་མདུན། གཅེན་བཤད་སྒྲུབ་དང་ལྷན་དུ་རཏ་གླིང་ཕུར་པའི་དབང་ལུང་བཀའ་དྲིན་ཐོབ། ས་ལུག་རང་ལོ་དགུ་པའི་སྟེང་དབྱར་ཨ་འཛོམ་འབྲུག་པ་རིན་པོ་ཆེ་མཇལ། ཕྲན་ལ་བར་ཆད་ཆེན་པོ་འདུག་པས་སྐྲ་བཅད་ནས་ཁོང་ཕྱག་དྲོན་པོ་ཡིན་པས་དགེ་བསྙེན་ཞིག་གནང༌། ཚེ་དབང་ཞིག་དང་བླ་བསླུ་ཚད་ལྡན་ཞིག་དགོས་འདུག་གསུངས་ནས་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་མཛད། ཚེ་མདའ་འདི་ལ་ཚད་ཅིག་སྟོན་གསུངས་པ་ཚེ་པྲ་བརྟགས་དགོས་གསུངས་ཏེ་ཕྲན་ནས་མདའ་ཚད་དེ་ཕྱག་གིས་འཐེན་ནས་གནང་བྱུང་བས་སོར་ལྔ་ཐུང་དུ་སོང༌། དགོངས་པ་ཚོམས་ཏེ་མཆོད་དཔོན་སྲས་འགྱུར་མེད་རྡོ་རྗེ་ལ་བཀའ་བཀྱོན་དང་བཅས་ཏེ་སླར་དགོངས་པས་གཟིར་ཏེ་ཚེ་འགུགས་ཚར་གཅིག་གསུངས་མདའ་འཐེན་ནས་གནང་བ་སོར་ལྔ་རིང་དུ་སོང༌། བླ་ལུག་ལ་ལྟ་སྟངས་མཛད་པས་རང་བཞིན་གྱིས་བསྐོར་བས་ཀྱང་ཁ་རང་ཕྱོགས་སུ་ལེགས་པར་བསྐོར་སོང་བས་ད་རྐྱེན་ཆགས་ཆེན་པོ་འདུག་ཀྱང་དམུ་གབ་མི་འདུག་པས་མ་སྐྱོན་ཙམ་འོང་གསུངས། དགེ་བསྙེན་ཞིག་གནང་སྐྲ་ཕུད་བཞེས་མིང་ཨོ་རྒྱན་བསྐྱབས་ཞེས་གནང་སྟེ་གུ་རུ་རིན་པོ་ཆེ་ལ་སྐྱབས་བཅོལ་བ་ཡིན་གསུངས། ཕ་རྒན་དང་གཅེན་བཤད་སྒྲུབ་གཉིས་ལ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་ཀུན་གཟིགས་མཁྱེན་བརྩེའི་ཁྲིད་བསྡུས་དང་སྦྱར་བའི་སྨིན་ཁྲིད་ཞིབ་རྒྱས་སུ་བསྩལ། ཁོ་བོ་ལ་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་ལས་ཀློང་སྙིང་གི་སྨིན་གྲོལ་ཡོངས་རྫོགས་གསན་པ་དང་ཀུན་མཁྱེན་ཡབ་སྲས་ཀྱི་ཡེ་ཤེས་སྐུས་རྗེས་སུ་བཟུང་བས་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་ཡོད་ཚུལ་བཀའ་འཕྲོས་སུ་བསྩལ། ཞེ་ཆེན་དུ་ཕྱིན་ནས་རྒྱལ་ཚབ་རྡོ་རྗེ་འཆང་གི་གསེར་ཞལ་མཇལ། ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་སྨིན་གྲོལ་ལུང་བཅས་གཅེན་བཤད་སྒྲུབ་ལ་བསྩལ་བར་ལྷན་ཅིག་བཀའ་དྲིན་ཐོབ། རྗེ་བླ་མ་མི་ཕམ་འཇམ་པའི་དབྱངས་ཀྱི་གདུང་རྟེན་ཐུགས་དམ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མདུན་སྨོན་ལམ་ཟབ་རྒྱས་དང༌། དེའི་སྐུ་ལས་བབ་པའི་བདུད་རྩི་རིལ་བུ་བཅས་བསྩལ། དེ་ནས་རུ་དམ་རྫོགས་ཆེན་དགོན་གྱི་ཡང་དབེན་ཚེ་རིང་ལྗོངས་སུ་ཕྱིན་ནས་མཁན་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇིགས་མེད་པདྨ་བློ་གསལ་ལམ་དཀོན་མཆོག་གྲགས་པ་ལས། གཅེན་བཤད་སྒྲུབ་བསྟན་འཛིན་གྱིས་རིང་ནས་གསོལ་བ་བཏབ་པ་བཞིན་སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཆེན་དང༌། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་རྩ་པོད་གཉིས་ཀྱི་དབང་ཐོབ། རིག་འཛིན་འདུས་པ་དབང་རྒྱས་པ་རྡོ་གྲུབ་གསུང༌། ཚེ་དབང༌། ཡུམ་བཀའི་ཚེ་དབང༌། སེང་གདོང༌། དཔལ་ཆེན། ཁྲག་འཐུང་རིགས་བཞི། ཞི་ཁྲོ་ངན་སོང་སྦྱོང་བ། སྡུག་བསྔལ་རང་གྲོལ་ལ་ཉི་གྲགས་ཀྱི་སངས་རྒྱས་སྟོང་དབང་དང་བཅས་པ། ཡང་གསང་བླ་སྒྲུབ། ཡེ་ཤེས་བླ་མའི་སྨིན་ཁྲིད་རིག་པའི་རྩལ་དབང༌། མ་མགོན་དང་ཚེ་རིང་མའི་སྲོག་གཏད་བཅས་ཞིབ་པར་བསྩལ། ཕྲན་ལ་མཁན་རིན་པོ་ཆེས་ཐུགས་བརྩེ་ཆེན་པོས་ཉིན་རེ་བཞིན་ཁ་མངར་གྱི་སྐྱེས་བསྩལ། ལུང་རྣམས་རྫོགས་ཆེན་མཁན་ཐུབ་བསྟན་སྙན་གྲགས་ལས་ཞུས། རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་སྤྲུལ་གཞན་ཕན་ཆོས་ཀྱི་སྣང་བའི་མདུན་ནས་ཚེ་མདོའི་ལྗགས་ལུང་ཐོབ། མཁན་རིན་པོ་ཆེ་གཞན་དགའ་ཤྲཱི་སེང་བཤད་གྲྭའི་མཁན་པོར་བཞུགས་པ་དང་མཇལ་བས་གཡང་ཊིའི་བཞེས་དཀར་བཅུད་ལྡན་བསྩལ། དེ་སྐབས་རང་གི་ཁྱིམ་ལའང་བྱི་བ་མང་པོ་གཅིག་གི་མཇུག་ཏུ་གཅིག་མཐུད་པ་ཐག་པ་ལྟར་སྦྲེལ་ནས་འོང་བ་སོགས་ཐན་ལྟས་ཁ་ཤས་བྱུང་བ་ཨ་འཛོམ་འབྲུག་པ་རིན་པོ་ཆེའི་དབུས་ལྷ་བླའི་དགོངས་བརྟགས་རྩུབ་པ་ལྟར། དགུན་ཐོག་དེར་དགོང་མོ་ཐབ་ཆེན་ཁར་ཤིང་ཕྱེ་སྐམ་པོའི་མེ་ཞགས་འཕེན་སྟངས་ཀྱི་རྩེད་མོའི་རྐྱེན་བྱས། མི་མང་ལས་བྱེད་ལ་སྟེར་རྒྱུའི་རྩམ་ཐུག་ཚ་མོའི་ནང་ལྷུང་སྟེ་བརླ་གཡས་པ་ཐམས་ཅད་ཆུ་བུར་གྱིས་གང་བ་ལ་ཟུག་མི་བཟད་པས་མནར་བ་ལ་འཇམ་མགོན་རྣམ་གཉིས། དཔལ་སྤྲུལ། མི་ཕམ་རིན་པོ་ཆེ། དབོན་བསྟན་འཛིན་ནོར་བུ་རྣམས་ཀྱི་དངོས་སློབ། མ་ཎི་དང་ཨ་ར་པ་ཙ་དུང་ཕྱུར་སོགས་བཟླས་བརྗོད་ཕུལ་དུ་ཕྱིན་ཅིང༌། མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་ཏུ་མངའ་ཞིང་ནད་བརྒྱ་སྔགས་གཅིག་གི་རིགས་ཐམས་ཅད་འབུམ་ཕྲག་ཁ་ཤས་གསུངས་པའི་བླ་མ་རིག་འཛིན་ཐེག་མཆོག་སྲོད་ལ་གདན་དྲངས་ནས་སྔགས་ཆུ་ཐེངས་ཁ་ཤས་བཏབ་པས་ན་ཟུག་གི་དབལ་ཆག །རྗེ་བླ་མ་མི་ཕམ་རིན་པོ་ཆེའི་ཐུགས་ཟིན་རིམ་གྲོ་བ་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་ནས་སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་མདོས་དང་འཆི་བསླུ་མཛད། དགེ་མང་དབོན་བསྟན་འཛིན་ནོར་བུའི་སློབ་མ་ཀུན་དགའ་དཔལ་ལྡན་གདན་ཞུས་ཏེ་ཚངས་སྤྱོད་དགེ་བསྙེན་བསྩལ། ཚེ་སྒྲུབ་ཟླ་བ་གཅིག་ཏུ་མཛད། སྤྱིར་རང་ཉིད་བསམ་འགོ་ཟིན་ནས་རབ་བྱུང་ལ་དགའ་བ་ཞིག་ཡིན་པས་ཕ་རྒན་ནས་ཁྱེད་རང་སེམས་ལ་ད་རེས་རྐྱེན་ངན་འདི་ལ་ཞབས་བརྟན་གང་བྱས་ན་ཕན་བསམ་གྱི་འདུག །ཁྱོད་མ་ཤི་ཙམ་བྱུང་ན་ཞབས་བརྟན་གང་དགོས་སྒྲུབ་ངེས་ཟེར་བ་དང༌། གྲྭ་བ་གྱིས་གཟན་ཤམ་གྱོན་ན་ཕན་འོང་སྨྲས་པས། དེ་བཞིན་བགྱིད་པར་ཁས་བླངས། སེམས་དགའ་དྲགས་ནས་ཕྲན་ལ་ཆོས་གོས་ཞིག་བསྐོན། མགོ་སྔས་འདིར་ཌཱ་དྲིལ་ཞིག་ཞོག །སང་ཉིན་ནམ་ལངས་པ་དང་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་ནས་སྐྲ་འབྲེག་དགོས་ཟེར་བ་ལྟར་བྱས། མ་རྒན་ནས་དོ་ནུབ་གྲོངས་བ་མིན་ནམ་སྙམ་པའི་དོགས་པ་སྐྱེས་ནས་ངུས་སྐད་ཟེར། ཟླ་བ་དྲུག་གི་བར་ཉལ་སར་ལྷུང་ནས་གློ་གཡོན་པ་ཁོ་ན་ས་ལ་ཕབ་པས་དཔྱི་ཁག་རྨར་སོང་བ་སོགས་བྱུང༌། དགེ་འདུན་གྱི་སྡེ་སོ་སོར་བསྙེན་བཀུར། སྲོག་བསླུ་ཁྲི་ཕྲག །སྐུ་ཞབས་དགེ་མང་དང་མཁན་རིན་པོ་ཆེ་བློ་གསལ་རྣམས་ཀྱི་མདུན་ཆེད་མངགས་ཀྱི་ཚེ་སྒྲུབ། ཁྱད་པར་གཅེན་སངས་རྒྱས་མཉན་པ་རིན་པོ་ཆེ་ལོ་གསུམ་བཅད་རྒྱར་བཞུགས་ཡོད་པས་ཇོ་ལུགས་སྒྲོལ་དཀར་གྱི་ལྗགས་བསྙེན་ཕྲན་ལ་ཆེད་དུ་མཛད་པའི་མནལ་ལམ་དུ་ནམ་མཁའ་ཤིན་ཏུ་དྭངས་པར་རི་དྭགས་ཤ་ར་བྷ་ཞིག་གནས། མདུན་དུ་འོད་དཀར་པོ་ཞིག་གི་ནང་མེ་ཏོག་ཨུཏྤ་ལ་དཀར་པོ་ལོ་འདབ་རྒྱས་པ། རི་དྭགས་ཀྱི་མཇུག་མའི་ཕྱོགས་སུ་སྤྲིན་དཀར་པོའི་གཡུང་དྲུང་གཡས་བསྐོར་ཡོད་པ་ཞིག་གསལ་བར་གཟིགས་པ་ཕྱག་གི་རི་མོ་ཚོན་ལྡན་བཀོད་པ་དང༌། བུམ་ཆུ། ཚེ་རྫས་བཅས་གནང་ནས་ད་རེས་གཅུང་ཚེ་གེགས་ལས་གྲོལ་བ་ཡོད་ཅེས་ཕྱག་བྲིས་བསྩལ། ནད་ལས་གྲོལ་དུ་ཉེ་བ་དང་མཁན་གཞན་དགའ་རིན་པོ་ཆེ་ཁྱིམ་དུ་ཕེབས་པ་དང་མཇལ། སྤྲུལ་སྐུའི་སྙུན་གཞི་འདི་རྐྱེན་ངན་དགེ་བའི་བསྐུལ་མ་ཞེས་པ་དེ་རེད། མདོ་མཁྱེན་བརྩེས་རྡོ་གྲུབ་ཆེན་གྱི་གསང་མཚན་གསུངས་ཏེ་ང་བླ་མ་དེའི་མདུན་དུ་འགྲོ་དགོས། བླ་མ་དེའི་རྩར་མ་སླེབ་ན་ཕ་ཡུལ་དུ་འགྲོ་གི་ཡིན་ཞེས་ཕ་མ་ལ་གསུངས་པ་རེད། ཕ་ཡུལ་ནི་ཟངས་མདོག་དཔལ་རིར་གསུངས་པ་རེད། དེ་བཞིན་སྤྲུལ་སྐུ་རབ་ཏུ་བྱུང་འདུག་པ་ཤིན་ཏུ་ལེགས། ཕྲན་སྐྱེ་དགུ་དོན་གྲུབ་གླིང་དུ་ངོར་དཔོན་སློབ་བློ་གཏེར་དབང་པོའི་བཀའ་བཞིན་བཤད་གྲ་བཙུགས་པར་འགྲོ་གི་ཡོད། དེ་ཕྱོགས་སུ་ཕེབས་ན་གཞུང་བཤད་ཐམས་ཅད་ངས་ཕུལ་ཆོག །མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྐུ་ཆུང་དུས་འབྲི་གུང་དུ་བཞུགས་སྐབས་བཀའ་སྲུང་དྲང་སྲོང་ཁྱབ་འཇུག་ཆེན་པོ་དངོས་སུ་འོངས་ནས་དཔེ་ཆ་བསླབ་དགོས་པར་ཞུས་པ་བཞིན་བསྟན་འཛིན་སྐྱེས་བུ་ཞིག་ཡིན་ཕན་ཆད་ཐོས་བསམ་རྒྱ་ཆེན་ཞིག་ངེས་པར་དགོས་ཡང་ཡང་གསུངས་པས་ནད་ལས་གྲོལ་བ་དང༌། ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གཟིམ་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་དུ་གཅེན་བཤད་སྒྲུབ་དང་ལྷན་དུ་ཚེ་སྒྲུབ་གསང་འདུས་ཡང་གསང་གུད་སྦས་ཀྱི་མཚམས་བདུན་ཕྲག་ལྷག་ཙམ་བསྡད། དེ་གྲོལ་ནས་དགེ་བའི་བཤེས་གཉེན་གཉིས་པ་གཅེན་བཤད་སྒྲུབ་བསྟན་འཛིན་དང་ལྷན་ཅིག་སྐྱེ་དགུ་དོན་གྲུབ་གླིང་དུ་ཕྱིན། མཁས་བཙུན་བཟང་པོའི་ཡོན་ཏན་མཚུངས་ཟླ་མ་མཆིས་པ་གཞན་ཕན་ཆོས་ཀྱི་སྣང་བའི་མདུན་དུ་ཕྱིན། ཐུགས་བརྩེ་ཚད་མེད་པས་རྗེས་སུ་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་ཡིད་བཞིན་ནོར་བུ་ཐོས་བསམ་བྱེད་པའི་སྐལ་བཟང་ཐོབ། ཐོག་མར་སྤྱོད་འཇུག་དབུ་ནས་བསླབ་དུས་ག་འདྲ་ཤེས་ཀྱི་འདུག་ལྟོས་ཞེས་སློབ་མ་ཐེངས་གསུམ་ཙམ་བཏང༌། ཕྱིར་ཉིན་རྒྱུགས་ཕུལ་བས་ཤིན་ཏུ་མཉེས་ཚོར་ཆེན་པོ་མཛད། དཔལ་སྤྲུལ་རིན་པོ་ཆེས་སྤྱོད་འཇུག་གཟིགས་དུས་ཉིན་རེར་ཤོ་ལོ་ཀ་རེ་རེ་ལས་མང་པོ་གཟིགས་མ་བྲ་བ་རེད་པས་ངས་ཀྱང་ཉིན་རེར་ཤོག་བུ་རེ་རེ་ལས་མི་གསུང་པ་ཡིན་གསུངས་པ་རང་གིས་ཀྱང་ཉིན་རེ་གསུངས་པ་དེ་རྩ་འགྲེལ་བྱས་ཏེ་བཤད་པ་ཚར་བརྒྱ་རེ་དགེ་རྒན་ནས་བྱེད་བཅོལ་བ། ཉིན་གུང་ཆུ་ཚོད་གཅིག་ཙམ་དུ་རྩེད་མོ་བྱེད་ཆོག་གི་ཡོད་པ་དེས་ཡིན་ནམ་སེམས་སུན་པ་སོགས་གཏན་ནས་མ་བྱུང༌། ཀློག་ལེགས་པོ་ཡོད་པས་མཁན་རིན་པོ་ཆེར་ཉིན་རེ་བཞིན་རྒྱུགས་འབུལ་ཞུ་དགོས་ཀྱང་རྒྱུགས་མི་འཕྲོད་པ་གཅིག་ཀྱང་མ་བྱུང༌། ལུག་ལོའི་ས་ག་ཟླ་བའི་ཚེས་༡༥ལ་ཡིན་སྙམ་སྐྱེ་དགུའི་བཤད་གྲྭའི་ཇོ་བོའི་མདུན་ནས་མཁན་རིན་པོ་ཆེའི་དབུས་དགེ་འདུན་ལྔ་ཚོགས་ཀྱིས་དགེ་ཚུལ་གྱི་སྡོམ་པ་རང་དང༌། གྲོགས་མཆེད་སྒ་པ་ཐར་ལམ་དགོན་གྱི་གྲྭ་ཆུང་བྱམས་པ་རིན་ཆེན་ཞེས་པ་ལ་གནང༌། རང་ལ་གོས་ཆེན་གཡུང་ལག་གི་ཆོས་གོས་ཞིག་གནང༌། མིང་འཇིགས་མེད་རབ་གསལ་ཟླ་བ་མཁྱེན་རབ་བསྟན་པ་དར་རྒྱས་ཞེས་བསྩལ། ཤེས་རབ་ཆེ་བས་དཔེ་ཆ་ཤིན་ཏུ་མཁས་པ་འོང་ངེས་ཞེས་མཁན་རིན་པོ་ཆེས་དངོས་དང་བརྒྱུད་ནས་དྲིལ་སྙན་པར་བསྒྲགས་མཛད་ཀྱང་ད་ལྟ་དཔྱད་དུས་ཚིག་བྱང་བ་ཙམ་ལས་ལོ་ཆུང་བས་གོ་བ་ལེགས་པོ་ལོན་མི་འདུག །ཕྲན་སྔ་མ་ལུས་མེས་ཚིག་པ་ཡར་སོས་ཀྱང་ཆུ་སེར་གྱིས་ཟ་འཕྲུག་རྟག་པར་ལྡང་གི་འདུག་པས་དེ་ལ་ཕན་པའི་ཆུ་ཚན་ཀྱང་ཡོད། རྒྱ་མ་རྡོ་ཐི་གངས་དཀར་གུ་རུ་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་རེད་པས་སྤྱོད་འཇུག་མཐའ་དེ་མདུན་རྫོགས་པར་བྱས་ན་ལེགས་གསུངས་ཏེ་གནས་མདུན་དུ་ཕེབས་ནས་མཐར་བཏོན། འདི་སྐབས་ཤིག་བན་ཆེན་འབྲོང་པ་བླ་མ་ཚེ་དབང་རྒྱལ་མཚན་ཕྲན་ལ་ཤིན་ཏུ་བརྩེ་བས་ཁྱོད་རང་བླ་མ་ཞིག་བྱུང་ན་བསམ་པའི་རེ་བ་ཡོད་པས་ད་རབ་ཏུ་བྱུང་བ་ལེགས་པོ་རེད་འདུག་གསུངས་ནས་ལྕགས་ཀྱི་རྒྱ་ལྷུང་ཆུང་ངུ་སྤུས་ལེགས་ཤིག་ཤུབ་བཅས་སྟེར་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེས། བླ་མ་བསྟན་འཛིན་ཆོས་རྒྱལ་མདུན་བཅར་བས་རྒུན་འབྲུམ་ཤེལ་དམ་གང་གནང༌། ད་བླ་མ་རེད་འདུག་གསུངས། དགུན་རང་ཁྱིམ་དུ་འབྱོར་འཕྲལ་ཨ་མ་ལ་སྤྱོད་འཇུག་ལེ་བཞི་མ་ཞིག་ཤོད་གསུངས་པ་ལྟར་བཏོན། འདན་ས་དཀར་དགོན་ས་སྐྱའི་ཞུ་ཆེན་ལོ་ཙཱ་ཚུལ་ཁྲིམས་རིན་ཆེན་གྱི་གདན་ས་བསམ་འགྲུབ་གླིང་དུ་གཏན་ཆགས་ནས་ལོ་བརྒྱད་ནས་སྤྱོད་འཇུག་བཤད་པ་ཡིན་ཞེས་བསྒྲག་ཆོག་གསུངས། དཔལ་སྤུངས་ཀྱི་གྲྭ་བ་ཐུགས་ཉམས་ཆུང་བ་ཡོན་ཏན་ཆེ་བ་ཀརྨ་ཚུལ་ཁྲིམས་ཞེས་པ་རང་དང་མཉམ་དུ་དཔེ་ཆ་སྐྱོར་དཔོན་བཏང་མཛད་བྱུང་བས་ཞིབ་ཁྲིད་གནང་སོང་བས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པའི་ལེའུ་མཚན་དང་དོན་མཐུན་པ་ལོས་ཡིན་སྙམ་པའི་ངེས་ཤེས་སྐྱེས་པ་སོགས་སྔར་ལས་གོ་བ་ཅུང་ཟད་བཟང་དུ་སོང༌། སྤྱོད་འཇུག་ཤེར་ལེའུ་དཀའ་གནད་ཅེས་རྒྱས་བཤད་ལྟ་བུའི་རྒྱུགས་ཕུལ་བས་ཀརྨ་ཚུལ་ཁྲིམས་ཁྱེད་ནས་སྤྲུལ་སྐུ་འདི་ལ་དཔེ་ཆ་ལེགས་པར་བསླབ་འདུག་པས་ང་ལ་གསེར་ནོར་གྱི་ཐེ་ཤེད་ཙམ་ཕུལ་བ་ལས་དགའ་ཞེས་མཉེས་ཚུལ་མཛད། དེ་སྐབས་ཞིག་རང་མཆོད་ཁང་དུ་ཟངས་མདོག་དཔལ་རིའི་ཞིང་བཀོད་ཅིག་ཡོད་པ་དེ་ཡང་ཡང་མཇལ་བས་དྲན་སོས་ལྟར་གྱུར་ནས་རང་གི་རྩེད་གྲོགས་ཕྲུ་གུ་ཞིག་ལ་དོ་དགོང་ཟངས་མདོག་དཔལ་རིར་འགྲོ་གི་ཡིན་བྱས། ཉལ་ཁར་ཞིང་ཁམས་ཡིད་ལ་བྱས་མིན་མ་དྲན་ཀྱང་རྨི་ལམ་དུ་ཟངས་མདོག་དཔལ་རི་རེད་ཟེར་བའི་ཁང་བཟང་ཞིག་ཏུ་སླེབ། གུ་རུ་དང་མི་ཕམ་རིན་པོ་ཆེ་ལམ་ཙམ་མཇལ། མི་ཕམ་གྱི་བཞུགས་ཁྲིའི་འོག་དེར་ཁྲི་གདན་གྲུམ་སྟོང་པ་ཞིག་འདུག་པ་དེར་སྡོད་གསུངས་པས་བསྡད་མ་ཐག་ཁྱེད་ཀྱི་ཡི་དམ་འདི་ཡིན་གསུངས་ཏེ་གཤིན་རྗེ་ཚེ་བདག་གི་གསེར་སྐུ་སོར་ལྔ་ཙམ་གནང་བ་རང་གི་མདུན་ལྕོག་སྟེང་བཞག་པ་ཞིག་དྲན་བྱུང༌། དེ་སྐབས་དག་ཡིག་དང་སུམ་རྟགས་མི་ཤེས་ཀྱང་སྤྱོད་འཇུག་བལྟས་ནས་གནས་ཚུལ་ཡི་གེ་བཏང་དུས་བརྡ་མ་དག་པ་མེད་པ་སོགས་བྱུང་འདུག་ཅེས་གཅེན་མཉན་པ་རིན་པོ་ཆེས་གསུངས། སྤྲེལ་ལོར་སླར་སྐྱེ་དགུར་ཕྱིན་ནས་མཁན་རིན་པོ་ཆེས་དབུ་མ་འཇུག་པའི་བཤད་ཁྲིད་སློབ་མ་དགེ་འདུན་སུམ་བརྒྱ་ལྷག་ཙམ་ལ་གནང་བ་དང་མཉམ་དུ་ཞུས། རང་གཅིག་པུས་ཉིན་རེ་བཞིན་རྒྱུགས་ཕུལ། སློབ་མ་མང་པོའི་གྲལ་དུ་རྒྱུགས་འབུལ་ཐེངས་གསུམ་ཙམ་ཕུལ་བས་མཁན་ཆེན་མཆོག་གིས་ལེགས་སོ་དང༌། ཆོས་གྲོགས་གཞན་རྣམས་ཧ་ལས་པའི་ཚུལ་བྱུང༌། དེ་ཉིད་དགེ་རྒན་ཀརྨ་ཚུལ་ཁྲིམས་ཀྱིས་རྒྱས་འགྲེལ་གནང་བ། གཅེན་བཤད་སྒྲུབ་ནས་མཆན་བཏབ་པ་ལེགས་པོ་བཏོན་པ་ལས་རང་སྟོབས་ཀྱིས་རྒྱས་འབྲེལ་ནུས་པ་དང་གོ་བ་གཏིང་ཕྱིན་པ་གཏན་ནས་མེད། གཅེན་བཤད་སྒྲུབ་ཀྱིས་དཔལ་སྤྲུལ་རིན་པོ་ཆེའི་སློབ་མ་རྣམས་ཀྱིས་དང་པོ་གཞུང་རྩ་བ་འབྲུ་མནན་སྟེ་གོ་བ་ལེན་འབྲུ་འགྲེལ་བྱེད། དཔེ་ཆ་ལས་དང་པོ་རྣམས་ནས་འགྲེལ་བའི་རྒྱས་བཤད་བལྟས་ན་གོ་བ་འཐོར་འགྲོ། ས་བཅད་བློ་ལ་ཟིན་པས་སྤྱི་དོན་ཁོང་དུ་ཆུད་པར་བྱས། དེ་ནས་འགྲེལ་པ་བལྟས་ན་སློབ་གཉེར་གོ་ཆོད་པ་འོང༌། དེང་སང་ས་བཅད་མེད་པའི་མཆན་འགྲེལ་འདི་མང་དྲགས་གོ་བ་ལེགས་པོ་འོང་མི་འདུག་པས་དཔེ་ཆ་སྦྱང་བརྩོན་སྔ་མ་བཞིན་གལ་ཆེ་བའི་བསླབ་སྟོན་གྱིས་ཤིན་ཏུ་ཕན་པ་བྱུང༌། དབུ་མ་འཇུག་པའི་འགྲེལ་མཆན་ཕྱག་དཔེ་གཉིས་གནང་ཐབས་ཕ་རྒན་ནས་དཔལ་སྤུངས་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་མདུན་ཞུ་ཡིག་ཕུལ་བས་ཕྱག་དཔེ་སྤུས་དག་ཆ་གཉིས་གསོལ་བསྩལ་བྱུང༌། རྒྱ་ནག་མ་ཎི་ཐུགས་ཆེན་ཡི་གེ་དྲུག་པའི་རྡོ་ཕུང་མཐོང་གྲོལ་རི་ལྟ་བུའི་ཆེ་ལེགས་ཞིག་ཡོད་པ་མཁན་ཆེན་གཞན་དགའ་རིན་པོ་ཆེ་ཕེབས་ནས་རང་ཡང་ཕྱིན་ཅིང་མདོ་སྡེ་ཟ་མ་ཏོག་གི་བཤད་ལུང་ཀྱང་ཐོབ། བར་ལམ་ཞིག་ཏུ་མཁན་ཆེན་གཞན་དགའ་རིན་པོ་ཆེས་ཐུབ་དབང་གི་སྐུ་རྒྱ་གར་ཤར་ལི། དབོན་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཕྱག་དཔེ་རྫོགས་ཆེན་སེམས་ཉིད་ངལ་གསོའི་དོན་ཁྲིད་དང༌། ཀློང་ཆེན་སྙིང་ཐིག་གི་བསྐྱེད་རྫོགས་རྫོགས་ཆེན་གཅོད་དང་བཅས་པའི་ཁྲིད་དཔེ་དང༌། ཀུན་མཁྱེན་བླ་མའི་གསུང་མགུར་སྐོར་དབོན་རིན་པོ་ཆེ་རང་གི་ཕྱག་བྲིས་མང་ཙམ་བཅས་བྲིས་པ་པོད་གཅིག །གཞུང་ཆེན་རྣམས་ཀྱི་ས་བཅད་བྲིས་མ་པོད་གཅིག །ངོར་ཤར་ཆེན་མི་འགྱུར་རྒྱལ་མཚན་གྱི་ཕྱག་དྲིལ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཁོང་ལ་གནང་བ་ཡིན་ཞེས་རྒྱ་དྲིལ་སྤུས་ལེགས། བ་སོའི་ཌཱ་རུ་གསེར་གྱི་སྐེད་དཀྲིས་ཅན་བཅས་གསང་རྒྱ་ལྟ་བུས་གནང༌། དགུན་ཕྱོགས་སྡེ་དགེ་ཁྲོ་ཟིལ་ཁྲོམ་གྱི་མདུན་རྒྱ་བོ་ཕུ་ཞེས་པ་སྡེ་དགེ་རྒྱལ་པོའི་སྐུ་མཆེད་ཐང་རྒྱལ་གྱི་སློབ་མ་གྲུབ་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྒྲུབ་གནས་སུ་ད་ནི་མི་ཚེར་འདིར་རང་གཅིག་པུ་མཚམས་ལ་འདུག་རྒྱུའི་དམ་བཅའ་ཡིན་ཀྱང༌། སྤྲུལ་སྐུ་འདི་ལ་དཔེ་ཆ་ངས་མཐར་མ་བཏོན་ན་མི་རུངས་པས་ཟླ་བ་དང་པོའི་ཚེ་དབོན་རིན་པོ་ཆེའི་དུས་ཆེན་གྱི་སྟེང་བསླེབས་པར་གྱིས་གསུངས། དབེན་གནས་དེ་རུ་མཚམས་ཁང་ཞིག་ཀྱང་བཟོས་ཞེས་ཕ་རྒན་ལ་བཀའ་གནང༌། བཀའ་བཞིན་དུས་ཚེས་དེ་སྟེང་རྒྱ་ཕུའི་རི་ཁྲོད་དུ་ཕྱིན་པས་རྫོགས་ཆེན་མཁན་པོ་དགེ་ལེགས་རྣམ་རྒྱལ་དང་ཤྲཱི་སིངྷའི་བཤད་གྲྭ་ཐམས་ཅད་ནས་སེར་ཕྲེང་གིས་བསུས། གཟིམ་ཆུང་དུ་ཕྱིན་པ་དང་མཁན་རིན་པོ་ཆེས་དགུན་ཕྱོགས་དེར་རྟག་པར་སྒྲུབ་གནང་བའི་སྨེ་བརྩེགས་ཁྲུས་ཆུས་ལུས་ཐམས་ཅད་བཀྲུས་ནས་བྱབ་ཁྲུས་གནང༌། ན་བཟའ་ཆ་ཚང་གསར་པ་གནང༌། དེ་ཉིན་དཔལ་ཆེན་འདུས་པའི་ཚོགས་འཁོར་ཤིན་ཏུ་རྒྱས་པ་གནང་ནས་མཁན་རིན་པོ་ཆེའི་གོང་དེར་སྡོད་དུ་བཅུག །སྐུ་མདུན་དུ་མཐོ་དམན་མཁས་བཙུན་སུ་བྱུང་ཡང་ངའི་བླ་མའི་སྤྲུལ་སྐུ་མཇལ་དུ་སོངས་གསུངས། དགེ་མང་དབོན་རིན་པོ་ཆེའི་དངོས་སློབ་ཀུན་སྤང་རྣལ་འབྱོར་ཆེན་པོ་ཀུན་དགའ་དཔལ་ལྡན་ནས་ལི་ཡི་མཎྜལ་ཆེ་ལེགས་ལྕགས་རི་ཏོག་དང་བཅས་པ་བསྩལ་ནས། སྤང་ལྗོངས་ཤིག་ཏུ་སྦྲ་ཁྱིམ་ལ་བརྟེན་ནས་བསྡད། ཀློང་སྙིང་གི་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་བཤད་ཁྲིད་གནང༌། སེམས་བསྐྱེད་ཀྱི་ཁྲིད་ལ་སླེབ་པ་དང་དོན་དམ་སེམས་བསྐྱེད་སེམས་ཁྲིད་འདེབས་པའི་ཕྱག་སྲོལ་ཡོད་གསུངས་ནས་ལུས་ངག་ཡིད་གསུམ་གཙོ་གང་ཆེ་ལྟོས་གསུངས་པས་སེམས་གཙོ་ཆེ་འདུག་ཞུས། སེམས་ཅི་ལྟ་བུ་འདུག་ལྟོས་ཤོག་གསུངས་པས། སྦྲ་ཁྱིམ་དང་ཐག་ཉེ་བར་བྲག་སྐྱིབས་འོག་ནེའུ་གསེང་ཉམས་དགའ་བ་ཞིག་ཏུ་ཅུང་ཟད་བལྟ་ཁུལ་བྱས་པས་སེམས་གསལ་སྟོང་ཞིག་ངོས་ཟིན་སྣང་ཤར་བས་དེ་ལྟར་ཞུས་པ་ཕྱིས་རྗེ་བླ་མ་གཞན་དགའ་རིན་པོ་ཆེའི་མཆེད་གྲོགས་བླ་མ་རྫོགས་ཆེན་པ་ཀུན་དགའ་དཔལ་ལྡན་ལ་བཀའ་མོལ་གནང་བས་བླ་མ་གཉིས་ཀས་སྔོན་སྦྱང་ཡོད་པའི་སྐད་ཆ་རེད་གསུངས་ནས་ངོ་མཚར་བའི་བསྟོད་བསྔགས་མཛད་ཀྱང༌། སྔར་དབུ་མ་ཅུང་ཟད་སྦྱངས་པའི་གོ་ཐོས་ཀྱིས་སེམས་གསལ་སྟོང་རེད་སྙམ་པའི་རྣམ་རྟོག་ཞིག་ཤར་བ་ཞུས་པ་ལས་ཀུན་གཞིའི་རྣམ་ཤེས་ཙམ་ཡང་མྱོང་བས་ངོས་ཟིན་མེད་འདྲ་སྙམ། དེ་སྐབས་ཤིག་རང་ལ་གཡོག་པོ་ཞིག་ཡོད་པས་དེ་ལ་རྡེའུ་དཀར་ནག་མང་པོ་ཁུར་ཤོག་ཟེར་ནས། བྲམ་ཟེ་སྒྲ་གཅན་འཛིན་གྱི་རྣམ་ཐར་བཞིན་བསླབ་དགོས་སྙམ་པ་སོགས་བག་ཆགས་བཟང་པོ་ཅུང་ཟད་ཡོད་པ་ལྟར་བྱེད། དུས་རྟག་པར་རྗེ་བླ་མའི་མདུན་དུ་ཕྱིན་ནས་མངར་གསུམ་སོགས་བསྩལ་ཞིང་དགྱེས་པའི་བཀའ་མོལ་ཡང་ཡང་གནང༌། རེས་གཟིམ་ཆུང་གི་མདུན་སྤང་ལྗོངས་ཆུང་ངུ་ཞིག་ཡོད་པ། མེ་ཏོག་གི་ལྡུམ་ར་ཡོད་པ་དེར་བྲ་བ་དང་བྱིའུ་སླེབ་སྐབས་རྡེའུ་ཆུང་ངུ་མཁན་རིན་པོ་ཆེ་དང་རང་གཉིས་ཀས་འཕེན་པ་སོགས་སྐུ་རྩེད་ཀྱང་ཡུད་ཙམ་གནང༌། དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་རྫོགས་ཆེན་དགོན་པར་གླིང་སྐོར་ཕེབས་པ་དགེ་རྒན་ཞིག་གིས་གྲྭ་ཆུང་ཞིག་ལ་ཉེས་དག་མང་པོ་བཏང་གི་འདུག་པ་གཟིགས་པས་གཞན་དགའ་རིན་པོ་ཆེ་ཁོང་ཞབས་གྲས་སུ་ཡོད་པས་ང་ཤི་རྗེས་ཕྲན་གྱི་སྤྲུལ་སྐུ་ཡིན་ཟེར་བྱིས་པ་ཞིག་ལ་མིང་བཏགས། དགེ་རྒན་སྙིང་རྗེ་མེད་པ་ཞིག་གིས་འདི་ལྟར་སྡུག་བསྔལ་བཏང་གི་ཡོད་རེད་པ་གསུངས་སོང་བས་སྤྲུལ་སྐུ་འདི་ནི་བཙན་ཕྱུག་མཐོན་པོའི་གཅེས་ཕྲུག་ཏུ་སྐྱེས་ཀྱང་སྐུ་གཤིས་རྒོད་པོ་མི་འདུག །གཅེན་པོ་ཁྱེད་ཀྱིས་ལེགས་པར་བཟང་བསླབས་པས་བློ་བདེ། ངས་ནི་དྲག་པོ་བྱེད་ནས་གང་ཡང་ཞུ་རུང་བ་མེད་གསུངས། མཁན་རིན་པོ་ཆེ་གཞན་དགའ་འདི་སྤྲེལ་ལོ་ནས་རི་ཁྲོད་དུ་བཞུགས་ནས་སུ་དང་འབྲེལ་འདྲིས་མེད་པར་གཅིག་པུར་བྱ་བཏང་མཛད་པ་ཡིན་ཞེས་ཡང་ཡང་གསུང་ཞིང་དེ་བཞིན་དགོངས་པ་ཡོད་ཀྱང༌། ཕྲན་རྩ་བའི་བླ་མའི་སྤྲུལ་སྐུར་མཚན་བཏགས་པ་དེའི་བསྟན་པ་སྐྱོང་བ་ཞིག་འབྱུང་དུ་རེ་བས་དཔེ་ཆ་བསླབས་མཛད་པ་དང༌། མ་འོངས་པའི་སྡོད་གནས་སྡེ་སྤྱི་གཙང་མདའ་ཁྱུང་རམ་པས་གནས་དེར་མཚམས་ཁང་ཞིག་གསར་བསྐྲུན་དང༌། མཆོད་ཆས་སོགས་དགོན་པ་ཞིག་ལྟར་བསྒྲུབས་མཛད་ནས་རྗེ་ཉིད་ཀྱི་མཆེད་གྲོགས་བླ་མ་རིན་པོ་ཆེ་ཀུན་དགའ་དཔལ་ལྡན་ལ་ངས་རི་ཁྲོད་འདིར་མཆོད་ཆས་སོགས་མང་པོ་བསགས་པ་ཡིན། སྤྲུལ་སྐུ་འདི་དགུང་ལོ་ཉི་ཤུའི་སྟེང་ཡང་ན་བླ་ཆེན་ཞིག་མཛད་ཀྱི་རེད་པས་དེ་དུས་ཕན་ཐོག་ཡོངས། ཡང་ན་བྱ་བཏང་ཞིག་མཛད་ཀྱི་རེད་པས་དེ་སྐབས་སུ་ཁོ་རང་གི་བློས་གཏང་འགྲོ་འོང་ཞེས་གསུངས་འདུག་གསུངས། ཀུན་བཟང་བླ་མའི་ཞལ་ལུང་རྫོགས་ནས། དབུ་མ་རྩ་བ་ཤེས་རབ། རྩོད་ཟློག །སྟོང་ཉིད་བདུན་ཅུ། རིག་པ་དྲུག་ཅུ། ཞིབ་མོ་རྣམ་འཐག །དབུ་མ་བཞི་བརྒྱ་པ་བཅས་མཐར་ཆགས་སུ་གསུངས། སྐྱོར་དཔོན་རྨེ་བ་བསོད་ནམས་མགོན་པོ་ཞེས་མཁས་བཙུན་ཞིག་ཡོད་པ་དེས་མཛད། ཚེས་བཅུ་ཉེར་ལྔའི་ཚོགས་གྲལ་དུ་རྟག་པར་ཕྱིན། གཅེན་བཤད་སྒྲུབ་བསྟན་འཛིན་ནས་ཁྱོད་ལ་བླ་མ་རིན་པོ་ཆེས་གནང་བའི་ན་བཟའ་རྣམས་བླ་མ་རྩ་ཆེན་རེ་ལ་སྐྱབས་རྟེན་དུ་ཕུལ་ན་ཁྱེད་རང་ཚེ་ཆོས་ལ་བར་ཆད་མེད་པ་ལེགས་ཞེས་ཉིན་གཅིག་ཙམ་ལས་རང་གི་ལུས་ལ་མ་གྱོན་པར་ཐམས་ཅད་བླ་མ་རྣམས་ལ་ཕུལ། དབེན་གནས་དེ་གངས་ཁྲོད་དུ་སོང་གཤིས་བྲག་རི་གཟེངས་མཐོ་བ་ལས་བབས་པའི་ཆུ་སྒྲ་ཤིན་ཏུ་ཆེ་བ་དང༌། རྟག་པར་ན་བུན་འཁྲིགས་པ་ལས་ཉི་མ་འཆར་དུ་མེད་པ་དང༌། དབྱར་ཕལ་ཆེར་ཁ་ཆར་འདྲེས་མ་བབས་པས་ས་གཞིའི་ལྕུག་ཕྲན་ཐམས་ཅད་ཟིལ་པས་ཁྱབ་པ་ཡིན་ཀྱང་སེམས་སྐྱོ་ནས་སུན་པ་སོགས་གང་ཡང་མ་བྱུང༌། སྒ་སྟོད་འཛོམ་ཉག་མཆོད་རྟེན་བསྐོར་བ་བྱེད་སྐབས་ཁྱིམ་པ་ཕོ་མོའི་འདོན་རྒྱུ་ཡིན་གསུངས་རིགས་གསུམ་མགོན་པོ། གུ་རུ་རིན་པོ་ཆེ། སྒྲོལ་མ། རྒྱ་བོད་ཀྱི་པཎ་གྲུབ་རྣམས་ལ་བླ་མ་རྒྱང་འབོད་གླུ་འདྲ་བ་ཞིག་བླ་མ་རིན་པོ་ཆེ་གཞན་དགས་མཛད་འདུག་པས་དེ་ལ་དཔེ་བླངས་ནས་འབྲེལ་ཆག་མ་ཆག་ཅི་ཡང་མེད་པའི་གསོལ་འདེབས་ཤོག་བུ་ཁ་གང་ཙམ་ཞིག་བྲིས་པ་དང༌། དབེན་གནས་དེར་བྲག་ངོས་འཇམ་ལ་གནའ་ཕྲུག་ཕོ་མོ་གར་གྱིས་རྩེ་བ་དང༌། སྐབས་རེར་ཆར་དྲག་ཏུ་བཏང་བས་བྲག་བར་རྣམས་ལས་ཆུ་རྒྱུན་ཤ་ར་ར་བབས་སྐབས་ཉམས་མཚར་སྣང་གིས་ཡང་ཡང་བལྟས་ནས་གནས་འདི་ལ་བསྟོད་པ་ཞིག་རྩོམ་དགོས་འདུག །བྲག་རི་རྣམས་གཙང་རིས་ཀྱི་ལྷ་དང༌། ཆུ་རྒྱུན་བབ་པ་རྣམས་དར་གྱིས་བསྙེན་བཀུར་སྟོབ་པ་འདྲ་ཞེས་ཟེར་སྙམ་ཀྱང་དེ་སྐབས་སྙན་ངག་སྦྱང་མ་མྱོང་བས་ཚིག་བཅད་དུ་བསྡེབ་མ་ཤེས། རང་གི་སྲིང་མོ་ཞིག་རྐྱེན་དབང་ཤོར་བ་སོགས་ཀྱི་ཚེ་གེགས་ཡོད་སྲིད་སྙམ་སྟེ་དོགས་པ་བྱེད་པའི་རྐྱེན་ལྟ་བུས་རྨི་ལམ་དུ་ཁྲོ་ཟིལ་ཁྲོམ་གྱི་ཕོ་བྲང་རེད་ཟེར་བའི་ལྷ་ཁང་ཞིག་ཏུ་ཕྱིན། ནང་དེར་བླ་མ་པད་ཞྭ་མནབ་པ་ཞིག་འདུག་པས་ཚེ་དབང་ཞིག་གནང་བ་རྨིས་པ་གཅེན་ལ་སྨྲས་པས་ཁོ་རང་བློ་བདེ་བ་ལྟ་བུར་གྱུར་སོང༌། དགུན་རང་ཁྱིམ་དུ་འོང་སྐབས་རྫབ་ཕོར་དངུལ་ཤན་ཞིག་ཡོད་པ་གཟིགས་སོང་བས་ཁྱོད་རང་ལོ་བཅོ་ལྔ་མ་ལོན་བར་གང་འདོད་གྱིས། ལོ་བཅོ་ལྔ་ལོན་ནས་གུང་ཚིགས་གྱིས། ཕོར་པ་དངུལ་ཤན། ཕྲེང་བ་རྒྱན་ཅན་སོགས་མ་བྱེད་སྤྱོད་ལམ་ཐམས་ཅད་འདུལ་བ་བཞིན་མཛད་དགོས་ཞེས་རང་དང་དགེ་རྒན་གཉིས་ཀ་ལ་བཀའ་གནང་ངོ༌། །འབྲུག་ཆོས་རྒྱལ་ཨོ་རྒྱན་དབང་ཕྱུག་གི་གྲྭ་བསྟན་པ་རིན་ཆེན་སོགས་བསླབ་ལྡན་ལྔ་གཞན་དགའ་རིན་པོ་ཆེའི་མདུན་དཔེ་ཆ་སྦྱང་ཕྱིར་ཕེབས་པ་དང་མཉམ་དུ་དཔལ་སྤྲུལ་རིན་པོ་ཆེའི་ཐོག་མཐའ་བར་གསུམ་དགེ་བར་ཉིད་ཀྱིས་མཛད་པའི་འགྲེལ་པའི་སྟེང་ཁྲིད་ལུང་ཐོབ། ཁྱིམ་དུ་འོང་བའི་ལམ་བར་དུ་རྣམ་གྲོལ་གླིང་ཟ་ལུང་རི་ཁྲོད་ཀུན་སྤངས་ཆོས་རྗེ་བླ་མ་དམ་ཆོས་རིན་ཆེན་དང༌། ཟུར་མང་དྲུང་ཆེན་ཀརྨ་ཆོས་ཀྱི་ཉིན་བྱེད་མཇལ། ཉིད་མཛད་གེ་སར་གྱི་ཚེ་འགུགས་ཐོབ། དཔེ་ཆ་ལ་བསླབ་སྦྱང་ཉིན་མཚན་མེད་པར་རྩོམ་དགོས་སྙམ་པ་ཡང་ཡང་དྲན་ཞིང་ཕ་མ་དང་ཕྲན་སྤུན་བཅས་ཁྱིམ་དང་ཐག་ཉེ་ས་དཀར་བསམ་གྲུབ་གླིང་ཞེས་པར་ཁང་པ་གསར་བསྐྲུན་ཡོད་པས་སྟེང་ཤག་གཟིམ་ཆུང་དུ་རང་དང་གཅེན་བཤད་སྒྲུབ་བཅས་མི་ཕམ་རིན་པོ་ཆེས་མཛད་པའི་རྒྱུད་ལུགས་ཕུར་པའི་མཚམས་ཟླ་གཅིག་ཙམ་བསྡད། གཏམ་རྒྱུད་ལ་ཤིན་ཏུ་དགའ་བས་རྒན་པ་ཐམས་ཅད་ལ་གཏམ་རྒྱུད་དྲི་བརྩད་བྱེད་ངེས་ཞིག་ཡིན་པ་རྗེ་བཙུན་རིན་པོ་ཆེ་མི་ལ་རས་པའི་རྣམ་ཐར་ཐོས་ཚེ་ཨ་ཁུ་དང་ཨ་ནེ་ལ་མཐུ་རྟགས་ཐོན་ཚུལ་ཐོས་དུས་མིག་བགྲད། ཨམ་གཙིགས་བསྡམ་པ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེ་མངོན་སྤྱོད་ལ་ཐུགས་མཉེས་པ་ཡང་ཡང་ཐོས་པ་དང༌། རང་ཁྱིམ་དུ་ལོ་སྟར་ས་སྐྱའི་བླ་བསྐོས་ཀྱིས་འཁོན་ཕུར་གྱི་གཏོར་བཟློག །དགྲ་དུར་ཕུང་གསུམ་མནན་པ་བཅས་མཛད་སྲོལ་ཡོད་པ་སོགས་ཀྱི་རྐྱེན་བྱས་རང་དང་ན་མཉམ་གྱི་ཕྲུ་གུ་མང་པོ་བསྡུས་ནས་རྔ་རོལ་རྐང་གླིང་བཅས་ས་ཡི་ཟོར་གཏོར་ཆེན་པོ་བཅོས་ནས་ལིངྒ་བསྒྲལ་བ་དང་གཏོར་མ་མེར་བསྲེག་པ་སོགས་དང་འཆམ་རྒྱག་སོགས་དགོང་མོ་ཕལ་ཆེར་ལ་བྱེད་པ་ཞིག་ཡིན། བན་ཆེན་འབྲོང་པ་བླ་མ་ཚེ་དབང་རྒྱལ་མཚན་དང༌། གཅེན་བཤད་སྒྲུབ་གཉིས་རྡོ་རྗེ་ཕུར་པའི་བསྟོད་པ་མང་པོ་བྱས་པ་ཐོས་པས་ཕུར་པ་ལ་དད་ཅིང་དགའ་བས་མཚམས་སྡོད་སྐབས་གཡོག་ཕྲུག་ཅིག་བྲོས་ཤོར་བ་དམིགས་པ་གཞན་མ་ཤེས་ཀྱང་ཕུར་པའི་ཞབས་མནན་དུ་གཡོག་ཕྲུག་དེ་ཡང་ཡང་དམིགས་པས་ཁོ་ལམ་ནོར་མིག་ཁ་བས་ཕྱིད་པ་སོགས་དཀའ་ངལ་བྱུང་བས་ངས་མཐུ་ཡིན་བསམ་རང་མཐོང་སྐྱེས་པ་བྱུང༌། རང་ཁྱིམ་ནས་ལོ་སྟར་ཚིག་བདུན་གསོལ་འདེབས་འབུམ་རེ་བསོག་པའི་གྲལ་དུ་བསྡད་པ། མཆོད་ཁང་དེར་གུ་རུ་རིན་པོ་ཆེའི་སྐུ་མདའ་ཚད་ཅིག་ཡོད་པ་གུ་རུ་རིན་པོ་ཆེར་མོས་གུས་ཡང་ཡང་བྱས་པས་ཞལ་རས་སྔར་ལས་གཟི་བྱིན་ཆེ་སྙམ་པ་དང་མཐར་སྐུ་དངོས་མིན་ནམ་སྙམ་པ་བྱུང༌། ཡུན་རིང་པོར་མ་ལོན་པར་མི་ཕམ་རིན་པོ་ཆེའི་ཚིག་བདུན་རྣམ་བཤད་པདྨ་དཀར་པོ་བླ་མ་རིན་པོ་ཆེ་འོད་གསལ་ནས་ཤིང་པར་བརྐོས་པ་མཇལ་སྐབས་པར་བྱང་རྒྱལ་ཚབ་རིན་པོ་ཆེས་མཛད་པ་མཇལ་བས་འདི་ལྟ་བུའི་གསུང་སྙན་པ་སྙམས་ནས་ཡིད་འཕྲོག་པ་བྱུང༌། མཚམས་གྲོལ་བ་དང་བྱང་རྫ་རྒྱུད་ལྕང་མ་རི་ཁྲོད་ནས་བ་ཐུར་མཁན་རིན་པོ་ཆེ་གདན་དྲངས་པ་ཆིབས་རྟ་མི་བཞེས་པ་ལམ་བར་ནས་ཁ་ཆར་གྱི་སྐུ་ངལ་ཆེན་པོ་དང་བཅས་དགྱེས་པས་ཕེབས་པ་ལས། བྱམས་ཆོས་རྒྱན་གཉིས། འབྱེད་གཉིས། རྒྱུད་བླ་མ་བཅས་ཞུས། གཅེན་མཉན་པ་རིན་པོ་ཆེས་མི་ཕམ་པཎྜི་ཏའི་དབུ་མ་རྒྱན་གྱི་འགྲེལ་ཆེན་བཤད་ཁྲིད་གསན། དེ་སྐབས་གཅེན་ཚ་བ་དམར་བཤལ་གྱིས་ན་ཤོར་བ་མཁན་རིན་པོ་ཆེས་ཉིན་རེ་བཞིན་སྨེ་བརྩེགས་ཀྱི་ཁྲུས་གླུད་གསུངས་པ་དེའི་རྐྱེན་བྱས་མདུན་དུ་དཀྱིལ་འཁོར་དང་བུམ་པ་བཞག་སྟེ་ཆོ་ག་བཏང་བ་ལ་དགའ་ཞིང་མཁན་རིན་པོ་ཆེ་ལ་མཆོད་པ་སོགས་ཞབས་ཞུས་བགྱིད་ཞོར་བུམ་པ་གཟུངས་ཐག་རྡོ་རྗེ་སོགས་རྒྱུ་མཚན་གང་ཡིན་ཞུས་པས་བུམ་པ་སྐུ། གཟུངས་ཐག་གསུངས། རྡོ་རྗེ་ཐུགས་ཏེ་དཀྱིལ་འཁོར་ལྷའི་རྡོ་རྗེ་གསུམ་མཚོན་བྱེད་རེད་ཅེས་གསུངས། ས་དཀར་དགོན་པ་དེར་ཕ་རྒན་གྱིས་དབྱར་གནས་ཀྱི་རྟེན་རྩ་བཞག་སྟེ་ཚུགས་པ་ལ་མཁན་རིན་པོ་ཆེ་དབྱར་གནས་བཞུགས་སོང་བས་ཕྲན་ཡང་རང་མོས་ཀྱིས་དབྱར་ཁས་ལེན་བྱས། བཀྲ་ཤིས་གསོ་སྦྱོང་སྐབས་དཔལ་སྤྲུལ་རིན་པོ་ཆེའི་འདུལ་བསྟོད་བཤད་པ་མཛད་པའང་ཐོབ། དགུན་ཁ་རི་ཁྲོད་ཆུང་ངུ་ཞིག་ཏུ་གཅེན་བཤད་སྒྲུབ་དང་ལྷན་དུ་འཇམ་མགོན་མི་ཕམ་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དང༌། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཚེ་གསང་རྣམས་བསྙེན་པ་བཏང༌། དེ་སྐབས་ཞིག་རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ཆོས་དབུས་གཙང་ནས་གནས་སྐོར་གྱི་ཕྱིར་ལམ་མཇལ་བས་ཕྲན་ལ་བར་ཆད་ཅིག་འདུག་པ་སེལ་བྱེད་ཡིན་གསུངས་ནས་སྙིང་ཐིག་རྩ་གསུམ་དང༌། གཅེན་བཤད་སྒྲུབ་ནས་གསོལ་བ་བཏབ་པ་བཞིན་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་འཛིན་པ་རང་གྲོལ་གྱི་དབང་ལུང་དང་ཤེལ་བྲག་ནས་སྒྲུབ་པའི་ཆོས་སྨན་བཅས་གནང༌། སྤྱིར་ཕ་རྒན་རབ་བྱུང་ཁོ་ན་ལ་དད་ཅིང་བླ་སྤྲུལ་ཞེས་པ་ཉལ་སྟན་རྒྱ་ཆེན་པོ་མི་བྱེད་པ་དང༌། གླུ་སྒྲུང་སོགས་བག་མེད་ཀྱི་སྤྱོད་པ་བྱེད་མི་རུང༌། ཕ་རྒན་དང༌། གཅེན་རྣམ་པ་གཉིས་ཀ་སྤྱོད་པ་འདུལ་བ་བཞིན་གནང་བ་དགེ་བའི་གྲོགས་སུ་གྱུར་པས་རང་ཡང་ཚུལ་ཁྲིམས་གཙང་མ་ལ་དད་ཅིང༌། ཆོས་གོས་གསུམ་དང་ལྷུང་བཟེད་ཆུ་ཚག་སྤྱི་བླུགས་རྣམས་འཁྲིས་སུ་བཞག །སོ་བྱང་སྔགས་ཀྱི་བསྲུང་བྱ་ཚིགས་བཅད་རྣམས་བློར་བཟུང་ཞིང་ཁ་ཏོན་དུ་བགྱིད་པ་ཞིག་ཡིན། མིག་གིས་ལྟད་མོ་ལྟ་བར་སེམས་མི་དགའ་བར་བྱེད་པ་དང༌། དེ་དག་ལ་བསམ་ན་ཕ་རྒན་དང་གཅེན་རྣམས་ཆོས་མཐུན་གྱི་གྲོགས་མཛད་པ་བཀའ་དྲིན་ཤིན་ཏུ་ཆེ་བསམ་གྱི་འདུག །དེ་སྐབས་ཅིག་གཅེན་བླ་མ་བཤད་སྒྲུབ་ཀྱི་ལྷག་པའི་ལྷ་དབྱངས་ཅན་མ་ཡིན་པ་ཐམས་ཅད་གཟིགས་པ་མི་ཕམ་རིན་པོ་ཆེས་བཀའ་བསྩལ་ཏེ་དམ་ཚིག་གི་རྟེན་དུ་བཞེངས་པའི་དབྱངས་ཅན་དཀར་མོའི་ཞལ་ཐང་མི་ཕམ་རིན་པོ་ཆེའི་རབ་གནས་ཅན་ཞིག་ཡོད་པ་དེ་སྔས་སུ་བཀྲམ་སྟེ་ཉལ་བས་ནུབ་གཅིག་རྨི་ལམ་དུ་ནམ་མཁར་དབྱངས་ཅན་མ་སྐུ་དངོས་ལྟ་བུ་ཞིག་མཐའ་བསྐོར་དུ་འཇའ་ཚོན་སྣ་ལྔ་ཀྱི་ལི་ལི་འཁོར་བ་ཞིག་གསལ་བར་མཇལ་བ་རྨིས། སོས་ཀ་མི་ཕམ་འཇམ་པའི་དབྱངས་ལ་མཉེས་པ་གསུམ་གྱི་ཞབས་ཏོག་མཐར་སོན་པ་སྣང་བཞིའི་རྩལ་རྫོགས་ཀྱི་ཀུན་སྤངས་རྫོགས་ཆེན་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་མཁས་འཇུག་གི་བཤད་ལུང༌། སྡོམ་བྱང༌། ས་བཅད། བསྟོད་ཚོགས། བཀའ་བརྒྱད་ཀྱི་སྒྲུབ་ཐབས་སྤྱི་བྱེ་བྲག །ཞལ་གདམས་སྐོར། རྫོགས་ཆེན་སྐོར། བཀའ་བརྒྱད་རྣམ་བཤད་སོགས་ཀྱི་ལུང་བཀའ་དྲིན་དུ་ཐོབ། གཅེན་བཤད་སྒྲུབ་ནས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་རྗེ་བླ་མ་འོད་གསལ་དང༌། ཞེ་ཆེན་རྒྱལ་ཚབ་གཉིས་ལས་ཐོབ་ན་གནད་ཆེ་ཚུལ་རྟག་པར་བསླབ་སྟོན་བྱས་པས་རང་ཡང་དེ་ལ་འདུན་ནས་སོང༌། ལམ་བར་འདན་རྣམ་རྒྱལ་གླིང་རི་ཁྲོད་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་ཐུགས་སྲས་མཁས་གྲུབ་ཆེན་པོ་དམ་ཆོས་འོད་ཟེར་མཇལ་ནས་སྔ་འགྱུར་བཀའ་མ་གསན་པ་ཤིན་ཏུ་ལེགས་བཅས་བསྟོད་བསྔགས་མཛད་ཅིང་ཞུ་དགོས་པར་ནན་གྱིས་གསུངས། དགེ་བའི་གྲོགས་དང་མིག་ལྟོས་དེ་ཤིན་ཏུ་གལ་ཆེ་བར་གསུངས་པ་བཞིན་གཅེན་བཤད་སྒྲུབ་འདིས་བདག་དམ་པའི་སྐྱེས་བུ་ཞིག་འབྱུང་བའི་ངེས་ཤེས་ཀྱིས་ཁྱོད་རང་མཚན་ལྡན་གྱི་བླ་མ་ཁྱད་འཕགས་ཤིག་བསྟེན་ནས་བཀའ་གཏེར་དབང་ལུང་གིས་རྒྱུད་ཕྱུག་པ་དང༌། ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས་དམ་པའི་རྣམ་ཐར་བསྐྱང༌། མཁས་བཙུན་བཟང་པོས་བསྟན་པ་འཛིན་ནུས་པ་དགོས་ཚུལ་བསླབ་སྟོན་རྒྱུན་མི་འཆད་པ་དང༌། འཇམ་དབྱངས་མཁྱེན་བརྩེ། མི་ཕམ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ། དགེ་མང་མཁན་པོ་ཡོན་ཏན་རྒྱ་མཚོ་རྣམས་ཀྱི་མཛད་སྤྱོད་བསྟན་འཛིན་སྐྱེས་བུ་གཞན་ལས་ཁྱད་དུ་འཕགས་ཚུལ་རྟག་པར་གསུངས་པ་ལྟར། ད་ཁྱེད་རང་ཞེ་ཆེན་རྒྱལ་ཚབ་དེའི་མདུན་ནས་རྙིང་མ་བཀའ་གཏེར་གྱི་དབང་ཁྲིད་ཀྱིས་རྒྱུད་ཕྱུག་པ་ཞིག་དགོས། མཛད་པའི་གཙོ་བོ་འཇམ་མགོན་མི་ཕམ་རིན་པོ་ཆེ་ལྟར་སྒྲུབ་པ་སྙིང་པོར་བྱེད་པ་ཞིག་གལ་ཆེ་བས། སྤྱིར་འཇམ་མགོན་རྣམ་གསུམ་གྱི་སློབ་མ་མཁས་བཙུན་བཟང་གྲུབ་ཁྱད་འཕགས་དུ་མ་བཞུགས་པ་ལས། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འདི་ལ་མི་ཕམ་འཇམ་པའི་དབྱངས་ཀྱིས་ཐུགས་གཏད་ཐུན་མིན་དུ་གནང་ཞིང་དགོངས་པ་རྫོགས་ཉའི་ཞལ་ཆེམས་སུའང་ཕྱག་དཔེ་ཐམས་ཅད་ཁོང་ལ་གནང་ནས་དགོངས་གཏད་ཐུན་མོང་མ་ཡིན་པ་མཛད་པ་རེད་པས་འདི་ཉིད་ལ་རྩ་བའི་བླ་མ་བསྟེན་དགོས་འདུག་ཅེས། སྐུ་མདུན་བཅར་རྒྱུ་དུས་སྐབས་གང་འོས་ཀྱི་ཞུ་ཡིག་དང་བཅས་ཞེ་ཆེན་དུ་བང་མི་ཞིག་བཏང་སོང་བ། སྐྱབས་མཆོག་འཁོར་ལོའི་མགོན་པོ་སྙུན་ཚབ་ཆེ་བཞེས་དང༌། སྐུ་ན་ཡང་ཆེར་སྨིན་པས་དགོན་གྱི་བླ་བྲང་དུ་མི་བཞུགས་པར་ཞེ་ཆེན་རྒྱབ་རི་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་བྲག་ཕུག་ཅིག་ཡོད་པ་དེར་སྐུ་མཚམས་ལ་བཞུགས་ནས་བྱ་བྲལ་ཀུན་སྤངས་ཀྱི་ཚུལ་མཛད་སྐབས་བཞིན་འདུག་པས། གསུང་ལན་དུ་རྒན་བུ་ད་ལྟ་ནི་ནད་ཀྱིས་མནར་བཞིན་འཆི་བ་བསྒུག་ནས་བྱ་བ་ཐམས་ཅད་བློས་བཏང་སྟེ་བསྡད་ཡོད་པས་རིམ་གྱིས་ནད་ལས་གྲོལ་བ་སོགས་བྱུང་ན་དབང་ཆོས་ཅི་ནུས་བགྱིད་ཆོག་ཅེས་བཀའ་བསྩལ་པ་བཞིན། ཤིང་བྱི་རང་ལོ་བཅོ་ལྔ་དེའི་དབྱར་ཕྱོགས་གཅེན་སངས་རྒྱས་མཉན་པ་རིན་པོ་ཆེ། ཡོངས་འཛིན་བཤད་སྒྲུབ། རང་བཅས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཐུན་མིན་རིགས་ཀྱི་བདག་པོ་མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་ཞབས་ལ་གཏུག་ཕྱིར་ཞེ་ཆེན་དུ་ཕྱིན་ནས། བར་ཁྲོད་པདྨ་འོད་གླིང་སྐྱབས་རྗེའི་གཟིམ་སྤྱིལ་འཆི་མེད་པདྨ་བདེ་ལྡན་དུ་བསྡད། རྗེ་བླ་མ་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཐེམ་སྤང་གི་བཅད་རྒྱར་བཞུགས་པ། ཞབས་གྲྭ་ཞིང་སྐྱོང་ལ་མཇལ་དར་གཉིས་བསྐུར་མཛད་དེ་བཤད་སྒྲུབ་སང་ཉིན་ནས་ཕེབས་ན་མཇལ་ཆོག །མཉན་སྤྲུལ་དང་ཕྲན་གཉིས་ཞག་གསུམ་ཙམ་རྗེས་གཟའ་སྐར་ལེགས་པས་མཇལ་དགོས་གསུངས་ཟེར། ཕྲན་རྗེའི་ཞལ་མྱུར་དུ་མཇལ་དགོས་སྙམ་ནས་ཡོད་པས་ཉིན་ཁ་ཤས་དེ་ཡུན་རིང་པོ་ལྟ་བུར་མཐོང༌། གསེར་ཞལ་རིན་པོ་ཆེ་དང་པོར་མཇལ་བའི་ཉིན་མོར་ཐུགས་དགྱེས་སྤྲོས་མཉན་པ་རིན་པོ་ཆེར་གསན་རྒྱ་ཆེ་ཆུང་སོགས་ཆོས་མཐུན་གྱི་བཀའ་མོལ་རིང་དུ་གནང༌། སྟོན་འཁོར་ལྷན་རྒྱས་ལ་གསོལ་ཇ་བཞེས་འབྲས་གནང་སྐབས་གསོལ་དཔོན་ནས་རིན་པོ་ཆེའི་སྒོག་པར་དེ་གནང་ཞུས་སོང་བས་ངས་རིན་པོ་ཆེའི་སྒྲོམ་བུ་དེ་ཨང་གསུངས་ནས་བཞད་མོ་མཛད། རྗེ་བླ་མ་རིན་པོ་ཆེའི་ཞབས་རིམ་བགྲེས་པ་ཁམ་མགོ་ཞེས་པ་བར་ཁྲོད་དུ་བཞུགས་འདུག་པས་སྔར་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོས་རྡོ་རྗེ་ཕུར་པ་བཀའ་གཏེར་ཐམས་ཅད་ཀྱི་དབང་རྫོགས་པར་གནང་སྟེ་ཞེ་ཆེན་དུ་ཕེབས་སྐབས་ཁྱེད་རང་སློབ་དཔོན་པྲ་བྷ་ཧསྟི་དང༌། ལང་ལབ་བྱང་ཆུབ་རྡོ་རྗེའི་སྤྲུལ་སྐུ་རེད་པས་གདན་སར་ཕེབས་པ་དང་ཕུར་པའི་བསྙེན་སྒྲུབ་བཞུགས། རྟགས་ཐམས་ཅད་རྫོགས་པ་དང་སྦྱིན་བསྲེག་གནོངས་གསུངས་པ་༧༥ལྟར་ཞེ་ཆེན་རི་ཁྲོད་འབར་ཆུང་བླ་བྲང་དུ་སྐུ་མཚམས་བཞུགས། ཞག་བརྒྱ་ལོན་པ་དང་སྦྱིན་བསྲེག་གནང༌། དེ་སྐབས་ཞབས་རྗེས་བཞག་པ་རེད་ཚུལ་གསུངས་པས་དད་གདུང་ཡིད་ཆེས་ལྷག་པར་སྐྱེས། ཕུར་པ་སྤུ་གྲིའི་དབང་ཐོབ་པས་དགའ་སྤྲོ་ཆེན་པོ་བྱུང༌། དེ་ནས་མི་རིང་བར་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྨིན་དབང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་དབང་ཆོག་བཞིན་ཞིབ་རྒྱས་དང༌། ཉིན་ཕྱི་མ་ནས་རྩ་ཁྲིད་གསུང༌། ཡན་ལག་གི་ཁྲིད་རྣམས་དང་རྩ་པོད་ཀྱི་ལུང་བཅས་བསྩལ། རྗེས་ནས་རྡོར་སེམས་དབང་ཞུར་ཆོས་བརྒྱུད་གཅིག་པའི་སློབ་མ་གཅིག་འབྱོར་བས་གསོལ་བ་བཏབ་པ་ལྟར་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱིས་མཛད་པའི་དབང་ཆོག་སྟེང་ནས་བསྩལ། དབང་དཔེའི་ལུང་ཡང་ཐོབ། དཔེ་ཡང་བཤུས། རྗེ་ཉིད་ཀྱི་ཐུགས་དམ་ལྷག་པའི་ལྷ་མཆོག་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཕུར་པ་ཡང་གསང་སྤུ་གྲིའི་དབང་འཇམ་མགོན་གུ་ཎའི་གསུང་ལྟར་དང༌། དེའི་ལྟ་ཁྲིད། རྗེ་ཉིད་ཀྱིས་མཛད་པའི་ཕུར་པའི་རྣམ་བཤད་རིག་འཛིན་ཞལ་ལུང་གི་ཁྲིད་དང་སྨིན་དབང་གི་མཐར། རྗེ་འཇམ་མགོན་རྣམ་གཉིས་ལས་སྨིན་གྲོལ་ཡོངས་རྫོགས་མནོས་ཤིང་ལྷག་པའི་ལྷ་འདིས་སྒོ་ནས་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པ་ལྟར་སོགས་གསུངས། དེ་རྗེས་མཁྱེན་བརྩེ་རིན་པོ་ཆེའི་ཟབ་གཏེར་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་དབང་དང་ཕུར་བཞིའི་བཤད་ཁྲིད། རྗེ་ཉིད་ཀྱིས་མཛད་པའི་ཕུར་པའི་ལས་བྱང་ཀུན་བཟང་བདེ་ལམ། ཕུར་པའི་བྱིན་འབེབས། ཕུར་པའི་ཚེ་འགུགས། གཡང་འགུགས་སོགས་ལྗགས་ལུང་བཀའ་དྲིན་ཐོབ། གུས་པའི་ཡི་དམ་འདི་གཉིས་བསྟེན་ན་ལེགས་ཞེས་གཅེན་བཤད་སྒྲུབ་ལ་གསུངས་པ་ལྟར་རྒྱུན་ཁྱེར་བཏོན། དེ་ནས་སྔ་འགྱུར་བསྟན་པའི་སྲོག་སྙིང་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོའི་དབང་ཆེན། དོང་སྤྲུགས་གཉིས། སོ་ལུགས་ཡང་དག །ཚོགས་ཆེན་འདུས་པ་ཐེག་པ་རིམ་དགུའི་དབང་དང༌། དངོས་གཞིའི་དབང་ཆེན་མཐའ་བརྟེན་དང་བཅས་པ་དང༌། བཀའ་མ་སྐོར་སྒྲུབ་དཀྱིལ་རྣམས་ཀྱི་ལུང་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཞལ་སྔ་ནས་ཞུས། རྫོགས་པ་ཆེན་པོ་སེམས་ཀློང་གཉིས། བི་མ་སྙིང་ཐིག །བླ་མ་ཡང་ཏིག །མཁའ་འགྲོ་སྙིང་ཐིག །མཁའ་འགྲོ་ཡང་ཏིག །ཟབ་མོ་ཡང་ཏིག་རྣམས་ཀྱི་དབང་དང༌། ལུང་ཡོངས་རྫོགས། དེ་སྐབས་ན་ཚོད་ཕྲ་ཞིང་བློ་གྲོས་མ་སྨིན་པས་དབང་གི་རྒྱུ་མཚན་སོགས་གང་ཡང་ཤེས་པ་མེད་ཀྱང༌། གཅེན་བཤད་སྒྲུབ་ཀྱི་ངག་འཕྲོ་ལས་སེམས་ངོ་ལ་མོས་པ་ཆེན་པོ་ཡོད་པས། རྗེ་བླ་མ་རིན་པོ་ཆེས་དབང་བཞི་པའི་སྐབས་དགོངས་པ་ལ་བཞུགས་ཏེ་སྤྱན་གྱིས་ལྟ་སྟངས་དང༌། ཕྱག་གི་སྡིགས་མཛུབ་ཀྱིས་སེམས་གང་ཡིན་གསུངས་པའི་ཚེ། ཆོས་ཉིད་མངོན་སུམ་དུ་གཟིགས་པའི་རྣལ་འབྱོར་ཆེན་པོ་འདི་ལྟ་བུ་ཡིན་སྙམ་སྟེ་དད་མོས་དང༌། རང་ཡང་མཉམ་བཞག་བྱེད་ཤེས་ཙམ་ཡོད། སྨིན་གླིང་རྗེ་བཙུན་རིན་པོ་ཆེ་མི་འགྱུར་དཔལ་སྒྲོན་གྱི་བི་མ་སྙིང་ཐིག་མ་བུ་གཅིག་དྲིལ་གྱི་ཁྲིད་ཡིག་བདེ་ཆེན་ལམ་བཟང་དང༌། ཀུན་གཟིགས་མཁྱེན་བརྩེའི་གསུང་བི་མ་སྙིང་ཐིག་སྔོན་འགྲོའི་ངག་འདོན་གྱི་ལུང༌། སྙིང་ཐིག་རྩ་གསུམ་སྒྲུབ་ཐབས། འདོད་འཇོ་བུམ་བཟང་གི་དབང་ལུང་ཡོངས་རྫོགས། སྨིན་གཏེར་བདེ་གཤེགས་ཀུན་འདུས་ཀྱི་བུམ་དབང༌། མཆོག་དབང་གོང་མ་གསུམ། ཁྲིད་ཨ་ཏི་ཟབ་དོན་སྙིང་པོ། ཁམས་བྱོན་མགོན་པོ་ཚོགས་བདག །ཁྱད་པར་མཉམ་མེད་དྭགས་པོ་ལྷ་རྗེའི་དུས་ཆེན་གྱི་ཉིན་རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་དབུ་མའི་ལུགས་ཀྱི་སེམས་སྡོམ་གཉིས་བསྩལ། རྗེ་བླ་མ་སྐུ་ན་སྨིན་ཞིང་བསྙུན་བབ་ལྗི་བས་སྤྲོས་བཅས་ཆེར་མི་མཛད་ཀྱང༌། དེ་ཉིན་སྐུ་ལ་ཆོས་གོས་རྣམ་གསུམ་དང་པཎ་ཞུ། འཇམ་མགོན་མཁྱེན་བརྩེའི་དབུ་ཞྭ་བཅས་བཞེས་ནས་ཐུགས་སྤྲོ་ཚུལ་མཛད། གཅེན་མཉན་པ་རིན་པོ་ཆེས་དེ་ཉིན་གྱིས་མཚོན་རྗེ་བླ་མ་རིན་པོ་ཆེར་དུས་སྐབས་བཟང་པོར་དཀར་མངར་གྱི་བཞེས་སྤྲོ་ཡང་ཡང་ཕུལ་ཞིང༌། རང་རེ་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་བུ་ལས་བྱང་ཆུབ་སེམས་སྡོམ་ཐོབ་པ་ཤིན་ཏུ་སྐལ་པ་བཟང་པོ་ཡིན་པས་དད་སྤྲོ་བསྐྱེད་དགོས་ཚུལ་དང༌། དེ་རིང་ནས་བཟུངས་ཞོགས་པར་བྱང་སྡོམ་མ་ཆག་པར་ལེན་དགོས་པའི་བཀའ་བསླབ་རང་ལ་ཆེད་དུ་གནང༌། ཟླ་བ་ལྔ་པ་སྤྲེལ་ཟླའི་ཚེས་བཅུར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཚེས་བཅུའི་སྤྲོས་བཅས་སྒྲུབ་མཆོད་གར་འཆམ་དང༌། རྫོགས་ཆེན་ལྔ་པ་རིན་པོ་ཆེ་དེར་འཆམ་གཟིགས་ལ་ཕེབས་པའང་མཇལ། ཞར་བྱུང་རྩ་རྒྱུད་གསང་སྙིང་རྩ་བ་ཞིག་བློར་བཟུང་བས་སྔར་སྔགས་གཞུང་སྦྱང་མ་མྱོང་བས་གོ་བ་མ་རྙེད་པས་བློ་ལ་མ་ཟིན་དཀའ་ངལ་ཅུང་ཟད་བྱུང་ཡང་མཐར་ཚིག་ལ་བྱང་བར་ཡོད། དུས་ཚོད་དམིགས་བསལ་མ་ངེས་ཀྱང་དུས་ཚེས་གཟའ་སྐར་དགེ་བ་ཞིག་གི་སྔ་ཆར་འཇམ་དཔལ་བཀྲ་ཤིས་མཆོད་ཆོག་བླ་སློབ་ལྷན་རྒྱས་སུ་གསུངས་པ་སྔོན་དུ་འགྲོ་བས། སྙིགས་དུས་ཐེག་མཆོག་སེངྒེའི་སྒྲ་སྙན་སྒྲོག་པ་ལ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་མི་ཕམ་འཇམ་པའི་དབྱངས་ཀྱི་བཀའ་འབུམ་སྡེ་དགེ་ལྷུན་གྲུབ་སྟེང་དུ་པར་འཁོད་ལྡེབ་རིང༌། ཀ༽ ཁ༽ ག༽ ལྡེབ་འབྲིང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿ རྫོགས་ཆེན་པར་བཞུགས་སྤྱོད་འཇུག་ཤེར་འགྲེལ་ཀེ་ཏ་ཀ །ཚད་མ་རྣམ་འགྲེལ། གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ། བརྒྱུད་འདེབས། ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་མི་ཕམ་རིན་པོ་ཆེས་དཔྱད་ཞུས་ཅན། ལེའུ་བཅོ་བརྒྱད་ཚིག་འགྲེལ། གྲུབ་མཐའ། ས་བཅད། ཚད་མ་རྣམ་འགྲེལ་གྱི་འགྲེལ་ཆེན། ལ་དཀར་པར་བཞུགས་པའི་ཐུབ་ཆོག །རྒྱབ་ཆོས་པདྨ་དཀར་པོ། ཞེ་ཆེན་པར་འཁོད་སྨན་བླའི་མདོ་ཆོག །ཀཿཐོག་གི་སྤར་ཡང་དག་གསང་འགྲེལ། རྫོང་གསར་པར་འཁོད་བསྟོད་ཚོགས། སྒྲུབ་ཐབས། ཞལ་གདམས། ཟབ་ཁྲིད་སྐོར། རྫོགས་རིམ་སྐོར། རྫོགས་ཆེན་སྐོར། སྨོན་ལམ་སྐོར། ཚིག་བདུན་རྣམ་བཤད་པདྨ་དཀར་པོ། རྗེ་བླ་མ་རིན་པོ་ཆེས་བཀའ་བསྡུ་གནང་བའི་གཉུག་སེམས། ཟུར་དཔྱད། གཞུང་སྤྱིའི་དཀའ་གནད་བཅས་པའི་བཤད་ལུང༌། པར་མ་འཁོད་པ་རྟོག་པ་ལས་གསུངས་པའི་ལྷ་མོ་འོད་ཟེར་ཅན་མ་དང༌། ཀུ་རུ་ཀུལླེའི་སྒྲུབ་ཐབས་ཁྱད་པར་ཅན། ༨༣ འབྱུང་བཞིའི་གཏོར་མ། དེའི་ལག་ལེན། ཨ་ར་པ་ཙའི་རྟེན་འབྲེལ་བརྟགས་པའི་རེའུ་མིག །རྡོར་སེམས་ཞི་སྦྱིན། ཆེ་མཆོག་གི་རྒྱས་སྲེག །རྟ་མགྲིན་དབང་གི་སྲེག་བླུགས། གཤིན་རྗེའི་དྲག་པོའི་སྦྱིན་སྲེག །རྡོ་རྗེ་ཕུར་པའི་ལས་ཐམས་ཅད་པའི་སྦྱིན་སྲེག་རྣམས་ཀྱི་ལུང་ཆ་ཚང༌། རྫོགས་ཆེན་གསེར་ཞུན་སྐོར་སོགས་ཡོངས་རྫོགས་ཀྱི་ལྗགས་ལུང་བསྩལ་བའི་ཐོག་མར་རྒྱལ་ཚབ་མ་ཕམ་པའི་འབྱེད་གཉིས་ཀྱི་འགྲེལ་པའི་ལྗགས་ལུང་གི་དབུ་བཙུགས་གནང་བས་བྱིས་པ་བློ་གྲོས་རྩལ་མ་རྫོགས་པ་བདག་གིས་ཀྱང་མཆོད་ཆོག །དེ་ལ་ངོ་མཚར་བའི་དད་སྤྲོ་སྐྱེས་ཤིང༌། གཅེན་མཉན་པ་རིན་པོ་ཆེས་ཀྱང་དེ་འཕྲལ་དཔེ་བཤུས་གནང་ཞིང༌། དེའི་རྐྱེན་གྱིས་དཔལ་མགོན་བླ་མ་རིན་པོ་ཆེའི་གསུང་སྐོར་རྩད་གཅོད་གནང་བས་བསྐལ་བཟང་སངས་རྒྱས་སྟོང་གི་མཆོད་ཆོག །སྡོམ་གསུམ་གསོ་སྦྱོང་དང༌། འཇམ་དབྱངས་དཀར་པོ་མ་ཏིའི་ལུགས་དང༌། དབྱངས་ཅན་དཀར་མོའི་སྒྲུབ་ཐབས་དང༌། བསྙེན་ཡིག །ལོ་ཆེན་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ཀྱི་གསང་གཏེར་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་བསྙེན་ཡིག་རྣམས་ཀྱི་ལུང་བཅས་ཞོར་ཆོས་སུ་ཐོབ། རྐྱེན་དེས་བསྐུལ་ཏེ་དད་པའི་ངེས་ཤེས་ཁྱད་པར་ཅན་སྐྱེས་ནས་རང་གི་བགྱིད་སྒོ་གལ་ཆེན་ཐམས་ཅད་ཀྱི་སྔོན་དུ་བཀྲ་ཤིས་མཆོད་ཆོག་འབའ་ཞིག་གཏོང་བ་བྱུང༌། དེ་སྐབས་མཉན་པ་རིན་པོ་ཆེས་ནང་བརྟག་རྒྱུད་གསུམ། གཞུང་ཆུང་གཉིས་དང་བཅས་པའི་རྩ་བ་དཔལ་སྤུངས་བླ་མ་མཁས་དབང་བཀྲ་འཕེལ་ལས་གསན་པའི་ལུང་ཀྱང་ཐོབ། ཤོག་བུ་དྲི་བཟང་གིས་སྦགས་པ་ལྡེབ་བཅུ་ཙམ་དང༌། ཕྱག་སྨྱུག་གཉིས། ལྷ་རེག་བཅས་ཞལ་གདམས་ཤིག་གནང་བར་ཞུས་པས་བསླབ་སྟོན་གནད་འདུས་བསྩལ་བས་ཚིག་དོན་ཐམས་ཅད་བློ་ལ་ཆུབ་པར་བྱས་ནས་ཉིན་རེ་བཞིན་སྐྱོར་ནས་དེ་བཞིན་བྱེད་དགོས་སྙམ་པ་རང་མོས་ཀྱིས་དྲན་པར་བཟུང༌། བཀའ་ཆོས་གྲུབ་ཉེ་དང་ཕ་རྒན་ཀྱང་རྫ་རྒྱུད་འཇིགས་མེད་རྒྱལ་བའི་མྱུ་གུའི་སྐུ་དམར་གདུང༌། ལྕང་མ་མཁན་རིན་པོ་ཆེ། དགེ་མང་དགོན། ཀཱི་ལུང་དགོན་སོགས་མཇལ་ནས་ཞེ་ཆེན་དུ་སླེབ། ཁྱབ་བདག་བླ་མ་རིན་པོ་ཆེའི་གསུང་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་ཆེན་པོ་སྦྲང་རྩིའི་བུམ་བཟང་དང༌། སྒྱུ་མ་ངལ་གསོའི་དོན་ཁྲིད་བཀའ་དྲིན་བསྩལ། རུ་དམ་རྫོགས་ཆེན་དུ་ཕྱིན་ནས་མཁན་ཆེན་བློ་གསལ་གྱི་སྐུ་གདུང་རིན་པོ་ཆེ་སྦས་པའི་རི་ལ་མཆོད་འབུལ། སྐྱབས་མགོན་དགེ་མང་རིན་པོ་ཆེ་ལས་ཚེ་མདོའི་ཆོས་འབྲེལ་དང༌། མཉན་སྤྲུལ་རང་བཅས་ལ་སྐུ་གསུང་ཐུགས་རྟེན་གྱི་གནང་སྐྱེས། གྲུབ་དབང་རྫོགས་ཆེན་ལྔ་པ་བཅས་དགྱེས་ཞལ་མཇལ། དེ་ནས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཕྱིན། ཨ་ལོ་དིལ་མགོའི་གྲྭ་ཤག་ཏུ་བསྡད། ཁུ་བོ་དཔལ་སྤུངས་བླ་མ་བཀྲ་དོན་ནས་ཤིན་ཏུ་བྱམས་བརྩེས་བསྐྱངས། གོས་གསར་པ་བསྐོན། དཀར་ཡོལ་རྙིང་པ་ཤུབ་དང་བཅས་པ་བྱིན། བསླབ་སྦྱང་གི་སྐབས་སྤྲོ་ཁང་ཞིག་ཡོད་པ་དེ་རུ་སྡོད་དུ་བཅུག་ནས། འཇམ་མགོན་བླ་མའི་དངོས་སློབ་མཁྱེན་རྟོགས་ཡོན་ཏན་དང་ལྡན་པའི་བྱང་འདྲེན་བགྲེས་པ་བསྟན་འཛིན་རྡོ་རྗེ་ཞེས་གདན་ས་དེར་བཀར་བསྟན་སྤྱིའི་ཞབས་བརྟན་གུར་དྲག་ཡེ་ཤེས་རབ་འབར་གྱི་མཚམས་ལ་བཞུགས་པའི་དྲུང་དུ་ཕྱིན་ནས་འགྲེལ་པ་ལེགས་བཤད་སྣང་བ་དམ་པ་ལ་བསྟེན་ནས་སུམ་རྟགས་ཀྱི་བཤད་ཁྲིད་ཞིབ་པར་བསྩལ། ཁོང་ལ་སུམ་རྟགས་ཁྲིད་མཁན་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ཆེན་འཇམ་དབྱངས་ལེགས་པའི་བློ་གྲོས་སམ་ཚེ་རིང་བཀྲ་ཤིས་ཡིན་གསུངས། དུས་གསུམ་བྱ་བྱེད་ལས་གསུམ་སོགས་ལ་མན་ངག་གི་ཁྲིད་ཚུལ་ཡིན་གསུངས། བྱམས་མགོན་རིན་པོ་ཆེའི་དྲུང་ཡིག་བརྡ་དག་ལ་ཤིན་ཏུ་བྱང་པ་ཞིག་ཡོད་པས་དེས་དྲི་བརྩད་མང་པོ་བྱས་བྱུང་བས་ལན་མ་འཕྲོད་པ་གཅིག་གཉིས་ལས་མ་བྱུང་བས་ཤེས་ཚད་ཆེན་པོ་རེད་འདུག་ཟེར་ནས་དགའ་མགུ་ཡི་རང་བྱས་སོང༌། མཉན་པ་རིན་པོ་ཆེས་སྔར་གཟིགས་ཟིན་ཀྱང་བསྐྱར་ཁྲིད་གནང༌། དཔེ་བརྗོད་ཕལ་ཆེར་ལེགས་པར་འདུག་གསུངས། དག་ཡིག་ངག་སྒྲོན་ས་མཐའི་རྣམ་དབྱེ་བཅས་ཁྲིད། དེ་ནས་འཇམ་མགོན་ཆོས་འབྱུང་གི་རང་མཉམ་གྱི་ཐུགས་སྲས་མདོ་ཁམས་པ་ཆོས་ཀྱི་ཉི་མའི་འགྲེལ་ཆེན་སྟེང་ནས་སྙན་ངག་ལེའུ་གསུམ་ཀ་ཞིབ་ཁྲིད་མཛད། དགེ་རྒན་རང་གིས་སྒྲོལ་དཀར་ཁོ་ན་ལ་སྦྱར་ཏེ་དོན་རྒྱན་སོ་ལྔའི་དཔེར་བརྗོད་དང་མིང་གི་མངོན་བརྗོད་དཔེ་བཅས་གཡར་ནས་རྩོམ་རྒྱུགས་ཕུལ་བས། སྔར་ནང་དོན་རིག་པའི་གཞུང་རྣམས་ཕྱོགས་ཙམ་བལྟས་པ་དེས་བརྗོད་བྱས་ཕོངས་མི་འདུག །ཀུན་མཁྱེན་འཇིགས་གླིང་དང༌། མཁྱེན་བརྩེའི་དབང་པོའི་གསུང་མགུར་བསྟོད་ཚོགས་སོགས་ལྷག་པར་བློ་ངོར་འཕྲོད་ཆེ་བས་དེ་རིགས་ཞིབ་མཇལ་དང༌། འཇིགས་མེད་གླིང་པ་ལ་བསྟོད་པ་གསོལ་འདེབས་གང་བྲིས་མྱུར་དུ་སེམས་ལ་འཆར་སླ་བ་ལྟ་བུར་འདུག །ལེའུ་བར་པར་སོན་པ་ནས་དཔེ་བརྗོད་བྲིས་པ་ལ་དགེ་རྒན་ནས་ཤེས་རབ་ཆེ་བའི་བསྔགས་བརྗོད་ཚིགས་བཅད་མང་པོ་གནང༌། སྤྱིར་སྙན་ངག་མེ་ལོང་གིས་རྩོམ་གྱི་སྒོ་འབྱེད་ཟིན་ནས་གང་ཟག་རང་རང་གི་རྩོམ་གཤིས་དེའི་སྟེང་དུ་འགྲོ་བ་ལས་སྙན་ངག་རྒྱན་ཐོག་ཏུ་འགྲོ་མི་ཡོང་ཞེས་གསུངས། ཞེ་དྲུང་གི་མཚམས་སྦྱོར་ལྔ་པ་སྔོན་དུ་འགྲོ་བས་སྒྲ་ཀ་ལ་པ་དང་སྒྲ་ཊིཀ་ཆ་ཚང་ཞིབ་ཁྲིད་མཛད། དེ་ནི་མཁྱེན་དྲུང་ཚེ་རིང་བཀྲ་ཤིས་ཀྱི་སློབ་མ་དཔལ་ཡུལ་བླ་མ་ཤེས་རབ་འོད་ཟེར་ཞེས་པ་རྫོང་སར་དུ་བཞུགས་པ་ལས་གསན་པ་ཡིན་གསུངས། སྤྲུལ་སྐུ་སྒྲ་ཡི་རི་མོ་ལེགས་པར་མཁྱེན་ཅིང་བྱང་བར་འདུག་ཀྱང་དེང་སང་སྒྲ་ཡི་གོ་བ་ཤེས་པ་ཤིན་ཏུ་དཀོན་པོ་རེད་ཡང་ཡང་གསུངས། སྒྲ་ཡི་གོ་བ་ཤེས་ན་སྔོན་གྱི་ལོ་ཙཱ་རྣམས་དང༌། འཇམ་མགོན་རྣམ་གཉིས་ལྟ་བུ་རེད་གསུངས། མཉན་པ་རིན་པོ་ཆེས་སྔར་ནས་སྙན་ངག་བསླབ་སྦྱང་མཛད་པས་གསུང་རྩོམ་ལེགས་པོ་ཡོད་པས་རང་དང་ལྷན་དུ་སླར་ཡང་བསླབ་སྦྱང་མཛད་སྐབས་དེས་རྩོམ་པའི་གནད་སོགས་བཀའ་བསླབ་དང་ཁོང་གི་གསུང་རྩོམ་ལ་ལད་མོ་བྱས་པས་ཤིན་ཏུ་ཕན་པ་བྱུང༌། མཉན་པ་རིན་པོ་ཆེས་མི་ཕམ་འཇམ་དཔལ་དགྱེས་པ་ལ་མཁས་བྱའི་གནས་བཅུ་དང༌། སོ་སོ་ཡང་དག་པའི་རིག་པ་བཞིའི་སྒོ་ནས་བོད་ལུགས་ཀུན་བཟང་འཁོར་ལོ་ཞིག་རྩོམ་མཛད་པས། བདག་གིས་ཀྱང་སྤོབས་པའི་གཏེར་བརྒྱད་དང༌། སོ་སོ་ཡང་དག་རིག་པ་བཞིའི་སྒོ་ནས་ཀུན་བཟང་འཁོར་ལོ་ཞིག་བྲིས། མཉན་པ་རིན་པོ་ཆེས་བཅོས་བསྒྱུར་དང་བཀའ་བསླབ་མཛད་ནས་རང་གི་དགེ་རྒན་དང༌། འཇམ་མགོན་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་སྲས་མཁས་དབང་བླ་མ་བཀྲ་འཕེལ་ལ་གཟིགས་འབུལ་ཞུས་པས་མཉན་པ་རིན་པོ་ཆེ་སྨོས་ཅི་དགོས་ཀྱང༌། སྤྲུལ་སྐུ་ཆུང་བ་ཡང་སྙན་ངག་གི་བརྗོད་པ་ཕུལ་དུ་བྱུང་བ་ཞིག་འབྱུང་བར་ངེས་ཞེས་རྩོམ་ཕུད་ཤོག་དྲིལ་ལ་དར་གྱིས་སྤུད་དེ་གནང༌། མཁས་དབང་བླ་མ་བཀྲ་འཕེལ་དགོངས་པ་རྫོགས་པར། མཉན་པ་རིན་པོ་ཆེ་ཕེབས་ནས་བླ་མ་རིན་པོ་ཆེ་བཀྲ་འཕེལ་ནས་ཕྲན་གྱི་བླ་མ་རྣམས་དྲན་གསོས་ཡིན་ཞེས་ཉེ་གནས་ལ་བླ་མའི་མཚན་རྣམས་ཡིག་གཟུགས་ཆེན་པོ་བྲིས་ཏེ་སྤྱན་གྱིས་གཟིགས་སར་སྦྱར་འདུག་པ་དགོངས་པ་རྫོགས་ཟིན་དུས་མཉན་པ་རིན་པོ་ཆེས་བསྣམས་བྱུང་བ་ལྕེ་བཙུན་སྙིང་ཐིག་གི་བླ་བརྒྱུད་རེད་འདུག །ཀུན་མཁྱེན་འཇིགས་མེད་གླིང་པ་ལ་བསྟོད་པ་ཞིག་བརྩོམས་པས་དེ་སྐབས་ཀྱི་བརྩམས་དཔེ་ཐམས་ཅད་ལས་ལེགས་ཤོས་ཡིན་པ་མཁན་ཆེན་འགའི་མདུན་ཕུལ་བས་ཤིན་ཏུ་ལེགས་པའི་ཕྱག་བྲིས་དང་གཞན་ལའང་བསྟན་ཏེ་ངོ་བསྟོད་མང་པོ་མཛད་པ་ཐོས། ས་ག་ཟླ་བའི་ནང་རཏ་གླིང་ཐུགས་རྗེ་གསང་འདུས་ཀྱི་སྒྲུབ་ཆེན་དབུ་བཞུགས་རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་ཕེབས་པས་མཇལ་ཞིང་ཐུགས་གསང་དོན་དབང་ཀྱང་བཀའ་དྲིན་ཐོབ། ཟླ་བ་ལྔ་པའི་ནང་དཔལ་སྤུངས་ཚེས་བཅུ་ཆེན་པོ་ལ་སྡེ་དགེ་ལྷ་སྲས། དབུས་མདའ་བཀྲས་མཐོང༌། སྡེ་དགེའི་བློན་འཁོར་ཐམས་ཅད་ཕེབས་སྐབས། གངས་ལྗོངས་བསྟན་པ་རྒྱ་མཚོའི་མངའ་བདག་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་དཔལ་སྤུངས་སུ་ཕེབས་ཏེ་ཐོག་མར་གསེར་ཞལ་མཇལ་བས་བཅོས་མིན་གྱི་དད་གདུང་རང་བཞིན་གྱིས་སྐྱེས་ཤིང་ཕ་བུ་འཕྲད་པ་ལྟར་བྱུང༌། རིང་མིན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་མདུན་གདམས་ངག་མཛོད་ཀྱི་དབང་ལུང་གསན་ཕེབ་པའི་ཞལ་འཕྲོས་ཀྱང་བསྩལ། དཔལ་སྤུངས་བྱམས་མགོན་རིན་པོ་ཆེ་སྐུ་ཐོག་རེ་ལ་དིལ་མགོ་ཚང་བླ་མ་ཆོས་སྲིད་བསྟན་ཆུས་ཀྱི་ཞབས་འདེགས་ཐེགས་ངེས་རེ་བར་མ་ཆད་པའི་བཟང་སྲོལ་ཡོད་པས་ཤིང་བྱི་གནམ་ལོ་གསར་ཚེས་ནས་བྱམས་ཆེན་པདྨ་དབང་མཆོག་གི་གསེར་ཞལ་མཇལ་ནས་སྐུ་མདུན་དུ་ནམ་ཕྱིན་ཤིང་ཐོག་གི་གསོལ་རས་རྒྱུན་མི་འཆད་པ་དང༌། ཉེར་མཁོའི་གོས་ཆེན་གྱི་མཆིལ་ལྷྭམ་རྒྱ་ཚེམས་སོགས་བསྩལ་ཞིང༌། ཁྱད་པར་རང་དང་གཅེན་བཤད་སྒྲུབ་བཅས་ཞེ་ཆེན་དུ་འགྲོ་དགོས་པས་རྟ་དྲེལ་བཞི། གཡོག་གཉིས་ཆེད་བཏང་མཛད་ནས་ལྟོ་ཆས་སོགས་གང་དགོས་རྟག་པར་བསྩལ་བས་བཀའ་དྲིན་ཆེན་པོ་བྱུང༌། ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་གི་འབར་ཆུང་བླ་བྲང་དུ་སྟན་ཆགས། ཁྱབ་བདག་འཁོར་ལོའི་མགོན་པོའི་གསེར་ཞལ་འདྲེན་བྱེད་ཀྱི་བདུད་རྩིར་སྨིན་པའི་སྐལ་པ་སྦོམ་པོར་གྱུར། གསར་བརྩམས་ཀུན་བཟང་འཁོར་ལོ་དང་མི་ཕམ་རིན་པོ་ཆེར་བསྟོད་པ་ཞིག་བྲིས་པ་རྣམས་སྤྱན་འབེབས་ཞུས་པས་ཞག་ཤས་ཞིབ་གཟིགས་གནང་ནས་ཉིན་གཅིག་ད་རེས་ཁྱེད་ཀྱིས་གསན་སྦྱང་རྒྱ་ཆེར་གནང་པ་ཤིན་ཏུ་ལེགས། གསུང་རྩོམ་རྣམས་ཀྱང་ལེགས་པར་འདུག་གསུངས་ཞལ་འཛུམ་པ་དང་བཅས་བཀྲ་ཤིས་པའི་ལྷ་རེག་ཨཱ་ཡུ་ཥེ་མགུལ་དུ་གནང་བར། གཅེན་བཤད་སྒྲུབ་བསྟན་འཛིན་ནས་རིན་པོ་ཆེས་བསྟོད་བསྔགས་མགུལ་དར་གནང་བ་ལས་ཀྱང་བརྩམས་ཆོས་རིགས་ལ་བཅོས་བསྒྱུར་བཀའ་བསླབ་གནང་ན་བཀའ་དྲིན་ཆེ་ཞེས་ཞུས་སོང་བས་གསུང་རྩོམ་རིགས་ངེས་པར་ལེགས། སྙན་ངག་ལེགས་པར་འབྱུང་བར་འདུག་ཅེས་ཕེབས། སྔར་དགེ་ཚུལ་ཞུས་པའི་མཁན་ཆེན་གཞན་དགའ་རིན་པོ་ཆེ་བརྟན་མཁས་ཕན་འདོགས་ཀྱི་ཡོན་ཏན་འགྲན་ཟླ་དང་བྲལ་ཡང་སྡོམ་རྒྱུན་སྟོད་འདུལ་ཡིན་པའི་དབང་གིས་དེ་སྐབས་རྗེ་བླ་མས་དགེ་ཚུལ་མང་དུ་གནང་སྐབས་འཁེལ་བས། གཅེན་བཤད་སྒྲུབ་ནས་རྒྱུ་མཚན་ཞུས་པས་བཀའ་གནང་སྟེ་ཞེ་ཆེན་དགོན་སྟོད་མཆོག་སྤྲུལ། རྗེ་ཉིད་ཀྱི་སྐུ་ཚ་མཁན་ཆེན་བློ་གྲོས་རབ་གསལ། གུས་པ་བཅས་ལ་མཁན་པོ་དང་ལས་སློབ་སྦྲག་མ་རྗེ་བཙུན་བླ་མ་ཤཱཀྱའི་སྲས་གཅིག་མཁན་ཆེན་འགྱུར་མེད་པདྨ་རྣམ་རྒྱལ་དང༌། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་འགྱུར་མེད་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས། ཞེ་ཆེན་མཁན་པོ་འགྱུར་མེད་བློ་ལྡན་སོགས་ལྔ་ཚོགས་ཀྱིས་གཟིམ་སྤྱིལ་བདེ་མཆོག་བཀྲ་ཤིས་རིན་པོ་ཆེ་དགེ་འཕེལ་ནས་དགེ་ཚུལ་གྱི་དངོས་པོར་བསྒྲུབས། མདོ་སྨད་བསྟན་པའི་མིག་གཅིག་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཐུགས་སྲས་རྫོགས་ཆེན་མཁན་ཆེན་པདྨ་བཛྲ་རམ་པདྨ་དམ་ཆོས་འོད་ཟེར་ལས་བདག་གི་མཁན་པོས་གསན་པར་གདའ། དེའི་ཞོགས་པར་སྐུ་མདུན་དུ་བཅར་བས་རྒྱུན་པར་གྲིབ་ཀྱི་བསྙུན་བབ་ལྕི་བར་ཡོད་པས་གྲི་ལྕགས་ཀྱི་སོར་གདུབ་ཅིག་ཕྱག་གཡོན་སྲིན་མཛུབ་ལ་བཞེས་ནས་ཡོད་པས་དེ་རིང་བན་རྒན་ཡང་འདུལ་བ་བཞིན་དགོས་གསུངས་ཏེ་གྲི་ལྕགས་ཀྱི་གདུ་བུ་ཕྱག་ལས་བཏོན་ཏེ་མདུན་གྱི་ནས་བཟེད་དུ་བཅུག །ན་བཟའ་བཞེས་སྐབས་གཅེན་བཤད་སྒྲུབ་ནས་ཁོས་དགེ་ཚུལ་སྔར་ཞུས་པའི་སྡོམ་པ་ཡར་ཕུལ་དགོས་སམ་ཞུས་པས་ཐེག་པ་ཆེ་ཆུང་གི་དགོངས་པ་གཉིས་ཡོད་པས་ཐེག་ཆེན་ལུགས་སུ་མཛད་དེ་གཞན་ཕན་དོན་གཉིས་ཀྱི་ཐུགས་བསྐྱེད་མཛད་ན་སྡོམ་པར་ཡར་འབུལ་མི་དགོས་གསུངས། དགོན་སྟོད་མཆོག་སྤྲུལ་ལ་འགྱུར་མེད་བཤད་སྒྲུབ་རྒྱལ་མཚན། མཁན་བློ་གྲོས་རབ་གསལ་ལ་འགྱུར་མེད་ཐུབ་བསྟན་རྒྱལ་མཚན། རང་ལ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་ཞེས་མིང་གནང༌། རྗེ་ཉིད་ཀྱིས་མཛད་པའི་སྔགས་སྤྱིའི་སྔོན་འགྲོ་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ་དང༌། ངེས་དོན་ས་བཅད་དང་བཅས་པའི་བཤད་ལུང་ཡང་བཀའ་དྲིན་ཐོབ། དེ་ནས་རིང་པོར་མ་ལོན་པར་ཀུན་གཟིགས་མཁྱེན་བརྩེའི་མཆོག་སྤྲུལ་རིན་པོ་ཆེ་ཕེབས་པ་ལ་ཞེ་ཆེན་གྲྭ་ཚང་ནས་ཆིབས་བསུ། དགོན་སྡེའི་འཁྲིས་སུ་ཕེབས་སྐབས་ཐོག་རོལ། བར་ཁྲོད་པདྨ་འོད་གླིང་ཀོང་སྤྲུལ་རིན་པོ་ཆེའི་གཟིམ་ཤག་ཏུ་སྤོས་སྣ་རྒྱ་གླིང་གིས་བསུས་ཏེ་གསོལ་ཇ་བཞེས་འབྲས་མཛད་ནས་རྗེ་བླ་མ་རིན་པོ་ཆེའི་གཟིམ་ཆུང་དང་ཉེ་བར་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེའི་གཟིམ་ཤག་ཏུ་བཞུགས་སྟན་ཆག །སྨིན་གྲོལ་ལ་ཆེད་དུ་ཕེབས་པའི་དད་འདུས་ཐམས་ཅད་ལ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གིས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཆེ་བ། ཆེད་དུ་བཀའ་བསྡུའི་དགོས་ཆེད། ཁྱབ་བདག་འཁོར་ལོའི་མགོན་པོ་མཚན་ལྡན་གྱི་བླ་མ་མཆོག་ཉིད་ལ་བརྒྱུད་པ་ཁུངས་བཙུན་ཚུལ། ཆོས་གསན་པའི་ཀུན་སློང་དང་ཀུན་སྤྱོད་སོགས་བསླབ་སྟོན་ཞིབ་མོར་གནང༌། གཟའ་སྐར་དུས་ཚེས་དམིགས་བསལ་མ་ངེས་ཀྱང་སྣ་སེལ་དུ་རཏ་གླིང་ཕུར་པའི་གསང་སྒྲུབ་ཀྱི་བསྐང་བཟློག །སྨིན་ལུགས་དངོས་གྲུབ་རོལ་མཚོ་དབྱངས་རོལ་རྒྱས་པ་ཉིན་གཉིས་མ། བསམ་ལྷུན་མཆོད་ཆོག །སྒྲོལ་ཆོག་སོགས་ཞིབ་རྒྱས་སུ་བཏང་བ་སྔོན་དུ་འགྲོ་བས་བཀའ་ཆོས་དབུ་འཛིན་མཛད་ནས་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱལ་མཚན་གྱི་ལྗགས་ལུང་དང༌། བློ་སྦྱོང་ཞེན་པ་བཞི་བྲལ་སུམ་ཁྲིད་ནས་བརྩམ་རྫོགས་ཆེན་སྡེ་གསུམ་བར་སྨིན་གྲོལ་ཡོངས་རྫོགས་ཐོབ་པའི་སྐལ་བཟང་བྱུང་བར་རང་ཡང་རྗེས་ནས་དེ་རིགས་ལ་ཐོས་བསམ་དང་འཆད་ཁུལ་བླང་བའི་སྐབས་གསེར་ཆོས་ཡིད་བཞིན་ནོར་བུ་འདི་ལྟ་བུ་སྤྱིར་བདག་གི་བླ་མ་ལ་མདོ་རྒྱུད་ནས་གསུངས་པའི་མཚན་ཉིད་ཚང་བར་ཚད་མས་གྲུབ་ཅིང༌། ཁྱད་པར་རྫོགས་པ་ཆེན་པོའི་ལྟ་དགོངས་སྒྲ་ཇི་བཞིན་དུ་ཉམས་འོག་ཏུ་ཆུད་པ་རྫོགས་པའི་སངས་རྒྱས་ཁྱབ་བདག་བླ་མ་རིན་པོ་ཆེ་ལས་དངོས་སུ་ནོད་པའི་སྐལ་བཟང་བྱུང་བ་འདི་འདྲ་མི་ལུས་ཐོབ་པའི་དོན་པོར་འདུག་སྙམ་དད་སྤྲོ་ལྷག་པར་ཡང་སྐྱེས་ཤིང༌། ད་ལྟ་དེ་རིགས་འཆད་ཁུལ་བྱེད་པའི་སྐབས་སུ་ཡང་བླ་མ་རིན་པོ་ཆེ་ཡིད་ཡུལ་དུ་བྱས་ནས་འཆད་ཉན་དོན་ལྡན་དུ་འགྱུར་བའི་གསོལ་བ་བཏབ་ཁུལ་བྱེད། ཤངས་པ་བཀའ་བརྒྱུད་ཀྱི་མགོན་པོ་སྙིང་ཞུགས། གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་རྗེས་གནང་བཅས་འཇམ་མགོན་རྣམ་གཉིས་མཆོག་སྤྲུལ་ཉི་ཟླ་ལྟ་བུ་དང༌། དགོན་སྟོད་སྤྲུལ་སྐུ་སྒྲུབ་བླ་ཀར་སྒྲུབ་སོགས་བདག་ཅག་རྣམས་ལ་གསང་ཆོས་སུ་བསྩལ་ཞིང་ཤངས་པའི་བླ་མཆོད་ཀྱི་ཚོགས་འཁོར་སྐབས། གསང་བདག་གུ་ཎའི་དོ་ཧ་མགུར་དབྱངས་སུ་དགྱེས་ཉམས་ཀྱིས་གསུངས། མཁྱེན་བརྩེ་རིན་པོ་ཆེས་རྗེ་བླ་མར་ཕུལ་བའི་སྤྲེའུའི་ཐོད་པ་དངུལ་ཤན་ཞིག་ཡོད་པ་བདག་ལ་གནང༌། སྒྲུབ་བླ་ཀར་སྒྲུབ་ཀྱི་རང་གི་སྙིང་གར་རྩ་དབུ་མའི་ནང་ཡེ་ཤེས་མགོན་པོ་སྒོམ་ཚུལ་ཞུས་པས་རྗེ་བླ་མ་རིན་པོ་ཆེས་བརྡ་དོན་རྟགས་ཀྱི་རྩ་དབུ་མའི་གོ་དོན་རྒྱུད་ཀྱི་ལུང་མང་པོ་བཅས་བཞད་མོ་གནང་བཞིན་རྒྱས་པར་གསུངས། བཀའ་ཆོས་གྲུབ་ནས་རང་གནས་སུ་ཕྱིན་སྐབས། གཅེན་བཤད་སྒྲུབ་ཀྱིས་བཤད་པ་བྱས་ན་དེ་རིང་རིན་པོ་ཆེས་གསུངས་པ་ལྟ་བུ་ཞིག་དགོས། ཁྱེད་ཀྱང་དེ་འདྲ་བཤད་ཐུབ་པ་ཞིག་འོང་བའི་རེ་བ་ཡོད་ཟེར། དེ་དག་གི་བར་མཚམས་སུ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་ཁོང་གིས་སྔར་སྙན་ངག་ཞིག་ཞུས་པ་འཕྲོ་ཅན་དུ་གྱུར་པས་ད་རེས་ལེའུ་བར་པའི་དཔེ་ཁྲིད་ཅིག་ཕྲན་རྩར་གསན་དགོས་གསུངས་པ། གཅེན་བཤད་སྒྲུབ་ནས་ཁོ་རང་སྙན་ངག་གི་གོ་དོན་དཀའ་གནད་གང་ཡང་ཤེས་མ་རེད་པས་ཀོང་སྤྲུལ་རིན་པོ་ཆེ་ལ་སྙན་ངག་ཕུལ་འོས་མ་མཆིས་པས་ཇི་ལྟར་བགྱིད་ཅེས་རྒྱལ་ཚབ་རིན་པོ་ཆེ་ལ་དགོངས་ལན་ཞུས་པས་བཀའ་བཞིན་བཤད་ཁྲིད་ཕུལ་ན་ལེགས་གསུངས་པས་སྙན་ངག་ལེའུ་བར་པ་ཞིག་གང་ཤེས་ཞུས། སྤྱིར་གཏོར་མའི་ཁྱད་པར། ཆོ་ག་གཏང་ཚུལ་སོགས་ཐམས་ཅད་ལ་དྲི་རྟོག་ཞིབ་རྩད་མང་པོ་བྱེད་དགོས་ངེས་ཤིག་རང་བཞིན་གྱིས་གཤིས་སུ་ཡོད་པས་དེ་སྐབས་ཀོང་སྤྲུལ་རིན་པོ་ཆེ་དང༌། རྗེ་བླ་མ་རིན་པོ་ཆེའི་ལས་རྡོར་སྒྲུབ་བརྩོན་འཇམ་དབྱངས་བློ་གསལ་གཉིས་ལས་གཏོར་བཟོ། ཆོ་ག་ཕྱག་ལེན་སོགས་དངོས་དང་བརྒྱུད་ལས་བཀའ་དྲིན་བསླབ་སྟོན་ཡང་ཡང་ཞུས། རྒྱལ་ཕུར་འགྲུབ་སྦྱོར་ཞིག་གི་ཉིན་ཞེ་ཆེན་དུ་བསླབ་གྲྭ་ཞིག་འཛུགས་རྒྱུ་ཡིན་པས་དེའི་རྟེན་འབྲེལ་དབུ་འཛིན་ཡིན་གསུངས་ཏེ་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གང་བློ་མའི་འགྲེལ་པ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་སྟེང་ནས་ཉིན་ཁ་ཤས་རྒྱས་བཤད་བསྩལ་བ་ཡང༌། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས། དགོན་སྟོད་མཆོག་སྤྲུལ། སྐུ་ཚ་མཁན་ཆེན་བློ་གྲོས་རབ་གསལ། མཁན་པོ་འཕགས་རྒང་དབུས་གདམས་མཛོད་ཞུ་མཁན་ཐམས་ཅད་ནས་གསན་པས། ཕྱིས་མདོ་སྔགས་རིགས་གནས་ཉམས་ལེན་ཅན་ལ་འགྲན་བྲལ་གྱི་མཁས་བཙུན་བཟང་གསུམ་ལྡན་པ་ཤ་སྟག་ཏུ་གྱུར། འབའ་གླིང་དཀར་དབུ་མཛད་ཅིག་གིས་གསོལ་བ་བཏབ་པའི་བཀའ་དྲིན་གྱིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། འཇམ་མགོན་བསྟན་གཉིས་གླིང་པའི་ཟབ་གཏེར་རྩ་གསུམ་དགོངས་འདུས་ཀྱི་དོན་དབང་ཡང་ཀོང་སྤྲུལ་རིན་པོ་ཆེ་ལས་ཐོབ། ཚ་ཚ་དགོན་གྱི་སྒྲུབ་བླ་བླ་མ་ཀར་སྒྲུབ་ནས་ཞུས་པར་བརྟེན་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཉེ་སྲས་བརྒྱད་ཀྱི་རྗེས་གནང་དང༌། དད་ལྡན་གཞན་ཞིག་གིས་གསོལ་བ་བཏབ་པ་ལས་སྙིང་ཐིག་གི་དཔལ་ཆེན་འདུས་པ་དང༌། ཕུར་པ་བདུད་དཔུང་ཟིལ་གནོན་གྱི་དབང༌། ཐོག་མའི་ཆོས་འབྲེལ་དུ་ཐོབ། རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་སྐུ་ཅུང་བསྟེམས་པས་དེ་བར་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་ལྔ། ཕྱག་ཆེན་རྒྱ་གཞུང་པོད་གསུམ། དགོངས་པ་ཟང་ཐལ་ཐོར་བུ། རྡོ་རྗེ་གླིང་པའི་ཧཱུྃ་སྐོར་སྙིང་ཐིག་པོད་གཅིག་དང༌། རིག་འཛིན་ཐུགས་ཏིག་གི་གཞུང་པོད་ཐོར་བུ་བཅས་གསན་པའང་ཐོབ་པའི་སྐལ་བཟང་བྱུང༌། རྗེ་འཇམ་མགོན་མཁྱེན་སྤྲུལ་རིན་པོ་ཆེས་རང་ལ་ཐུན་མོང་མ་ཡིན་པའི་ཐུགས་བརྩེས་བཀའ་ཆོས་ཀྱི་སྐབས་རང་འདུག་གནས་ཐག་རིང་བར་ཡོད་པས་ཆར་ཞོད་ཆེ་སྐབས་རྗེ་ཉིད་དང་ལྷན་དུ་གསོལ་ཆས་གནང་བ་དང༌། མི་ཕམ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་ཆོས་འབྲེལ་དུ་གསན་པ་དང༌། རྒྱུད་བཞིའི་དཀའ་མཆན་སོགས་ཁ་ཤས་ཕུལ། ཁྲིད་ནོས་སྐབས་ཕྱག་དཔེ་ལྷན་དུ་མཇལ་ཆོག་པ་སོགས་བཀའ་དྲིན་ཆེན་པོའི་ཉིན་བྱེད་ཀྱི་སྐྱ་རེངས་དེ་ནས་ཤར་བ་ཡིན། སྤྱིར་དེ་སྐབས་བཀའ་ཆོས་གསན་མཛད་མཁན་ཐམས་ཅད་མཁས་བཙུན་ཡོན་ཏན་ཅན་ཁོ་ན་ཡིན་པས་རྗེ་བླ་མ་རྡོ་རྗེ་འཆང་གི་དབང་སྒྲུབ་ཀྱི་སྐབས་སོགས་འཇམ་མགོན་མཆོག་སྤྲུལ་རྣམ་གཉིས་ནས་ཆོས་འཆད་སྤེལ་མཛད་པ་དང༌། སློབ་མ་གཞན་གྱིས་ཕྱག་འབུམ་བསག་སྦྱང་དང༌། ཕྱག་རྫོགས་ཉམས་ལེན་མཉམ་བཞག་གི་བཞུགས་ཤིང༌། མཆོག་སྤྲུལ་རྣམ་གཉིས་སོགས་ནས་གསུང་རྩོམ་ཕན་ཚུན་ཕུལ་མཛད་པ་དང༌། འཆད་རྩོད་རྩོམ་པ་སོགས་ལེགས་མཛད་གནང་བའི་སྐབས་ཤིག །རྗེ་འཁོར་ལོའི་མགོན་པོས། འཇམ་མགོན་རྣམ་པའི་མཛད་པ་འདི་དག་ལ་བལྟས་ན་མ་འོངས་པར་དཔལ་ན་ལེནྡྲ་ལྟ་བུའི་འཆད་རྩོད་རྩོམ་པ་འོང་བར་རྟེན་འབྲེལ་འདུག་གསུངས། བར་སྐབས་ཅིག་ཕྲན་རྗེ་བླ་མ་ཆབ་བསིལ་ཕེབས་ལམ་དུ་མཇལ་བས་ཕྱག་གིས་ཕྲན་གྱི་ལག་པ་ནས་བཟུང་སྟེ་ཞལ་འཛུམ་པ་དང་བཅས་སྐུ་རྩེད་ལྟ་བུས། མེ་ཏོག་ཁ་མ་བྱེ་སྦྱོར་ལྟོས། གསུངས་ནས་ཕྱག་གིས་བྱུག་བྱུག་གནང་བ་དེ་སྐབས་བྱིས་པ་ཡིན་ཀྱང་རྗེ་བླ་མ་ལ་ཡིད་ཆེས་ཀྱི་དད་མོས་ལེགས་པོ་ཡོད་པས་ཕྲན་ད་ལྟ་ནི་དེ་འདྲའི་བྱ་སྤྱོད་གང་ཡང་མེད་པས། ཅི་གསུངས་པ་ཡིན་ནམ་སྙམ་འཁུ་འཁྲིག་དང་བག་ཚ་བ་བྱུང་བ་ཕྱིས་ལས་ངན་ཨ་མྱེ་རྒད་པོར་འགྱུར་བ་ཡེ་ཤེས་ཀྱིས་གཟིགས་པ་ཡིན་ནམ་སྙམ། སྤྱིར་རྗེ་བླ་མ་རིན་པོ་ཆེས་ཟབ་དབང་ཞིག་གསུངས་པའི་སྐབས་ཞལ་རས་གཟི་བརྗིད་ཆེ་ཞིང༌། སྤྱན་ལྟ་སྟངས་དང་བཅས་ངོ་སྤྲོད་ཀྱི་སྐབས་སྡིགས་མཛུབ་བདག་ལ་གཏད་མཛད་པ་བྱུང་སྐབས། རྣམ་རྟོག་ལ་རང་མོས་གུས་དམན་པས་བླ་མ་མི་རུ་མཐོང་བ་མ་གཏོགས། ཨོ་རྒྱན་སངས་རྒྱས་གཉིས་པས་རྗེ་འབངས་ཉེར་ལྔ་ལ་དབང་གསུངས་པ་ལ་སློབ་དཔོན་གྱི་ལྟ་དགོངས་ལ་མཐོ་དམན་མི་འདུག་སྙམ་པའི་ཡིད་ཆེས་ཡང་ཡང་སྐྱེས། གསོལ་འདེབས་ཀྱང་བགྱིས། གཅེན་བཤད་སྒྲུབ་ནས་མི་ཕམ་འཇམ་པའི་དབྱངས་ཀྱི་རྣམ་ཐར་ཡང་ཡང་བཤད་པ་དང༌། མཉན་པ་རིན་པོ་ཆེ་ཡང་རང་གི་ཡོངས་འཛིན་རྣམས་ལ་དད་མོས་ཀྱིས་ཆེ་བའི་ཡོན་ཏན་ཁོ་ན་གསུངས་པ་ཐོས་པའི་རྐྱེན་གྱིས་དགེ་བའི་བཤེས་གཉེན་ཐམས་ཅད་ལ་དད་མོས་དང་ཅི་མཛད་ལེགས་མཐོང་དགའ་རབ་ཤེས་པ་འདྲ། དེ་སྐོར་ཞིག་རྗེ་བླ་མ་རིན་པོ་ཆེའི་ཞལ་གདམས་སྐོར་ཞིག་མཇལ་བས། ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེ་ལ། རྗེ་བླ་མ་རིན་པོ་ཆེས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་མདོ་སྔགས་ཟབ་རྒྱས་ཆོས་ཀྱི་གནད་དོན་ཐུགས་ལ་མཆིས་པ་རྣམས་ཚིག་བཅད་དུ་མཛད་པ་ཕུལ་ཞིང༌། མི་ཕམ་རིན་པོ་ཆེས་གསུང་ལན་ཚིགས་བཅད་གཅིག་སླར་གསུངས་པ་མཇལ་བའི་རྐྱེན་ལྟ་བུའི་རྟོགས་འབུལ་ཡིན་ཟེར་བའི་ཚིགས་བཅད་བཅུ་ཙམ་ཞིག་བྲིས་ཏེ་གཟིགས་ཕུལ་བས་དགྱེས་བཞེས་བྱུང་ཀྱང༌། ཕྱིས་རང་གིས་ཞིབ་ཏུ་དཔྱད་དུས་རྟོགས་པ་ལྟ་ཅི་སེམས་དོན་ཉམས་མྱོང་གི་ཚིག་ཀྱང་རེད་མི་འདུག །སྤྱིར་རང་ཉིད་ཆེན་པོའི་རིགས་སུ་སྐྱེས་ཐོག་སྤྲུལ་སྐུའི་མིང་ཡོད་པ་དང་འདྲེན་མཆོག་བླ་མ་རྣམས་ཀྱིས་བྱམས་བརྩེ་ཁོ་ན་ལས་མཚང་འདོན་བཀའ་བཀྱོན་སོགས་གཏན་ནས་གསུང་མ་མྱོང་བས་རང་མཐོང་གིས་ཕུལ་ཁུལ་འདུག་པས་བླ་མ་རིན་པོ་ཆེ་ཐུགས་གཏིང་ནས་ཁྲེལ་མེད་དམ་སྙམ་ནས་རྗེས་སོར་འཇིགས་སྣང་གི་སྐྱི་བུང་བྱེད་ཀྱི་འདུག །ཚིགས་བཅད་འདིར་འགོད་པར་འོས་ཀྱང་དཔེ་བརླགས་ནས་མེད་པས་ནོངས། འཇམ་མགོན་བླ་མ་རིན་པོ་ཆེས་རྗེ་བླ་མར་བྱད་འགྲོལ་གསེར་ལྡེའི་བཅིངས་གྲོལ་ཕུལ་སོང་བས་རང་ཡང་བཀའ་དྲིན་ཐོབ། མི་ཕམ་རིན་པོ་ཆེའི་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ། སངས་གླིང་བདུད་འདུལ་གཉིས་འདུས་དབང་འཇམ་མགོན་མི་ཕམ་གསུང་གི་སྟེང་ནས་འཇམ་མགོན་དྷརྨ་མ་ཏིའི་མདུན་ནས་རྗེ་བླ་མས་གསན་པ་ཐོབ་པའི་སྐལ་བཟང་བྱུང༌། དེ་སྐོར་ཞིག་ལ་རྗེ་བླ་མ་ཉིད་ཀྱིས་མཛད་པའི་གཏམ་ཚོགས་སྐོར་པར་དུ་བརྐོས་པ་ཞུས་དག་དང་དཔེ་ལ་ལྟ་རྟོགས་གྱིས་ཞེས་གནང་བྱུང་བ་ཞིབ་མཇལ་བྱས་པས་དབེན་པ་ལ་བསྐུལ་བའི་གཏམ་ངེས་འབྱུང་གི་རྒྱན་ཞེས་བྱ་བ་དེ་མཇལ་བ་དང་སྣང་བ་འགྱུར་ཏེ། ད་འཇིག་རྟེན་ཚེ་འདིའི་བྱ་བ་བློས་བཏང་སྟེ་དབེན་གནས་ཤིག་ཏུ་རྗེ་བླ་མ་རིན་པོ་ཆེ་བཞུགས་པ་བཞིན་བསྡད་ནས་རྫོགས་པ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པ་ཞིག་བྱེད་དགོས་སྙམ་པ་བཟློག་ཏུ་མེད་པའི་རྣམ་རྟོག་ཅིག་སྐྱེས། དད་མོས་ཀྱིས་ཡང་ཡང་མཇལ་བས་རི་ཡི་ངོས་རྩྭ་མང་པོ་སྐྱ་ཤུར་རེ་སྐྱེས་པའི་དབེན་པ་ཞིག་ཏུ་འདུག་པ་ཡིད་ངོར་ཡང་ཡང་གསལ་བ་སྔོན་གྱི་བག་ཆགས་འདྲ་ཡིན་སྲིད་སྙམ། མགུར་ཐར་ཐོར་འབྲེལ་ཡོད་མེད་མང་པོ་ཡང་བྲིས། མི་ཕམ་རིན་པོ་ཆེའི་བཀའ་འབུམ་ཐོར་བུའི་ལུང་ཡང་ཕུལ། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ་གླིང་རྗེ་གེ་སར་སྐུ་འཁྲུངས་སའི་གནས་སྐྱིད་སོས་ཡག་གི་སུམ་མདོར་གླིང་དཀར་ལྷ་སྲས་རྒྱལ་ཁྲིར་མངའ་གསོལ་ལ་ཕེབས་སྐྱེལ་ཞུས་པ་རྗེ་ཉིད་ཀྱི་ཕྱག་བྲིས་ཤེར་ཕྱིན་སྡུད་པའི་བརྒྱུད་རིམ་ཞིག་འདུག་པ་ཕྲན་ལ་གནང་བྱུང༌། མཁྱེན་བརྩེ་རིན་པོ་ཆེར་འཇམ་དཔལ་བཤེས་གཉེན་གྱི་ཉེ་བརྒྱུད་དང་རིང་བརྒྱུད་ཀྱི་བརྒྱུད་ཡིག་ཅིག་གནང་བའི་བར་སེང་དུ་གཟའ་སྐར་སྦྱོར་བྱེད་དུས་ཚེས་ཤིས་པ་ཞིག་གི་ཉི་ཤར་ལ། འོག་མིན་བླ་མའི་གཟིམ་སྤྱིལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཤོག་གསུངས་པ་ལྟར་ཕྱིན་པས། གཟིམ་སྒོ་ནས་ཀོང་སྤྲུལ་རིན་པོ་ཆེའི་མཛོད་དར་དང་སྤོས་སྣས་བསུས། ནང་དུ་སོན་པ་དང་བཞུགས་ཁྲི་འབོལ་བཞི་བརྩེགས་སྟེང་སྟན་དཀར་རྡོ་རྗེ་གཡུང་དྲུང་རིས་ཅན་བཞག །ཉིད་མཛད་སྤྲུལ་སྐུ་ཁྲིར་བཀོད་ཀྱི་ཆོ་ག་བཞིན་སྦྱང་ཁྲུས་སྔོན་དུ་འགྲོ་བས་རང་ལུགས་སྨིན་གླིང་གཏེར་ཆེན་ཟབ་ཆོས་འཆི་མེད་ཡང་སྙིང་གི་སྒོ་ནས་བརྟན་བཞུགས་མངའ་གསོལ་ཞིབ་རྒྱས་མཛད་མཐར། འབུལ་ཡིག་རྗེ་བླ་མ་རིན་པོ་ཆེའི་ཞལ་ནས་གསུང་སྐབས་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་སྤྲུལ་སྐུ་ཡིན་པ། སྔར་ནས་ཕ་རྒན་གྱིས་རྗེ་ཉིད་ལ་ཕུལ་བ་ཡིན་ལུགས་དང༌། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་མིང་དང༌། ཞབས་བརྟན་ཚིགས་བཅད། སྐུ་རྟེན་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས་རྫོགས་ཆེན་ནགས་ཆུང་རི་ཁྲོད་ནས། མཁས་འཇུག་གི་བཤད་ཁྲིད་གསན་སྐབས་བསྩལ་བའི་ཐུབ་དབང་རྒྱ་གར་ཤར་ལི་བྱིན་ནོམ་ལྡན་པ། གསུང་རྟེན་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རྩ་བ་མི་ཕམ་རིན་པོ་ཆེའི་ཕྱག་བྲིས་ཕྱག་མཆན་ཅན། ཐུགས་རྟེན་དུ་མི་ཕམ་རིན་པོ་ཆེས་རྒྱུན་བཞེས་རྒྱ་དྲིལ་བྱིན་ལྡན། ཡོན་ཏན་གྱི་རྟེན་དུ་མི་ཕམ་རིན་པོ་ཆེའི་སྐུའི་ཉེར་སྤྱད་དངུལ་གྱི་ནས་བཟེད་ཤུབ་ལྡན། ཕྲིན་ལས་ཀྱི་རྟེན་མི་ཕམ་རིན་པོ་ཆེའི་ཐོད་པའི་ཕྱག་ཌཱར་རིན་པོ་ཆེ་དང་སྟོང་སྐུད་ཀྱི་འཕན་ཚར་ཅན། དབང་མདོག་ལྕགས་གསེར་གྱི་ཐམ་ཀ་གྲུ་བཞི། རྟ་ནོར་སོགས་དངོས་རྫས་རྒྱ་ཆེར་བསྩལ། དོན་སྙིང་སྔ་འགྱུར་བཀའ་གཏེར་གྱི་མངའ་བདག་སོ་ཟུར་གནུབས་གསུམ། མངའ་པཎ་སྐུ་མཆེད། ཀུན་མཁྱེན་ཡབ་སྲས། སྨིན་གླིང་མཆེད་ཞལ། ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གཉིས། ཐེག་མཆོག་ཤིང་རྟ་མི་ཕམ་རིན་པོ་ཆེ་རྣམས་ཀྱི་ཆོས་རྒྱུན་འཛིན་པ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་པས་དམ་པའི་ངང་ཚུལ་བཅུ་གཉིས་ཀྱིས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་འགྲོའི་དོན་མཛད་པར་གདམས་པ་བཞིན་བྱུང་ན་རྗེ་ཉིད་སྐུ་ཚེ་གཅིག་གི་མཛད་པ་གྲུབ་པ་ཡིན་པས་ཐུགས་དགོངས་རྫོགས་ཚུལ། བླ་མ་དཀོན་མཆོག་རྩ་གསུམ་སྲུང་མས་ཕྲིན་ལས་སྒྲུབ་དགོས་ཚུལ། དེ་ལ་དཀར་ཕྱོགས་ལྷ་མི་ཀུན་གྱིས་ཤིས་པའི་རྒྱལ་རྔ་བརྡུང་བཞིན་པས་ཕྱོགས་དུས་ཀུན་ཏུ་དགེ་བར་བྱས་ཚུལ་རྣམས་ཚིགས་བཅད་དུ་བསྡེབས་ནས་འདུག །དེ་སྐབས་ཁྲི་དེ་ལ་བསྡད་བཞིན་པའི་རྣམ་རྟོག་ལ། ཕྲན་མཁྱེན་བརྩེ་རིན་པོ་ཆེའི་སྤྲུལ་སྐུར་མངའ་གསོལ་མཛད་འདུག་པས་སྐྱེ་བ་དྲན་དགོས་རེད་བསམ་པ་དྲན་པས། བྲག་རི་ཕུག་པ་ཅན་ཞིག་གི་མདུན་དུ་ལྗོན་ཤིང་ལྕུག་ཕྲན་མང་པོ་ཡལ་འདབ་འབྲེལ་པའི་ཁོང་གསེང་ནས་ཉི་ཟླ་ནམ་མཁའ་མཐོང་བ་ཞིག་ཏུ་འདུག་པ་ཡིད་ངོར་གསལ་པོར་ཤར་བས་སུ་ལ་ཡང་མ་སྨྲས་ཀྱང༌། ཚེ་སྨད་དུ་བལ་ཡུལ་ཡང་ལེ་ཤོད་མཇལ་དུས་དེ་ཡིན་འདུག །རྒྱུ་མཚན་གང་ཡིན་མ་ཤེས། གཅེན་བཤད་སྒྲུབ་ལ་ད་རེས་ཁྱིམ་དུ་སོང་ན་རྗེས་ནས་འདིར་ཕེབས་ནས་ཕྲན་གྱི་མཚམས་ཁང་འདིར་བཞུགས་དགོས་ཞེས་གསུངས། ཕུར་པའི་སྐུ་མཚམས་ཤིག་བཞུགས་ན་ལེགས་ཞེས་ཆོས་གྲོགས་གཞན་ཞིག་ལ་གནང་སྐབས་དང་འབྲེལ་བས་སླར་ཡང་དབང་དང་བསྙེན་ཡིག་གི་སྟེང་ནས་ཞལ་ཁྲིད་བཅས་བཀའ་དྲིན་བསྐྱངས། གཅེན་བཤད་སྒྲུབ་ནས་སེམས་ཁྲིད་ཅིག་ཞུ་བར་བཏང་བྱུང་བས། ཁྲིད་ཟབ་རྒྱས་ཤིག་གནང་བ་ཕྱིས་མཛོད་བདུན་སོགས་རྫོགས་ཆེན་མན་ངག་གང་ནས་གསུངས་ཀྱང་རྗེ་གདོད་མའི་མགོན་པོའི་གསུང་དེས་ཀུན་ལ་ཁྱབ་པ་ལྟ་བུ་ལྷང་ངེར་དྲན་པར་འདུག །སེམས་གསལ་སྟོང་ཞིག་འདུག་ཞུས་པས། དེའི་སྟེང་དུ་ཀློད་ལ་ཞོག་གསུངས། མཁྱེན་བརྩེ་རིན་པོ་ཆེ་ཡར་ཕེབས་ནས་ཉི་མ་གཅིག་ལ་ཞལ་ལག་ལྷན་དུ་གནང་ནས་རིན་པོ་ཆེ་ཁོང་གིས་ངོར་དཔོན་སློབ་བློ་གཏེར་དབང་པོ་ལ་ཞུས་པ་དབོན་སྟོད་མཁན་མཁྱེན་རབ་དྲུང་ཡིག་ཏུ་ཡོད་པ་ལ་ཕྲན་མཁྱེན་བརྩེའི་དབང་པོའི་སྤྲུལ་སྐུ་ཡིན་པའི་ཐུགས་ཤེས་འདྲོང་ཚུལ་བཀའ་གནང་ཚུལ་སོགས་ལོ་རྒྱུས་ཞིབ་པར་གསུངས་ནས། ད་རེས་སྐྱབས་རྗེ་རིན་པོ་ཆེས་བཀའ་ཡིས་དྲིལ་བསྒྲགས་མཛད་པ་བཞིན་ཉིད་ནས་ཀྱང་ཁྱེད་སྐུ་མཆེད་ཕྱིན་ཆད་རྫོང་སར་དུ་ཕེབས་ན་མཁྱེན་བརྩེའི་བླ་བྲང་རང་དུ་བཞུགས་ཆོག །ངོས་ཉིད་ནས་ཀྱང་རྙིང་མ་རྒྱུད་འབུམ་གྱི་ལུང་དང་སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་འབུལ་བའི་དགོངས་པ་ཡོད་ཅེས་སྐུ་གསུང་ཐུགས་རྟེན་རིན་ཆེན་གཉིས་པའི་མཎྜལ་དང༌། རྒྱ་དངུལ་རྡིལ་ཚད་བཅས་གནང༌། རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེའི་ཕྱག་བྲིས་གཉུག་སེམས་ཀྱི་ཕྱག་དཔེ་འབྲལ་སྤང་མཛད་པ་གཡར་བ་སོགས་བཀའ་དྲིན་ཆེན་པོས་བསྐྱངས། སྔར་རྒྱལ་ཚབ་རིན་པོ་ཆེའི་གནང་སྐྱེས་རྟ་ནོར་སོགས་ཡར་ཕུལ། སྤྲུལ་སྐུ་ཁོ་རང་གིས་ཚུལ་ཁྲིམས་གཙང་ཞིང་བསྟན་ལ་བྱ་བ་བྱེད་ནུས་པ་ཞིག་བྱུང་ན་བདག་པོ་རྗེ་ཉིད་ལས་མེད་ཅིང་བཀའ་གང་གསུང་བསྒྲུབ་པ་ཡིན་ཞེས་གཅེན་བཤད་སྒྲུབ་ནས་ཞུས་སོང༌། དེ་ནས་དཔལ་སྤུངས་སུ་སོང༌། སྐྱབས་རྗེ་བྱམས་མགོན་རིན་པོ་ཆེ་སྐུ་གཟུགས་མ་བདེ་བའི་རྐྱེན་གྱིས་མཉན་པ་རིན་པོ་ཆེ་རེ་ཞིག་བཞུགས། ཕྲན་སྤུན་ལ་རྡོར་དྲིལ་གསེར་རྩེ་མ་སོགས་གནང་སྦྱིན་དང་བཅས་ཏེ་འདམ་དཀར་དུལ་མོ་ཆོས་རྗེའི་མཆོག་སྤྲུལ་དང་ལྷན་དུ་རང་ཡུལ་དུ་འོང༌། འདི་སྐོར་ཞིག་ཏུ་རང་ལ་ལྷག་བསམ་དཀར་ཞིང་དྲིན་ཆེ་བའི་དགེ་རྒན་དམ་ཆོས་ཞེས་པ་ཞིག་ཡོད་པ་ལ་སྙན་བརྒྱུད་ཕུར་པའི་དབང་ཁྲིད་ཅིག་འདོན་དགོས་ཟེར་བ་ལ་རྒྱལ་ཚབ་བཀའ་དྲིན་ཅན་ལས་དབང་ནི་ཐོབ་པ་ཡིན་ཅིང༌། དབང་གི་ཕྱག་ལེན་སོགས་བསླབ་མཁན་སུ་ཡང་མེད། སྙན་བརྒྱུད་ཕུར་པ་རྒྱུན་ཁྱེར་དང༌། དབང་དཔེ་ལས་མེད་ཅིང༌། ཚོགས་གསོག་སོགས་སྔོན་རྗེས་ཡང་དག་ཟབ་ཏིག་ལས་ཁ་བསྐང་དགོས་པ་ཞེས་པ་ལྟར་བྱས་པས། ད་ལྟ་དཔྱད་དུས་ཆད་ལྷག་ཆེར་མ་སོང་བ་ལྟ་བུ་འདུག །ས་བཅད་དུ་གསལ་བ་ལྟར་ཕུར་བཞིའི་བཤད་པ་གང་དྲན་དྲན་ཞིག་ཧམ་པས་བྱས། ཟུར་མང་དྲུང་རིན་པོ་ཆེ་ཆོས་ཀྱི་ཉིན་བྱེད་ཀྱང་དེར་ཕེབས་ནས་གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་སྐོར་མཁྱེན་བརྩེ་རིན་པོ་ཆེའི་ཉེ་བརྒྱུད་རྣམས་བླ་མ་རིན་པོ་ཆེ་དམ་ཆོས་འོད་ཟེར་ལས་གསན་ཅིང༌། གསང་བདག་ཏཱ་ར་ནཱ་ཐའི་བཀའ་འབུམ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ལུང་བརྒྱུད་གླིང་དཀར་རྗེ་བཙུན་མ་འཇམ་དབྱངས་ཚུལ་ཁྲིམས་བཟང་མོ་ལས་གསན་ཏེ་བཞུགས་པའི་དྲུང་དུ་ཕྱིན་ཏེ་ཚེ་འགུགས་ཤིག་ཞུས་པ་ཉིད་ཀྱིས་མཛད་པའི་གེ་སར་ཚེ་འགུགས་ཅིག་ཆོས་འབྲེལ་དུ་ཐོབ། ཡར་ལམ་བླ་མ་རིན་པོ་ཆེ་དམ་ཆོས་ཀྱང་ཞལ་མཇལ་ཞུས་ནས་རྗེ་འདིས་ཕྲན་ལ་མཁྱེན་ཀོང་གི་ཟབ་གཏེར་སྐོར་ལས་བསྙེན་སྒྲུབ་མཛད་ན་བསྟན་འགྲོའི་དོན་ཆེན་འོང་ཞེས་གཅེན་བཤད་སྒྲུབ་ལ་ནན་ཏན་གསུངས། རང་གནས་སུ་སོང༌། དེ་ནས་མི་རིང་བར་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་མཚམས་ལ་བསྡད། སྔར་རྗེ་བླ་མའི་ཞལ་ཁྲིད་དང་བསྙེན་ཡིག །ཕུར་པའི་རྣམ་བཤད། མི་ཕམ་རིན་པོ་ཆེའི་རྩ་གསུམ་བསྙེན་ཡིག་རྣམས་གོ་བསྡུར་བྱས་ཤིང༌། ཐུན་གྱི་སྐབས་དམིགས་པ་གསལ་ཅི་ཐུབ་བྱས། ཐུན་མཚམས་སུ་གཅེན་བཤད་སྒྲུབ་ནས་མཆན་འགྲེལ་འདི་རྣམས་མཁན་སློབ་གཉིས་ཀ་ལ་འཆད་ཉན་སྟབས་བདེ་ཡང་གོ་བ་གཏིང་ཕྱིན་པ་སྐྱེ་མི་འདུག །དཔལ་སྤྲུལ་རིན་པོ་ཆེའི་ཕྱག་བཞེས་བཞིན་རྩ་བའི་གཏིང་ནས་ཚིག་དོན་གཉིས་ཀ་བྱང་ཆུབ་པར་ཤེས་དགོས་པས་བྱམས་ཆོས་སྡེ་ལྔ་རྩ་བའི་སྟེང་སྐྱོར་སྦྱང་གྱིས། ལྷག་པར་དཔལ་སྤྲུལ་རིན་པོ་ཆེའི་ཤེར་ཕྱིན་སྤྱི་དོན་དང་འབྲུ་འགྲེལ་རྣམས་བལྟ་རྟོགས་གྱིས་ཟེར། དཔལ་སྤྲུལ་རིན་པོ་ཆེ་དང་དགེ་མང་དབོན་པོའི་དངོས་སློབ་རྫ་རྒྱལ་དགོན་གྱི་བླ་མ་སྤྲེལ་ལོ་ཞེས་སྐུ་ཚེ་རིལ་བོར་དབེན་པར་བཞུགས་པ་ཞིག་ཡོད་པ་དེའི་ཕྱག་དཔེ་ཤེར་ཕྱིན་གྱི་རྩ་བ་མཆན་ཅན་དང༌། སྤྱི་དོན་འབྲུ་འགྲེལ་སོགས་ལྟ་ཁུལ་བྱས། དེའི་དཔྱིད་སོས་སྐོར་བྱང་ཕྱོགས་ལྕང་མ་རི་ཁྲོད་ནས་མཁན་ཆེན་རྡོ་རྗེ་འཛིན་པ་ཐུབ་བསྟན་ཆོས་འཕེལ་སྤྱན་དྲངས། ཆིབས་མི་བཞེས་པ་ཞབས་ཐང་གིས་སྐུལ་ངལ་ཁྱད་དུ་བསད་དེ་དགྱེས་བཞིན་ཕེབས་མཇལ་བྱུང་བས་ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་བའི་སྟེང་རྒྱུགས་འབུལ་བྱས། བསླབ་སྦྱང་བརྩོན་པ་ལེགས་པོ་བྱས་འདུག་གསུང་སྟེ་ཐུགས་མཉེས། མཁྱེན་གསུམ་སྦྱོར་བཞི་སོགས་ལ་གོ་བ་ངེས་ཤེས་འདྲོང་བ་མེད་ཀྱང་ཚིག་འཛིན་པ་ལ་བློ་རྣོ་པོ་ཡོད་པས་འབྲུ་འགྲེལ་གྱི་ཚིག་ཐམས་ཅད་རྩ་བ་ལ་སྦྱོར་ཐུབ་པ་ཡོད་པས་མཁན་པོས་དེ་ལ་དགོངས་པ་འདྲ། ད་རེས་ཕྲན་འདིར་འོང་བའི་དོན་གོ་སྤྲུལ་སྐུ་འདི་ལ་ཕྱོགས་བཅུ་མུན་སེལ་ཞིག་ཟླ་བ་དྲུག་ཏུ་སློབ་དགོས་གསུངས་ནས། རང་དང་གཅེན་བཤད་སྒྲུབ། ལྕང་མ་མཁན་པོ་ཚུལ་ལུ་གསུམ་ལ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་བཞེས་བཞིན་རྒྱུད་ཆོག་དང་བཅས་ཏེ་ཕྱོགས་བཅུ་མུན་སེལ་སྤྱི་དོན་རྣམས་བཞག་སྟེ། རྩ་འགྲེལ་ཐམས་ཅད་མཁན་རིན་པོ་ཆེའི་ཐུགས་ཐོག་ནས་ཞག་བཅུ་རུ་གསུངས། ཞི་ཁྲོའི་ཚོགས་སྐོང་གི་གཏང་རག་རྒྱས་པ་གསུངས། གཅེན་བཤད་སྒྲུབ་པས་སླར་དབུ་ནས་བརྩམ་ཏེ་ཉིན་རེར་ཤོག་ལྡེབ་ཕྱེད་གསུམ་རེ་ཞིབ་ཁྲིད་ཀྱི་ཚར་གཅིག་དང༌། ཡང་ཉི་མ་རེ་ལ་ཤོག་ལྡེབ་ལྔ་རེ་བྱས་ནས་ཚར་གཅིག་གསུངས། མཁན་རིན་པོ་ཆེ་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་ཆོས་བཞིན་མཛད། འདུལ་བ་ལ་ཤིན་ཏུ་ཞིབ་པ་གསོལ་ཚིགས་སྐབས་གསུང་མི་འབྱོན་པ་དང༌། ཞལ་འདོན་སྐབས་ངག་ཚིག་བཅད་པ་དང༌། སོས་དལ་དུ་ཡུད་ཙམ་རེ་མི་བཞུགས་པར་ཕྱག་དཔེ་གཟིགས་པ་དང༌། ཕྱག་བྲིས་དང་ཆོས་འཆད་ཉན་ཁོ་ན་མཛད། གསོག་འཇོག་གཏན་ནས་མེད་པར་ན་བཟའ་དང་གསོལ་ཆས་ངན་ངོན་རེ་བསྟེན་སྟེ་མཆོད་འབུལ་གནང་བ་དང༌། །འབྲེལ་ཚད་དོན་ལྡན་སྦྱོར་ནས། དཔལ་སྤྲུལ་རིན་པོ་ཆེའི་རྣམ་འཕྲུལ་དུ་གྲུབ་དབང་རྫོགས་ཆེན་ལྔ་པས་གསུངས་ཀྱང་ཀུན་ལ་དྲིལ་བསྒྲགས་མི་མཛད་པར་མཁན་པོ་རང་གིས་ཞུས་པ་རེད་ཟེར་ཏེ་དོན་ལ་གནས་པ་ཡོད། དེ་སྐབས་རང་ཁྱིམ་སྒོ་བཤས་དང༌། སེམས་ཅན་བསད་ཉིན་གྱི་ཤ་མི་ཟ་བ་དམ་བཅའ་བྱས་པས་མཁན་རིན་པོ་ཆེ་ཐུགས་མཉེས་པ་ལྟར་མཛད། རྒྱུད་འགྲེལ་ཞིབ་རྒྱས་ཀྱིས་བཤད་པ་ཉིན་རེར་ལན་གསུམ་རེ་མཛད་པ་ལ་ཉན་པས་མཁན་རིན་པོ་ཆེའི་ལུང་འདྲེན་གསུངས་པ་དེ་མ་ཐག་བློར་མི་ཟིན་ཀྱང་རྟགས་བརྒྱབས་ཏེ་བཀའ་འདྲི་ཞུ་དགོས་པ་ལས་གཞན་ཚིག་གཅིག་མ་ལུས་པ་ཟིན་ཏེ་ཕྱི་ནང་རྒྱུགས་འབུལ་ཆོག་པ་ཡོད། སྒྲུབ་ཕྲིན་ལ་རྒྱས་བསྡུས་ཀྱི་ས་བཅད། བདག་མདུན་གྱི་རྣམ་བཞག །སེམས་དཔའ་སུམ་བརྩེགས་ཀྱི་དགོས་པ། བསྙེན་སྒྲུབ་ཡན་ལག་བཞིའི་གོ་དོན་སོགས་རྒྱུ་མཚན་ཞིབ་པར་གོ་རྟོགས་བྱུང༌། གཏན་ཚིག་བཞི་དང་བདེན་པ་དབྱེར་མེད་སོགས་ཟབ་རྒྱས་རྣམས་ལ་ཐད་ཀ་ཐད་ཀའི་གོ་བ་སྔར་ལས་ལྷག །དབང་དང་དམ་ཚིག་གི་རྣམ་བཞག་སོགས་མདོ་སྔགས་ཀྱི་གཞུང་ཐོས་བསམ་བྱས་པ་ཐམས་ཅད་ལས་འདི་སྨོན་རིན་ཆོག་པ་ལྟ་བུ་རང་གི་བློ་ཚོད་ལ་བྱུང༌། མཁན་རིན་པོ་ཆེ་འདི་བཀའ་མོལ་ཆོས་གཏམ་ལས་མེད་པས་ཉིན་མཚན་བར་མེད་སྐུ་མདུན་བཅར་ཏེ་བཀའ་བསླབ་གནང་བས་ཕྲན་གྱི་སྒོ་གསུམ་ཆོས་ལ་བཀོད་ཤེས་པའི་བཀའ་དྲིན་ཆེན་པོ་བྱུང་འདུག །མཁན་རིན་པོ་ཆེ་ལ་ཞལ་འདོན་ཆོས་དབྱིངས་མཛོད་རྩ་བ་སྤུས་ལེགས་བྲིས་པ་ཞིག །གཅེན་བཤད་སྒྲུབ་ནས་ཕུལ་སོང་བ་དེའི་དྲན་བསྐུལ་གྱིས་ཉམས་ལེན་ལ་མོས་པ་ཆེན་པོ་ཡོད་པས་ཆོས་དབྱིངས་མཛོད་རྩ་བ་ཞིག་ལུང་ཞུས། ཀུན་མཁྱེན་གསུང་ཁ་བཏོན་བྱས་ན་ཕན་ཡོན་ཆེ་ཚུལ་མཁན་རིན་པོ་ཆེའི་ཞལ་ནས་ཐོས་པས་དེ་ཕྱིན་ཉིན་རེ་ལེའུ་རེ་བཏོན། རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལའང་ཕན་པ་ཆེན་པོ་བྱུང༌། ད་རྒྱུད་འདི་ལ་མཁན་རིན་པོ་ཆེ་བཞིན་ཐོས་བསམ་བསྒོམ་པ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་བསམ་པ་ཡང་ཡང་ཤར། མཁན་རིན་པོ་ཆེས་ཀྱང་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ། དགེ་མང་དགོན་དུ་མཁན་ཡོན་ཏན་རྒྱ་མཚོའི་གྲྭ་ཤག་ལ་དོང་སྤྲུགས་ཀྱི་བསྙེན་པ་ལོ་གཅིག་ཏུ་བཞུགས་རིང༌། མཁན་ཡོན་དགས་མཚམས་གཡོག་མཛད་དེ་ཕྱོགས་བཅུ་མུན་སེལ་ཟླ་བ་དྲུག །གསང་བདག་དགོངས་རྒྱན་དང་ཞལ་ལུང་ཟླ་བ་དྲུག་གསུངས་ཏེ་རྒྱུད་ཀྱི་བཤད་རྒྱུན་མ་ཆད་པ་གྱིས་གསུངས་ནས། མཁན་ཡོན་ཏན་རྒྱ་མཚོས་ཕྱོགས་བཅུ་མུན་སེལ་རྒྱུད་འགྲེལ་ཡོངས་རྫོགས་ཐུགས་ལ་ཟིན། རྒྱུད་དོན་ཐུགས་སུ་ཆུད་པ་གསང་བདག་ཟུར་མེས་དབོན་རྣམ་གསུམ་ལྟ་བུ་རེད། རྗེ་དེ་ལས་ཕྱོགས་བཅུ་མུན་སེལ་ལྟ་བུ་ཞིག་ཁྲིད་ཐོབ་ན་དགོངས་རྒྱན། ཞལ་ལུང༌། དཀོན་མཆོག་འགྲེལ་གྱི་བཤད་ཚུལ་ཐམས་ཅད་ཁོང་དུ་ཆུབ་པ་འོང༌། མཁན་རིན་པོ་ཆེའི་རྒྱུད་འགྲེལ་གང་ཡིན་གཅིག་གི་སྟེང་བཤད་པ་མཛད་པའི་ཚིག་སློབ་མ་མི་རེས་འགྲེལ་པ་རེ་བལྟས་ནས་བསྡད་ན་ཡང་རང་རང་གི་འགྲེལ་པ་དེ་གསུངས་པ་ལྟར་ཡོད་པས་ཤིན་ཏུ་ངོ་མཚར་ཆེ་བ་ཡོད། དབོན་བསྟན་འཛིན་ནོར་བུ་དང༌། ཡོན་ཏན་རྒྱ་མཚོ་གཉིས་ཀས་གསང་རྒྱུད་འཆད་ཉན་མཛད་སྐབས་བླ་སློབ་སྤྱན་སྙུན་པ་སོགས་བར་ཆད་ཆེ་ཙམ་བྱུང་བ། ཀུན་གཟིགས་མི་ཕམ་རིན་པོ་ཆེ་ལ་ཞུས་པས་ཐོག་མར་ཕྱོགས་བཅུ་མུན་སེལ་བཤད་པ་ཉིན་བཅུ་ཕྱི་ནང་གི་མཚམས་བཅད་ལྟ་བུའི་གསང་ཚུལ་དུ་མཛད། དེ་ནས་སྐྱོར་སྦྱངས་ལྟ་བུས་ལོ་ཟླ་ག་ཚོད་འཆད་ཉན་བྱས་ནའང་བར་ཆད་མི་འོང་གསུངས་ཏེ་མཁན་ཡོན་ཏན་རྒྱ་མཚོ་ལ་ཕུད་ཀོང་ཞིག་གནང༌། ངས་ཆོས་སྲུང་ལ་བཀའ་བསྒོ་བཞག་གསུངས་པ་ལྟར་དེ་ཕྱིན་དེ་ལྟར་མཛད་པས་རྒྱུད་འཆད་ཉན་ལ་བར་ཆད་མ་བྱུང་བ་རེད། མཁན་ཡོན་ཏན་རྒྱ་མཚོས་ལོ་རེ་བཞིན་གསང་རྒྱུད་བཤད་པ་ལན་རེ་རེ་སྐུ་ཚེ་ལ་རྒྱུན་མ་ཆད་པ་རེད། ངས་ཀྱང་ཕྱོགས་བཅུ་མུན་སེལ་ཚིག་བློ་ལ་བཟུང༌། ལོ་རེ་ཉིན་བཅུ་མ་རེ་མ་ཆད་པ་བྱས། ད་རེས་བཤད་པ་འདི་བསྟན་རྒྱུན་ལ་ཕན་ན་བསམ་པ་ཡིན་པས་དེ་བཞིན་ཁྱེད་ནས་དགོས་ཚུལ་བཀའ་ནན་ལན་དུ་མ་གནང༌། རྒྱུད་ཀྱི་གསང་བ་ཟབ་མོ་འདི་གསང་སྒྲོག་སོགས་གང་ལའང་བག་ཚ་བར་འདུག་ཀྱང་གནང་བ་ཞུ་བཞིན་ཡོད་གསུངས། རྒྱུད་འཆད་ཉན་རྒྱས་པ་གྲུབ་པ་ནས། ད་ཕྱིན་ཆད་རྒྱུད་འདི་འཆད་ཉན་བར་མ་ཆད་པར་ཕྱོགས་བཅུ་མུན་སེལ་བློ་ལ་ཟིན་པ་གྱིས་ཞེས་བཀའ་ནན་ཏན་བསྩལ། དེ་ནས་མཁན་རིན་པོ་ཆེ་མཁར་མགོ་འཇམ་དབྱངས་གྲགས་པའི་མདུན་ནས་རྒྱུད་བརྟག་གཉིས་འཇམ་མགོན་འགྲེལ་ཆེན་སྟེང་བཤད་རྒྱུན་གསན་ནས་བྱང་རྒྱུད་དུ་ཕེབས། དགུན་ཕྱོགས་དེར་དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོའི་དངོས་སློབ་རྫོགས་ཆེན་མཁན་རིག་འཛིན་འོད་ཟེར་རམ་དཀོན་མཆོག་བློ་གྲོས་མཚམས་ཁང་དུ་གདན་དྲངས་ནས། ཀུན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་ལེགས་བཤད་མཁས་པ་ལ་འཇུག་པའི་སྒོའི་རྩ་བ་དང༌། སྡོམ་བྱང༌། ས་བཅད་དང༌། ཡོན་ཏན་རིན་པོ་ཆེའི་མཛོད། ལྕང་མ་མཁན་རིན་པོ་ཆེའི་མཆན་འགྲེལ་སྟེང་ནས་ཞིབ་ཁྲིད་གནང་ཞིང༌། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་ཞིབ་ཁྲིད་ཞུས། བཀའ་འཕྲོས་སུ་དཔལ་སྤྲུལ་རིན་པོ་ཆེ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེའི་བཤད་སྲོལ། གྲུབ་མཐའི་དཀའ་གནད་སོགས་ཞིབ་པར་གསུངས་པས་གྲུབ་མཐའི་ཤན་འབྱེད་ལ་ཤིན་ཏུ་ཕན་པ་བྱུང་ཞིང༌། སྔར་སྒྱུ་འཕྲུལ་གྱི་བཤད་པ་རྒྱ་ཆེ་བ་ཅི་རིགས་གོ་ཐོས་བྱུང་བ་ལ། འདི་མན་ངག་གི་བཤད་པས་རྡོ་རྗེ་ཐེག་པའི་དབང་དང༌། དམ་ཚིག་གི་དབྱེ་བསྡུ། བསྐྱེད་རྫོགས་རྫོགས་ཆེན་གྱི་རྣམ་བཞག་ལམ་ཙམ་ཤེས་པས་རིག་པའི་སྒོ་འབྱེད་པ་ལྟར་གྱུར་སོང༌། ཕྱིས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་དེ་ཚུལ་ཞུས་པས། ཀུན་མཁྱེན་འཇམ་པའི་དབྱངས་ཉིད་ལའང་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་གཞུང་འདི་གསན་བསམ་མཛད་ནས་མཁྱེན་རབ་ཀྱི་སྒོ་འབྱེད་དུ་གྱུར་པ་ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་ལྟར་གྱུར་སོང་བས་བསྟན་བཅོས་འདི་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ཅེས་གསུངས། སྒྱུ་འཕྲུལ་གསང་སྙིང་དང་ཡོན་ཏན་རིན་པོ་ཆེའི་མཛོད་ལ་འཆད་ཉན་བྱས་ཚུལ་འཁོར་ལོའི་མགོན་པོ་རྒྱལ་ཚབ་རིན་པོ་ཆེར་ཚིགས་བཅད་ཀྱི་ཞུ་འཕྲིན་ཕུལ་བས། བཀའ་ལན་དུ་དམ་པས་བསྔགས་འོས་ཀྱི་གསན་སྦྱངས་རྒྱ་ཆེར་མཛད་པ་ཤིན་ཏུ་ལེགས་ཅེས་པའི་ཕྱག་བྲིས་དང༌། བོད་རིས་བཀྲ་ཤིས་རྟགས་བརྒྱད་ཡོད་པ་བཅས་བསྩལ་པ་གསུང་གི་མཐའ་མར་གྱུར། སྤྱིར་རང་གི་བླ་མ་བསྟེན་པ་ཐམས་ཅད་ལྷ་ཆོས་ཀྱི་ཡོན་ཏན་འགྲན་ཟླ་དང་བྲལ་བ་ཉི་ཟླ་ལྟར་གྲགས་པ་དང༌། མི་ཆོས་ཐུགས་བློས་བཏང་བ་ཁོ་ན་ཡིན་པའི་བཀའ་དྲིན་ལྟ་བུའི་རང་ཡང་མི་གཞི་འཇིག་རྟེན་ལ་མོས་པ་ཆུང་བའི་སྟེང༌། བླ་བྲང་དང་དགོན་པའི་མགོ་འཛིན་གྱི་ཆོས་ཀྱི་བྱ་བཞག་སོགས་མ་དགོས་པ་ཕ་མ་བཟང་པོའི་བཀའ་དྲིན་གྱིས་བླ་མ་ཚད་ལྡན་དང་ཐོས་བསམ་ཁོ་ན་ཆོག་པའི་མཐུན་རྐྱེན་དང༌། ཡོངས་འཛིན་གཅེན་བཤད་སྒྲུབ་ཀྱི་བཀའ་བསླབ་ཀྱང༌། ཁྱེད་རང་ཆོས་ཀྱི་ཡོན་ཏན་ཚུལ་གནས་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ང་ཡི་བླ་མ་རྣམས་ལྟར་མཛོད་དང་འཇིག་རྟེན་ཕྱོགས་ཐམས་ཅད་ཀྱི་འགན་ངས་ལེན་ཆོག་པས་ལྐུག་པ་ནང་བཞིན་སྡོད་ཟེར་བའི་བཀའ་དྲིན་གྱིས་ལོ་གཞོན་པའི་སྐབས་དཀོར་ཡང་ཟ་མི་དགོས། ཆུ་ཚོད་གཅིག་ཙམ་ཡང་འཕྲོག་བརླག་མི་བཏང་བའི་དམ་བཅས་ཐོས་བསམ་སྒོམ་པར་བརྩོན་པ་བསྐྱེད་པ་བྱུང༌། གཅེན་ཡོངས་འཛིན་ནས་ཉི་མ་རེ་བཞིན། སྙན་ངག་གི་བསྟོད་པ། གསོལ་འདེབས། འབེལ་གཏམ། མགུར་སོགས་འདི་དང་འདི་བྲིས་དང་ཡི་གེ་འབྲི་བ་དང་རྩོམ་པ་གཉིས་ཀ་ལ་ཕན་ཞེས་རྒྱུན་པར་བསྐུལ་ཏེ་འབྲེལ་ཡོད་མེད་སྣ་ཚོགས་དང༌། ལེགས་པར་མི་དྲན་པའི་སྐབས་དཔལ་སྤྲུལ་ཆོས་ཀྱི་དབང་པོ་སོགས་མཁས་གྲུབ་མང་པོའི་གསུང་བསྟོད་ཚོགས་ཞལ་གདམས་སོགས་ལ་ལྟ་རྟོགས་ཀྱིས་རྒྱུན་བསྲིངས་ཏེ་བྲིས་པ་དང༌། རྩོམ་པ་ལ་ཕན་ཐོག་མངོན་གྱུར་དུ་བྱུང་ཞིང༌། བྲིས་ནི་ལེགས་པོ་ཤེས་མ་སོང༌། དེས་སྐོར་ས་དཀར་བསམ་འགྲུབ་གླིང་གི་འདུས་སྡེ་ལ། བདེ་ཆེན་ཞིང་སྒྲུབ་ལོ་སྟར་ཆགས་ཡོད་པའི་ཚོགས་དབུར་ཕྱིན་ནས་བདེ་ཆེན་ཞིང་སྒྲུབ་ཉིན་གསུམ་དུ་བཤད་པས་ཐམས་ཅད་ཀྱིས་ངོ་མཚར་ཆེན་པོ་འཛིན་པ་བྱུང༌། སྙིང་ཐིག་འོད་ཆོག་དཔག་མེད་མྱུར་ལམ་གྱི་དབང་ཞིག་ཀྱང་བཏོན། བླ་མ་རིག་འཛིན་ཐེག་མཆོག་ལས། དགེ་ཚུལ་ཀཱ་རི་ཀ་མི་ཕམ་རིན་པོ་ཆེའི་བཤད་པ་དང༌། འཇམ་དཔལ་བསྟོད་སྒྲུབ་ཀྱི་ཁྲིད་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་ཡང་ཐོབ། ཕུར་བསྙེན་ལོ་གཅིག་གྲུབ་ནས་སྦྱིན་བསྲེག་བཅས་གྲུབ་པར་བྱས། མེ་སྟག་གི་དཔྱིད་སོས་སྐོར། དེའི་དབྱར་ཕྱོགས་སྔར་རིགས་གནས་ཀྱི་སློབ་དཔོན་དཔལ་སྤུངས་ཀྱི་བྱང་འདྲེན་སྐུ་བགྲེས་བསྟན་འཛིན་རྡོ་རྗེ་སྒ་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དུ་བཀའ་བརྒྱུད་མར་ལུགས་རྒྱུད་སྡེའི་སྒྲུབ་མཆོད། ཚེས་བཅུ། དགུ་གཏོར་ཆེན་པོ་སོགས་རྒྱུད་སྡེ་རྣམས་ཀྱི་ཕྱག་བཞེས། དབྱངས་རོལ་སོགས་ཞིབ་དཔྱོད་ལ་ཕེབས་པས་དེར་སོང༌། སྔར་གྱི་སྦྱང་འཕྲོ་སྒྲ་དབྱངས་ཅན་གྱི་རབ་བྱེད་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་གི་བཤད་ཁྲིད། ནག་རྩིས་སྐོར་ཆགས་མེད་རིན་པོ་ཆེའི་ཡིག་ཆ་ཀེག་རྩིས་བལ་མོ་ལྡིང་སྐོར། ནད་རྩིས་ཐང་ཤིང༌། གཤིན་བཞི་རྩིས་སོགས་རྒྱ་ཆེར་བསླབ་སྦྱོང་བྱས། ཉིན་ཅིག་ཕ་རྒན་གྱིས་ཡི་གེ་འབྱོར་བར་རིགས་ཀུན་ཁྱབ་བདག་མེ་སྟག་སྣྲོན་ཟླ་༥ ཚེས་ ༡༨ ལ་དགོངས་པ་རྫོགས་ཚུལ་འདུག །སྙིང་བཏོན་པ་ལྟ་བུའི་སེམས་གདུང་ངང་དེ་ནུབ་གསོལ་ཀ་བཏང་མཐར་ད་བླ་མ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདོན་ཡང་མ་འགྲིགས། བཞག་པའང་བློས་མ་ཐོངས་གསོལ་འདེབས་སུ་ཁ་བསྒྱུར་ཏེ་ངུ་བཞིན་བཏོན། བློ་མ་བདེ་བའི་ངང་ནས་ཉལ། གཅེན་བཤད་སྒྲུབ་ནས་སེམས་གསོ་ལྟ་བུས་བླ་མ་དགོངས་པ་རྫོགས་པ་ལ་ཕལ་པ་ལྟར་མྱ་ངན་མ་བྱེད། ཐུགས་ཡིད་བསྲེ་དགོས། ཁྱེད་རྣམས་སྤྲུལ་པའི་སྐུ་རེད་པས་འདས་རྗེས་དགོངས་བརྒྱུད་ཀྱི་བྱིན་རླབས་འཕོ་འོང་ཟེར། ཕྱིར་ནང་བསླབ་སྦྱང་གི་ཕྱིར་ཁང་རྒྱབ་སྤང་ལྗོངས་གྲིབ་བསིལ་ཡོད་པ་ཞིག་ཏུ་བསྡད། སེམས་ངོ་ལྟ་ཁུལ་བྱས་པས་རྗེ་བླ་མ་དྲན་ནས་སེམས་སྡུག་ཚད་མེད་ཅིག་ལངས་མཆི་མ་དབང་མེད་དུ་ཤོར་ནས་སྐྱོ་གླུ་འདི་འདྲ་ཞིག་ཀྱང་བྲིས་སོ། ༈ ཀྱེ་མ་ཀྱེ་ཧུད་མཚན་ལྡན་གྱི་བླ་མ། །སངས་རྒྱས་དངོས་འདྲས་རྗེས་སུ་ནི་ཟིན་ཀྱང༌། །གདམས་ངག་སྒྲོ་འདོགས་མ་ཆོད་པའི་དྭ་ཕྲུག །གཡས་མེད་བོར་ནས་ཕེབས་པ་འདི་ཅི་ཞིག །ཞལ་རས་ཟླ་བ་ཉ་བ་ལྟར་དཀར་དང༌། འཛུམ་པའི་སྤྱན་གྱིས་བརྩེ་བརྩེ་བཞིན་གཟིགས་དང༌། །ལས་ངན་ཆུ་བུར་མིག་གིས་ནི་མི་མཇལ། །ཕ་མེད་བུ་ཚ་ཚུགས་ཐབས་ཤིག་མི་འདུག །ཕྲ་ལ་སྙན་པ་ལྷང་ལྷང་གི་གསུང་སྙན། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་དང་ཆབས་ཅིག །རྣ་བའི་ཨུཏྤལ་དང་མའི་ཟུངས་མི་ཐོས། །བུ་ཡིས་འོ་དོད་མི་འབོད་ནི་ཀ་མེད། །འཇམ་མཉེན་ཕྱག་གིས་སྤྱི་བོ་ནས་བྱུགས་ཤིང༌། །བྱིན་བརླབ་བཅུད་ལྡན་བུམ་པ་དང་བདུད་རྩི། །དགའ་བས་མྱོང་བའི་སྐལ་པ་ནི་མེད་སྙམ། །ཡིད་སྐྱོའི་ཤུགས་རིང་མི་འདོན་མཁན་སུ་ཡོད། །འོད་གསལ་དགོངས་རྩལ་སྦར་བ་དང་བཅས་ཏེ། །ཧྲིག་གེར་སྤྱན་གྱིས་ལྟ་སྟངས་དང་བཅས་ཏེ། །བདག་ལ་གཟིགས་པའི་གོ་སྐབས་ཤིག་ནམ་ཡོང༌། །རེ་ཆེས་མི་འབོད་ཀ་མེད་དུ་བྱུང་སོང༌། །འོག་མིན་པདྨ་འོད་གླིང་གི་རི་ངོགས། །བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་གཟིམ་སྤྱིལ། །ཡིད་ངོར་གསལ་བས་དགའ་སྤྲོ་ཞིག་ཡོད་ཀྱང༌། །དེ་རིང་སྟོང་པར་བཞག་པ་དེ་ཅི་ལགས། །མཁས་བཙུན་རྟོགས་སྒོམ་བཟང་པོ་ཡི་ཁྱུ་གཅིག །ཕ་མ་གཅིག་པའི་བུ་བརྒྱུད་བཞིན་ཐུགས་མཐུན། །ཆོས་བཞིན་སྤྱོད་པའི་རིག་འཛིན་གྱི་འདུས་པ། །མུན་རུབ་བྱ་བཞིན་ཕྱོགས་ཀུན་ཏུ་ཕེབས་སོང༌། །དབང་དང་གདམས་ངག་གཅིག་བས་ཀྱང་གཅིག་མཚར། །ཆོས་རྗེ་ཡབ་སྲས་གང་འདོད་ལས་ཡོད་ཅིང༌། །གཡུལ་ངོར་ཕམ་པའི་ལྕགས་རི་ཡི་སྒོ་བཞིན། །དེ་རིང་སྒོ་འཕར་གཅོད་པ་འདི་ཕོད་དམ། །མདོ་སྔགས་བསྟན་གཉིས་དར་རྒྱས་ཀྱི་ཆོས་གླིང༌། །མཁན་སྤྲུལ་དགེ་འདུན་བགྲེས་གཞོན་དང་བཅས་ཀྱིས། །བཀའ་དྲིན་ཅན་ཞེས་འབོད་པ་དེ་ལགས་ཀྱང༌། །མི་མངོན་དབྱིངས་ཕེབས་དུས་སྐབས་དེ་ཅི་འདྲ། །རྩེ་མཐོང་པདྨ་ལྷ་རི་ཡི་ངོགས་སུ། །བྲག་གི་ཀེའུ་ཚང་ལྗོན་ཤིང་གི་སྤྱིལ་བུ། །བག་ཕེབས་གུ་ཡངས་རྣལ་འབྱོར་དེ་ཀུན་གྱིས། །ཉམས་རྟོགས་བགྲོ་གླེང་སུ་ཞིག་ལ་ཞུ་དགོས། །ཁྱིམ་ན་གནས་ཀྱང་དམ་ཚིག་གི་གསེར་ཐག །དད་པའི་རིན་ཆེན་དོག་པ་ཡིས་བརྒྱན་པའི། །ཁྱིམ་བདག་ཕོ་མོ་སྐྱེ་འཆི་དང་བར་དོར། །སྐྱོབ་པའི་ར་མདའ་སུ་ཞིག་གི་མཛད་འོང༌། །སྔོན་ཆད་རྔ་ཡབ་ཟངས་མདོག་གི་དཔལ་རི། །ས་དེར་འཕོས་པ་མིན་ནམ་སྙམ་དྲན་ཀྱང༌། །ད་ནི་རྣམ་འགྱུར་ཡིད་ངོ་རུ་དྲན་ཀྱང༌། །སྐྱོ་བས་མཆི་མ་ཆར་རྒྱུན་བཞིན་བྲུལ་སོང༌། །རྗེ་ཁྱེད་ཕྱོགས་བཅུའི་ཞིང་རྣམས་ཀུན་བཞུགས་ཏེ། །ཟག་མེད་བདེ་བས་ངལ་འཚོ་ཞིག་མཛད་ཀྱང༌། །རྗེས་འཇུག་ཤུལ་ལུས་ཡེ་ཤེས་ཀྱིས་གཟིགས་ལ། །བྱམས་བརྩེའི་ཕྱག་ཡངས་སྤྱི་བོ་རུ་ཞོག་མཛོད། །མ་དག་ཞིང་འདིར་གནས་པ་ཡི་སློབ་མས། །ཁྱེད་ནི་རྒྱལ་བ་སྲས་བཅས་ཀྱི་དབུས་ན། །ཇི་ལྟར་བཞུགས་སྙམ་བསམ་མནོ་ཞིག་བཏང་བས། །ཚུགས་ཐབས་མི་འདུག་དྲིན་ཆེན་གྱི་ཡབ་གཅིག །ཁྱེད་ནི་གདོད་མའི་ནང་དབྱིངས་སུ་སིམ་ཀྱང༌། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཡི་ལྕགས་ཀྱུ། །འཕེལ་འགྲིབ་མེད་པས་ད་ལྟ་རུ་བཏབ་ནས། །མགོན་ཅིག་དགྱེས་པའི་མདུན་ས་དེར་ཁྲིད་མཛོད། །དེ་ནས་བསླབ་སྦྱང་གི་བར་སེང་ཞིག་ལ་དབྱར་མཐོང་ལྟ་བུའི་རྫ་རི་མཐོན་པོ་ཞིག་གི་རྩེར་སླེབ་སོང་བས་ངལ་ཏེ་ཅུང་ཟད་བསྡད་པས། ཆེད་དུ་སེམས་ལ་ལྟ་བ་སོགས་མ་བྱས་ཀྱང་སྔར་གྱི་ཉམས་མྱོང་ལ་མེད་པའི་སྟོང་གསལ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ་རང་བཞིན་གྱིས་ཤར་འདུག་ཉམས་དེ་མ་ཡལ་བར་བསྡད། བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་ཆེན་བན་ཆེན་དགོན་དུ་ཕེབས་པ་དབུ་ཞྭ་དང༌། ཐུགས་དམ་ཀར་ལུགས་སྒྲོལ་དཀར་གྱི་དབང་སོགས་ཆོས་འབྲེལ་མང་དུ་ཐོབ། སླར་རང་གནས་སུ་སླེབས་ནས། སྟོན་ཁ་སྐོར་རང་ཁྱིམ་དུ་ཕྱིར་འོང་ནས་དགུན་ཕྱོགས་རི་ཁྲོད་ཅིག་ཏུ་ཆོས་དབང་ཕུར་པའི་བསྙེན་པ་ཞིག་བཏང༌། ཕྱོགས་བཅུ་མུན་སེལ་ལ་དཔེ་བལྟས་ཅུང་ཟད་བྱས། ས་དཀར་དགོན་གྱི་གྲྭ་བཅུ་སྐོར་ལ་སྤྱོད་འཇུག་ཅིག་ཀྱང་ཞིབ་པར་བཤད་ཁུལ་བྱས། རང་ཁྱིམ་དང་ཧ་ཅང་མི་རིང་བ་ཞིག་ཏུ་མཚམས་ཁང་བྲག་རྩ་ཞེས་པའི་བྲག་རི་མཐོ་མཛེས་གཡས་གཡོན་དུ་ཤུག་པ་མང་པོ་སྐྱེས་པ། དབུས་སུ་བྲག་ཕུག་སྤྱོད་ལམ་བཞི་ཤོང་ཞིག་ཡོད་པ་དེ་སེམས་ལ་བབ་པ་ཞིག་བྱུང་བས་བལྟ་རུ་ཕྱིན། དགུན་དུས་ཡིན་ཀྱང་ལུང་པ་དེའི་ཆུ་ཆུང་ངུ་ཞིག་ལ་འཁྱགས་རོམ་ཐམས་ཅད་ཞུ་ནས་ཆུ་དབྱར་དུས་ལྟར་རྒྱས་ཏེ་བྱུང་བས་ཡུལ་མི་ཀུན་གྱིས་ཀྱང་ཕྲན་དེར་ཕྱིན་པས་ཡུལ་ལྷ་དགའ་བའི་རྟགས་མཚན་དུ་འདུག་ཅེས་གླེང་བ་བྱུང༌། ཐོག་མར་ཐོ་རངས་ནམ་མ་ལངས་གོང་མལ་དུ་སྔོན་འགྲོ་ཞིག་བཏང་སྟེ་བསྡད་ཡོད་པའི་མདུན་དུ་སྨན་བཙུན་ཚེ་རིང་མ་ཡིན་ནམ་སྙམ་པ་མདའ་དར་ཐོག་པའི་བུད་མེད་ཅིག་ཡུད་ཙམ་མིག་ལམ་དུ་གསལ་བྱུང་བ་གནས་དེའི་བདག་པོ་ཡིན་སྙམ་དྲན། སྤྱིར་གནས་དེར་སྔ་སོར་རྒྱལ་བ་འབྲི་གུང་པའི་སློབ་བརྒྱུད་མང་པོ་ཞིག་བཞུགས་ཤུལ་ཡིན་འདྲ། གནས་དེར་སྐབས་རེར་སྡོད་པའི་དགེ་སློང་ཞིག་ཡོད་པས་བསང་ཞིག་རྩོམས་ཟེར་བ་དེ་ལྟར་བྲིས། སྤྱིར་དེ་སྐོར་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཡང་ཡང་མཇལ་བས་སྒྲུབ་པ་མཛད་པའི་རྣམ་ཐར་གསུང་མགུར་རྣམས་དང༌། དཔལ་སྤྲུལ་རིན་པོ་ཆེའི་དབེན་པའི་གཏམ་ལྷ་ཡི་རྔ་སྒྲ། །འདུལ་བསྟོད་མེ་ཏོག་གི་སྐྱེད་ཚལ། དགེ་མང་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཚུལ་ཁྲིམས་བསྟོད་པ་དང་གསུང་མགུར། རྗེ་བླ་མ་རྡོ་རྗེ་འཆང་གི་དབེན་པའི་གཏམ་ངེས་འབྱུང་གི་རྒྱན་རྣམས་མཇལ་ཞིང༌། གཅེན་བཤད་སྒྲུབ་ནས་མི་ཕམ་རིན་པོ་ཆེའི་སྐུ་ཚེ་སྨད་དུ་སྒྲུབ་པ་འབའ་ཞིག་མཛད་ཚུལ་རྣམས་ཡང་ཡང་སྨྲས་པ་ལས། ཕྲན་དབེན་པ་ཞིག་ཏུ་མི་ཚེ་ལ་ཚད་བཙུགས་པའི་སྒྲུབ་པ་ཞིག་བྱེད་དགོས་ཁོ་ན་དྲན་དུ་ཕྱིན། འཇམ་མགོན་ཉི་ཟླ་ཟུང་དང་མདོ་ཁམས་པ་བསྟན་པའི་ཉི་མའི་ཐུགས་སྲས་མཁས་བཙུན་གྲུབ་པའི་དབང་ཕྱུག་འཇམ་དབྱངས་གྲགས་པའི་མདུན་དུ་སོང༌། རྗེ་དེའི་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ལས་གསན་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། ཕྱོགས་བཅུ་མུན་སེལ། སྔགས་ཀྱི་སྤྱི་དོན་རྣམས་ཁྲིད་ལུང་ཞུས། དཀར་ཆག་ཞེ་དྲུང་པཎྜི་ཏས་མཛད་པ་བཅས་ཞིབ་རྒྱས་སུ་ཐོབ། བླ་མ་འཇམ་གྲགས་རིན་པོ་ཆེས་ཟད་པ་ཞེས་པའི་ལོ་རྫོགས་ཤིང༌། མེ་ཡོས་གནམ་ལོ་གསར་ཚེས་ལ། ད་རེས་མཛོད་བདུན་ལུང་ལྔ་པ་ཡིན་པས་དེ་ཁྱེད་སྐུ་མཆེད་ནས་གསན་པ་རྟེན་འབྲེལ་ཤིན་ཏུ་ལེགས་ཞེས་བསྔགས་བརྗོད་དང་མགུལ་དར་གནང༌། ཉེར་མཁོའི་དབང་གིས་མཁྱེན་བརྩེ་རིན་པོ་ཆེར་གཏེར་ཆེན་སངས་རྒྱས་བླ་མའི་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་ལུང་དང༌། སྒྲུབ་བཏུས་སུ་བཞུགས་པའི་ཀུ་རུ་ཀུལླེ་ལྷ་ལྔའི་རྗེས་གནང་ཡང་ཞུས། རྗེ་བླ་མའི་སྐུ་ཚ་མ་རྗེ་བཙུན་ཡེ་ཤེས་ཆོས་སྒྲོན་ལས་སྐར་རྩིས་ལྔ་བསྡུས་ཅིག་བསླབ་པ་ཞག་བདུན་གྱིས་ཚང་བར་རྫོགས་ཀྱང་དེ་རྗེས་ནན་ཏན་མ་བྱས་པས་དཔེ་ཆ་སྦྱངས་བརྩོན་ཀུན་ལས་དམན་ཤོས་བྱུང་སོང༌། སྐུ་ཚ་རྗེ་བཙུན་མ་ཡེ་ཤེས་ཆོས་སྒྲོན་ལ་དགེ་ཚུལ་ཀཱ་རི་ཀ་ཞིག་བཤད། འདི་ཉིད་བཞུགས་པའི་རི་ཁྲོད་ཀྱི་མདུན་བྲག་རི་མཐོན་པོ་ཞིག་ཡོད་པ་ལ་བྱ་རྒོད་ཀྱི་ལྡིང་བསྐོར་བྱེད་པས། ལྗོན་ཤིང་གི་ནགས་མེ་ཏོག་གིས་བཀྲ་བ་མཐོང་ནས་དབེན་པ་ཁོ་ན་དྲན་པས་ཚུགས་ཐབས་མེད་པ་ལྟ་བུ་བྱུང༌། དེ་སྐོར་རང་གི་བྲག་ཕུག་ཅིག་ཏུ་སྒྲུབ་པ་ལ་སེམས་བྲེལ་བ་ལངས་ནས་ཡོད། རེ་ཞིག་འགྲོ་མ་གྲུབ་པའི་རྐྱེན་གྱིས་རང་ཁྱིམ་གྱི་ཁང་སྟེང་ནས་མཚན་མོ་རྗེ་བླ་མ་བི་ཛ་ཡ་བཞུགས་པའི་ཕྱོགས་སུ་ཕྱག་འཚལ། གསོལ་བ་བཏབ་སྟེ་སྒྲུབ་པ་ལ་འཇུག་པའི་དམ་བཅའ་ཡང་ཡང་བྱས་ནས་དེ་བཞིན་འགྲུབ་པའི་སྨོན་ལམ་བཅས་གླུ་འདི་ཡང་བླང་ངོ༌། །གནས་རྩེ་མཐོ་པདྨ་ཤེལ་རི་ཡི་ངོགས་སུ། །ལྷ་བཀའ་བརྒྱད་ཚོགས་ཁང་ཀེའུ་ཚང་ཉམས་དགའ། །ཕ་རིགས་ཀུན་ཁྱབ་བདག་པདྨ་བི་ཛ་ཡ། །ཞལ་རྒྱས་འཛུམ་ཅན་དེ་ཡིད་ཡུལ་ལ་དྲན་བྱུང༌། །ཐུགས་ཡེངས་འཁྲུལ་བྲལ་ཀྱང་དབེན་གནས་དེར་བཞུགས་ནས། །འཁོར་དམ་ལྡན་མཁས་གྲུབ་མཆོག་སྤྲུལ་གྱི་ཚོགས་རྣམས། །ཚེ་འདིར་སྣང་འདུ་འཛིའི་འཆིང་ཐག་ལས་འགྲོལ་ནས། །བག་ཕེབས་ཏེ་བཞུགས་པའི་གནས་ཚུལ་དེ་དྲན་བྱུང༌། །གནས་ཉམས་དགའ་རྨོས་ལེགས་འབྲུ་ཞིང་གི་དབུས་སུ། །མཐོ་བརྗིད་པའི་ཁང་བཟང་བཀོད་མཛེས་ཀྱི་ནང་ན། །བཟའ་བཏུང་ཞིམ་སྣ་དགུའི་རོལ་རྩེད་ཀྱི་ངང་ནས། །གོས་འཇམ་ལེགས་འབྱོར་ཀྱང་སྐྱིད་སེམས་ཤིག་མ་སྐྱེས། །མིས་མ་བཅོས་རང་བྱུང་བྲག་རི་ཡི་ཁང་མཛེས། །ཤིང་ལྗོན་པའི་བསིལ་ཡབ་མཉེན་ལྕུག་གིས་གཡོབ་ཅིང༌། །སྤྲིན་ན་བུན་སྟོད་འཆིང་ལང་ལིང་དུ་གཡོ་བའི། །བྲག་ཀེའུ་ཚང་ཅན་ལ་ཕ་ཁྱིམ་བཞིན་བཟུང་སྙམ། །ཡིད་མཐུན་པའི་ཕ་མ་སྤུན་སྲིང་གིས་བསྐོར་ཞིང༌། །སེམས་བརྩེ་བའི་འཛུམ་བཅས་བསྙེན་བཀུར་ལ་ངོམས་མེད། །འཕྲལ་ཉེར་མཁོའི་བཅའ་ཁ་གང་འདོད་ཀུན་སྟེར་ཀྱང༌། །བུ་ང་ཡི་ཡིད་ལ་སྤྲོ་བའི་སེམས་མ་བྱུང༌། །གྲོགས་རི་དྭགས་ཕོ་མོ་བྱེའུ་དང་གཅན་གཟན། །འཕྲལ་ཉམས་དགའ་བྱམས་དང་སྙིང་རྗེ་ཡི་གསལ་འདེབས། །དུས་ཇི་ཙམ་འགྲོགས་ཀྱང་ཆགས་སྡང་དང་འདུ་འཛིའི། །སེམས་རེ་དོགས་མེད་ལ་བུ་ཆུང་ང་སྨོན་ཤོར། །གསེར་དངུལ་དང་ནོར་ཕྱུགས་རྟ་གླང་གི་སོ་ཚིས། །ཞིང་རྨོས་ལེགས་སོ་ནམ་རྨོ་བརྐོ་ཡི་བྲེལ་དོས། །ཕུག་བང་མཛོད་ཁེངས་ཕྱིར་རྟ་གཡག་དང་མཛོ་དྲེལ། ཚོང་སོ་ནམ་རྒྱུ་ལ་ཡིད་སྨོན་དང་བྲལ་སོང༌། །འཕྲལ་ལྟོ་འགྲང་ལྷགས་སྐྱོབ་བསོད་སྙོམས་གྱིས་ཐོབ་འོང༌། །ཤ་ཁྲག་དང་ཆང་སོགས་ཞིམ་ཟས་ལ་མི་རེ། །གནས་རྒྱལ་ཁམས་ངེས་མེད་དགེ་སྦྱོར་གྱི་ཆོས་གང༌། །འགྲོ་སྙམ་པའི་སེམས་ལ་འགྱུར་ལྡོག་ནི་མི་གདའ། །མཁར་ཁང་བུ་བརྩེགས་པའི་གཟིམ་ཆུང་གི་སྦུག་ན། །གོས་དར་ཟབ་རྒྱན་ཁྲི་རྒྱབ་ཡོལ་གྱི་སྟེང་ན། །མི་མང་པོས་བསྙེན་བཀུར་མཇལ་ཁ་དང་ཕྱག་དབང༌། །བརྒྱ་བཤིག་སྟེ་སྟོང་འགུགས་བླ་ཆེན་ལ་མི་རེ། །བྲག་སྤྱོད་ལམ་བཞི་ཤོང་རང་བྱུང་གི་ཁང་མཛེས། །ཕུག་སྙན་བརྒྱུད་གདམས་པའི་པོད་ཆུང་དང་ལྷུང་བཟེད། །ཆོས་མཐུན་པའི་རྣམ་གསུམ་ཐར་པ་ཡི་རྒྱལ་མཚན། །གོས་ཕྱག་དར་ཁྲོད་པའི་སྦྱང་ཡོན་ལ་སྨོན་ཤོར། །འཕྲལ་ལོག་འཚོའི་ཁུར་ལྕི་ཆགས་སྡང་དང་འགྲན་སེམས། །ཕུག་ཆོས་འགལ་དམ་ཉམས་དཀོར་འདྲེ་རུ་སྐྱེ་བྱེད། །རྐྱེན་ངན་པས་ནག་ཆང་དགྱེས་བྱེད་དུ་འགྱུར་བའི། །ལས་མཐའ་རུ་ལོག་པའི་བསོག་འཇོག་ལ་མི་རེ། །རྒྱུད་ངེས་འབྱུང་སོ་ནམ་བསོག་བྲུན་ལ་བསྐུལ་བས། །གཡེང་འདུ་འཛི་མེད་པའི་ཏིང་འཛིན་གྱི་ཕ་མཁར། །ཉམས་རྟོགས་པའི་ནོར་ལ་ཆོག་ཤེས་དང་བྲལ་བའི། །རྗེ་མི་ལ་རས་པ་ལྟ་བུ་ཞིག་སེམས་ལགས། །དུས་གསུམ་གྱི་བསམ་མནོ་ཆགས་སྡང་དང་ངོ་སྲུང༌། །སེམས་གཡོ་རྒྱུའི་རྫ་མཁན་འཁོར་ལོ་ལ་ཡེངས་བཞིན། །གོས་སྣུམ་བག་ཆགས་པའི་བཟང་བརྫུ་དང་ལྷན་ཅིག །མིའི་མགོ་བོ་བསྐོར་བའི་ཐབས་མཁས་དེ་བཞག་ནས། །དགྲ་འཁོར་བ་འདི་ལ་ཕྱི་ཕྱག་ཞིག་འཚལ་ནས། །མི་མེད་པའི་ལུང་སྟོང་རི་དྭགས་བཞིན་བཟུང་ནས། །སྤྲིན་ན་བུན་གཡོ་བའི་གཡའ་གངས་ཀྱི་བྲག་ཕུག །ཉམས་རྟོགས་པའི་ལྟད་མོ་ལྟ་སྙིང་ལ་བྲོད་འདུག །གནས་རྒྱལ་ཁམས་ངེས་མེད་ཕ་གཞིས་སུ་བྱས་ནས། །འཕྲལ་གང་བྱུང་དེས་ཆོག་འགྲོ་ཀུན་གྱི་གཅེས་ཕྲུག །ཚེ་འདི་ཡི་བྱ་སྤྱོད་རྩིས་མེད་དུ་འདོར་ནུས། །རྗེ་ཁྱེད་རང་ལྟ་བུར་བྱིན་གྱིས་རང་རློབས་ཤིག །ཅེས་སྨྲས། ཡང་སྐབས་ཤིག་ཕ་མ་དང་སྤུན་ཟླ་ནང་མི་ལ་འཕྲིན་འདི་འདྲ་ཞིག་བཞག་ནས་རི་ཁྲོད་དུ་སོང་ན་བསམས་ཏེ་བྲིས་པ། ཀྱེ་མ་ཀྱེ་ཧུད་སྙིང་སྡུག་གི་ཕ་མ། །སྤྱིར་གྱིས་དལ་འབྱོར་ལུས་རྟེན་འདི་བསྐྱེད་དེ། །ཆུང་ནས་ད་བར་བྱམས་སྡུག་གི་སྐྱོང་བཞིན། །མཚན་ལྡན་བླ་མའི་ཞབས་དྲུང་ལ་གཏུགས་ཏེ། །ཆོས་མཐར་ཐར་ལམ་སྤྲོད་པ་འདི་དྲིན་ཆེ། །བདག་ཀྱང་མཚན་ལྡན་བླ་མ་ཡི་རྣམ་ཐར། །ཆོས་ལ་ཐོས་བསམ་བྱས་པ་ཡི་ལག་རྗེས། །ཚེ་འདིའི་བྱ་བ་ཅམ་གྱིས་རང་བསྐྱུར་ཏེ། །མི་མེད་ལུང་སྟོང་འགྲིམ་བློ་ཞིག་སྐྱེས་བྱུང༌། །མཐོ་མཛེས་ཁང་པར་ཕ་མ་གཉིས་བཞུགས་མཛོད། །བུ་ཆུང་བྲག་ཕུག་སྟོང་པ་ལ་དགའ་དྲགས། །འཇམ་ལེགས་ན་བཟའ་བཀའ་དྲིན་ནི་ཆེ་རུང༌། །མཁོ་མེད་ཕྱིང་དཀར་ན་བཟའ་ལ་དགའ་འདུག །རིན་ཐང་ཆེ་བའི་ཡོ་བྱད་འདི་བཞག་ནས། །འཁར་བསིལ་ལྷུང་བཟེད་ཆོས་གོས་ཀྱིས་ཆོག་འདུག །ཕངས་མེད་འདོད་དགུའི་ནོར་རྫས་འདི་བསྐྱུར་ནས། །གདམས་ངག་ཟབ་དགུའི་བེ་བུམ་ཞིག་བསོག་སྙམ། །མཛེས་སྡུག་མེ་ཏོག་སྐྱེད་ཚལ་འདི་བཞག་ནས། །དབེན་པའི་བྲག་སྐྱིབས་གཅིག་པུ་རུ་ཆས་འགྲོ། །འཁོར་གཡོག་མི་དགོས་ཆགས་སྡང་གི་ཉེ་འཁོན། །བྱ་དང་རི་དྭགས་གྲོགས་པོ་དང་འགྲོགས་སྙམ། །སྔོན་ཞིག་ཁྱབ་བདག་བླ་མ་རྗེའི་མདུན་ནས། །གསང་བ་སྙིང་ཐིག་དབང་བསྐུར་གྱི་སྐབས་སུ། །ཚེ་འདིའི་བྱ་བཞག་ཆམ་གྱིས་རང་བཞག་ནས། །ཆོས་བཞིན་སྤྱོད་པའི་ཁས་བླང་གི་དམ་བཅའ། །སྙིང་ལ་རྡོ་ཡི་རི་མོ་བཞིན་གསལ་བས། །དབེན་རི་མི་སྙོགས་ཀ་མེད་དུ་བྱུང་ལགས། །ཡབ་མེས་གོང་མའི་རྣམ་ཐར་དེ་དྲན་ནས། །སྒྲུབ་པ་མི་བྱེད་ཚུགས་ཐབས་ཀྱང་མི་འདུག །བདག་ཅག་ཚེ་འདིར་དགའ་མགུ་བཅས་འགྲོགས་རྒྱུ། །འཆི་བདག་བདུད་པོས་གསོན་བྲལ་དུ་གཏང་ངེས། །རེ་ཞིག་བུ་ཆུང་རི་སུལ་དུ་ཡིབ་ཀྱང༌། །དགྱེས་ཞལ་འཛུམ་དང་བྱེ་བྲལ་དུ་མི་སྲིད། །བཀའ་དྲིན་དྲན་པ་བརྗེད་མེད་ཀྱི་ངང་ནས། །ཉམས་རྟོགས་རྒྱལ་ས་ཟིན་པ་ཞིག་བྱུང་ན། །དྲིན་ལན་གཏང་རག་མི་བརྗེད་པ་འབུལ་ངེས། །དུས་ངན་སྙིགས་མ་ཆགས་སྡང་དང་ཕྲག་དོག །མེ་ལྟར་འབར་བས་དགོན་ཁོག་གི་མགོ་འཛིན། །བྱས་ཀྱང་ཆོས་དང་མཐུན་པ་ཞིག་དཀའ་བས། །བསེ་རུ་བཞིན་དུ་གཅིག་པུ་རུ་ཆས་སྙམ། །བསྟོད་པས་མི་དགའ་སྙན་གྲགས་ཀྱི་འབྲུག་སྒྲ། །འཕྲལ་འཕྲལ་བརྗོད་ཀྱང་སྟོང་འུར་ལས་ཅི་ཡོད། །འབྱོར་བས་མི་ཕྱུག་ཚོང་འདུས་ཀྱི་ཟས་ནོར། །ནམ་ཡལ་ཆ་མེད་སྦྲང་རྩི་བཞིན་བརླག་འོང༌། །འདུས་ཀྱང་བློ་སེམས་ཚེ་གཅིག་ཏུ་མི་མཐུན། །ནམ་གཞུག་སྦྲང་བུ་སྐྱེ་འཆི་ལ་ངེས་མེད། །སྐྱིད་ཀྱང་མི་ཞེན་གཏན་བདེ་ཡི་འདུན་མ། །ལྷ་ཆོས་ཉག་གཅིག་འདི་བདེ་དང་ཕྱི་སྐྱིད། །མི་ཆོས་སྒྲུབ་སྒྲུབ་ལུས་སེམས་ཀྱི་ངལ་བས། །དལ་འབྱོར་ཐོབ་པ་སྟོང་ལོག་ཏུ་བྱེད་འདྲ། །བྲག་ཕུག་རང་ཤོང་ཕ་ཁྱིམ་དུ་བཟུང་ནས། །བྱ་བཏང་རྒྱལ་པོ་བྱར་མེད་དུ་བློ་བདེའི། །འདུན་མ་བླ་མ་དཀོན་མཆོག་ལ་གཏད་སྙམ། །བུ་ཆུང་བསམ་དོན་འགྲུབ་པ་ཞིག་ཞུ་འོ། །ཞེས་བྲིས་ནས་གཅེན་དགེ་རྒན་ལ་བསྟན་པས་ཁྱེད་རང་སྒྲུབ་པ་ལ་མོས་པ་ཆེན་པོ་འདི་འདུན་མ་ལེགས་པོ་རེད། ཚེ་གཅིག་སྒྲུབ་པ་བྱེད་པ་ཞིག་བྱུང་ན་ང་ཡང་བསམ་པ་དེས་རྫོགས། འོན་ཀྱང་ད་ལྟ་ལོ་ཆུང་སྐབས་ཁ་ཕོ་མ་སྒྲོགས་མ་གཏོགས་སྒྲུབ་མཐར་མ་འཁྱོལ་ན་དེ་ལས་ངོ་ཚ་བ་མེད་པས་རིང་པོར་མི་ཐོག་པར་རང་གཉིས་དབེན་པར་འགྲོ་ཆོག །ཐོས་བསམ་སྒོམ་གསུམ་སྤེལ་མར་བྱེད། ཕ་མ་ལ་ཡང་སེམས་མི་བབ་པ་ཡོད་མ་རེད་པས་ཁྱེད་མ་འགྲོ་ཟེར་མི་འོང་ཟེར་བས་བློ་བདེ་བར་བྱུང༌། དེ་ནས་རིང་པོ་མ་ལོན་པར་མེ་ཡོས་རང་ལོ་བཅོ་བརྒྱད་སྟེང༌། རང་དང་གཅེན་དགེ་རྒན། སྒྲུབ་གཡོག་གཉིས་དང་བཅས་དབེན་པའི་བྲག་སྐྱིབས་དེ་རུ་འདུག་རུང་བར་བྱས་ཏེ་བསྡད། ཞོགས་པར་རཏ་གླིང་ཚེ་སྒྲུབ་ཡང་གསང་གུད་སྦས་ཀྱི་བསྙེན་པ་སྟོང་རྩ་རེ་དང༌། ཀུན་གཟིགས་མི་ཕམ་རིན་པོ་ཆེའི་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་བློ་ཡི་ཉིན་བྱེད་སྟེང་བསྙེན་པ་སྟོང་རྩ་རེ་བཏང་ནས་ཐུན་ཐམས་ཅད་ཀྱི་མགོར་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས་མི་ཕམ་རིན་པོ་ཆེའི་གསུངས་དང༌། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་གསོལ་འདེབས་དང་ཕྱག་འཚལ་རེས་མོས་དང༌། ཐུན་གཤམ་དུ་ཀུན་མཁྱེན་གསུང་སྨོན་ཙམ་བཏོན་ནས་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བཞིན་དམིགས་རྐང་རེ་རེར་ཞག་བདུན་རེ་སེམས་འཛིན་དང༌། ཐུན་མཚམས་སུ་རྒྱུད་གསང་བ་སྙིང་པོའི་འགྲེལ་ཆེན་ཕྱོགས་བཅུ་མུན་སེལ་ཤོག་ངོས་རེ་བློ་འཛིན་དང༌། སེམས་ཉིད་ངལ་གསོ་རྩ་འགྲེལ་དང༌། ཡོན་ཏན་མཛོད་རྩ་བ་དང་འགྲེལ་བ་ཤིང་རྟ་གཉིས་དང༌། ཉི་ཟླ་གཉིས་ལ་ཐོས་བསམ་ཡང་ཡང་བྱས་པ་དང༌། བློ་ལྡོག་བཞིའི་དམིགས་ཐུན་སོ་སོའི་སྐབས་ཡོན་ཏན་མཛོད་རྩ་བ་ལེའུ་རེ་རེ་བཀླག་ཅིང་དོན་ལ་བསམ་མནོ་བསྐོར་བས་དེ་དག་གཅིག་གྲོགས་གཅིག་བྱས་ནས་ཆོས་ཡང་དག་ལ་བློ་ཅུང་ཟད་བཀོལ་ཐུབ་པ་བྱུང༌། དེའི་ཚེ་གནས་དེ་ཉིད་ལ་བསྟོད་པའི་གླུ་འདི་སྨྲས་སོ། །རྗེ་རྫོགས་པའི་སངས་རྒྱས་བི་ཛ་ཡ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །བདག་བློ་སྣ་ཆོས་ལ་བཀོལ་བ་ཡིས། །ཚེ་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །གནས་ངོ་མཚར་རྡོ་རྗེའི་ཀེའུ་ཚང༌། །བྲག་ཐོལ་སྐྱེས་ཙིཏྟ་གནམ་སློང་འདྲ། །ཡིད་འོང་བའི་ཕུག་པ་ཟུང་གིས་མཚན། །མཚམས་རྣམས་སུ་རྩྭ་ཤིང་ཕང་ཕུང་ཚོགས། །རྒྱན་རིན་ཆེན་དོ་ཤལ་བཞིན་དུ་འཕྱང༌། །རྩེ་ས་ལའི་ལྗོན་པ་གདུགས་ཀྱི་ཚུལ། །གཡས་གཡོན་ནས་རྐང་འཐུང་བསིལ་ཡབ་གཡོབ། །དེར་བྱིའུ་ཆུང་སྙན་པའི་སྒྲ་སྐད་སྒྲོག །མདུན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །ཆབ་ཟིལ་པའི་མེ་ཏོག་མུ་ཏིག་འདྲ། །གཡས་གཡོན་ཀུན་ཤུག་པའི་ནགས་ཚལ་རྒྱས། །ཁོང་གཅན་གཟན་ངར་ཤིང་སྤྱང་ཀི་ངུ༌། །མདུན་རྩེ་མཐོ་རི་ཡི་ལྕུག་ཕྲན་ན། །བྱ་རི་དྭགས་བག་ཕེབས་སྐད་སྙན་སྒྲོག །མདོག་མི་གཅིག་མེ་ཏོག་མདངས་མཛེས་བཀྲ །དེར་བུང་བ་འཕུར་ཞིང་གླུ་ཡང་ལེན། །དབུས་སྤྱོད་ལམ་བཞི་ཤོང་བྲག་ཕུག་མཛེས། །དབྱར་བསིལ་ཞིང་དགུན་དུས་དྲོད་ཀྱིས་འཕྲོད། །བྲག་རྡོ་རྗེའི་ཐེམ་སྐས་མཛེས་པར་བཀྲ །ཤར་ཉི་ཟླའི་སྒྲོན་མེ་མདངས་རེ་གསལ། །ནུབ་རྫ་གངས་མཛེས་པའི་ལྷུན་པོ་བརྗིད། །མགུལ་ན་བུན་འཁྲིགས་པའི་དར་དཀར་དཔྱངས། །ཉི་ཟླ་བའི་ཟེར་གྱི་གཟི་བྱིན་གསལ། །བྱ་བྱིའུ་འཕུར་ལྡིང་གཡོ་ཞིང་འགྱུར། །མདུན་ཆུ་གཙང་ལྷ་ཡི་ཡོན་ཆབ་སྟོབ། །གནས་ཆགས་མེད་ཞེན་བྲལ་སྐྱིད་པ་ལ། །གཡེང་འདུ་འཛི་མེད་པས་དགའ་བ་ལ། །ཆོས་མཐུན་པའི་བསམ་གཏན་ཁང་བུ་འདིར། །བག་ཕེབས་ཏེ་གནས་པས་བློ་སེམས་བདེ། །སྒོ་གསུམ་གྱི་བརྩོན་པ་མི་ལྷོད་པས། །ཆོས་རྒྱུད་ལ་སྐྱེས་པར་བྱིན་གྱིས་རློབས། །དེའི་ཚེ་མཚན་གཉིད་ཁུག་པའི་དུས་མ་གཏོགས་གུང་སངས་ཀྱི་སྐབས་བར་སེང་ཡུད་ཙམ་ཡང་མ་བྱས་པར་དཔེ་ཆ་འབྲི་ཀློག །དམིགས་ཐུན་བཟུང་བ། ཕྱག་འཚལ་བཟླས་བརྗོད་ལ་བརྩོན་འགྲུས་བསྐྱེད་ཆེ་བས། གཅེན་བཤད་སྒྲུབ་ནས་སྐབས་སུ་གུང་སེང་ཕྲན་བུ་གྱིས་མ་གཏོགས་སྙིང་རླུང་སོགས་ཀྱི་རྐྱེན་འབྱུང་སྲིད་ཅེས་ཡང་ཡང་གསུངས་ཤིང༌། ཕ་མ་ཡང་མཚམས་མཚམས་སུ་འོང་བ་ལ་དེ་ཚུལ་སྨྲས་སོང་བས། ཕ་རྒན་ནས་བུ་ཁྱེད་རང་སྤྱིར་རབ་ཏུ་བྱུང་དགོས་ཟེར། ལྷག་པར་སྤྲུལ་སྐུའི་མཚན་གསོལ། དབང་ལུང་རྒྱ་ཆེར་ཞུས། དཔེ་ཆ་དང་ཉམས་ལེན་ལ་སྦྱངས་བརྩོན་དེ་ཙམ་ནུས་པ་ནི་ཕྲན་ཡང་ཤི་ན་བློ་བདེ། འོན་ཀྱང་ད་དུང་བླ་མ་ཉམས་རྟོགས་ཁྱད་པར་ཅན་དང་འཕྲད་ན་སྒྲོ་འདོགས་གཅོད་པ་གནད་ཆེ་རེད་ཟེར། དེ་ལྟར་བརྩོན་འགྲུས་ལྷོད་མེད་དུ་བྱས་ཀྱང༌། རྗེ་བཙུན་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་གྱིས་བར་ཆད་གང་ཡང་མ་བྱུང༌། སྐྱོ་སངས་ལྟ་བུར་རྗེ་བཙུན་མི་ལ་རིན་པོ་ཆེའི་ཉམས་མགུར་དང༌། ཀུན་མཁྱེན་བླ་མ་འཇིགས་བྲལ་གླིང་པའི་རྣམ་ཐར་སྒྲུབ་པ་ནན་ཏན་གྱི་སྐོར་རྣམས་མཇལ་བས་དེ་དག་ལ་དད་སྤྲོ་ལྷག་པར་སྐྱེས་ཤིང༌། ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པ་དཔལ་གྱི་རིར་སྒྲུབ་པ་ལ་བཞུགས་སྐབས་དམ་བཅའ་བདུན་མཛད་པའི་རྗེས་སུ་ཅི་ནུས་བསླབ། བསམ་ཡས་མཆིམས་ཕུ་རུ་བཞུགས་སྐབས་ཨོག་དཀར་གྱིས་བྱ་ཝང་བསད་པ་དང༌། དད་སྦྱིན་གྱིས་སེམས་ཅན་བསད་པའི་ནང་ཁྲོལ་ཤ་ཁྲག་གཡོས་ཏེ་ཕུལ་བ་ལ་སྙིང་རྗེ་འཁྲུངས་ཚུལ་སོགས་ཀྱིས་སེམས་རྒྱུད་ལ་ངེས་འབྱུང༌། སྙིང་རྗེ་ཤུགས་ཆེན་པོ་སྐྱེས། ཉིན་རེར་ཤ་དུས་རེ་ལས་མི་ཟ་བའི་དམ་བཅའ་བཟུང༌། ཞིང་གི་ལོ་ཏོག་སད་ཀྱིས་ཁྱེར་བ་དང༌། ཆར་ཞོད་དཀོན་སྐབས་ཞིང་པ་རྣམས་སེམས་ཁྲལ་བྱེད་པ་ལའང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ཞིག་ཡིན་ན་སྤྲིན་གྱིས་ནམ་མཁའ་ཁེབས་པའི་རྫུ་འཕྲུལ་བསྟན་ནས་ཆར་འབེབས་སྙམ་པའི་འདུན་པ་ཡང་ཡང་སྐྱེས་པ་བྱུང༌། ནམ་ཚོད་འཛིན་པའི་ཁྱིམ་བྱ་ཞིག་དང༌། ཁྱི་རྒན་ཞིག་ཡོད་པ་གུ་རུ་རིན་པོ་ཆེ་ལ་གསོལ་བ་ཡང་ཡང་བཏབ་པས་གཅན་གཟན་གྱི་ཁར་ཆུད་སོ་བཏབ་ཀྱང་རྨས་ཏེ་ཁྲག་མི་འོང་བ་དང༌། འདུག་གནས་རི་ཁྲོད་ཀྱི་ལུང་པ་དེར་འབྲོག་པ་རྣམས་ཀྱི་ཕྱུགས་དང་ར་ལུག་སོགས་རྫི་བོས་མ་རྙེད་ཀྱང་གཅན་གཟན་གྱིས་མི་བསད་པ་བྱུང༌། འཇམ་དཔལ་སྨྲ་སེང་བཟླས་སྒོམ་རྟག་པར་བྱེད་ཀྱི་ཡོད་ཀྱང་འདི་སྐོར་བཟླས་དམིགས་ལ་ཡིད་རྩེས་གཅིག་ཏུ་གཏོད་པས་ཡིན་སྙམ། མདོ་རྒྱུད་ཀྱི་ཟབ་གནད་ལ་གོ་བ་སྔར་ལས་བཟང་བ་དང༌། སྙན་ངག་གི་བརྗོད་པའང་བཟང་དུ་སོང་བ་བྱུང༌། ཡང་བསམ་མནོ་ཞིག་ལ་ད་སྟེ་མི་མེད་ལུང་སྟོང་ཞིག་ལ་རང་གཅིག་པུ་གནས། ཟས་གོས་ཀྱི་བདེ་སྐྱིད་ལ་མི་ལྟ་བ་རི་དྭགས་རྨས་མ་བཞིན་དུ་འགྲོ། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་འཁྱོངས་པ་ཞིག་བྱེད་དགོས་སྙམ་པའི་འདུན་པ་བཟློག་ཏུ་མེད་པ་ཞིག་སྐྱེས་ནས་གླུར་བླངས་པ་ནི། རྗེ་སྐུ་གསུམ་གྱི་ཡོན་ཏན་མཐར་ཕྱིན་ཀྱང༌། །ཞིང་མ་དག་འགྲོ་བ་སྒྲོལ་བའི་ཕྱིར། །དཔལ་བྱ་བཏང་གི་རྒྱལ་པོའི་ཚུལ་བསྟན་པ། །མགོན་པདྨ་བི་ཛ་སྙིང་ནས་དྲན། །རྟེན་དལ་འབྱོར་མི་ལུས་རིན་པོ་ཆེ། །དགྲ་འཆི་བདག་གི་ཇག་པས་བརླག་སྙམ་པའི། །སེམས་བཟོད་མེད་གདུང་བའི་ཟུག་རྔུ་དེས། །ཡ་ང་བ་བྱིས་ཕྲུག་ཐང་ལྷུང་འདྲ། །གནས་ངན་སོང་གཡང་ས་གཏིང་རིང་ཞིང༌། །དུས་ད་ལྟའི་མཐོ་རིས་བདེ་སྐྱིད་འདི། །དཔེ་བར་སྣང་འཇའ་བཞིན་འཇིག་ལ་ཁད། །སྡིག་ཆར་སྤྲིན་འཁྲིགས་པས་ཁེབས་ལ་སོམས། །སྐྱིད་དགའ་བའི་ཕོ་བྲང་བརྗིད་ཆེ་ཡང༌། །འཆི་བདག་གི་འཇིགས་པ་སྲུང་མི་ནུས། །ཟས་ཞིམ་དགུའི་བཟའ་བཅའ་རོ་བདའ་ཡང༌། །ཟངས་ཞུན་མ་འཐུང་བའི་རྒྱུ་རུ་སྲིད། །གོས་འཇམ་སོགས་དཀྲིས་པའི་གཟུགས་གཅེས་ཀྱང༌། །རོ་རུལ་དྲི་ནམ་འབྱུང་ཆ་མ་མཆིས། །གཟུགས་ལང་ཚོའི་ཉམས་འགྱུར་ཡིད་དགའ་ཡང༌། །མིག་དཔྲལ་བར་བསྡུ་དུས་ཕན་པ་བྲལ། །རྒྱན་བྱི་དོར་མཛེས་པའི་རྒྱུ་ལགས་ཀྱང༌། །ཁོང་གཤིན་རྗེའི་ཁྲོ་གཉེར་བསླུ་མི་ཐུབ། །སྙན་གྲགས་པས་རྒྱལ་ཁམས་ཀུན་ཁྱབ་ཀྱང༌། །རང་བེམ་རིག་བྲལ་དུས་དེས་མི་ཕན། །ཁ་གྲགས་དང་སྟོབས་ཀྱིས་ཀུན་འཇིགས་ཀྱང༌། །རང་གཅིག་པུར་འགྲོ་དུས་སྐྱོབ་མི་ནུས། ཆེ་བཙན་པོའི་ཐོབ་ཐང་གཉན་བརྗིད་ཀྱང༌། །རྐྱེན་འཆི་བདག་ཁྲིམས་ར་བཟློག་ཐབས་བྲལ། །མི་མང་པོའི་འདུ་བ་ཆགས་སྡང་རྒྱུ། །ཡུལ་བར་དོར་འགྲོ་དུས་གཅིག་པུ་ཡིན། །ཚེ་འདི་ཡི་བྱ་བ་རྒྱང་བསྲིངས་ནས། །རང་གཅིག་པུ་དབེན་པའི་བྲག་སྐྱིབས་སུ། །དཔེ་རི་དྭགས་རྨས་མ་བཞིན་བསྡད་ནས། །ནང་སེམས་ལ་ལྟད་མོ་ལྟ་སྙིང་འདོད། །ཕ་གྲུབ་ཐོབ་གོང་མ་ཐམས་ཅད་ཀྱང༌། །རི་སྟོང་པའི་བྲག་རིའི་དྲུང་བཞུགས་ཏེ། །ཉམས་རྟོགས་པའི་རྒྱལ་ས་ཟིན་པ་ཡི། །རྗེ་མི་ལ་ལྟ་བུའི་རྣམ་ཐར་དྲན། །ང་ལྟོགས་ན་ཏིང་འཛིན་ཟས་སུ་ཟ། །ལུས་གྲང་ན་གཏུམ་མོ་གོས་སུ་གྱོན། །གྲོགས་བྱ་དང་རི་དྭགས་མཉམ་འགྲོགས་ནས། །སྤྲིན་ན་བུན་འཁྲིགས་པའི་རི་ལ་འགྲོ། །མིས་བཟོ་བཅོས་མ་བྱས་བྲག་གི་ཕུག །ཞིང་སོ་ནམ་མ་དགོས་ལོ་མའི་ཟས། །ཆུ་དྭངས་ལ་བསིལ་བ་གཡའ་མའི་ཆབ། །བྱ་གོང་མོ་ངེད་གཉིས་འགྲོགས་སྙིང་འདོད། །ཤིང་ལྗོན་བཟང་བྱས་པའི་གྲིབ་བསིལ་དུ། །སེམས་ངལ་གསོ་བརྟེན་པས་བག་རེ་ཕེབས། །རླུང་སེར་བུའི་བསིལ་ཡབ་ཁམས་རེ་དྭངས། །མི་གཅིག་པུ་བྱ་བྱེད་ཆོས་དང་མཐུན། །རྫ་རྩེ་མཐོ་ནམ་མཁའ་མཐའ་རྒྱ་ཆེ། །ནང་རིག་སྟོང་དགོངས་པ་རྩལ་ཤུགས་སྐྱེད། །སྟེང་ཉི་ཟླའི་འཛུམ་ཟེར་སྙིང་ལ་ཟུག །དབྱིངས་རིག་པ་སྒྲོན་དྲུག་སྦུབས་སུ་འཇུག །སྐབས་རེས་འགའ་སྤྲིན་དང་ན་བུན་ལྡང༌། །འབྲུག་གློག་དམར་འཁྱུག་པའི་གར་སྟབས་རྩེ། །རླུང་འུར་འུར་སྤྲིན་ནག་ཁོ་རོ་རོ། །དགྲ་བར་དོའི་སྒྲ་འོད་ཟེར་གསུམ་མཚོན། །སྤང་ནེ་འུ་དྭངས་ཞིང་དལ་གྱིས་རྒྱུ། །གྲོགས་གནའ་ཕྲུག་རྩེ་ཞིང་བྲག་ལ་འཛེགས། །བྱ་མཐོན་མཐིང་སྐད་སྙན་འཕུར་རྩལ་སྦྱོང༌། །རྒོད་ཐང་དཀར་དལ་གྱིས་བསྐོར་ལ་འགྲོ། །མ་མཁའ་འགྲོའི་འདུ་བ་མ་གཏོགས་པའི། །མི་སྡིག་ཅན་རྒྱུ་འགྲུལ་ནམ་ཡང་མེད། །མཚོ་ཁ་ཞེང་ཆེ་བ་སྔོ་ལྟེམ་མེ། །ནང་རིག་པ་ཅོག་བཞག་བཞི་མཚོན་བརྡ། །བྱ་ངང་པ་ཕྲུ་གུ་ཁྲིད་ནས་འགྲོ། །ངག་སྐད་སྙན་སྒྲོག་ཅིང་གཤོག་རྩལ་སྦྱོང༌། །བྱམས་སྙིང་རྗེའི་གསལ་འདེབས་ཅི་ཡང་བྱེད། །ངས་ཕ་གཞིས་ལུང་པ་སྟོང་པ་རུ། །གཡའ་གངས་རི་ཆབ་བསིལ་ལ་བརྟེན་ནས། །ཉམས་རྟོགས་པའི་རྒྱལ་ས་འཛིན་དུ་འགྲོ། །ད་ཅིས་ཀྱང་དགོས་མེད་ཁོ་ཐག་ཆོད། །ཚེ་འདིར་སྣང་བདེ་སྡུག་གྲངས་མེད་པ། །སྔར་མྱོང་ཚད་ཆུ་ཡི་རི་མོ་འདྲ། །གཏིང་འཁོར་བའི་བག་ཆགས་བསགས་པ་ལས། །ཕན་ཡོད་མེད་ད་ལྟའི་ལུས་ལ་ལྟོས། །དུས་མ་འོངས་རེ་དོགས་སོ་ཚིས་ཀྱིས། །ལས་འདི་འདྲ་བསགས་ནས་མི་ཚེ་ཟད། །དགྲ་འཆི་བདག་ཞགས་པ་ཐེབས་པའི་མོད། །དབུགས་ཧར་གྱིས་འགྲོ་དུས་ཕན་ནམ་སོམས། །ང་ཅོལ་ཆུང་བྱིས་པ་ཡིན་ན་ཡང༌། །ཕ་བླ་མ་རྒྱལ་ཚབ་ཆོས་ཀྱི་རྗེས། །བྱིན་སྙིང་དུ་ཕབ་པས་ངེས་འབྱུང་སྐྱེས། །ཚེ་འདི་སྣང་བྱ་སྤྱོད་འཁྲུལ་པར་མཐོང༌། །བློ་ངེས་འབྱུང་སྐྱེས་པའི་ཀུན་རྟོག་དེ། །བཟོད་མ་ནུས་ཁ་ནས་ཤོར་ཏེ་བྲིས། །རྒྱུད་སོ་སྐྱེའི་ཀུན་རྟོག་མི་རྟག་ཀྱང༌། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །ཆོས་ཀུན་གྱི་རྩ་བ་ངེས་འབྱུང་འདི། །རྡོའི་རི་མོ་བཞིན་དུ་བརྟན་པ་ཡིས། །རྗེ་བྱ་བྲལ་ནམ་མཁའི་རྣལ་འབྱོར་པ། །སྐྱབས་པདྨ་བི་ཛ་ལྟ་བུར་སྨོན། །རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་གསུང་མགུར་མཇལ་ཞིང༌། དེའི་རྣམ་འགྱུར་ལྟ་བུའི་མགུར་པོད་ཅིག་ཡོད་པ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་གཟིགས་འབུལ་ཞུས་པས། ཀུན་མཁྱེན་ཡབ་སྲས་སོགས་བཞིན་དུ་དེང་སང་མགུར་ཞིག་ལ་བདུད་འཇོམས་དང་ཁྱེད་གཉིས་འགྲན་ཟླ་བྲལ་བ་འདུག་གསུངས། །འདི་དག་གི་ཚེ་སྤྱིར་སྔ་འགྱུར་གྱི་རིག་འཛིན་ཕལ་མོ་ཆེ། སྒོས་འཇམ་མགོན་རྣམ་གསུམ། བདག་གི་རྣམ་འདྲེན་ཆེན་པོ་རྣམས་དབེན་པར་སྦས་ཚུལ་ཁོ་ནས་བཞུགས་ཏེ་ཐོས་བསམ་སྒོམ་གསུམ། བསྟན་འགྲོའི་དོན་མཛད་པ་རྣམ་ཐར་གྱི་གཙོ་བོར་འདུག་པས་དེ་བཞིན་དགོས་འདུག་སྙམ་སྟེ་རང་གི་ཕ་མ་ཙམ་ལས་སུ་ལའང་ངོ་མ་འཕྲད། འཇིག་རྟེན་ཚེ་འདིའི་བྱ་བཞག་དང་ངོ་སྲུང་སོགས་ཐམས་ཅད་རིང་དུ་བོར། སྐད་ཆ་གླེང་བརྗོད་ཙམ་ལ་ཡང་དོན་མེད་པ་གཏན་ནས་མ་སྨྲས། འཚོ་གོས་ཀྱི་དཀའ་ངལ་ནི་གཏན་ནས་མེད་པས་མི་ཚེ་རིལ་པོར་འདི་བཞིན་སྐྱིད་ལ་སོས་བདེར་འདུག་སྙམ་པ་བྱུང༌། མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་བཀའ་བཞིན་གསང་འགྲེལ་ཕྱོགས་བཅུ་མུན་སེལ་བློ་འཛིན་གྱི་འབད་བརྩོན་ཡང་ཡང་བགྱིས། ཡང་ནགས་ཚལ་ཉམས་དགའ་ཞིང་སྤང་ལྗོངས་ཡོད་པ་ཞིག་ཏུ་བསམ་གཏན་གྱི་སྤྱིལ་བུ་ལ་བརྟེན་ནས་ཀྱང་ལོ་ཤས་བསྡད། ཡང་སྐབས་ཤིག་ཕ་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་ཏུ་གྲགས་པ་ཞིག་ལ། མཉན་པ་རིན་པོ་ཆེ་དང་ང་རང་གཉིས་གནས་འབྲེལ་ཕྱིན་པས་དཀར་ཕྱོགས་ཀྱི་ཚེས་བཅུ་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ཞིག་ལ་འཕགས་མའི་སྙིང་ཐིག་གི་ཚོགས་གཏོང་སྐབས། མཁྱེན་བརྩེ་རིན་པོ་ཆེའི་གཟིགས་པ་ལྔ་ཡི་དག་སྣང་ལྟར་ཧེ་རུ་ཀ་ལྔ་ལ་ཟབ་དོན་དང་སྦྱར་བའི་གསོལ་འདེབས་ཤིག་བྲིས་མ་ཐག་ལུང་ཆུང་གི་ཆུ་བོ་གློ་བུར་དུ་རྒྱས་པས་དཔྱིད་སོས་ཀྱི་ཆུ་ལྟ་བུར་གྱུར་པ་བྱུང༌། དེ་སྐོར་དགེ་མང་མཁན་ཆེན་ཐེག་མཆོག་དང༌། མཁན་སྣ་ཚོགས་ཕེབས་ནས་རི་ཁྲོད་དུ་བཞུགས་ནས་ཀློང་སྙིང་ཁྲིད་སྐོར་དང༌། གསང་འགྲེལ་དགོངས་རྒྱན། ཞལ་ལུང༌། དཀོན་མཆོག་འགྲེལ། བར་དོ་དྲུག་ཁྲིད། དགེ་མང་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུའི་བཀའ་འབུམ། རྡོར་སེམས་མངོན་དགའ། སྙིང་ཐིག་ཇོ་ལུགས་སྒྲོལ་དཀར་གྱི་དབང་སོགས་ཞུས། མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུན་མིན་ཐུགས་བརྩེས་ཕེབ་ཁར་འབྲལ་མི་ཕོད་པ་ལྟ་བུར་མཛད། མཁན་ཉིད་ཀྱི་ཕྱག་བྲིས་ཡོན་ཏན་མཛོད་ཀྱི་འགྲེལ་ཆེན་ཉི་ཟླའི་འོད་ཟེར་གྱི་ཕྱག་དཔེ་བསྩལ། དེའི་ཚེ་རང་ཁྱིམ་གྱི་གཡོག་པོ་སོགས་ཁ་ཤས་ཀྱིས་སྤྱིར་མི་དཔོན་གྱི་སྲས་ཕ་མ་ཕྱུག་པོའི་གཅེས་ཕྲུག་དེ་སྔ་སྐྱིད་པོ་ཁོ་ན་ལས་མ་བྱུང་བ་འདི་བྲག་ཕུག་དང་རི་ཁྲོད་འདི་ལྟར་བཞུགས་ཚུགས་པ་ངོ་མཚར་ཆེ། སྐྱེས་བུ་དམ་པ་གཞན་དང་ཅི་འདྲ་ཟེར་མཁན་བྱུང༌། རི་ཁྲོད་སྒྲུབ་པ་པོ་གཞན་དག་ཀྱང་དཀའ་སྤྱད་དང་སྙིང་རུས་བྱེད་སྐབས་མི་དཔོན་ཕྱུག་པོའི་གཅེས་ཕྲུག་ཀྱང་རི་ཁྲོད་དུ་འདི་ལྟར་བཞུགས་ན་བདག་ཅག་དཀའ་སྤྱད་དང་སྙིང་རུས་ཅི་ཕྱིར་མི་ནུས་བསམ་པས་ཕན་པ་བྱུང་སྐད། སྤྱིར་སྐྱེ་བ་སྔ་མ་རི་ལ་རྟག་པར་གནས་པའི་རྔོན་པའམ་རི་སྐྱེས་ལྟ་བུ་གང་གི་ལུས་བླངས་པའི་བག་ཆགས་ཀྱིས་ཡིན་ན་བྲག་ཕུག་ཡིད་དུ་འོང་བའམ། ནགས་ཚལ་བལྟ་ན་སྡུག་པའི་ནང་སྤྱིལ་བུ་སོགས་མཐོང་མ་ཐག་སེམས་བག་དྲོ་འུར་རེའི་འདི་འདྲ་ཞིག་ཏུ་གཅིག་པུ་ཁུ་སིམ་མེར་བསྡད་ན་བསམ་པ་རང་བཞིན་གྱིས་སྐྱེ་བ་འདུག །དེ་སྐབས་ས་དཀར་དགོན་གྱི་དབྱར་གནས་དགེ་འདུན་ཉི་ཤུ་སྐོར་ལ་ཀྱེ་རྡོར་མངོན་རྟོགས་ཀྱི་ཁྲིད་ཀྱང་བྱས། མི་ཚེའི་ལྷག་མ་ཇི་ཡོད་དབེན་པར་སྒྲུབ་པ་ཁོ་ན་བྱེད། ཉམས་ལེན་གྱི་སྙིང་པོ་རྫོགས་ཆེན་ཁོ་ན་དགོས་འདུག་པས་དེའི་མྱོང་ཁྲིད་ཞུ་བའི་ཕྱིར། ལྕགས་རྟ་ལོར་རྗེ་དབོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུའི་དངོས་སློབ་སྐུ་ཚེ་རིལ་པོར་བྱ་བཏང་གིས་དབེན་པ་བསྟེན་ཏེ་སེམས་ཉིད་ངལ་གསོ་དང༌། བླ་མ་ཡང་ཏིག་གི་ཉམས་ལེན་འབའ་ཞིག་ལ་ཆིག་དྲིལ་སྒྲུབ་པ་ཁོ་ན་མཛད་པའི་བླ་མ་རིན་པོ་ཆེ་ཀུན་དགའ་དཔལ་ལྡན་རི་ཁྲོད་དུ་ཆེད་དུ་གདན་འདྲེན་གྱིས་རྗེ་ཉིད་ཀྱི་སྐུ་ཚེ་རིལ་པོའི་ཉམས་བཞེས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྨིན་ཁྲིད་ཞིབ་རྒྱས། ཀློང་སྙིང་རྩ་རླུང་གི་འཁྲུལ་འཁོར་ལག་ཁྲིད་བཅས་ཞིབ་པར་བསྩལ། བླ་མ་ཡང་ཏིག་གི་སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་གི་མཐར་གཙིགས་ཆེ་བ་བཀའ་རྒྱས་གདམས་པའི་སྐབས། འཕྲོས་དོན་དུ་ཁོ་བོས་རྗེ་དབོན་རིན་པོ་ཆེ་ལས་བླ་མ་ཡང་ཏིག་གི་དབང་དང་སྨིན་ཁྲིད་ཞུས་ནས་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོའི་བླ་མའི་རྣལ་འབྱོར་དང༌། སྙན་བརྒྱུད་ཆུང་ངུའི་བླ་མའི་རྣལ་འབྱོར་བཅས་ཀྱིས་ཉིན་བཞིན་མ་ཆགས་པར་ཉམས་ལེན་བྱེད་པར་ཁས་བླངས་ནས། ཡང་ཏིག་ཡིད་བཞིན་ནོར་བུའི་གླེགས་བམ་འབྲལ་སྤང་བྱས་ནས་འདི་ཁོ་ན་ལ་བློ་གཏད་དེ་མི་ཚེ་རིལ་པོ་ད་ལྟའི་བར་ཉམས་སུ་བླངས་ནས་ཉམས་རྟོགས་ཀྱི་གདེངས་སྐྱེས་པ་མེད་ཀྱང༌། གདམས་ངག་འདིས་བསླུ་འོང་སྙམ་པ་རྨི་ལམ་དུ་ཡང་མ་དྲན་ཡིད་ཆེས་ཕྱིར་མི་ལྡོག་པ་ཡོད། བར་སྐབས་ཤིག་མུན་མཚམས་ལ་བཞུགས་པའི་སྐབས་བར་དོའི་སྣང་བ་ལྟ་བུའི་འཇིགས་སྣང་ཤིན་ཏུ་ཆེ་བར་བྱུང་ཀྱང་ཆོས་དང་བླ་མ་ལ་ཡིད་ཆེས་ལྷག་པར་སྐྱེས། རྩ་དཀར་གྱི་ནད་ཅིག་བྱུང་བ་རྟེན་འབྲེལ་ལུས་ཀྱི་གེགས་སེལ་ཉམས་ལེན་རྒྱུན་རིང་དུ་འབད་པས་ནད་ལས་གྲོལ། ཕྲན་གྱི་མི་རིགས་ལ་ཚེ་རིང་པོར་བསྡད་པ་མེད་ཀྱང་ཡི་དམ་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་ལོ་རེ་བཞིན་མ་ཆག་པར་ཉམས་སུ་བླངས་པས་ཚེ་མཐར་ཕྱིན་པ་བྱུང་ཞིང༌། སྔར་རྗེ་དབོན་རིན་པོ་ཆེས་བླ་མ་ཡང་ཏིག་གི་དབང་ཁྲིད་བདག་ཅག་ལ་གནང་སྟེ་རྫོགས་པས་སྐབས། དིལ་མགོ་བུས་ཀུན་མཁྱེན་ཆེན་པོའི་ཞལ་ཐང་ཞིག་ཕུལ་བ་རྟེན་འབྲེལ་བཟང་གསུངས་ནས་ཁོ་བོ་ལ་དད་རྟེན་དུ་བསྩལ། ད་རེས་ཁྱེད་ལ་ཞིབ་ཁྲིད་དུ་ཕུལ་བས་སྒྲུབ་པ་སྙིང་པོ་བྱེད་དགོས་པ་དང་ཞར་བྱུང་དད་ལྡན་སུ་བྱུང་ལ་ཐུན་མོང་ཐུན་མིན་གྱི་བཀའ་ཁྲིད་རྟག་པར་གསུངས་ནས་བསྟན་འགྲོའི་དོན་དགོས་ཚུལ་དང༌། སྐུ་ཚེ་རིལ་པོར་དད་རྟེན་དུ་བཅངས་པའི་མཛོད་བདུན། ངལ་གསོ་སྐོར་གསུམ་གྱི་ཕྱག་དཔེ་བཅས་ཐུགས་བརྩེ་ཆེན་པོས་བསྩལ་བར་མཛད་དེ་འདི་ལ་ཐོས་བསམ་སྒོམ་གསུམ་རྒྱུན་མི་ཆད་པར་གནང་དགོས་པར་གདམས་པ་བཞིན་ད་ལྟའི་བར་ཐོས་བསམ་ཅི་ནུས་འབད་ཁུལ་བྱས། རྗེ་བླ་མ་གཉིས་ཀས་ཀློང་ཆེན་སྙིང་ཐིག་རྩ་རླུང་འདི། དར་དུས་དར་དུས་དར་ཆེ་བས། །རས་པ་ཁྲ་རིས་ས་སྟེང་ཁྱབ། །གུད་དུས་གུད་དུས་གུད་ཆེ་བས། །བླ་མ་དཔལ་དགེ་མ་གཏོགས་པ། །བརྒྱུད་པ་འཛིན་མཁན་གཅིག་ཀྱང་མེད། །ཅེས་སོགས་གསུངས་པ་ལྟར་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རོག་ཟ་དཔལ་དགེ་ལ་གནང་བའི་སྙིང་ཐིག་རྩ་རླུང་གི་ཁྲིད་དཔལ་སྤྲུལ་རིན་པོ་ཆེས་ཆེད་དུ་གསན་ནས་གཟིམ་སྦྲའི་གུང་ཤིང་ལ་འཁྲུལ་འཁོར་མཛད་པའི་དབུ་ཡི་དྲེག་པ་ཆགས་པ་ཙམ་དུ་སྦྱངས་པ་མཛད། དེ་ལས་རྗེ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་དང༌། ཨ་འཛོམ་འབྲུག་པ་རིན་པོ་ཆེས་གསན་ནས། རྗེ་དབོན་རིན་པོ་ཆེའི་སྐུ་ཚེ་དེར་ཉམས་བཞེས་མ་ཆག་པར་གནང་བ་ལས་ཁོང་རྣམ་པ་གཉིས་ཀས་གསན་ནས་ཉམས་བཞེས་གནང་བ་ཡིན་པས་ཤིན་ཏུ་གལ་གནད་ཆེ་ཚུལ་བཀའ་བསླབ་ཡང་ཡང་གནང་བར་མཛད་པས་རི་ཁྲོད་དུ་ཉིན་རེ་བཞིན་འཁྲུལ་འཁོར་ལ་བརྩོན་པ་རྒྱུན་རིང་དུ་བྱས་པས་རླུང་སེམས་ལས་སུ་རུང་བའི་ལམ་རྟགས་གང་ཡང་མ་བྱུང་ཀྱང༌། འཁྲུལ་འཁོར་གྱི་ལག་ཁྲིད་ལ་གོམས་པ་བརྟན་པོ་བྱུང༌། སྐུ་ཚེ་རིལ་པོར་དབེན་པར་རྫོགས་ཆེན་སྒོམ་པའི་བླ་མ་རིན་པོ་ཆེ་ཀུན་དགའ་དཔལ་ལྡན་ནས་བུ་ཁྱོད་རི་ཁྲོད་བསྡད་པ་འཕྲོ་བརླག་རེད་མི་འདུག་གསུངས། བར་སྐབས་བཀྲ་ཤིས་མཆོད་ཆོག་དང༌། འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས་བཞིན་ཚོགས་ཀྱི་མཆོད་པ་འབུམ་ཕྲག་གསུམ་ཙམ་ཕུལ། རང་གནས་ཀྱི་ཡུལ་ལྷ་ཟོ་དོར་ཆེ་ཁག་རྣམས་མཚོན་ཆུ་མིག་གཉན་པོ་རྣམས་སུ་ས་བཅུད་གསོ་བའི་གཏེར་བུམ། གསས་མཁར་བསྟོད་པ། བསང་རི་ཁྲུས་སོགས་བྱེད་བཞིན་སྐྱོ་བསངས་ལ་ཕྱིན། ཐུན་གསེང་དུ་སངས་རྒྱས་མཉན་པ་རིན་པོ་ཆེ། མཁར་མགོ་རབ་མཛེས་སྤྲུལ་སྐུ་སོགས་རང་སློབ་བཅུ་སྐོར་ལ་ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་བཅས་ཀྱི་ལུང་དང༌། བན་ཆེན་མཁན་ཀརྨ་གུ་རུ་ལ་ཡོན་ཏན་མཛོད་བཤད། སྤྱིར་རང་གི་མཚན་ལྡན་བླ་མ་ཐམས་ཅད་ཀྱིས་ཁྱེད་རང་ཚུལ་གནས་ཐོས་བསམ་སྒོམ་པ་ལེགས་པར་གྱིས། རྗེས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་སློབ་མ་སྐྱོང་དགོས་རེད། ད་ལྟ་ནས་མོས་ལྡན་རྣམས་ལ་དབང་ཁྲིད་གྱིས་ཞེས་ཡང་ཡང་གསུངས་པ་ལྟར་ཆོས་འདོད་ཉམས་ཆུང་ཁ་ཤས་ལ་ཀུན་བཟང་བླ་མའི་ཞལ་ལུང་དང༌། ཡེ་ཤེས་བླ་མའི་ཁྲིད་ཀྱང་ཁ་ཤས་བགྱིས་པ་དང༌། ཕྱིས་སུ་མདོ་སྒྱུ་སེམས་གསུམ་བཀའ་དགོངས་སོགས་དབང་ལུང་ཆེ་ཁག་འཆད་སྤེལ་བྱས་ཚུལ་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་ཞུས་པས་ཀུན་མཁྱེན་འཇིགས་མེད་གླིང་པའི་ཕྲིན་ལས་ཀྱི་མཐའ་བསྐྱངས་ནས། འོག་མིན་ས་ལ་འཕོས་པ་ལྟ་བུའི་སྨིན་གྲོལ་རྒྱ་ཆེར་བསྩལ་བ་ངོ་མཚར་ཆེ་བའི་སྙན་ངག་གི་ཚིགས་བཅད་ཡང་ཡང་བསྩལ་བ་ལོ་ནར་སོན་བཞིན་རང་རྒྱུད་མ་དུལ་བའི་ཆོས་འཆད་པའི་གཟུགས་བརྙན་རྒྱུན་ཆད་མེད་པས་མང་པོ་ཞིག་ལ་མགོ་སྐོར་བྱེད་དགོས་བྱུང་བ་ལ་དགོངས་སམ་སྙམ། ཁྱབ་བདག་བཀའ་འགྱུར་ཀརྨ་འོད་གསལ་ལྷུན་གྲུབ་ལས་འཇའ་ཚོན་པོད་དྲུག །མཚན་སྤྲུལ་འཇམ་དཔལ་ནོར་བུ་ལས་གསན་པའི་ལུང་དང༌། གནམ་ཆོས་པོད་བཅུ་གསུམ། ཆགས་མེད་རིན་པོ་ཆེའི་རྣམ་ཐར། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དང་ཆགས་མེད་རིན་པོ་ཆེའི་སྐྱེ་བརྒྱུད་རྣམ་ཐར། ཆགས་མེད་རིན་པོ་ཆེའི་རི་ཆོས་དེའི་རྒྱབ་ཆོས། ཐུགས་རྗེ་ཆེན་པོའི་དམར་ཁྲིད། དེའི་སྔོན་འགྲོ། གཡུ་ཐོག་སྙིང་ཐིག་ཆ་ལག་བཅོ་བརྒྱད། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱི་ཡོན་དགེའི་གྲོ་ལོད་ཀྱི་ཟིན་བྲིས་པོད་གཅིག །པདྨ་བཀའ་ཐང༌། བཀའ་ཐང་སྡེ་ལྔ། སྟག་ཤམ་གཏེར་བྱོན་བཀའ་ཐང༌། མཚོ་རྒྱལ་རྣམ་ཐར་རྣམས་དྲུང་རིན་ཆེན་ལས་གསན་པའི་ལུང་རྣམས་བཀའ་དྲིན་ཐོབ། རང་ལོ་ཉི་ཤུའི་སྐོར་དབེན་པར་གནས་པའི་སྐབས་ཤིག་རྨི་ལམ་དུ་རྒྱ་མཚོ་ཆེན་པོ་ཞིག་གི་བར་སྣང་དུ་སྤྲིན་དང་ན་བུན་སྟུག་པོ་འཁྲིགས་པའི་ཀློང་དུ་རང་ཉིད་སྐུ་མདོག་སེར་པོ་སྦྲུལ་གྱི་གདེང་ཀ་དང་རིན་པོ་ཆེའི་རྒྱན་ཆས་མང་པོ་ཅན་སྨད་སྦྲུལ་དུ་འཁྱིལ་བ་ཞིག་བྱེད་དེ་དགའ་སྤྲོའི་ངང་བར་སྣང་དུ་འགྲོ་བར་རྨིས་པ་ཕྱིས་འཇམ་མགོན་བླ་མ་དྷརྨ་མ་ཏི་རིན་པོ་ཆེ་ལ་ཞུས་པས། ཁྱེད་རང་ཀླུ་ནོར་རྒྱས་ཀྱི་བརྫུས་བུ་ཡིན་པར་འདུག་ཅེས་ཕེབས་པས་གསོལ་མཆོད་ཅིག་ཀྱང་མཛད་པར་ཞུས་པས་བཀའ་དྲིན་བསྩལ་བ་དང༌། རང་གཤིས་ལ་དཔྱད་ན་གཉིད་ཤིན་ཏུ་ཆེ་བ་དང༌། ཆར་ཆེན་པོ་བཏང་སྟེ་སྤྲིན་དང་ན་བུན་འཁྲིགས་པ་དང༌། ས་བརླན་གཤེར་ཆེ་བ་སྔོ་ལྡུམ་མང་པོར་སྐྱེས་པ་བསིལ་ལྷང་ལྷང་བྱུང་དུས་ཁམས་ཆེས་དྭངས་ཤིང༌། ཉི་ཟེར་ཚ་པོས་ལུས་ལ་རེག་པ། ཆར་དཀོན་ཏེ་ནམ་མཁའ་གཡེར་དུས་ཁམས་ལ་མི་འཕྲོད་པ་དང༌། དཔུང་པ་སོགས་ལའང་འབྲུམ་བུ་ཆུང་ངུ་མང་པོ་བརྡོལ་ཏེ་སྦལ་པའི་ལྤགས་པ་ལྟ་བུ་རྒྱུན་དུ་ཡོད་པ་སོགས་ལ་བསམས་ན་བརླན་གཤེར་དུ་སྐྱེས་པའི་བྱོལ་སོང་གི་རིགས་ཤིག་ཡིན་ངེས་སྙམ་པ་འཕྲོས་སུ་སྨོས་པ་དང༌། ལོ་ཉི་ཤུའི་སྐོར་རྫོགས་པ་ཆེན་པོའི་དགོངས་ཀློང་ཚད་ལ་ཕེབས་པ་ཞིག་དགོས་སྙམ་པའི་རེ་བ་སྙིང་ལ་བཅངས་ནས་སྒྲུབ་པ་སྙིང་པོ་བྱེད་ཁུལ་བྱས་ཀྱང་དེ་ནི་ཁ་ཕོ་ཙམ་ལས་ད་ལྟའི་ལོ་བདུན་ཅུར་སླེབ་དུས་ཀྱང་ཞི་གནས་ཀྱི་སེམས་འཛིན་བརྟན་པོ་ཞིག་ཀྱང་མ་ཐོབ་འདུག །མཉན་པ་རིན་པོ་ཆེ་ལས་རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་བཅས་ཞུས། ལོ་ཉེར་གསུམ་ཆུ་སྤྲེ་སྤྲེལ་སྤྲེལ་ཟླའི་ཚེས་བཅུའི་དུས་ཆེན་དང་འབྲེལ་བར་བཀའ་དྲིན་མཉམ་མེད་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུ་སྐུ་ཕྲེང་བཞི་པ། སྲིད་ཞིའི་གདུང་སེལ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པས་འཁྲུལ་བྲལ་དུ་ངོས་འཛིན་གནང་སྟེ། ནང་ཆེན་མདོ་ཝཾ་མཆོད་རྟེན་དཀར་ཆུང་གི་ཉེ་ཕྱོགས་སུ་འཁྲུངས་པ་འོག་མིན་བླ་མའི་གདན་ས་བསྟན་གཉིས་དར་རྒྱས་གླིང་གི་སེང་གེའི་ཁྲིར་མངའ་གསོལ་བའི་ཐོག་མའི་གསེར་ཞལ་མཇལ་བར་རྐང་འགྲོས་ཀྱིས་ཕྱིན། རང་དགོན་ནས་ཐོག་རོལ་སོགས་བཀུར་བཟོས་རྒྱ་ཆེར་གནང༌། སྨྲ་བའི་སེང་གེ་རབ་འབྱམས་དྲུག་པ་དང༌། འཇམ་མགོན་མཆོག་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། སོ་བྱང་སྔགས་གསུམ་གྱི་སྡོམ་པའི་མཆེད་གྲོགས་དགོན་སྟོད་མཆོག་སྤྲུལ་འགྱུར་མེད་བསྟན་པའི་རྒྱལ་མཚན། འབར་ཆུང་མཆོག་སྤྲུལ། ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ། རྗེ་དབོན་དགེ་ལེགས་རྒྱ་མཚོས་གཙོས་བླ་གྲྭ་ཐམས་ཅད་ཀྱིས་ཕ་བུ་འཕྲད་པ་ལྟ་བུའི་ཐུགས་བརྩེས་བསྐྱངས། ཀུན་མཁྱེན་བླ་མའི་པུར་ཁང་ལ་ཚོགས་མཆོད་ཕུལ་ཞིང་གསོལ་བ་བཏབ་པས་ནམ་མཁའ་འཇའ་སྤྲིན་གྱིས་ཁེབས་པ་བྱུང༌། མི་ཕམ་འཇམ་པའི་དབྱངས་ཀྱི་ཐུགས་དམ་རྟེན་བཞུགས་པའི་འཇམ་དབྱངས་མདུན་ཚོགས་མཆོད་སྨོན་ལམ་ཡང་ཡང་ཞུས། སྤྲོས་བཅས་ཚེས་བཅུ་ཆེན་པོའི་ཚོགས་གྲལ་དུ་ཕྱིན་ཅིང༌། རབ་འབྱམས་རིན་པོ་ཆེ་དང༌། ཀོང་སྤྲུལ་སོགས་ཀྱིས་ཕེབས་བསུ་རིང་ཐུང་གསུམ། རྫོགས་ཆེན་སོགས་བཀའ་རྙིང་གི་དགོན་ཁག་མང་པོའི་ཆིབས་བསུ། གདན་སར་ཞབས་འཁོད་པའི་སྐབས་སེར་འཕྲེང་སོགས་རྒྱས་སྤྲོས་གང་ཆེའི་རིགས་བདག་བླ་མའི་མཆོག་སྤྲུལ་ཉིན་བྱེད་གཞོན་ནུའི་དགྱེས་ཞལ་མིག་གི་བདུད་རྩིར་ཐོབ་ཅིང༌། འགྱུར་མེད་སེངྒེའི་ཁྲི་ལ་རང་ལུགས་སྨིན་གཏེར་ཚེ་སྒྲུབ་འཆི་མེད་ཡང་སྙིང་གིས་མངའ་གསོལ་བརྟན་བཞུགས་ཀུན་མཁྱེན་བླ་མ་པདྨ་བི་ཛའི་གསུང་ལྟར་མཁས་གྲུབ་གོང་མའི་ཕྱག་བཞེས་བཞིན་གནང༌། དེ་སྐབས་རྒྱས་སྤྲོས་དགའ་སྟོན་དང་རང་དགོན་བླ་སྤྲུལ་རྣམས་ནས་ལེགས་འབུལ་ཞིབ་རྒྱས་སུ་ཕུལ། འཇམ་མགོན་མཆོག་སྤྲུལ་མཁས་གྲུབ་དབང་པོ་དང༌། རྗེ་བཙུན་བླ་མ་མཉེས་པ་གསུམ་གྱིས་ཞབས་ཏོག་ཕུལ་དུ་ཕྱིན་པའི་སྒྲུབ་བརྩོན་བླ་མ་འཇམ་དབྱངས་བློ་གསལ་གཉིས་ནས་རྗེ་ཐམས་ཅད་མཁྱེན་པའི་བཀའ་འབུམ་སྐུ་དངོས་ལས་མ་ཐོབ་པ་ཡོངས་རྫོགས་ཀྱི་ལྗགས་ལུང་ཐམས་ཅད་དང༌། ཀོང་སྤྲུལ་རིན་པོ་ཆེ་ལས་བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན། རབ་འབྱམས་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་ལས། ཐུགས་དམ་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་དང༌། མཁྱེན་བརྩེའི་ཟབ་གཏེར་སྐོར་གྱི་དབང་ལུང་ཡོངས་རྫོགས་ཞུས། གྲུབ་དབང་རྫོགས་ཆེན་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་ཐུགས་དམ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཕུར་པ་རྒྱུད་ལུགས་ཀྱི་དབང་ཆེན་དང༌། གཤིན་རྗེའི་སྒྲུབ་ཕུག་ཏུ་སྣང་བཞི་མཐར་སོན་གྱི་མཁན་ཆེན་ལྷ་སྒང་པདྨ་ཐེག་མཆོག་བློ་ལྡན་མཇལ་ཞིང་ཆོས་འབྲེལ་ཞུས། ཞེ་ཆེན་རབ་འབྱམས་རིན་པོ་ཆེས་དགྱེས་སྟོན་དུ་གདན་ཞུས་གླིང་དཀར་ཆོས་རྒྱལ་དབང་ཆེན་ཀརྨ་བསྟན་འཛིན་ལས་ལྷ་རིགས་བདེ་ཆེན་རོལ་པའི་དག་སྣང་གེ་སར་གྱི་སྲོག་གཏད་མི་ཕམ་རིན་པོ་ཆེའི་བརྒྱུད་པ་ཅན་ཞུས། རང་ལུགས་ཀྱི་ཕྱག་ལེན་བླ་མའི་ཞལ་ཁྲིད་སོགས་ལ་འདྲི་རྟོག་ནན་ཏན་བྱས། རི་ཁྲོད་པདྨ་འོད་གླིང་གི་རབ་འབྱམས་རིན་པོ་ཆེའི་གཟིམ་སྤྱིལ་དུ་ཕུར་པ་སྤུ་གྲིའི་བསྙེན་འབྲེལ་བསྡུས་ཙམ་བཏང༌། སྐབས་དེར་རབ་འབྱམས་རིན་པོ་ཆེས་ཕྲན་ལ་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་བཅོས་མིན་གྱིས་རྗེས་སུ་བསྐྱངས་ཏེ། དེང་སྐབས་འདིར་འཇམ་པའི་དབྱངས་མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་སུས་ཀྱང་འགྲན་ཟླ་མེད། དེ་ལས་གཞན་དུ་རྫོགས་ཆེན། དཔལ་སྤུངས། ས་སྐྱ་སོགས་སུ་འཇམ་མགོན་རྣམ་གཉིས་ཀྱི་མཆོག་སྤྲུལ་ཀུན་ལས་མཁས་བཙུན་བཟང་གྲུབ་ཀྱི་རྣམ་ཐར་ཞེ་ཆེན་དགོན་གྱི་མཁྱེན་ཀོང་སྤྲུལ་སྐུ་རྣམ་གཉིས་ལས་ལྷག་པ་མེད། རྒྱལ་ཚབ་རིན་པོ་ཆེའི་སྤྲུལ་སྐུའི་དབུས་བདག་ཅག་རྣམས་དང་ཆོས་སྡེ་འདི་ཉིད། ལྷག་པར་རྒྱལ་ཚབ་རིན་པོ་ཆེའི་མཆོག་སྤྲུལ་འདི་གཞན་མཚུངས་མེད་པའི་སྐྱེས་བུ་དམ་པའི་ངང་ཚུལ་ཅན་ཞིག་འབྱུང་དགོས་པས། བླ་མ་གོང་མའི་ཐུགས་སྲས་ཀྱི་གཙོ་བོ་ཁྱེད་གཉིས་ནས་བསྐྱང་དགོས་ཞེས་བཀའ་ཡང་ཡང་བསྩལ། ཐུགས་དམ་ཉམས་རྟོགས་འཁྲུངས་ཚུལ་སོགས་ནང་གི་བཀའ་འཕྲོས་ཞིབ་ཏུ་གནང༌། དེ་སྐབས་རབ་འབྱམས་རིན་པོ་ཆེ་ལ་སྙན་ངག་ལེའུ་བར་པ་ཞིག་གི་བཤད་ཁྲིད་དང༌། མི་ཕམ་མཆོག་སྤྲུལ་དང༌། མཆེད་གྲོགས་ལོ་ཆེན་སྤྲུལ་སྐུ་ལ་སུམ་རྟགས་ལེགས་བཤད་སྣང་བ་དམ་པ་ཞིག་ཀྱང་བཤད་ཁུལ་བྱས། རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་དང༌། མཁན་བློ་གྲོས་རབ་གསལ་ལ་མ་ཏིའི་འཇམ་དབྱངས། དམ་པའི་སྨྲ་སེང༌། དབྱངས་ཅན་དཀར་མོའི་རྗེས་གནང་རྣམས་ཕུལ། རྗེ་བླ་མའི་མཆོག་སྤྲུལ་ཡབ་གཞིས་སུ་བྱོན་པ་ཕེབས་སྐྱེལ་དང༌། རྗེས་ནས་གདམས་ངག་མཛོད་ཅིག་ཕུལ་རྒྱུའི་ཁས་ལེན་ཞུས་ཀྱང་རྟེན་འབྲེལ་འཕྲོ་ཅན་དུ་སོང༌། དེ་སྐབས་རྒྱ་བོད་ཀྱི་འཁྲུགས་ཟིང་ཞིག་བྱུང་བས་རང་དགུན་ཕྱོགས་རང་གནས་སུ་ཕྱིན། ལམ་བར་ནས་དཔལ་སྤུངས་སི་ཏུ་རིན་པོ་ཆེ་དབུས་ནས་ཕྱིར་ཕེབས་པ་དང་མཇལ། ཆུ་སྤྲེལ་དགུན་ཕྱོགས་སྨིན་དྲུག་ཟླ་བ་ལ་ཕ་རྒན་དེ་ཉིད་དུས་ཀྱི་ཆོས་ཉིད་དུ་སོང༌། སྤུན་ཟླ་མཉན་པ་མཆོག་སྤྲུལ་སྐུ་མཆེད། མ་རྒན་སོགས་ནས་དགེ་རྩ་རྒྱ་ཆེན་པོ་བསྒྲུབས། དེ་སྐབས་དྲུང་རམ་རྒྱ་སྤྲུལ་རིན་པོ་ཆེ་ཞེས་མདོ་རྒྱུད་དང་མཐུན་པའི་དགེ་བའི་བཤེས་གཉེན་དང་མཇལ་བས། མཉན་པ་རིན་པོ་ཆེ་དང་ལྷན་དུ་དྭགས་པོ་རིན་པོ་ཆེའི་ཐར་རྒྱན་དང༌། དུས་འཁོར་གྱི་ཁྲིད་ཞུས། བདག་ལ་ཐུགས་བརྩེ་ཆེན་པོས་ཡང་ཡང་བསྐྱངས། དེ་སྐོར་རང་ཡུལ་འབྲུམ་ནག་གིས་ཚབ་ཆེར་གྱུར་པས་ཆོས་རྗེ་མི་ཕམ་རིན་པོ་ཆེའི་གདུང་རྟེན་འཇམ་དཔལ་དབྱངས་ཀྱི་སྐུ་ཡིས་འབྲུམ་བུ་བཞེས་པས་ཡམས་ནད་དེ་རྒྱུན་ཆད་པར་གྱུར། རང་ཉིད་སྔར་གནས་ཀྱི་རི་ཁྲོད་དུ་མཚམས་ལ་ཞུགས། སྒོ་འདག་སྦྱར་བྱས། རྡོར་སེམས་བསྙེན་པ་དབུ་ཚུགས་པའི་ནུབ། མཛོད་ཅིག་ལ་བརྡ་ཡིག་གིས་ཁེངས་པས་ཕྱག་མཚན་རྡོ་རྗེ་རྩེ་ལྔ་ཆེ་ལེགས་ཤིག་དྲིལ་ནས་ཁྱེད་འཇམ་དབྱངས་མཁྱེན་བརྩེའི་ཐུགས་ཀྱི་སྤྲུལ་པ་ཡིན་པའི་བརྡ་ཡིན་ཟེར་བ་ཞིག་རྨིས། ལོ་རྗེས་མར་ཆུ་བྱ་ལ་ཕ་རྒན་གྱི་དུས་དྲན་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྤྲོས་བཅས་སྒྲུབ་ཆེན་ཞིག་བཙུགས། རང་གནས་ཀྱི་ཡུལ་ལྷའི་གཙོ་བོ་འབར་ལྷ་རྩེ་རྒྱལ་ཞེས་པའི་རི་རྩེར་སྤྲོ་སངས་ལ་ཕྱིན། རི་ཁྲུས་དང་ལྷ་བསང་རྒྱས་པ་བཏང༌། ས་བཅུད་གསོ་ཞིང་གཞི་བདག་རྟེན་མཁར་གྱི་གཏེར་བུམ་སྦས་ཏེ་གླུ་འདི་ཡང་སྨྲས་སོ། །རི་མཐོན་པོ་གནམ་གྱི་ཀ་བ་ཡི། །སྤོར་ཕྱིན་པས་ཤར་གྱི་ནམ་མཁའི་འོག །ཕ་རྫོགས་པའི་སངས་རྒྱས་པདྨའི་མཚན། །འཁོར་མཁས་གྲུབ་ཚོམ་བུ་དང་བཅས་པ། །ཞལ་དགྱེས་འཛུམ་མུལ་ལེས་སྨིན་གྲོལ་གྱི། །ཆོས་བདུད་རྩིའི་སྦྲང་ཆར་འབེབས་པའི་གནས། །དཔལ་བསྟན་གཉིས་དར་རྒྱས་གླིང་གི་རི། །གནས་པདྨ་འོད་གླིང་ཡིད་ལ་དྲན། །ཕ་དྲན་པས་བུ་ཆུང་ཅི་འདྲ་ཡང༌། །སེམས་མྱ་ངན་བྱས་པས་ཅི་ལ་ཕན། །ཐུགས་འོད་གསལ་ཆོས་སྐུའི་བླ་མ་དེ། །དུས་འདུ་འབྲལ་མེད་པའི་གདེང་ཞིག་ཡོད། །ཆོས་ཟབ་རྒྱས་གསང་བའི་ཕ་ཕོགས་དེ། །ཉམས་བླང་ན་རྒྱལ་པོའི་དཀོར་མཛོད་འདྲ། །ལས་ཐོས་བསམ་སྒོམ་པས་མ་བུལ་ན། །ཟབ་ལམ་གྱིས་བསླུ་སྙམ་ཡིད་ལ་མེད། །ཕ་སྒྲུབ་བརྒྱུད་གོང་མའི་རྣམ་ཐར་བཞིན། །ངས་མི་ཚེ་ཚད་དུ་བཙུག་པ་ཡིས། །གནས་དབེན་པའི་བྲག་སྐྱིབས་བརྟེན་པ་ཡིན། །དགྲ་ཆོས་བརྒྱད་རླུང་ལ་བསྐུར་སྙིང་གདའ། །རྗེ་ཁྱེད་ཐུགས་ངེས་འབྱུང་བསམ་ཙ་ན། །ང་ན་སོ་གཞོན་ཡང་འཆི་བས་སྐྲག །ཁེ་གྲགས་པ་སྒྲུབ་འདོད་མི་འདུག་པས། །ཚེ་ཕྱི་མའི་གཏན་ཆུས་ཟིན་པར་ཤོག །རྗེ་ཁྱེད་ཀྱི་སྒྲུབ་ཚུགས་མཇལ་བའི་ཚེ། །ངས་མི་ཚེ་མཚམས་ལ་དྲིལ་སྙིང་འདོད། །རྒྱུད་སྒྲུབ་སྡེ་བརྒྱད་དང་ཡན་ལག་བཅས། །བསྙེན་སྒྲུབ་པས་ཉམས་ལེན་གཅིག་ཏུ་དྲིལ། །རྗེ་ཁྱེད་ཀྱིས་རྩ་རླུང་ཐིག་ལེའི་ལམ། །བརྩོན་མཛད་པའི་རྣམ་ཐར་ཐོས་ཙ་ན། །ལམ་ཐབས་གྲོལ་གཉིས་སུ་མེད་པ་ཡིས། །དོན་ལྷན་སྐྱེས་དགོངས་པ་རྟོགས་ན་སྙམ། །རྗེ་མཆོག་གི་དགོངས་ཉམས་མཇལ་ཙ་ན། །ང་བློ་བྱས་ཆོས་ལ་ཡིད་མ་ཆེས། །གཤིས་རིག་སྟོང་རྗེན་པའི་ཐིག་ལེ་རུ། །ལྟ་སྒོམ་སྤྱོད་དུ་མ་རོ་གཅིག་འདོད། །རྗེ་ཁྱེད་ཀྱི་ཞལ་གདམས་བསམ་ཙ་ན། །མགོན་ཐུབ་བསྟན་བཤད་སྒྲུབ་ལས་གསུམ་གྱིས། །ཞིང་འཇིག་རྟེན་ཀུན་ཏུ་སྤེལ་བ་ལ། །སྟོབས་ནུས་པ་བྲལ་ཡང་འབད་སྙིང་འདོད། །ཡབ་བཀའ་དྲིན་ཅན་གྱིས་བཅོས་མིན་དུ། །ཐུགས་བརྩེ་བས་ཐུན་མིན་དགོངས་པ་གཏད། །དམན་དབུགས་དབྱུང་མཛད་པའི་དྲིན་ལན་ནི། །ཚེ་གཅིག་གི་སྟེང་དུ་མི་གསོབ་རེ། །རྗེ་མཆོག་གི་ཡོན་ཏན་བསམ་པའི་ཚེ། །ཡིད་གཏིང་ནས་ངེས་པ་བརྟན་པོ་སྐྱེས། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །དུས་སྐད་ཅིག་མི་འབྲལ་འགྲོགས་ནས་ཀྱང༌། །ཐུགས་ཉེ་བའི་སྲས་སུ་བདག་གྱུར་ཏེ། །བུ་ཕ་དང་དགོངས་པ་གཅིག་འདྲེས་ཤོག །ཕྱི་སྣང་བ་སྒྱུ་མ་ལྟར་རྟོགས་ནས། །རྐྱེན་བཟང་ངན་བདེ་ཆེན་ཆོས་སྐུར་མཉམ། །ནང་སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་དག །དོན་ཡེ་ཤེས་ཆེན་པོར་ཉམས་ཞེན་བྲལ། །བར་ཉམས་སྣང་གཏད་མེད་ཆོས་དབྱིངས་ཀློང༌། །བློ་བདེ་ཡི་རྟོག་པའི་འཇུར་མདུད་ཞིག །གཤིས་འོད་གསལ་ཉི་ཟླ་རྒྱུན་ཆད་མེད། །སྐྱིད་སོས་བདེས་མི་ཚེ་སྐྱེལ་བར་ཤོག །ལས་གང་བྱས་བསྟན་དང་འགྲོ་ལ་སྨན། །ཆོས་གནད་དུ་འགྲོ་བས་གཟུང་འཛིན་ཞིག །དཔལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས། །འབྲེལ་ཚད་ཀུན་གདོད་མའི་གཞི་ཀློང་དུ། །སྐྱེལ་ནུས་པའི་སྟོབས་བཅུའི་མཐུ་ཐོབ་ཤོག །འདི་སྐབས་རང་གི་གཅེན་བཤད་སྒྲུབ་ཞེ་ཆེན་དང་རྫོང་གསར་གཉིས་ཀར་ཕྱིན་ནས་མི་ཕམ་འཇམ་པའི་དབྱངས་ཀྱི་གསུང་ཐོར་བུ་གང་ཡོད་ཀྱི་ཕྱག་དཔེ་ཐམས་ཅད་གཡར་ཞུས་ཀྱིས་མི་ཕམ་འཇམ་པའི་དབྱངས་མྱ་ངན་ལས་འདའ་ཚུལ་བསྟན་པའི་རི་ཁྲོད་བཀྲ་ཤིས་དཔལ་འབར་གླིང་དུ་ཉེ་གནས་བླ་མ་རིན་པོ་ཆེ་ཤེས་རབ་འོད་གསལ་མདུན་ནས་གཤིན་རྗེ་ཚེ་བདག་གི་བསྙེན་ཡིག །ལྷན་ཐབས། ཁྲོ་ཆུའི་བསྙེན་ཡིག །འཆར་ཁའི་མདོས་ཀྱི་ལག་ལེན། དྲག་སྔགས་རྣམ་བཤད། རིག་རྩལ་ཆོས་སྡེ། རྫོང་གསར་སྤར་མའི་སྒྲུབ་ཐབས་སྐོར་གྱི་དཔལ་ལྡན་ལྷ་མོའི་རྟེན་སྒྲུབ་རྒྱས་བསྡུས་དང༌། གཟའ་སྒྲུབ་གྱི་མན་ངག །གཡུ་སྒྲོན་པྲ་སྒྲུབ་གསོལ་བསྐང་ལུང་དང་གདམས་གཏད་བྱིན་རླབས་ཞུས། དེ་སྐབས་ཕྲན་ཡི་གེ་ཞིག་འབྲི་བཞིན་ཡོད་པ་བླ་མ་རིན་པོ་ཆེས་ཞལ་རྩེད་དུ་དགོངས་གཏེར་བབས་པ་མིན་ནམ་གསུངས་པ་ཕྱིས་ཀྱི་རྟེན་འབྲེལ་ཞིག་མིན་ནམ་སྙམ། མི་ཕམ་རིན་པོ་ཆེའི་གསུང་རྣམས་དཔེ་བཤུས་དང༌། དབང་གི་ཆིངས་ཟབ་པ་བདུན་དང༌། དྲག་སྔགས་ཐོར་བུའི་རྩོམ་གཞི་བེ་བུམ་གཉིས་དང༌། ཆོ་འཕྲུལ་གྱི་སྐོར། མི་ཕམ་རིན་པོ་ཆེའི་རྣམ་ཐར་བཅས་རང་གིས་གསར་བསྒྲིགས་ཞུས་པའི་མ་ཕྱི་ཀུན་གཟིགས་འཇམ་མགོན་དྷརྨ་མ་ཏིའི་མདུན་སྤྱན་བསྟར་ཞུས་པ། བསྟན་བཅོས་གསར་རྩོམ་ལ་ལེགས་སོའི་དབུགས་དབྱུང་གཟངས་བསྟོད་ཀྱི་ཚིགས་བཅད་དང་དར་ཨ་ཤེ། རྡོར་དྲིལ་བཟང་གོས་དབང་མདོག་བཅས་དང༌། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་གཏེར་སྒྲོམ་ཤོག་སེར་དང་བཅས་པ་བསྩལ། རང་བྲག་རི་ཆེས་མཐོན་པོ་འབར་ལྷ་རྩེ་རྒྱལ་ཞེས་པའི་རི་མགུལ་བྲག་ཕུག་ཅིག་ཏུ་བསྡད་ཡོད་པ་དེར་འབྱོར་སྐབས་འཇའ་ཚོན་ཤར་བ་སོགས་མཚན་ལྟས་ལེགས་པ་བྱུང༌། རྐྱེན་སེལ་ལྟ་བུར་དཔལ་ཆེན་འདུས་པའི་བསྙེན་པ་ཟླ་གཅིག་མ་དང༌། འཇམ་མགོན་ཟབ་གཏེར་གྲོ་ལོད་གསང་སྒྲུབ་ཀྱང་བསྙེན། སངས་རྒྱས་མཉན་པ་རིན་པོ་ཆེས་བརྟག་གཉིས་ལ་རྔོག་ཞེ་སྡང་རྡོ་རྗེའི་འགྲེལ་པ་རིན་ཆེན་རྒྱན་འདྲའི་བཤད་ལུང་ཀྱང་གནས་གསར་བླ་མ་བཀྲ་འཕེལ་ལས་གསན་པ་ལྟར་ཐོབ། ཤིང་ཁྱི་རང་ལོ་ཉེར་ལྔའི་སྔ་རྗེས་སུ་གླང་འཐབ་ཀྱི་ནད་ལྟ་བུ་ཁ་དང་སྒོ་ཀུན་ལ་རྨ་བྱུང་བས་ཚ་གྲང་དུག་གི་ཟུག་རྔུས་ཕྱི་མར་ཆས་ལ་ཁད་དུ་མ་བྱུང༌། དེ་སྐབས་འཇམ་མགོན་ཆོས་རྗེའི་ཟབ་གཏེར་གསང་བདག་རྡོ་རྗེ་བེ་ཅོན་གྱི་བསྙེན་བཟླས་ལ་བརྩོན་པས་ཕན་པ་མྱོང་གྲུབ་ཏུ་བྱུང༌། དེ་ལ་ཆེད་དམིགས་ཀྱིས་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ཚོགས་འབུམ། སུན་ཟློག་བརྟན་བཞུགས། ཀུན་གཟིགས་འཇམ་མགོན་དྷརྨ་མ་ཏིའི་བཀའ་ལུང་མ་མགོན་གཡུལ་མདོས་རྒྱས་སྒྲུབ་སོགས་བྱས། རི་ཁྲོད་ནས་རང་གི་བསམ་གཏན་ཁང་བུར་ཕྲེང་བ་ཆ་ཚང་ཞིག་བྱི་བས་ཁྱེར་བ་དང༌། དཔེ་ཆ་རིགས་ཟ་བ་སོགས་རྟགས་མཚན་ངན་པ་ཁ་ཤས་བྱུང༌། མི་ཕམ་རིན་པོ་ཆེའི་རྟོགས་པ་ལས་ཕྱུངས་པའི་ཀུ་རུ་ཀུལླེའི་སྒྲུབ་སྐོར་ལ་བསྙེན་པ་བཏང༌། སྔར་ནས་རང་གི་འཁྲུལ་རྟོག་ལ་ཚེ་ལམ་ཕྱག་རྒྱ་ཞིག་དང་འཕྲད་ན་ཚེ་གེགས་བཟློག་ཅིང་རིང་དུ་འཚོ་སྙམ་ཡོད་པ་གཞི་རྟེན་སྔགས་པར་བསྒྱུར། མི་ཕམ་རིན་པོ་ཆེས་རིག་རྩལ་ཆོས་སྡེའི་སྐོར་གྱི་འཇམ་དཔལ་ཞི་སྒྲུབ་ཀྱི་བསྙེན་པ་ཞིབ་རྒྱས་སུ་བཏང༌། ཤིང་ཕག་བོད་ཟླ་གསུམ་པར་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེར་འགྲོ་བའི་སྐབས་ལམ་ཞག་རྨ་རོང་གྲུ་གུ་དིལ་མཁར་ཞོལ་དུ་བསྡད་པའི་རྨི་ལམ་རྐྱེན་གྱིས་ས་ར་ཧའི་བླ་སྒྲུབ་ཅིག་བྲིས། རྫོང་སར་དུ་ཕྱིན་པས་རྗེ་བླ་མ་རིན་པོ་ཆེའི་དྲུང་དུ་ཕྱིན་པས་སྔར་ཐུགས་བརྩེས་བསྐྱངས་བཞིན་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ལྷག་པར་དགྱེས་ཚོར་ཆེན་པོ་མཛད། གཟིམ་ཆུང་གི་སྒོར་སྤོས་རིང་བསྣམས་ཏེ་ཕེབས་བསུ་དང༌། ཞལ་མཇལ་མ་ཐག་ཏུ་སྐུ་ཕྱག་མཛད། སྟན་མཐོ་བར་བཞག །གསོལ་ཇ། བཞེས་འབྲས་གནང༌། མདང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དེ་སྐུ་གཟི་བརྗིད་ཆེ་བ་ཤིན་ཏུ་དགྱེས་ཚུལ་ཅན་ཞིག་མཇལ་བ་དེ་རིང་ཁྱེད་སླེབས་པའི་རྟགས་སུ་འདུག་གསུངས། རང་གི་རིག་ངོར་མཁྱེན་བརྩེའི་ཐུགས་ཀྱི་སྤྲུལ་པ་ཞིག་འབྱུང་བ་དྲན་པ་དེ་ཁྱེད་རང་ཡིན་པ་འདུག །དེ་སྐབས་སྔར་ནས་གསོལ་བ་བཏབ་པའི་རིན་ཆེན་གཏེར་མཛོད་ཆེན་པོའི་ཆོས་སྐོར་གསུང་བཞེད་ཆེ་ཡང་མདོ་སྨད་དུ་མཐའ་དམག་གི་ཟིང་ཆ་ཧ་ཅང་ཆེ་བས་རེ་ཞིག་བཤོལ། རྭ་ལུགས་རྡོ་རྗེ་འཇིགས་བྱེད། ཚར་ལུགས་སྒྲོལ་དཀར། མཚོ་སྐྱེས་སྙིང་ཐིག །མཁའ་འགྲོ་གསང་འདུས་རིགས་བཞིའི་མཁའ་འགྲོ། འཕགས་མའི་སྙིང་ཐིག་སོགས་ཤིན་ཏུ་རྒྱས་པར་གནང༌། འདི་རྣམས་ལ་ཁྲིད་ཡིག་ཅིག་ངེས་པར་དགོས་འདུག་པས་དེ་ཁྱེད་ནས་འབྲི་བར་འོས་ཞེས་དར་ཨ་ཤེ། རྡོར་དྲིལ། རྗེ་གོང་མའི་ཕྱག་དཔེ་བྲི་གཞི་ཤོག་ལྡེབ་སྤུས་དག་བརྒྱ་ལྷག །སྣག་བུམ། སྨྱུག་གུ་དང་བཅས་གནང༌། བྱང་གཏེར་ཐང་ལྷའི་སྲོག་གཏད་ཅིག་ཞུས་པ་བཀའ་རྒྱ་ནི་གང་ཡང་མིན་ཀྱང་རྟེན་འབྲེལ་གྱི་བབ་ཅིག་གིས་ངང་ལ་ཞོག་གསུངས། དུས་འགྱུར་ལ་ཕན་ཕྱིར་སྙིང་ཐིག་སེང་གདོང་གི་གཏོར་ཟློག །བསང་བརྔན་དགོས་འདོད་ཀུན་འབྱུང༌། རི་ཁྲུས་ཅན་བཅས་གཟིམ་ཆུང་སྟེང་དབུ་གུར་ནང་གནང་བས་ཕྱི་དྲོ་ནས་བོད་ཟླ་གཉིས་པ་ཡིན་ཀྱང་འབྲི་ཆུ་ཤིན་ཏུ་རྒྱས་པ་དབྱར་དུས་ལྟར་བྱུང་བས་རྗེ་བླ་མ་ཐུགས་དགྱེས་ཚུལ་འདུག་སྙམ་པ་བྱུང༌། གདན་ས་རྩེ་ཤོད་ཐམས་ཅད་ལ་རབ་གནས་བཅས་རྒྱས་པ་གནང༌། ཁམས་བྱེའི་བཤད་གྲྭའི་ཐོད་དེར་ས་གནད་ཀྱི་སྟེང་མནན་པ་སོགས་མཛད། གཟིམ་ཆུང་གི་རྟེན་ཐམས་ཅད་ལོ་རྒྱུས་བཅས་མཇལ་ཁ་ཞིབ་པར་གནང༌། ཀློང་ཆེན་སྙིང་ཐིག་ཡུམ་བཀའི་ནང་སྒྲུབ་ཀྱི་ཚེ་དབང་ཞིག་འབུལ་དགོས་གསུངས་པ་དང༌། ཚིག་དོན་མཛོད་ཀྱི་ལུང་འབུལ་དགོས་གསུངས་པའང་བཀའ་བཞིན་ཕུལ། རང་གནས་སུ་ཐོན་ཁར་འཇམ་མགོན་མཁྱེན་བརྩེ་སྐུ་གཤེགས་པའི་གཟིམ་སྦུག་ཏུ་བཞུགས་པའི་གོང་མའི་ཐུགས་དམ་རྟེན་ཐུབ་དབང་རྒྱ་གར་ལི་མ་ཆེ་ལེགས། གཡག་ཕྱར་སྒྲོལ་མའི་གཏེར་གཞུང་མཁྱེན་བརྩེའི་ཕྱག་བྲིས་དངོས། རྗེའི་ཕྱག་བསྣམས་རྡོར་དྲིལ། གོང་མའི་ཁུ་བོ་རྨོག་སྟོན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང་མཁྱེན་བརྩེ་རིན་པོ་ཆེ་ལྷན་རྒྱས་ཀྱི་དབུ་ཞྭ་སྟོང་ཉིད་ལྡེམ་ཞུ། མཁྱེན་བརྩེ་རིན་པོ་ཆེའི་ན་བཟའ་བུབ་གཅིག་སོགས་གནང་སྦྱིན་རྒྱ་ཆེན་བསྩལ། ཁྱེད་ལ་ཟབ་གཏེར་གྱི་བཀའ་བབ་དུས་ཀྱི་རྒུད་པ་ལ་ཕན་ངེས་ཡིན་ན་དགེ་སློང་ཁྲིམས་ལྡན་བརྒྱ་ལས་ལྷག་ངེས་པས་གཡས་ཆུང་དུ་མ་བོར་གསུངས། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་རྣམ་བཤད་གསར་བྲིས་སྤྱན་འབེབས་ཞུས་པས་དགྱེས་ཚོར་དང་བཅས་མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་སྐོར་ལྔ་ལ་འདི་འདྲའི་རྣམ་བཤད་རེ་འབྲི་དགོས་ངེས་སུ་སྣང༌། ཁྱེད་ནས་མཁྱེན་བརྩེ་རིན་པོ་ཆེའི་གཏེར་ཆོས་སྐོར་ལ་ཡིག་ཆ་རེ་མཛོད་དང་སྨིན་གཏེར་སྐུ་མཆེད་ཀྱི་གསུང་བཞིན་ལམ་ཆ་ཚང་ཡོད་པ་རྒྱ་ཆེར་འོང་ཤམ་འདུག་གསུངས། ཀློང་ཆེན་སྙིང་ཐིག་གི་ཁྲག་འཐུང་རིགས་བཞིའི་སྒོས་སྒྲུབ་ལ་དབང་ཆོག་དང༌། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལ་དབང་གི་མཚམས་སྦྱོར་རེ་མཛད་དགོས། དེང་སང་ཆོས་ལུགས་ཁག་བཞི་ལས་རྙིང་མ་ལ་བསྟན་བཅོས་རྩོམ་ནུས་པ་སྐྱེས་ཆེན་བཞི་ཙམ་འདུག་པ་ངོ་མཚར་ཆེ་གསུངས། འདན་ས་དཀར་དགོན་དུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་ངོ་མཚར་དང་དགོས་པ་ཆེ་བ་ཐུབ་དབང་ཉེ་སྲས་བརྒྱད་མཆོད་པའི་ཆོ་གའི་སྒྲུབ་མཆོད་ཚུགས་གསུངས་པའང་ཚུགས། དཔལ་སྤུངས་སུ་ཕྱིན་ནས་སི་ཏུ་རིན་པོ་ཆེ་དང༌། མཁྱེན་སྤྲུལ་རིན་པོ་ཆེ་ཡང་མཇལ། ཚེ་འགུགས་དང་བཀའ་བསྒོ་ཐོབ། དེ་ནས་རང་གནས་སུ་ཕྱིན་ཏེ་རི་ཁྲོད་དུ་སྔར་བཞིན་གནས་སྐབས་ཟུར་མང་དྲུང་བཅུ་པ་ཀརྨ་ཆོས་ཀྱི་ཉིན་བྱེད་ཆེད་དུ་ཕྲན་རྩར་ཕེབས། ཞག་གསུམ་ལྷོད་བཞུགས་ཀྱིས་མཆོག་གླིང་མི་གཡོ་བ་རིགས་བཞིའི་དབང་ལུང་གནང༌། ཁྱེད་རང་སྔགས་སྤྱོད་བྱས་པ་དང་ཟབ་གཏེར་གྱི་བཀའ་བབ་ཡོད་ངེས་དུས་ཀྱི་རྒུད་པ་ལ་ཕན་པར་ངེས། མཁྱེན་ཀོང་མཆོག་གསུམ་གྱི་རྣམ་ཐར་གཅིག་ཏུ་བསྡུས་པ་ཞིག་འབྱུང་བའི་རྟེན་འབྲེལ་དང་སྨོན་ལམ་ཡིན་གསུངས་ནས་ཞབས་བརྟན་ཚིགས་བཅད་ཅིག་གནང༌། ད་དུང་རྗེས་སོར་ཡང་ཡང་མཇལ་འོང་ཞིང༌། ཟུར་ལུགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་ལུང་རྗེས་སོར་ངེས་པར་ཕུལ་ཆོག་གསུངས། ཤེས་རབ་མ་ལ་ཡང་བཀའ་བསླབ་དང་རྫོགས་ཆེན་གྱི་ཁྲིད་ཟབ་བསྡུས་ཤིག་གནང༌། རྒྱ་སྤྲུལ་རིན་པོ་ཆེ་ཡང་རང་གི་རི་ཁྲོད་དུ་ཕེབས་ནས་ཚེ་དབང་ཞུས། གུ་རུའི་རྒྱལ་ཚབ་ཏུ་མངའ་གསོལ་བའི་རྟེན་འབྲེལ་ཡིན་གསུངས་ནས་ན་བཟའ་སྐུ་སྟོད་ཅིག་གནང་སྐྱེས་སུ་བསྩལ། དེ་སྐོར་ཞིག་ཏུ་མཁྱེན་བརྩེ་རིན་པོ་ཆེའི་ཡང་གཏེར་རྟ་མགྲིན་གནམ་ལྕགས་མེ་འཁོར་བསྙེན་འབྲེལ་བྱས། དེ་སྐབས་གསོལ་བ་བཏབ་པ་བཞིན་མེ་གླང་ལོར་ཞལ་སློབ་ལྷ་ཐོག་དཀར་ལེགས་ཀྱི་བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ཅེས་མཁྱེན་ཡོན་ཐུགས་བསྐྱེད་ཁྱད་འཕགས་ཅན་ཆེད་བཏང་གིས་རྒྱལ་བཀའ་རིན་པོ་ཆེ་གསལ་དག་སྙན་གསུམ་དང་ལྡན་པའི་བཀླག་ལུང་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་རྒྱ་ཆེན་བཀའ་མཛོད། བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ཀྱི་བཤད་ལུང་བཅས་བཀའ་དྲིན་རང་དང་ཨ་མ་བཅས་ལ་ཐོབ་པའི་སྐལ་བཟང་བྱུང༌། རང་གིས་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཚོགས་འབུམ། འབྱུང་ལྔའི་སྐོང་བ་རྒྱས་སྤྲོས་བཅས་ཕུལ། ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་ལ་ཁྲིད་ཅིག་དགོས་གསུངས་པའང་བྲིས། མི་ཕམ་རིན་པོ་ཆེའི་རིག་རྩལ་ཆོས་སྡེའི་ནཱ་ག་རཀྴ་བསྙེན། གཙང་པཎ་ཆེན་རིན་པོ་ཆེ་སྒ་སྟོད་སྐྱེ་དགུ་དོན་འགྲུབ་གླིང་དུ་ཕེབས་པ་དང་ཞལ་མཇལ་ཆོས་འབྲེལ་ཞུས། རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་བན་ཆེན་དགོན་དུ་ཕེབས་པ་རྣམས་ལ་ཞལ་མཇལ་དང༌། དབུ་ཞྭ་མཐོང་གྲོལ་སོགས་མཇལ། མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་སྨན་རྒྱུད་བཞིའི་བཤད་ཁྲིད་དང༌། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་མི་ཕམ་རིན་པོ་ཆེའི་གསུང་གི་ཁྲིད་ལུང་ཀྱང་ཞུས། ཁྱབ་བདག་བཀའ་འགྱུར་བ་ལས་སྨན་རིགས་ལག་ལྡུམ་ངོ་སྤྲད་སོགས་ཞིབ་པར་ཞུས། དེ་སྐབས་བན་ཆེན་དགོན་གྱི་རྒྱབ་རི་ཐུགས་རྗེ་ཆེན་པོའི་གནས་ཡིན་པའི་འཁྲུལ་སྣང་བྱུང་བས། འདུས་སྡེའི་བུམ་སྒྲུབ་ཀྱི་རིལ་བུ་འཕེལ་བ་སོགས་ལེགས་ལྟས་ཀྱང་བྱུང༌། གནས་ཡིག་དང་བསྐོར་ལམ་སོགས་མ་བྱུང༌། རྒྱམ་རྒྱལ་པདྨ་ཤེལ་རིའི་གནས་མཁའ་འགྲོའི་མཚོ་ལ་ཚོགས་འཁོར་དང་བརྔན་སོགས་ཕུལ། རང་གནས་རི་ཁྲོད་དུ་ཕྱིན། རིགས་ཀྱི་མྱུ་གུ་བུ་མོ་ཞིག་བཙས་པ་མིང་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱིས་འཆི་མེད་སྒྲོན་དཀར་ཞེས་བསྩལ། རྨུག་སངས་མཁན་ཀུན་བཟང་ལས་བཀའ་བརྒྱད་བདེ་འདུས་གཏེར་གཞུང་པོད་དགུའི་ལུང་ཞུས། ས་སྟག་སྐོར་བན་ཆེན་སྒྲུབ་སྡེ་ནང་ཁོང་གི་གཟིམ་ཆུང་ནང༌། བླ་གྲོ་ནོར་བུ་སྤྲུལ་སྐུ་ཀརྨ་འགྱུར་མེད་ཚུལ་ཁྲིམས་དམ་ཆོས་དབང་པོ་ལས་བཀའ་བརྒྱུད་སྔགས་མཛོད་དབང་ལུང་ཁྲིད་དང་བཅས་པ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས་བརྒྱུད་པ་དང༌། རྒྱལ་དབང་བཅོ་ལྔ་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཞུས། སངས་རྒྱས་མཉན་པ་ལས་ཀར་ལུགས་ཕག་མོའི་དབང་སྔ་རྗེས་གཉིས་ཙམ་ཐོབ་པ་ཁོང་ནས་མཁན་ཆེན་བཀྲ་ཤིས་འོད་ཟེར། རྒྱལ་དབང་བཅོ་ལྔ་པ། སི་ཏུ་པདྨ་དབང་མཆོག་བཅས་ལས་གསན་པ་ཡིན་གསུངས། གཅེན་བཤད་སྒྲུབ་ལས་ནག་རྒྱལ་ཕག་གསུམ་གྱི་གཞུང་པོད་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས་ཐོབ་པའང་ནོད། བན་ཆེན་མཁན་བཟོད་པ་མཐར་ཕྱིན་ལས་དཔལ་སྤྲུལ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་དང༌། མཁན་ཆེན་ཡོན་ཏན་རྒྱ་མཚོའི་ཡོན་ཏན་མཛོད་འགྲེལ་ཉི་ཟླའི་སྣང་བ། དེའི་སྤྱི་དོན་ཐབས་བཞིའི་གདམས་པ་བཅས་ཐོབ། ཨོ་རྒྱན་གླིང་པའི་ཟབ་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལ་བསྙེན་སྒྲུབ་ལས་སྦྱོར་རྒྱས་བསྡུས་ལན་དུ་མ་དང༌། བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་དང༌། འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་རྒྱས་བསྡུས་དུ་མ་དང༌། གྲུ་གུ་ཡང་དབང་ཟབ་གཏེར་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་རྣམས་ཀྱང་བསྙེན། རི་ཁྲོད་དུ་རང་ཉིད་ཀྱི་སྒྲིབ་སྦྱོང་དུ་རྒྱལ་བཀའ་རིན་པོ་ཆེ་ཚར་གཅིག་བཀླགས་པ་གཉུག་མར་གནས་པའི་སློབ་མ་བཅུ་སྐོར་གྱིས་ཞུས། མཁར་མགོའི་བླ་མ་བཟང་གྲས་ཁ་ཤས་ལ་འཇམ་མགོན་རིན་པོ་ཆེའི་རྒྱ་ཆེན་བཀའ་མཛོད་ཀྱང་ལུང་ཕུལ། དྲུང་རམ་རྒྱ་སྤྲུལ་རིན་པོ་ཆེའི་གདན་ས་རི་ཁྲོད་སྔོན་མོ་གནམ་རྫོང་དུ་ཕྱིན་པའི་ལམ་བར་གོ་སྟོད་འོད་འབར་བྲག་མདུན་ཞག་མ་བྱས་པའི་རྨི་ལམ་རྐྱེན་གྱིས་ཕ་དམ་པའི་བླ་སྒྲུབ་ཅིག་བྲིས། གནམ་རྫོང་དུ་རྒྱུན་རིང་བསྡད་པར་དྲུང་རམ་རྒྱ་སྤྲུལ་རིན་པོ་ཆེས་ཐུགས་བརྩེ་ཆེན་པོས་བསྐྱངས་ཤིང་གདམས་ངག་རིན་པོ་ཆེའི་མཛོད་དང༌། བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཁྲིད་བཅས། འཇམ་མགོན་རྒྱ་ཆེན་བཀའ་མཛོད་དང་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ། ཕྱག་ཆེན་རྒྱ་གཞུང་པོད་གསུམ་བཅས་ཕུལ། ཟུར་མང་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་དྲུང་བཅུ་པ་ཆོས་ཀྱི་ཉིན་བྱེད་ལས་གསན་པའི་དབང་ཡོངས་རྫོགས་བཀའ་དྲིན་བསྩལ། དྲུང་རམ་དགོན་དུ་རཏ་གླིང་ཐུགས་རྗེ་གསང་འདུས་ཀྱི་སྒྲུབ་ཆེན་གསར་ཚུགས་ཀྱི་ཚོགས་དབུར་ཕྱིན། གཏེར་སྟོན་ཕལ་ཆེར་སྐུ་ཚེ་རིང་དུ་མ་བཞུགས་པས་ཁྱེད་ཚེ་མཐར་ཕྱིན་པ་ཞིག་དགོས་པ་དང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེར་འབྱུང་ངེས་གསུངས་ནས་ཚེ་དབང་དང་ཏིང་ངེ་འཛིན་གྱིས་བྱིན་རླབས་ཡང་ཡང་མཛད། རང་ལ་ཟབ་གཏེར་གྱི་བཀའ་བབ་འབྱུང་བའི་ཐུགས་བསྐྱེད་སྨོན་ལམ་དགོངས་གཏད་ཐུན་མིན་ཡང་ཡང་གནང༌། རང་དང་ཐབས་གྲོགས་མ་ལ་གོས་རྒྱན་སོགས་ཟང་ཟིང་གི་གནང་སྦྱིན་རྒྱ་ཆེར་བསྩལ། རང་གི་བསྐྱེད་མ་དུས་ཀྱི་ཆོས་ཉིད་དུ་གྱུར་པ་དང༌། རིང་པོར་མ་ཡིན་པར་ཆོས་རྗེ་མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་རིན་པོ་ཆེ་ཡང་དགོངས་པ་རྫོགས། དིལ་མགོའི་ཁྱིམ་འཛིན་སྲིང་མོའི་བཟའ་ཟླ་ཤི་བ་སོགས་སྡུག་བསྔལ་དུ་མ་ཐོག་ཏུ་བབས་པ་ལ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་གདན་ཞུས་ཀྱིས་མ་རྒན་ལ་འཕོ་བ་གནས་ལུང་རྒྱུན་རིང་དུ་གནང༌། བླ་མ་རིན་པོ་ཆེ་འོད་གསལ་གྱི་སྐུ་གདུང་ཞུགས་འབུལ་མཛད། རྒྱལ་ཚབ་མཆོག་སྤྲུལ་ཡང་ཕེབས་པ་ཐོག་མའི་ཆོས་འབྲེལ་དུ་སྨིན་གཏེར་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་ཞུས། སངས་རྒྱས་མཉན་སྤྲུལ་དང་རང་གཉིས་ཀས་ཚེ་དབང་རེ་ཕུལ་དགོས་གསུངས་པའང་ཕུལ། དཔལ་སྤུངས་སི་ཏུ་རིན་པོ་ཆེ་ཡང་དབེན་ནས་མཇལ་བྱུང༌། རང་ལོ་སོ་གསུམ་ཆུ་ལུག་ལོར་བུ་མོ་ཞིག་སྐྱེས། འཇམ་མགོན་བླ་མ་རིན་པོ་ཆེས་མིང་བདེ་ཆེན་དབང་མོ་གནང༌། འཇམ་མགོན་མི་ཕམ་རིན་པོ་ཆེའི་གཟིམ་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་དུ་མཚམས་ལ་བསྡད། འཇམ་དཔལ་ཞི་བ་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་སྒྲུབ་ཐབས་ཡོད་པ་ཞིག་བྲིས། ཤིང་སྤྲེལ་དབོ་ཟླའི་སྐོར་སངས་རྒྱས་མཉན་པ་དང་ལྷན་དུ་དཔལ་སྤུངས་སུ་ཕྱིན། བྱམས་མགོན་པདྨ་དབང་ཆེན། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ། གནས་ནང་དཔའ་བོ་རིན་པོ་ཆེ་ཁམས་སུ་ཕེབས་པ་རྣམས་ཞལ་མཇལ། རྫོང་སར་དུ་ཀུན་གཟིགས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་དྲུང་དུ་ཕྱིན། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང༌། ཤེར་ཕྱིན་སྡུད་པ་མི་ཕམ་རིན་པོ་ཆེའི་འགྲེལ་པའི་སྟེང་གསུང་བཤད། པཎ་ཆེན་བི་མ་ལ་མི་ཏྲའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ། ས་ལུགས་ཀྱེ་རྡོར། འཁོན་ལུགས་ཀྱི་དབང་ཆེན། གུར་མགོན་དབང་ཆེན། ནག་པ་ཟླ་བའི་ཚེས་ལ་བུ་ལུགས་དུས་ཀྱི་འཁོར་ལོའི་དབང་ཆེན། མི་ཕམ་རིན་པོ་ཆེའི་གསུང་དུས་འཁོར་སྦྱོར་དྲུག་གི་ཁྲིད། ནཱ་རོ་མཁའ་སྤྱོད་ཚར་ལུགས་ཐུན་མོང་མ་ཡིན་པའི་བྱིན་རླབས་དང་འབྲེལ་བ་དཔལ་སྡེ་དྲུག་པ། མཁྱེན་བརྩེའི་གསང་ལམ་བཅས་ཟབ་ཁྲིད་ཀྱི་ལུང་དང༌། མི་ཕམ་རིན་པོ་ཆེའི་གསུང་ཕྱི་རྒྱུད་རྩ་ཆུ་མདོ་འགྲེལ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཆུ་གཏོར་བརྒྱ་རྩ། མཁྱེན་བརྩེ་རིན་པོ་ཆེའི་དག་སྣང་མི་ཏྲའི་སྙིང་ཐིག་ཚེ་དཔག་མེད་དཀར་དམར་དབང་ལུང༌། མི་ཕམ་རིན་པོ་ཆེའི་རྒྱུད་ལུགས་འཇམ་དཔལ་གྱི་དབང་ཆེན། སྤྲེལ་ཟླའི་ཚེས་བཅུ་ལ་ཛཾ་ནང་པདྨ་ཤེལ་ཕུག་གི་གནས་མདུན་དུ་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་འབུམ། ཁམས་བྱེའི་བཤད་གྲྭ་ཐམས་ཅད་དང་ལྷན་དུ་གསུང༌། སྐབས་དེར་རྡོ་ཁྱི་སྤྱང་སོགས་མགོ་ཡི་དབྱིབས་ཡོད་པ་ཞིག་ཁུར་ཤོག་གསུངས། ཕྲན་ནས་ཇི་ལྟར་རྙེད་པ་ཞིག་ཕུལ་བས་གནས་འདབས་སུ་མནན་པ་གྱིས་གསུངས། སྐབས་དེར་མཆོག་ལྡན་ལ་ཁྱེད་རང་གི་དུད་སོལ་མའི་གསོལ་འཕྲིན་ཡང་ཡང་ཐོན་ཅེས་གསུངས་པ་གཟིགས་སྣང་ཞིག་བྱུང་བ་མིན་ནམ་སྙམ། གནས་རྩེའི་ཀློང་སེམས་ཕུག་ཏུ་འཇམ་མགོན་ཟབ་གཏེར་གསང་ཐིག་ཡབ་བཀའི་ཚོགས་མཆོད། དེ་ནས་རྩེ་བསྐོར་གྱིས་སིང་ངུ་གཡུ་མཚོ་ལ་མཚོ་འབུལ། རོང་མེ་དཀར་མོ་སྟག་ཚང་དུ་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་འཁོར། དེར་བཞུགས་སྒྲུབ་སྡེ་རྣམས་ལ་གསང་བདག་ཏཱ་ར་ནཱ་ཐ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་ལྗགས་བསྒྲིགས་འཁོན་ལུགས་ཕུར་པའི་དབང་ཆེན་བསྩལ་བ་རྗེ་བླ་མ་རིན་པོ་ཆེའི་ལྗགས་བསྙེན་གྲུབ་མ་ཐག་ཡིན་འདུག་པས་དད་སྤྲོ་ཡིད་ཆེས་ལྷག་པར་ཐོབ། གུས་ནས་ཀྱང་སྒྲུབ་སྡེ་རྣམས་ལ་མཁའ་འགྲོ་གསང་འདུས་ཀྱི་རྩ་དབང་དང་གཏོར་དབང་བསྐུར་དུ་བཅུག །རྫོང་སར་རྒྱབ་རི་བྲག་དཀར་བཀྲ་ཤིས་དིལ་དུ་ཕེབས་བཞུགས་གནང་ནས་གདན་སར་ཕེབས། ཁྱུང་སྤྲུལ་པདྨ་ལགས་དང་གུས་སོགས་ལ་ཡིད་བཞིན་མཛོད་རྩ་འགྲེལ། མི་ཕམ་རིན་པོ་ཆེའི་གསུང་རྩོམ་སྐོར་བཅས་པ་ཞིབ་ཁྲིད་དུ་ཐོབ། རྗེ་བླ་མ་རིན་པོ་ཆེས་ཉིད་ལ་སྔར་ནས་རྫོང་སར་གདན་ས་འདི་གཤིན་རྗེའི་གནས་ཤིག་ཡིན་པའི་གསལ་སྣང་ཤར་བས་ད་རེས་ཁྱེད་ཀྱི་གནས་ཡིག་ཅིག་བྲིས་གསུངས། ལྷ་རྫས་ཀྱི་རྟེན་དང་བཅས་བཀའ་ཕེབས་པ་བཞིན་གནས་ཡིག་བྲིས་པ། རྗེ་བླ་མ་མཆོག་དང་ཕྲན་མཁྱེན་བརྩེའི་ཐུགས་སྤྲུལ་ཚད་མ་ཡིན་པའི་རྒྱུ་མཚན་དང་བཅས་རྫོང་སར་གཙུག་ལག་ཁང་གི་སྒོ་ཡི་མདུན་གཤམ་དུ་བཀྲམ། རྗེ་བླ་མ་རིན་པོ་ཆེ་དང་གུས་ཀྱང་ཞབས་འབྲིང་དུ་ཁྲིད་ནས་གནས་ལ་རང་བྱོན་དང་སྒྲུབ་ཕུག་སོགས་ངོས་འཛིན་གནང༌། རྫོང་སར་གཙུག་ལག་ཁང་གི་སྟེང་དུ་རྗེ་བླ་མས་སྔར་ནས་བསྒྲུབས་གནང་གི་གནས་ཆེན་བྱིན་འབེབས་ཀྱི་སྒྲུབ་པའི་ཁང་སྒྲོམ་ལ་སླར་ཁ་གསོས། མཁྱེན་བརྩེའི་དབང་པོ་སྐུ་གོང་མའི་དབུ་ཞྭ་བཅས་ཕྲན་ལ་གུ་རུའི་སྐུ་ཆས་གསོལ། མཁྱེན་བརྩེའི་གཏེར་བྱོན་གུ་རུ་སེངྒེ་སྒྲ་སྒྲོགས་ཀྱི་ཕྱག་མཚན་གནམ་ལྕགས་རྡོ་རྗེ་དང་བཅས་བཀའ་ནན་རབ་བརྗིད་འདོན་དུ་བཅུག །ཕྱིར་ཉིན་གུས་ནས་ལྷ་འདྲེར་བཀའ་ཤོག་ཀ་རྩོམ་ཞིག་ཕུལ། ཕྲན་གྱི་དགོངས་གཏེར་དུ་མིང་བཏགས་པའི་འཇམ་དཔལ་སྙིང་ཐིག་བྲིས་པའང་གཟའ་སྐར་དགེ་བ་ཞིག་ལ་ལུང་ཕུལ་གསུངས་པ་ལྟར་ཞུས་པས། དེ་ནུབ་འཇམ་མགོན་མི་ཕམ་རིན་པོ་ཆེ་གཟིམ་ལམ་དུ་མཇལ་གསུངས། དེ་སྐབས་ནང་ཆེན་བཙུན་མོ་གཡུ་སྒྲོན་མ་སྲས། ཚ་གེ་གྲགས་པ་མཆོག་སྤྲུལ་སོགས་རྫོང་སར་ཕེབས་པ་མཇལ། ཀུན་མཁྱེན་འཇིགས་གླིང་གི་ཕུར་པ་རྒྱུད་ལུགས་ཀྱི་དབང་དགོས་གསུངས་པ་ཕུལ། ཀུན་གཟིགས་མཁྱེན་བརྩེའི་དག་སྣང་གཟིགས་པ་ལྔ་ལྡན་གྱི་སྒྲུབ་ཐབས་དབང༌། རྫོགས་རིམ་དང་བཅས་པ་དང༌། དགའ་རབ་རྡོ་རྗེའི་བླ་སྒྲུབ་ཀྱི་དབང་དང༌། ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་གྱི་གསང་སྒྲུབ་ཀྱི་དབང་རྣམས་ཀྱང་ཕུལ། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་ལ་ཆའི་གཏེར་སྒྲོམ་དུ་ཤོག་སེར་ཤོག་དྲིལ་ཞིག་འདུག་པ་བདུད་རྩི་སྨན་གྱི་རྫོང་འཕྲང་ཞེས་པ་ཞིག་ཕབ་སྟེ་བྲིས། དེའི་དབང་གཟིམ་ཕུག་ནས་ཕུལ་སྐབས་རྗེ་བླ་མ་རིན་པོ་ཆེས་བི་མ་མི་ཏྲ་སྟེང་གི་ནམ་མཁར་བཞུགས་པའི་གཟིགས་སྣང་བྱུང་གསུངས། འཇམ་མགོན་མཁྱེན་བརྩེའི་དབང་པོ་ལ་གཙང་གི་ཇོ་མོ་ཁ་རག་ནས་སྨན་བཙུན་རྡོ་རྗེ་ཁྱུང་བཙུན་མས་ཕུལ་བའི་གནམ་ལྕགས་ཕུར་བུའི་ལོགས་གསལ་བའི་གུ་རུ་དྲག་པོ་ཕུར་མཇུག་ཅན་གྱི་སྒྲུབ་ཐབས། དབང་ལས་ཚོགས་དང་བཅས་པ་དང༌། སྒྲོལ་མའི་སྐུ་ལི་མ་ཞིག་གི་སྐུ་རྒྱབ་ཏུ་བརྡ་རིས་རྗེ་བླ་མས་གཟིགས་པ་ཕྱག་གིས་བྲིས་ཏེ་གནང་བ་ལས་ཕབ་པའི་སྒྲོལ་མ་ལྗང་གུ་ཕྱི་ནང་གསང་སྒྲུབ། ཀུན་མཁྱེན་འཇིགས་མེད་གླིང་པའི་བླ་སྒྲུབ་ཀྱི་དབང་དང༌། རྩ་གསུམ་གཅིག་དྲིལ་རང་བྱུང་པདྨའི་སྙིང་ཐིག་གི་དབང་ཁྲིད་རྣམས་རིམ་པར་ཕུལ། ཁྱེད་རང་དགོངས་གཏེར་ཕེབས་པ་རྣམས་ཚིག་དོན་གཉིས་ཀ་དེང་སང་འགྲན་ཟླ་བྲལ་ཞེས་དབུགས་དབྱུང་ཀྱང་མཛད། དབང་ལུང་ཕུལ་སྐབས་རེ་རེ་བཞིན་གནང་སྐྱེས་རྒྱུན་མི་ཆད་པར་བསྩལ། སླར་ཛཾ་ནང་པདྨ་ཤེལ་ཕུག་ཏུ་ཕེབས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ་སྦྱིན་བསྲེག་གཏོར་ཟློག་རབ་གནས་བཅས། རྗེ་བླ་མ་རིན་པོ་ཆེ། ཀཿཐོག་སི་ཏུ་མཆོག་སྤྲུལ་དང༌། བདག་ཅག་སོགས་འདུས་པ་ཉི་ཤུ་སྐོར་ནས་གནང༌། དཔལ་སྤུངས་བྱམས་མགོན་སི་ཏུ་རིན་པོ་ཆེ། དཔལ་སྤུངས་དབོན་རྒན་སོགས་ཕེབས་ནས་དངོས་གྲུབ་ལེན་པ་དང༌། མར་མེའི་སྨོན་ལམ་ལྷན་རྒྱས་ནས་མཛད། སྨན་སྒྲུབ་རྒྱུད་ཀྱི་ཀློང་དུ་སྦ་བའང་གནང༌། འདི་སྐབས་འབྲིག་དཀར་བཀྲ་ཤིས་དིལ་ལྟག་དུ་ས་གཏེར་ཞིག་ཡོད་པའི་ཁ་བྱང་རྗེ་བླ་མས་ཕྲན་ལ་ཆེད་དུ་བསྩལ་ཀྱང་རང་སྐལ་དམན་པས་ལག་ཏུ་སོན་པ་མ་བྱུང༌། སྔོན་མཁྱེན་བརྩེ་རྡོ་རྗེ་འཆང་གིས་གཏེར་ལུང་པདྨ་ཤེལ་རི་གནས་སྒོ་འབྱེད་སྐབས་རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང༌། སི་ཏུ་པདྨ་ཀུན་བཟང་སོགས་ཕེབས་པས་ཐུགས་ཆེན་སེམས་ཉིད་ངལ་གསོའི་གཏེར་ལུང་བཞིན་རྟེན་འབྲེལ་བཟང་པོ་འགྲིགས་པ་རེད་པས་ད་རེས་རྟེན་འབྲེལ་བཟང་གསུངས། ཤེལ་ཕུག་འདིར་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རང་བྱོན་དུ་བཞུགས་པས་ལྷ་ཁང་གསར་བསྐྲུན་སྐབས། གདུང་མའི་སྒོ་བཞག་ས་ཚུན་མཁྱེན་བརྩེ་རང་གི་ཕྱག་རྟགས་གནང་བ་ལས་གང་བྱུང་མི་ཆོག་ཚུལ་དང༌། རྟེན་གཙོ་གུ་རུའི་སྐུ་ཚབ་འདི་ནང་མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་བའི་ཆོས་བདག་བཅུ་ཡི་གཙོ་བོ་མཁྱེན་བརྩེ་རང་གི་སྐུ་སྐལ་གུ་རུའི་གསང་གོས་ལ་མཚོ་རྒྱལ་གྱི་རཀྟས་བྲིས་པའི་སྐུ་ཚབ་ཡེ་ཤེས་སེམས་དཔའ་བཞུགས་པ་སྤྲེལ་ཟླའི་ཚེས་བཅུ་ཞིག་ལ་གྲུབ་དགོས་པ་ལྷ་མགར་གྱིས་དབུ་ཅུང་ཟད་ཀྱོག་པ་རབ་གནས་སྐབས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་པ་གཏད་པས་དབུ་དྲང་པོར་སོང་པའི་རྟགས་མཚན་ཡིན་ཞེས། གནས་ཀྱི་ཆེ་བ་མང་པོ་གསུངས། རང་ལ་སྟན་སྔར་ལས་མཐོ་བར་བཞག་སྟེ་གཏེར་ཆེན་དུ་མངའ་གསོལ་མཛད། མཎྜལ་སྐུ་གསུང་ཐུགས་རྟེན་གནང༌། རང་གིས་འཇམ་མགོན་བླ་མའི་སོ་བྱང་སྔགས་གསུམ་གྱི་མཚན་བཀྲ་ཡོད་པའི་ཞབས་བརྟན་ཞིག་གསོལ་བ་བཏབ་པ་དགྱེས་བཞིན་གནང༌། གཏེར་སྟོན་དྲི་མེད་སྲས་སྤྲུལ་པདྨ་ཐུགས་རྗེའི་དབང་ཕྱུག །སྐུ་མཆེད་ཡོན་ཏན། སྡེ་དགེ་ལྷ་རིགས་ཀྱི་སྲས་མོ་གཡུ་སྒྲོན་ནས་སྦྱིན་བདག་གིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་སྒྲུབ་སྨན་སྒྲུབ་དང་འབྲེལ་བ་ཀཿཐོག་སི་ཏུ་མཆོག་སྤྲུལ། སྨར་ཁམས་རྒྱལ་སྲས་སྤྲུལ་སྐུ། དགོན་ཆེན་མཁན་བགྲེས་བསམ་གཏན་བློ་གྲོས་སྤྲུལ་སྐུ་དང༌། ཀཿཐོག་པའི་རྡོར་སློབ་བྱང་འདྲེན་སོགས་དགེ་འདུན་འདུས་པ་རྣམས་དང༌། རྗེ་དབོན་བླ་མ་ཚེ་དབང་རྡོ་རྗེ་སོགས་དཔོན་སློབ་ཀྱིས་འཕགས་མའི་སྙིང་ཏིག་གི་ཚེ་སྒྲུབ། རྫོང་སར་དགོན་པའི་རྡོར་འཛིན་དཔོན་སློབ་ཀྱིས་འཁོན་ཕུར་གྱི་རྡོ་རྗེ་མཚམས་པ་བཅས་དང༌། མཐའ་རྟེན་ཞི་རྒྱས་ཀྱི་སྦྱིན་སྲེག་བཅས་དང་སྨན་སྒྲུབ་བདུད་རྩིའི་འགྲོ་དོན་འབྱུང་ལྔར་བསྟིམ་པ་སོགས་རྒྱས་པར་གནང་བའི་ཚོགས་གྲལ་དུ་འདུག་པའི་སྐལ་བཟང་བྱུང༌། སྨིན་གླིང་མཁན་རིན་པོ་ཆེ་ཕེབས་ནས་རྗེའི་མདུན་ལྕེ་བཙུན་སྙིང་ཐིག་གི་ཟབ་ཁྲིད་གསན་ནས་རྒྱུན་རིང་དུ་བཞུགས་པ་ཕྲན་རྩར་ཆེད་དུ་ཕེབས་ཏེ་ཟབ་མོ་གཏེར་གྱི་བརྒྱུད་པ་ཡིད་ཆེས་ཁུངས་བཙུན་ཞིག་གི་དབང་ལུང་ཐོབ་རེ་ཆེན་པོ་སྔར་ནས་ཡོད་པ་ད་རེས་མཁྱེན་བརྩེ་རིན་པོ་ཆེས་དེང་སང་གཏེར་སྟོན་ཞིག་ལ་ཁྱེད་རང་ལ་ཐུགས་ཤེས་འདྲོངས་པ་ཡིན་གསུངས་པས་རྗེས་ནས་ཁྱེད་རང་གི་གཏེར་ཆོས་སྐོར་ཞུ་འདོད་ཡོད་ཅེས་ཐུགས་གཤིན་པའི་བཀའ་འཕྲོས་ནན་ཏན་གནང༌། དེ་ནས་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ། ཡང་དག །དོང་སྤྲུགས་གཉིས། ཕུར་པ་འཁོན་རོག །རོང་ཕུར། སྨན་བླ་རྣམ་བདུན། གདུགས་དཀར། རྣམ་འཇོམས་ཁྲོ་དཀར་ནག །མདོ་རྒྱུད་ཀྱི་ལེགས་ལྡན། ལྷ་མོ། རྣམ་སྲས་སོགས་སྔ་འགྱུར་ཀྱི་བཀའ་མ་སོ་སོའི་གཞུང་ཆེན་ཡིག་རྙིང་སྒྲུབ་དཀྱིལ་སོགས་དབང་ལུང་གི་རྒྱུན་གང་བཞུགས་ཞིབ་རྒྱས་སུ་བསྩལ་ཏེ། མགོན་པོ་ལེགས་ལྡན་དབང་གྲུབ་ནས། ཞལ་འཕྲོས་སུ་སྔར་རྗེ་མཁྱེན་བརྩེའི་དབང་པོས་དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་ལ་སྔ་འགྱུར་བཀའ་མའི་དབང་ལུང་ཞིབ་རྒྱས་སུ་གནང་ནས་རྒྱུད་མགོན་ལེགས་ལྡན་གྱི་གཏོར་དབང་གི་དམ་བསྒྲག་སྐབས། མཁྱེན་བརྩེ་རིན་པོ་ཆེའི་ཞལ་ནས་ཁྲོ་གཏུམ་མཐིང་ནག་དཔལ་ཆེན་པོ་དངོས་ལྟ་བུའི་གཟི་བརྗིད་མཇལ་མི་ཚུགས་པ་བྱུང་བ་དང༌། བླ་བྲང་སྒོ་དྲུང་དུ་གློ་བུར་བྱ་རོག་གི་སྐད་སྒྲོག་པའི་རྟགས་མཚན་བྱུང་བས། རྒྱ་སྤྲུལ་རིན་པོ་ཆེས་བཀའ་མའི་དབང་ལུང་འཆད་སྤེལ་རྒྱ་ཆེར་གནང་སྟེ་བཀའ་མའི་ཆོས་སྐོར་ཡོངས་རྫོགས་པར་དུ་བཀོད། བཀའ་མའི་སྒྲུབ་མཆོད་ཚུགས་པས་བསྟན་རྒྱུན་ལ་ཕན་པ་རྒྱ་ཆེར་བྱུང་བ་རེད། ད་རེས་ལེགས་ལྡན་དབང་གི་སྐབས་ཕྲན་ལའང་ལེགས་ལྡན་དངོས་སུ་ཡོད་པའི་མཐོང་སྣང་བྱུང་བས། ཁྱོད་རང་གིས་བཀའ་མའི་བསྟན་རྒྱུན་ལ་ཕན་པའི་རྟེན་འབྲེལ་ཡིན་འདྲ་ཞེས་གསུངས། ཀློང་ཆེན་སྙིང་ཐིག་རྩ་པོད་གཉིས། ཡུམ་ཀའི་ནང་སྒྲུབ་སྒྲོལ་མ། གྲོལ་ཐིག་སྐོར་བཞིའི་རྗེས་གནང༌། མཁྱེན་བརྩེའི་ཡང་གཏེར། ཞི་ཁྲོ་ངན་སོང་སྦྱོང་བའི། རྩ་གསུམ་གཅིག་དྲིལ་གྱི་གཏེར་གཞུང་ལུང༌། རྒྱུད་ལུགས་ཕུར་པ། གྲོལ་ཐིག་དབང་ཆེན། ཇོ་ལུགས་སྒྲོལ་དཀར། རྡོར་སེམས་མངོན་དགའ་བཅས་ཆ་ཚང་དང༌། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་སྙིང་ཐིག་དབང་གི་མཚམས་སྦྱོར་རྣམས་ཀྱི་ལུང་དང༌། བྱང་ཆུབ་སེམས་སྡོམ། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྩ་བ་ལས་དབུ་མ་ལུགས་ཀྱི་སེམས་སྡོམ། ལས་རབ་གླིང་པའི་རྟེན་འབྲེལ་ཉེས་སེལ་རྒྱས་འབྲིང་བསྡུས་གསུམ། བི་མ་སྙིང་ཐིག་གི་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་རྣམས་ཀྱི་དབང་བཅས་ཀཿཐོག་སི་ཏུ་མཆོག་སྤྲུལ་བྱམས་པ་ཆོས་ཀྱི་ཉི་མ། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ། ཁྱུང་སྤྲུལ་པདྨ་དབང་ཆེན་སྲས་པདྨ་ལགས་སོགས་ལ་ཞིབ་རྒྱས་སུ་བསྩལ། རྗེ་མཁྱེན་བརྩེ་རིན་པོ་ཆེའི་སྙིང་ཐིག་རྩ་པོད་དགོན་ཆེན་གྱི་སྤར་མ་པོད་གཉིས་མཁྱེན་བརྩེའི་ཕྱག་ཏུ་སླེབ་པ་དང་བཀའ་སྲུང་དྲང་སྲོང་ཆེན་པོས་གློག་ཞགས་ཁྱུག་ཁྱུག་ཏུ་བྱུང་བའི་ཐུགས་དམ་ཕྱག་དཔེས་སྙིང་ཐིག་གི་པོ་ཏིའི་ལུང་དབང་ཡང་དགྱེས་བཞིན་བསྩལ། སྤྲེལ་ཟླའི་ཚེས་བཅུར་བླ་མ་གསང་འདུས་བཏང་མཛད་ནས་དེའི་གཏོར་དབང་གནད་ཀྱི་ཤོག་གཅིག་ཀུན་གཟིགས་མཁྱེན་བརྩེའི་གསུང་བཞིན་བཀའ་དྲིན་ཐོབ། ཆགས་མེད་སངས་རྒྱས་སྤྲུལ་སྐུ་ལ། བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཀྱི་རྩ་བ་མཁས་དབང་བླ་མ་བཀྲ་འཕེལ་ལས་གསན་པའི་བཤད་ལུང་བསྩལ་བས་བཀའ་དྲིན་ཐོབ། ཀཿཐོག་མཁན་ཆེན་ནུས་ལྡན་དང༌། གྲྭ་ལག་ཕྱག་ཚ་བཅས་ལ་བི་མ་སྙིང་ཐིག་གི་གཏེར་གཞུང་དང༌། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་པོ། མེ་ཉག་ཀུན་བཟང་བསོད་ནམས་ཀྱི་སློབ་མ་ཨ་དཔལ་ལས་གསན་པའི་ལུང་བཅས་ཐོབ། བླ་མ་ཡང་ཏིག་དཔལ་སྤྲུལ་རིན་པོ་ཆེའི་ཁྲིད་རྒྱུན་གསན་བཞེས་གསུངས་པའང་ཕུལ། ཞབས་བརྟན་དུ་རྒྱལ་པོ་དཀར་པོ་དྲུག་མདོས་རྒྱས་བསྡུས་གཉིས། མི་ཕམ་རིན་པོ་ཆེའི་མདོས་གཞུང་གི་རྒྱལ་མདོས་རྒྱས་པ་བཅས་ཞག་བདུན་དུ་བསྒྲུབས། དགུན་ཐོག་དེར་རྗེ་བླ་མ་སྐུ་མཚམས་ལ་མཁའ་འགྲོ་གསང་འདུས་རྩ་བ། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ། པདྨ་མཁའ་འགྲོའི་དབང་སྡུད་བཅས་ལྗགས་བསྙེན་བཏང༌། རང་ཉིད་ཀྱང་མཁྱེན་བརྩེ་རིན་པོ་ཆེ་གདོད་མའི་གཞི་དབྱིངས་ལ་མངོན་པར་བྱང་ཆུབ་པའི་གཟིམ་ཕུག་ཏུ་བླ་མའི་རྣལ་འབྱོར་བཏོན་ནས་བསྡད། ཤིང་བྱ་གནམ་ལོ་གསར་ཚེས་ཀྱི་རྗེ་མཁྱེན་བརྩེའི་སྐུ་མཆོད་ལ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་གནང་ནས་རིན་ཆེན་གཏེར་མཛོད་ཆེན་པོའི་ཆོས་སྒོ་འབྱེད་པར་བཀའ་གནང༌། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། སྨར་ཁམས་རྒྱལ་སྲས་སྤྲུལ་སྐུ། ཁྱུང་སྲས་པདྨ་ལགས། རྫོང་སར་མཁན་པོ་མཁྱེན་རབ་སེང་གེ་སོགས་ཚོགས་གྲལ་དུ་བཞུགས། སྒྲུབ་ཆེན་གྱི་བར་དེར་རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་ཚེས་ཤིན་ཏུ་དགེ་བ་ཞིག་ལ་ཐུགས་སྒྲུབ་བླ་མ་ཆོས་སྐུའི་དབང་ཞིག་བསྩལ་ཏེ། གཏེར་མཛོད་ཀྱི་སྨིན་གྲོལ་ཐོག་མའི་སྐར་འཛིན་མཛད། སྒྲུབ་ཆེན་གྲོལ་དབང་ལ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་བཀྲ་ཤིས་ཚེ་དབང་བཅས་ཞིབ་རྒྱས་སུ་བསྩལ། གུས་ལ། པདྨ་གར་དབང་མདོ་སྔགས་གླིང་པ་ཞེས་པའི་མིང་གནང༌། སྣ་སེལ་དུ་རབ་འབྱམས་རིན་པོ་ཆེ་དབུ་བཞུགས་དང༌། ཞེ་ཆེན་འདུས་པས་གསོལ་ཀ་དངོས་གྲུབ་རོལ་མཚོ་དབྱངས་དང་བཅས་ཉིན་གཉིས་ལ་ཆོས་སྐྱོང་སོ་སོའི་སྦྱར་སྤོས་བཟླས་པ་སོགས་རྒྱས་པ་གནང༌། བར་དེར་ཀཿཐོག་མཆོག་སྤྲུལ་རྣམས་ཀྱིས་དབང་གསན་དགོས་སྟབས་རྗེ་བླ་མ་ཀཿཐོག་ཏུ་ཕེབས་ནས་གཏེར་མཛོད་གསུང་བར་གསོལ་བ་བཏབ་ནུབ། འཇམ་མགོན་བླ་མ་ཆབ་གསང་དུ་ཕེབས་པས་ཞབས་བརྡབ་ནས་ཅུང་སྙུན་པས། སྔར་དཔལ་ཡུལ་རྒྱལ་སྤྲུལ་མདོ་སྔགས་བསྟན་འཛིན་གྱིས་སྔ་འགྱུར་བཀའ་མའི་དབང་ཆོས་ཡོངས་རྫོགས་གསན་ཏེ་སྒྲུབ་མཆོད་ལོ་བསྟར་ཚུགས་བཞེད་ཀྱིས་རྗེ་མཁྱེན་བརྩེའི་དབང་པོ་གདན་འདྲེན་ཞུས་པ། དཔལ་ཡུལ་དུ་ཕེབས་བཞེད་གནང་སྟེ་ཕེབས་ན་སླར་འདིར་ཕེབས་མི་ཐུབ་པ་རེད་ཀྱང༌། གཟིམ་ཆུང་དབང་ཁང་དུ་ཞབས་ལ་ཚེར་མ་ཞིག་ཟུག་སྟེ་བསྙུན་པས་དཔལ་མགོན་ཞལ་གྱིས་བཤོལ་བཏབ་པ་རེད། གདན་ས་འདིར་བཞུགས་སྟན་ཆགས་པ་རེད། ཁར་སེང་དངོས་གྲུབ་རོལ་མཚོའི་སྐབས་མགོན་ཆེན་སྡེ་དགུའི་ཞལ་ཐང་བཀྲམ་པ་ལ་ལེགས་ལྡན་སྤྱན་འདྲེན་སྐབས་དངོས་སུ་ཐིམ་པའི་སྣང་བ་ཞིག་བྱུང་བས་ད་གདན་ས་འདིར་སྟན་ཆགས་ནས་གནང་བ་ཡིན་གསུང་སྟེ་ཕེབས་མ་གནང༌། དེ་ནས་ཀཿཐོག་སི་ཏུ། རྨོག་ཚ། རྗེ་དབོན། ཡོན་དགེ་མི་འགྱུར་སྤྲུལ་སྐུ། རྡོར་བྲག་སྤྲུལ་སྐུ། ཞེ་ཆེན་རབ་འབྱམས། དབོན་སྤྲུལ། འབར་ཆུང་སྤྲུལ་སྐུ། དཔེ་ཝར་སྤྲུལ་སྐུ། རྫོང་སར་སྒང་སྣ་སྤྲུལ་སྐུ། སྒ་སྟོད་ངག་དབང་ལེགས་པའི་སྐུ་ཚ་མཁན་པོ། བྲག་ཡབ་མཁན་བློ་གྲོས་སོགས་སྡོམ་བརྩོན་སྡེ་སྣོད་འཛིན་པ་བརྒྱ་དང་བཅུ་སྐོར་ལྷག་རྗེས་སུ་འཛིན་པར་མཛད། སྤྱི་དེང་སང་རིན་ཆེན་གཏེར་མཛོད་ཆེན་མོའི་ཆོས་འཁོར་ཁམས་དབུས་རྒྱ་གར་ཐམས་ཅད་ད་ལྟའི་བར་རྒྱུན་མི་ཆད་པར་སྣང་བ། སངས་རྒྱས་གཉིས་པ་འཇམ་མགོན་རྣམ་གཉིས་ཀྱི་བཀའ་དྲིན་ལས་རྙིང་མ་བཀའ་གཏེར་གྱི་སྨིན་གྲོལ་བཤད་རྒྱུན་གྲུབ་མཐའ་ཆེན་པོ་བཞི་ལས་ཉི་ཟླ་ལྟར་བཤད་རིན་ཆོག་པའི་ངོ་མཚར་འདུག་ཀྱང༌། ཚོགས་སློབ་ཀྱི་ཕྱག་རྒྱུན་ལྟ་བུའི་རྗེ་བླ་མ་མཚོ་སྐྱེས་དགྱེས་པའི་ཞལ་སྐྱིན་འདིས་ནི་སྐུ་གོང་མའི་ཕྱག་བཞེས་ཁར་སེང་གི་ཉི་མ་དེ་རིང་ཤར་བ་ལྟ་བུའི་དབང་ཁྲིད་ལུང་གི་རྒྱུན་ཚང་བ། རྗེ་ཉིད་ཀྱི་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་ཞེས་ལོ་ཆེན་བཻ་རོའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཀུན་གྱི་རྒྱལ་པོ་མཁྱེན་ཀོང་གཉིས་ཀྱི་ཟབ་གཏེར་གྱི་ཆོས་བདག་ལུང་ཟིན། ཐུགས་སྲས་ཀུན་གྱི་ཐུ་བོ། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བླ་དཔེ་གཏེར་དངོས་དང༌། རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཤོག་སེར་དངོས་སུ་གཟིགས་པ། སྔ་འགྱུར་བསྟན་པའི་ཆུ་མགོ་སྨིན་གྲོལ་གླིང་དུ་གྲྭ་སར་རྒྱུན་རིང་བཞུགས་ནས་ཁྲི་ཆེན་སངས་རྒྱས་ཀུན་དགའ་དང༌། རྗེ་བཙུན་བདེ་ཆེན་ཆོས་སྒྲོན་སོགས་ལས་རང་ལུགས་གཏེར་ཆེན་སྐུ་མཆེད་ཀྱི་བཀའ་གཏེར་གདམས་པའི་སྨིན་གྲོལ་དང་ཕྱག་བཞེས་བསླབས་ཤིང༌། རྩ་བ་གསུམ་གྱི་བསྙེན་སྒྲུབ་ཉམས་བཞེས་ཀྱི་རྟགས་རྫོགས་པ། འཇམ་མགོན་བསྟན་གཉིས་གླིང་པའི་ཟབ་གཏེར་འཕྲོ་སྐྱོང་བར་ཆེད་དུ་བཀའ་བསྩལ་བ་དེས་དབང་ཁྲིད་ལུང་ཆ་ཚང༌། དཔལ་ཡུལ་ཀརྨ་ཡང་སྲིད་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ལས་གསན་པ་རྩ་བའི་བརྒྱུད་པ་དང༌། མཁྱེན་ཀོང་གི་ཟབ་གཏེར་ཕལ་ཆེར་རྗེ་ཉིད་ཀྱིས་གསན་པ་དང༌། སྨིན་གླིང་གཏེར་ཆེན་གྱི་གཏེར་ཆོས་ཡོངས་རྫོགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་ཡབ་རྗེས་གསན་པའི་བརྒྱུད་པ་དང༌། བྱང་གཏེར་ཡོངས་རྫོགས་མཁྱེན་བརྩེ་རིན་པོ་ཆེའི་ཉེ་བརྒྱུད་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ལས་གསན་པ་དང༌། སྒྲུབ་ཐབས་སྙིང་པོ་སྐོར་ལྔ་དང༌། གྲུབ་ཐོབ་ཐུགས་ཏིག་ཆོས་བདག་ཀཿཐོག་སི་ཏུ་པཎྜི་ཏ་ལས་གསན་པའི་མཚོན་བརྒྱུད་པ་ཁུངས་བཙུན་ལས་ལན་གསུམ་བཞི་གསན་པ། དབང་རྫས་ཕལ་ཆེར་གཏེར་བྱོན་ཤ་སྟག་སོགས་དང༌། ཐུགས་ལྕོགས་བྱུང་ན་བདག་འཇུག་ཀྱང་མཛད་པ་དང༌། དབང་རེ་རེ་ལ་རྗེ་ཉིད་ཀྱིས་དབང་རྫས་ཐེངས་རེའི་དབང་སློབ་མ་ཀུན་ལ་མ་གནང་བ་མེད་པ་དང༌། སྐྱེ་བདུན་རིལ་བུ། བདུད་རྩི་སྨན་དབང་སོགས་དམ་རྫས། རྗེ་རིན་པོ་ཆེ་སྐུ་གོང་མས་ཚུལ་བཞིན་བསྒྲུབས་གནང་ཁོ་ན་སོགས་ཁྱད་པར་གྱི་ཆེ་བ་དུ་མ་དང་ལྡན་པ་དང༌། གྲུབ་ཐོབ་བཀའ་བརྒྱད་ཀྱི་རྒྱུད་ལ་ལྗགས་བཤད་དང༌། བདེ་འདུས་ཞི་བའི་རྩ་རྒྱུད། ཁྲོ་བོ་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་ཐམས་ཅད་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད་བཞུགས་པའི་བཤད་པ་ཀུན་འདུས་ཡིན་གསུངས། ཟབ་ཁྲིད་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་རྫོགས་རིམ་གཏེར་གཞུང་དང༌། འཕགས་མའི་སྙིང་ཐིག་གི་དབང་རྒྱས་འབྲིང་བསྡུས་གསུམ་གྱི་གཏེར་གཞུང༌། མཁྱེན་བརྩེའི་ཡང་གཏེར་དྲང་སྲོང་ལོཀྟྲི་ཞི་དྲག་སོགས་མཁྱེན་བརྩེའི་ཁྲིད་རྒྱུན་གཞན་ལ་མེད་པ་དུ་མ་དང༌། བོད་ཟླ་དྲུག་པའི་ཚེས་བཅུ་ལ་ཁྲ་ཚང་པའི་ཡིག་ཆའི་སྟེང་ནས་བླ་མ་གསང་འདུས་དབང་ཆེན། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆིག་བརྒྱུད་ཉག་བླ་ཐུབ་བསྟན་རྒྱལ་མཚན་གྱིས་རྗེ་མཁྱེན་བརྩེའི་དབང་པོ་དངོས་ལས་གསན་པ་ཆུ་བོ་གཅིག་འདྲེས་སུ་འགྱུར་གསུངས་ནས་རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་གྱི་སེམས་ཉིད་ངལ་གསོ། འདས་རྗེས་པདྨའི་མྱུ་གུ་སྐུ་གསུམ་རིག་འདུས་ཀྱི་དབང་ཆེན་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ལས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན་པ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཟབ་གཏེར་རྩ་གསུམ་དགོངས་འདུས་གཏེར་གཞུང་ཡོངས་རྫོགས་དང༌། གསང་ཐིག་ཡབ་བཀའ་དང༌། ཡུམ་བཀའི་གཏེར་གཞུང་ཡོངས་རྫོགས་དབང་ཁྲིད་སོགས་ཡབ་རྗེ་ལ་ཟབ་གཏེར་གྱི་འཕྲོ་བསྐྱང་དགོས་པ་བཻ་རོའི་སྤྲུལ་པར་ཐུགས་རྒྱུད་གཅིག་པའི་ཞལ་བཞེས་སོགས་དགོངས་གཏད་ཐུན་མིན་བཅས་བསྩལ་བའི་བརྒྱུད་པ་དང༌། བཀའ་སྲུང་སྔགས་སྲུང་མའི་སྲོག་དབང་གཏེར་སྲས་པདྨ་ཐུགས་རྗེའི་དབང་ཕྱུག་ལས་གསན་པ་དང༌། འཇམ་མགོན་གཏེར་ཁ་གུ་རུ་དང་བཻ་རོའི་རྣམ་ཐར་མཁས་དབང་བླ་མ་བཀྲ་འཕེལ་ལས་གསན་པ། གྲུ་གུ་ཡང་དབང་གི་གཏེར་མ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ཀཿཐོག་སི་ཏུ་རིན་པོ་ཆེ་ལས་གསན་པ། མདོ་མགོན་ལེགས་ལྡན་ལྗང་སྔོན་དྲག་པོའི་བཀའ་གཏད་གཙང་ཤོད་པའི་ཡིག་ཆ་ལྟར་པད་ཕྲིན་ཆོག་བསྒྲིགས་དང༌། ཀཿདམ་པ་བདེ་གཤེགས་ནས་ཆོས་རྗེ་ཀཿཐོག་པའི་བསྟན་སྲུང་དཔལ་ལྡན་ལྷ་མོའི་གསོལ་ཕྲིན་སི་ཏུ་རིན་པོ་ཆེས་གསར་བསྒྲིགས་ཀྱི་རྗེས་གནང་བཀའ་རྒྱ་ཅན། དེ་སྐབས་རྗེ་བླ་མ་དྷརྨ་མ་ཏིའི་གསུང་འཕྲོས་སུ་སྤྱིར་རིག་འཛིན་གོང་མའི་གསུང་རྒྱུན་དུ་ཁྲིད་རྣམས་སྒྲ་དོན་འདྲེས་འཛིན་གྱིས་གོ་དོན་འཕྲོད་པ་དང༌། ལུང་སྒྲ་སྤྱི་ཐོས་པས་རུང་བ་དང༌། ཁྲིད་བླ་མས་འབོག་ཟིན་པའི་རྗེས་སློབ་མས་དམིགས་ཐུན་རེ་བཟུང་ཐུབ་ན་དོན་བརྒྱུད་འགྲོ་ཞེས་གསུངས་པས་རྫོགས་རིམ་གལ་ཆེ་བ་ཕལ་ཆེར་དམིགས་ཐུན་རེ་ཡང་བགྱིད་ཁུལ་བྱས། དབང་གི་གཏད་རྒྱ་གདམས་གཏད་ཕལ་ཆེར་གུས་ལ་དམིགས་སུ་དགོངས་པ་གཏད་པའི་སྐལ་བཟང་ཡང་བྱུང༌། དེ་སྐབས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་ཕེབས་པ། ཡང་གཏེར་མཁའ་འགྲོ་གསང་འདུས་ཀྱི་དབང་རྒྱས་བསྡུས། རིགས་བཞི་མཁའ་འགྲོའི་དབང་ཁྲིད་བཅས་གསན། སློབ་མ་བྱིངས་ལ་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བསྩལ། གཟིམ་ཆུང་དུ་ཉང་གཏེར་མགོན་པོ་ཕྱག་བཞི་པ་དང༌། ཚེ་མགོན་དཀར་པོའི་ཚེ་དབང༌། ཡང་སྙིང་ཀུན་འདུས་གཏེར་གཞུང་སྟེང་ནས་ཁྲིད་བཅས་གསན་པ་རང་ཡང་ཐོབ། མཁན་རིན་པོ་ཆེས་ཁྱེད་རང་གི་གཏེར་ཆོས་ཟབ་ཤོས་སེམས་ལ་གང་བབ་ཅིག་གི་དབང་འབྲེལ་ཞིག་ཕུལ་དགོས་གསུངས་པ་རྗེ་བླ་མ་རིན་པོ་ཆེར་ཞུས་པས་མཁྱེན་བརྩེ་རྡོ་རྗེ་འཆང་སྐུ་གོང་མའི་བཀའ་གཏེར་སྨིན་གྲོལ་རྒྱ་མཚོའི་ཆོས་འཁོར་རྒྱུན་མི་ཆད་པ་བསྐོར་བའི་གཟིམ་ཆུང་དབང་ཁང་དུ་ཕུལ་དང་དགོས་པ་ཆེན་པོ་ཡོད་གསུངས་པས་འཇམ་དཔལ་སྙིང་ཐིག་ཐེག་པ་རིམ་དགུའི་དབང་དང༌། ཡུམ་བཀའ་དབྱངས་ཅན་རིགས་ལྔའི་དབང་བཅས་ཀུན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། མཁན་ཆེན་མཁྱེན་བརྩེ་ནོར་བུ། ཞེ་ཆེན་རབ་འབྱམས་འགྱུར་མེད་ཀུན་གཟིགས་བསྟན་པའི་ཉི་མ། རྗེ་དབོན་བླ་མ་ཚེ་དབང་རྡོ་རྗེ། ཀཿཐོག་སི་ཏུ་བྱམས་པ་ཆོས་ཀྱི་ཉི་མ། རྨོག་ཚ་སྤྲུལ་སྐུ། ཀཿཐོག་དབོན་སྤྲུལ། ཞེ་ཆེན་དབོན་སྤྲུལ། རྒྱལ་ཚབ་བཀའ་དྲིན་ཅན་གྱི་མཆོད་དཔོན་སྒྲུབ་བརྩོན་བླ་མ་འཇམ་དབྱངས་བློ་གསལ། མཆེད་གྲོགས་བླ་མ་མཆོག་ལྡན་སོགས་ལ་གཏེར་གཞུང་སྟེང་ནས་ཕུལ། ཕྱིར་ཉིན་སྨིན་གླིང་མཁན་ཆེན་ལ་རྒྱུན་ཁྱེར་སྟེང་ནས་ཁྲིད་ཕུལ་དགོས་གསུངས་ཏེ་གསན། སྤྲེལ་ཟླའི་ཚེས་བཅུ་ལ་བླ་མ་གསང་འདུས་ཀྱི་ཚོགས་འཁོར་སྨིན་ལུགས་ཀྱི་ཕྱག་བཞེས་དབྱངས་རོལ་བསྒྲལ་འཆམ་སོགས་རབ་འབྱམས་རིན་པོ་ཆེའི་དབུས་ཞེ་ཆེན་བླ་གྲྭ་གཙོ་བོར་བྱས་ཏེ་གནང༌། རབ་འབྱམས་རིན་པོ་ཆེས་མཆོད་པ་དང་ཚོགས་རྫས་རྒྱས་པ་ཕྱག་འགྱེད་བཅས་ཕུལ་མཛད། སྤྱིར་སྤྲེལ་ཟླ་སྔ་ཕྱི་འདི་ལ་བླ་མ་གསང་འདུས་ཀྱི་ཚོགས་འཁོར་རྒྱས་པ་རེ་མཁྱེན་བརྩེ་རིན་པོ་ཆེས་བཏང་བར་མཛད་འདུག །དེ་སྐབས་གུ་རུ་རིན་པོ་ཆེའི་ཞལ་གཟིགས་རེ་ཡོད་པ་འདྲ་གསུངས། སྨིན་གྲོལ་ཐམས་ཅད་རྫོགས་སྐབས་སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྒྲུབ་ཆེན། མྱོང་གྲོལ་རིལ་སྒྲུབ་དང་བཅས་པ། ཞེ་ཆེན་དབོན་སྤྲུལ་གསུམ་པས་དབུ་མཛད་ཀྱིས་ཞེ་ཆེན་གྱི་ཕྱག་བཞེས་ལྟར་གནང༌། སྒྲུབ་ཆེན་གྱི་བར་མཚམས་ལམ་རིམ་ཡེ་ཤེས་སྙིང་པོ་རྗེ་བླ་མ་རིན་པོ་ཆེས་དཀའ་འགྲེལ་གྱིས་བཤད་ཁྲིད་བསྩལ། མཁྱེན་ཀོང་གི་ཕྱག་བཞེས་སྒྲུབ་ཆེན་སྐབས་ཚོགས་བཤད་རྒྱས་པ་གནང་སྲོལ་ཡོད་གསུངས། མཐར་བརྟན་བཞུགས་བཅས་རྒྱས་པར་ཕུལ། དད་འདུས་མཆོག་ཕལ་ཐམས་ཅད་ལ་མཆོག་གཏེར་གསང་ཐིག་རྡོར་སེམས་ཀྱི་དབང་དང༌། མྱོང་གྲོལ་རིལ་བུ་ཀུན་ལ་ཁྱབ་པར་བསྩལ། དེ་སྐབས་བླ་བྲང་ཐོག་ཁར་བྱ་རྒོད་ཅིག་བབ་པའི་རྐྱེན་སེལ་དུ། གཡག་ཕྱར་སྒྲོལ་མདོས་རྒྱས་པ་དང༌། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མཁའ་འགྲོའི་སུན་ཟློག་དང་བརྟན་བཞུགས་ཕུལ། འདུས་པ་ཉུང་ངུ་ཞིག་ལ་གཏེར་མཛོད་བཀའ་རྒྱ་པོད་གསུམ་གྱི་དབང་ལུང་རྗེ་བླ་མ་རིན་པོ་ཆེས་རྒྱལ་ཚབ་རྡོ་རྗེ་འཆང་ལས་གསན་པའི་དབང་ཁྲིད་ལུང་བཅས་དང༌། ཟུར་མང་བདུད་རྩི་དིལ་ནས་གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་གཙོས་བདག་ཅག་རྣམས་ལ་རྗེ་བླ་མ་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་ཞིབ་རྒྱས་སུ་བསྩལ། འདི་རྣམས་ལ་དབང་ཆོག་བསྒྲིགས་དང༌། ཁྲིད་ཡིག་ཅིག་བྲིས། ཕུར་པ་ཕབ་འཕྲོ་བཞག་པ་དེ་བསྙེན་སྔགས་ཀཱི་ལ་ཡ་འབྲུ་དགུ་པ་དང་སྒྲུབ་སྔགས་འབྲུ་བཅུ་བཞི་པ་ཡོད་པ་ཞིག་སྔར་འོད་གསལ་སྙིང་ཐིག་ཕུར་པ་ལ་བསྙེན་འབྲེལ་ཞིག་བཞག་སྐབས་རིག་ངོར་གསལ་ཡང་དེ་སྐབས་འབྲི་རྒྱུ་མ་བྱུང་བས་ཁྱེད་ནས་བྲིས་ཞེས་བཀའ་བསྩལ། གཅེན་བཤད་སྒྲུབ་དང་ཐབས་གྲོགས་ལྷ་མོ་མ་བུ་སླེབས་པ་ལ་འཕགས་སྙིང་བདག་འཇུག་གི་དོན་དབང་དང༌། མཁའ་འགྲོ་གསང་འདུས་པདྨ་མཁའ་འགྲོའི་དབང་ཁྲིད་སོགས་བསྩལ། ཁམས་བྱེའི་གཙུག་ལག་ཆེ་རུ་བཏང་སྟེ་མཁྱེན་བརྩེ་གོང་མའི་ཐུགས་བཞེད་བཞིན་བྱམས་ཆེན་ཞིག་བཞེངས་དགོས་པས་དེ་ཡི་འོག་ཏུ་དགྲ་དུར་ཕུང་གསུམ་གྱི་མནན་པ་ཚད་ལྡན་ཞིག་གྱིས་གསུངས། ཚེ་སྒྲུབ་གསང་འདུས་ཉིན་ཁ་ཤས་བཏོན་ཏེ་དོན་དབང་ཞིག་ཕུལ། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་འཕགས་པ་ཐོགས་མེད་ཀྱི་ཉེ་བརྒྱུད་བྱམས་ཆོས་སྡེ་ལྔའི་རྩ་བ་དང༌། གྲུབ་ཆེན་ལཱུ་ཧི་པའི་ཉེ་བརྒྱུད་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པའང་བཀའ་དྲིན་བསྩལ། རོལ་རྡོར་མཆོག་སྤྲུལ་ལས་མཚོ་བྲག་གི་གཏེར་ཆོས་རྩ་བ་ཡན་ལག་ཐམས་ཅད་ཀྱི་དབང་ལུང་ཁྲིད་དང་བཅས་པ་ཆེད་དུ་གསན་པས་བདག་ལའང་བཀའ་དྲིན་ཐོབ། དབང་ཆོས་ཡོངས་རྫོགས་གྲུབ་རྗེས་རོལ་རྡོར་རིན་པོ་ཆེས་རྗེ་བླ་མ་དང་རང་ལ་སྐུ་གསུང་ཐུགས་རྟེན་གནང་བ་དང་སྦྲག་རྗེ་བླ་མ་རིན་པོ་ཆེར་ཕྱག་རྡོར་རྒྱུད་ལ་རྣམ་བཤད་ཅིག་དང༌། གུས་ལ་ཞལ་གདམས་ཡེ་ཤེས་སྙིང་པོའི་འགྲེལ་པ་རྒྱས་བསྡུས་འཚམས་པ་ཞིག་བརྩམ་རྒྱུ་དང༌། མཚོ་བྲག་གི་གཏེར་ཆོས་འཛིན་སྤེལ་མཛད་དགོས་གསུངས། ཁྱེད་རང་གདན་ས་བདུད་རྩི་དིལ་དུ་འོང་ནས་མདོ་སྒྱུ་སེམས་གསུམ་གྱི་དབང་སྔར་དྲུང་རིན་པོ་ཆེ་ནས་ཞུ་གནང་མཛད་པའི་དགོངས་པ་ལུས་སོང་བས་ཁྱེད་ཀྱིས་དེ་རིགས་བསྒྲུབ་པར་འོས་ཞེས་གསུངས། ཆོག་སྒྲིག་ཁ་ཤས་ཀྱང་གནང་བར་མཛད། སྨིན་གླིང་གི་ཕབ་རྒྱུན་ཡོད་པའི་དུག་ཁྲག་བུམ་ཐང་མ་ཞིག་བསྒྲུབ་དགོས་གསུངས་པ་ལྟར་ཞུས། སྙིང་ཐིག་གི་དཔལ་ཆེན། ཁྲག་འཐུང་རིགས་བཞིའི་སྒོས་སྒྲུབ་ཀྱི་དབང༌། དགོན་ཆེན་དུ་པར་གང་བཞུགས་ཀྱི་མི་ཕམ་རིན་པོ་ཆེའི་བཀའ་འབུམ་ཐམས་ཅད་ཀྱི་ལུང་ཡང་ཕུལ། གླིང་དཀར་སྔགས་གཏེར་པདྨ་བཞད་པའི་ཟབ་གཏེར་ཚེ་ཡུམ་ཙཎྜ་ལིའི་གདམས་སྐོར་གྱི་དབང་ལུང་ཡང་བཀའ་དྲིན་ཐོབ། གུས་ཀྱང་ཆོས་བདག་ཅིག་ཡིན་པ་གཏེར་སྟོན་གྱིས་གསུངས་པ་ཁྱེད་ལ་དབང་འཕྲོད་པ་ཡིན་གསུངས། རང་རེ་ཞིག་རང་ཡུལ་ལོག་རྩིས་ལ་ཀུན་མཁྱེན་བླ་མས་ཐུགས་ཤིན་ཏུ་འཕྲེང་ཚུལ་གྱིས་སྤྱན་ཆབ་ཀྱང་བསིལ་བས་རང་ཡང་སེམས་ཤིན་ཏུ་འཕྲེང་བ་བྱུང༌། ཚེ་ཚད་ཅིག་ཞུས་པ་རྩ་གསུམ་སྤྱི་བྱེ་བྲག་ཚེ་སྒྲུབ་འདྲ་མིན་གྱི་བསྙེན་པ། རྩ་གསུམ་གྱི་ཚོགས་འབུམ་སོགས་བསྒྲུབ་བྱ་མང་ཙམ་དང༌། ཚེ་གེགས་ཁ་ཤས་དང༌། ཁྱད་པར་ཞེ་དགུ་ལ་ཤིན་ཏུ་རྩུབ། དེ་ལས་བརྒལ་ན་ལོ་བདུན་བཅུ་དོན་གསུམ་བར་ལ་འཚོ་ཞེས་གསུང་རྩོམ་ཚིགས་བཅད་དུ་བསྩལ། ཞལ་འཕྲོས་ལ་ཕྱི་ནང་གསང་བའི་རྟེན་འབྲེལ་མ་འཕྱུག་པ་བྱུང་ན་བརྒྱད་ཅུ་ཡང་ཐུབ་སྲིད། སྤྱིར་རྗེ་བཙུན་བླ་མ་མཁྱེན་བརྩེའི་དབང་པོས་ཚེ་དཀྱིལ་བརྒྱ་དང་བརྒྱད་རྟགས་ཐོན་གནང་བས་རྗེ་ཉིད་སྐུ་ཚེ་རིང་དུ་བཞུགས་དགོས་པ་འདྲ་ཡང་བདུན་ཅུ་བརྒལ་ཙམ་ལས་མ་བཞུགས། དེ་རྗེས་མཁྱེན་བརྩེའི་སྤྲུལ་སྐུ་ཞིག་སྐུ་ཚེ་རིང་དུ་ངེས་པར་བཞུགས་འོང་གསུངས། རྗེ་ཉིད་ཀྱི་ཐུགས་དམ་རྟེན་འཇམ་མགོན་ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་ཤིན་ཏུ་སྤུས་དག །གསུང་རྟེན་གཏེར་མཛོད་དུ་ཉེར་མཁོའི་སྐོར་དང༌། མཁྱེན་བརྩེའི་ཟབ་གཏེར་གནད་ཆེའི་སྐོར་བཅས་པོད་ཉི་ཤུ་ཙམ། ཐུགས་རྟེན་ཀཿདམ་པ་བདེ་གཤེགས་ཀྱི་ཕྱག་དྲིལ་ངོ་མ་ཡིན་གསུངས་པའི་རྡོ་རྗེ་དྲིལ་བུ་ཐེག་ཆེན། མཁྱེན་བརྩེ་རིན་པོ་ཆེའི་རྟ་མགྲིན་དྲེགས་པ་ཀུན་གྲོལ་གྱི་སྒྲུབ་རྟེན་ཛྷི་ཀྵིཾ་གྱི་ཕུར་པ་རྟ་དབུ་ཅན་བྱིན་ལྡན། རྗེ་ཉིད་ཀྱི་སྐུ་ཚེ་རིལ་པོའི་ཕྱག་ཌཱར་རྒྱན་ལྡན། རྗེ་ཉིད་ཀྱི་གཏེར་མཛོད་སྐབས་རྟག་པར་བཞེས་པའི་རིག་འཛིན་སྤྱི་ཞུ། སྐུ་འདམ་སོགས་ན་བཟའ་ཆ་ཚང༌། རྟེན་སྒམ་དུ་གང་བཞུགས་ཀྱི་རིས་མེད་དམ་རྫས་དང༌། ཤོག་སེར་རྒྱ་དཔེ་སོགས་ཤིན་ཏུ་འགང་ཆེ། མྱོང་གྲོལ་བདུད་རྩི་ཆོས་སྨན་ཕོན་ཆེ་སོགས་འབུལ་ཐོ་དང༌། བཀྲ་ཤིས་ཞབས་བརྟན་བཅས་བསྩལ། རྗེ་གོང་མའི་ཕྱག་བསྣམས་ལི་ཡི་མཎྜལ་ཆེ་ལེགས་ལ་རིན་ཆེན་སྣ་ཚོགས་པའི་ཚོམ་བུ་བཅས། ཀུན་གཟིགས་མཁྱེན་བརྩེའི་ཟབ་གཏེར་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལ་དབང་དང༌། ལས་བྱང༌། ཁྲིད་ཡིག་བཅས་དང༌། གཞན་མཁྱེན་བརྩེའི་གཏེར་ཁ་ལ་ཞབས་ཏོག་ཕུལ་འོས་གང་ཡོད་ཀྱི་ཡིག་ཆ་གསར་སྤེལ་དང༌། ཁྱེད་རང་གི་གཏེར་ཁ་དགོས་པ་ཆེན་པོ་དང་འབྲེལ་བ་རྣམས་རས་སུ་མ་བོར་བར་ཕབ་དགོས་ཞེས་བཀའ་བསྩལ། ལོ་རྗེས་མར་ཕེབས་ཤོག་ང་ཡང་ཁྱེད་ལྟ་བུ་མ་བྱས་ན་ཡུན་རིང་ཨི་འཚོ་མི་ཤེས་གསུངས། ཐབས་གྲོགས་ལ་མཁྱེན་བརྩེ་རིན་པོ་ཆེའི་གཏེར་བྱོན་གཟི་མིག་གསུམ་པ་གནང་ནས་ཉམས་ཆག་བསག་མ་འོང་གསུངས། རང་གི་གཅེན་དང་བུ་མོ་གཉིས་སོགས་ཐམས་ཅད་ལ་གནང་བྱིན་རྒྱ་ཆེར་བསྩལ་ཏེ་འོག་མིན་བླ་མའི་གདན་ས་ནས་ཐོན། ལམ་བར་ཨཱརྻ་ཏཱ་རེའི་གནས་རྣམས་ཀྱང་མཇལ། སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཕྱིན་ནས་ས་སྐྱོང་དབང་མོ་ཆེན་མོ། ལྷ་སྲས་ཐུབ་བསྟན་གཙོས་བསྟན་པ་སྤྱི་རིམ་སྙན་བརྒྱུད་མ་མོའི་མདོས་སོགས་བསྒྲུབས། ལམ་ཞོར་རྨ་རོང་གྲུ་གུ་དིལ་ལྟག་གི་ཆུ་ཚན་ཡང་བསྟེན། འདན་ཡུལ་པཎ་ཆེན་སྨྲྀ་ཏི་ཛྙཱ་ནའི་གདུང་རྟེན་དང༌། ཚེས་བཅུའི་གར་འཆམ་མཇལ་ཞིང་སྒ་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་གི་སྒྲུབ་སྡེ་གསང་སྔགས་རིག་པའི་ཕོ་བྲང་དུ་བསྡད། གཙུག་ལག་ཁང་གསར་བཞེངས་ཀྱི་དོན་དུ་ཉེས་སེལ། ས་བདག །ཀླུ་བུམ། གཏེར་ཁ་གསར་རྙིང་གི་བཀྲ་ཤིས་གཏེར་བུམ་སོགས་མང་པོ་བཅའ་སྒྲུབ་བགྱིས། བཀའ་ནན་རབ་བརྗིད་དང༌། གཞི་བདག་དང་ལྷ་མོའི་རྟེན་མཁར། རཀྴ་ཐོད་ཕྲེང་གིས་སྲི་འདུལ་སོགས་བགྱིས། མཉན་སྤྲུལ་རིན་པོ་ཆེའི་གཙུག་ལག་གསར་བཞེངས་ཀྱི་ཞབས་བརྟན་དུ་ཟབ་བདུན་ཕུར་པའི་སྟོད་ལས་སྨད་ལས་ཟུང་འབྲེལ་གྱི་སྒྲུབ་ཆེན་བླ་གྲོ་ནོར་བུ་སྤྲུལ་སྐུ་དཔོན་སློབ་བཞི་བཅུ་སྐོར་ནས་རྒྱས་པར་བསྒྲུབས། མེ་ཁྱི་ལོའི་དབྱར་སྟོད་སྐོར་ཟུར་མང་རྣམ་རྒྱལ་རྩེའི་རྟོགས་ལྡན་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུ་དང༌། ཀརྨའི་མཁན་ཆེན་རཏྣ། དྲུང་པ་རིན་པོ་ཆེ་ཆོས་ཀྱི་ཉིན་བྱེད་རྣམས་ཀྱི་དངོས་སློབ་ཀརྨ་ཚེ་བརྟན་ལས་ཇོ་ནང་རྗེ་བཙུན་གསང་བདག་སྒྲོལ་བའི་མགོན་པོ་ཀུན་དགའ་སྙིང་པོའི་བཀའ་འབུམ་གྱི་ལུང་ཞུས། བན་ཆེན་མཁན་བཟོད་པ་མཐར་ཕྱིན་ལས་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོའི་བཀའ་འབུམ་ཡོངས་རྫོགས་དང༌། མཁན་ཆེན་ཡོན་ཏན་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆེན་ཉི་ཟླའི་སྣང་བ་མཁན་ཆེན་ཉིད་ལས་གསན་པ་ཐོབ། སྟོན་དགུན་མཚམས་ཟུར་མང་བཀྲ་ཤིས་བདུད་རྩི་དིལ་དུ་སོང༌། གཏེར་ཆེན་རོལ་རྡོར་མཆོག་སྤྲུལ། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་རྒྱ་མཚོ། ཟུར་མང་རྣམ་རྒྱལ་རྩེ་ནས་གར་དབང་མཆོག་སྤྲུལ་རིན་པོ་ཆེ། བླ་གྲོ་ནོར་བུ་མཆོག་སྤྲུལ། རྡོ་དགོན་ནས་མཁན་ཆེན་མཁྱེན་རབ། བདུད་རྩི་དིལ་གྱི་མཁན་པོ། རྡོར་སློབ་གཙོས་དགེ་འདུན་ཕལ་ཆེར་ལ་སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ། ཚོགས་ཆེན་འདུས་པ་ཐེག་པ་རིམ་དགུ། སེམས་ཀློང་དང༌། མན་ངག་སྡེ་རྒྱུད་བཅུ་བདུན་གྱི་དབང་ལུང་རྫོགས་པར་ཕུལ། གར་དབང་རིན་པོ་ཆེའི་ཐུགས་བཞེད་འཁོན་ལུགས་ཕུར་པ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཡིག་ཆ་ལྟར་སྟོད་ལས་དང་སྨད་ལས་བསྒྲལ་དབང་བཅས་དང༌། རོལ་རྡོར་མཆོག་སྤྲུལ་ཀརྨ་དྲི་མེད་འོད་ཟེར་གྱིས་ཟུར་ལུགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་ཡན་ལག་གི་དབང་ཞིབ་རྒྱས་བཅས་དང༌། ཀར་ལུགས་ཀུན་རིག་གི་དབང་བཅས་ཐོབ། དྲུང་པའི་གདན་ས་མཁར་རྒན་མའི་སྟེང་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གནས་ཆེན་བྱིན་འབེབས་བཅའ་སྒྲུབ་དང༌། བཀའ་ནན་རབ་བརྗིད་བཅས་ཞིབ་རྒྱས་དགོས་གསུངས་པའང་སྒྲུབ། གཏེར་ཆེན་མཆོག་གླིང་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ཐུགས་སྒྲུབ་རྣམ་གཉིས་ཆིག་དྲིལ་གྱི་སྒྲུབ་ཆེན་སྐབས་ཀྱི་ཐུགས་དམ་རྟེན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་ཐང་ཡང་མཇལ་ཁ་ཞུས། ཝར་ཕུག་རྡོ་རྗེ་ཁྱུང་རྫོང་དྲུང་པ་གོང་མའི་སྒྲུབ་སྡེར་སོང་ནས་དྲུང་སྤྲུལ་སྐུ་ལ་བྱང་གཏེར་རྒྱལ་པོའི་མངའ་དབང་ཕུལ། རོལ་རྡོར་རིན་པོ་ཆེའི་སྒྲུབ་སྡེ་ཁྲ་མོ་ནང་དུ་སོང་ནས་ཉང་གི་ཁྲོས་ནག་དང༌། མཁའ་འགྲོ་གསང་འདུས་གཉིས་ཀྱི་སྒྲུབ་མཆོད་ལོ་བསྟར་ཚུགས་དགོས་པས་དེའི་དབང་ཁྲིད་ལུང་བཅས་དགོས་གསུངས་པ་ལྟར་རོལ་རྡོར་རིན་པོ་ཆེ་དང༌། དྲུང་སྤྲུལ། དེར་བཞུགས་སྒྲུབ་པ་རྣམས་ལ་མཁའ་འགྲོ་གཉིས་ཀའི་དབང་ཁྲིད་ལུང་བཅས་ཕུལ། དེ་ནས་བླ་བྲོ་དགོན་བརྒྱུད་མདོ་ཁམས་གནས་ཆེན་ཉེར་ལྔའི་ཞི་མཛད་རྡོ་རྗེ་རིགས་ཀྱི་གནས་ཆེན་རྒྱམ་རྒྱལ་པདྨ་ཤེལ་རི་རྡོ་ཐི་གངས་དཀར་གྱི་མདུན་སྲིའུ་འོ་མའི་མཚོ་ཁར་སོང༌། གཞི་བདག་རྟེན་གསོལ་དང་ཐུགས་སྒྲུབ་བླ་མ་ཆོས་སྐུ་ཚེ་དཔག་མེད་པའི་ཚོགས་མཆོད་ཉིན་ཁ་ཤས་བཏང༌། གནས་ཡིག་ཀྱང་བྲིས། གནས་བསྐོར་མི་མང་པོས་མཚོ་མདོག་དཀར་སྔོན་ལ་རླུང་གིས་བསྐྱེད་པའི་རྦ་རླབས་ཀྱི་རྐྱེན་ལྟ་བུའི་མཚོ་ལ་ཞི་དཀྱིལ་སྒོ་རྫོགས་ཅན་གྱི་རི་མོ་བཀྲ་བ་མཐོང་བ་སོགས་དགེ་མཚན་ཡང་བྱུང༌། རྒྱམ་མཚོ་ནག་ཀྱང་མཇལ་ནས་ཚོགས་མཆོད་ཕུལ། དེ་ནས་ཕྱིན་གཏེར་ཆེན་མཆོག་གླིང་གི་གདན་ས་རྩི་ཀེ་ནོར་བུ་སྤུན་གསུམ་གྱི་མདུན་སྨིན་གྲོལ་ནོར་བུ་གླིང་གི་སྒྲུབ་སྡེ་འོད་གསལ་གླིང་དུ་ཕྱིན། གཏེར་སྲས་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཚེ་དབང་བསྟན་འཕེལ་མཇལ། མཆོག་གཏེར་ཟབ་བདུན་སྒྱུ་འཕྲུལ་ལྕགས་བྱང་མ་ཞི་བ། ཁྲོ་བོ་དོང་སྤྲུགས་བཅས་ཀྱི་དབང་ལུང་ཞིབ་རྒྱས་དང༌། ཐུགས་སྒྲུབ་བླ་མ་ལོངས་སྐུའི་མི་འཁྲུགས་པ། རྣམ་སྣང༌། ཤཱཀ་ཐུབ། སྨན་བླ་བཞིའི་སྒོས་སྒྲུབ་ཀྱི་དབང་ལུང་གཏེར་སྲས་ཚེ་དབང་གྲགས་པའི་ཆོག་བསྒྲིགས་ལྟར་དང༌། བླ་མ་ཆོས་སྐུའི་དབང༌། འཇམ་མགོན་རྡོ་རྗེ་འཆང་གུ་ཎ་དངོས་ལས་གསན་པ་ཡིན་གསུངས་པས་དེའི་དབང་བཅས་ཞུས། སྨིན་གྲོལ་ནོར་བུའི་གླིང་དུ་ཕྱིན་མཆོག་གླིང་ཡང་སྲིད་མཇལ། འཆི་མེད་འཕགས་མའི་ཡང་ཟབ་ཚེའི་བྱིན་རླབས་ཕུལ། གཏེར་ཆེན་མཆོག་གླིང་གི་སྐུ་ཆས་དང༌། དབང་ཆས་གུ་རུའི་སྐུ་ཚབ་སོགས་ཞིབ་མཇལ་བྱུང༌། གཏེར་ཆེན་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་མཆོད་བཅས་མཆོད་འབུལ་ལེའུ་བདུན་མ། བར་ཆད་ལམ་སེལ་གྱི་གསོལ་འདེབས་ཞིབ་རྒྱས་སུ་ཕུལ། གཏེར་རྫས་སྐོར་གཏེར་ཆེན་དགོངས་པ་རྫོགས་རྗེས་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་སྲས་སྲས་མོ་ཡུམ་རྣམས་ལ་བགོ་བཤའ་མཛད་པ་ལས་སྲས་མོ་དཀོན་མཆོག་དཔལ་སྒྲོན་སྐུ་སྐལ་རེད་གསུང་པའི་བཀའ་བརྒྱད་ཡུམ་བཀའི་ཤོག་སེར་ལྡེབ་གཅིག་དངུལ་གྱི་སྦུ་གུ་ཞིག་ནང་འདུག་པ་དེ་ལ་གང་ཡོད་ཁྱེད་ནས་ཕབ་དགོས་གསུངས་ཏེ་རཏྣ་ཤྲཱི་ཏཱ་རེའི་སྐུ་མཇུག་དཀར་སངས་ཤིག་བཅས་གནང་བས། བཀའ་བརྒྱད་དཔལ་དགུའི་ཡུམ་བཀའ་ཕྱོགས་བསྡུས་ཕྱི་ནང་གསང་སྒྲུབ་ཡོད་པ་དང༌། བཀའ་སྲུང་དུར་ཁྲོད་མ་མོ་བཅས་བྲིས་ཏེ་སྤྱན་འབེབས་ཞུས། གཏེར་སྲས་རིན་པོ་ཆེས་མཁྱེན་བརྩེའི་མཆོག་སྤྲུལ་གཅིག་ཀྱང་ཞལ་མཇལ་མ་ཐུབ་པས་ད་རེས་ཁྱེད་དང་ཞིབ་མཇལ་གྱིས་བློ་བདེ་བ་བྱུང་གསུངས་ནས་དགྱེས་རྩེར་མཛད། འཇམ་མགོན་བླ་མ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མདུན་གཏེར་སྲས་ཚེ་དབང་ནོར་བུའི་ཐུགས་དམ་རྟེན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་ཐང་དབུས་བྲིས་སྤུས་ལེགས་ཕུལ་ནས། རིགས་འདུས་པདྨའི་མྱུ་གུའི་རྫོགས་རིམ་བར་དོ་དྲུག་གཏན་ལ་འབེབས་བསྐུལ་ཞུས་གསུངས། སེ་ར་དགོན་པ་སྐྱིད་འདུས་སྡེ་དང༌། ཞེ་ཆེན་དགོན་ལག་གཤོང་ནག་དགོན་དུ་ཕྱིན་ཅིང་སྤྲུལ་སྐུ་ཨ་ཚང་སྲས་ཡུམ་བཅས་ལ་ཚེ་དབང་ཕུལ། དེ་ནས་དྲུང་རམ་དགོན་དུ་གཅེན་བཤད་སྒྲུབ། ཐབས་གྲོགས་མ་བུ་རྣམས་སླེབས་པའི་རྩར་སོང༌། རྒྱལ་སྤྲུལ་རིན་པོ་ཆེ་ཞལ་མཇལ་ཞིབ་རྒྱས་སུ་ཞུས། ལྷོ་རྒྱུད་ནས་དགོན་སྟོད་གྲུ་བརྒལ་ཏེ་དབོན་སྟོད་བཤད་གྲྭར་མཁན་པོ་མཁྱེན་རབ་དགྱེས་མཇལ་དང༌། སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕྱིན། སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་དང༌། དཔལ་ཡུལ་ཀརྨ་ཡང་སྲིད། རྫོགས་ཆེན་ཀོང་སྤྲུལ། འབྲི་གཏེར་འོད་གསལ་རྡོ་རྗེ་རྣམས་དང༌། སྡེ་དགེ་སྲས་བཙུན་བློན་པོ་རྣམས་མཇལ། སི་ཏུ་རིན་པོ་ཆེའི་མདུན་ནས་ཆོས་གླིང་དག་སྣང་གྲུབ་ཐོབ་ཚེ་སྒྲུབ་ཀྱི་དབང་བརྒྱ་དང་བརྒྱད། སྡེ་དགེ་མ་སྲས་དང་ཆབས་ཅིག་ཐོབ། སླར་ཤྲཱི་ན་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕྱིན་ནས་འཇམ་མགོན་བླ་མའི་དགྱེས་ཞལ་མཇལ་བའི་སྐལ་བཟང་ཐོབ། རྗེ་བླ་མ་རིན་པོ་ཆེའི་གཅུང་གཏེར་སྲས་སྤྲུལ་སྐུ་འཆི་མེད་རིན་པོ་ཆེ་ལས་གསེར་པ་གཏེར་རྒན་གྱི་ཚེ་སྒྲུབ་དང༌། རྟ་མགྲིན་གྱི་དབང་ཐོབ། ཐུགས་བརྩེ་ཆེན་པོས་རྗེས་སུ་བསྐྱངས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་རྒྱུད་དང༌། མདོས་ཆེན་བཀའ་སྲུང་རྣམས་ཤོག་སེར་ལས་ཕབ། སྔར་ནས་གསོལ་བ་བཏབ་པའི་རྗེ་བླ་མ་རང་གི་རྣམ་ཐར་ཞལ་གསུང་མ་བཀའ་བརྩམས་གནང༌། ཁྱེད་རང་གི་རྣམ་ཐར་ཞིག་དང་གཏེར་འབྱུང་ཞིག་ངེས་པར་འབྲི་བར་འོས་པའི་བཀའ་ནན་བསྩལ། གཏེར་ཆེན་མཆོག་གླིང་ཆོས་སྐོར་གཏེར་མཛོད་དུ་མི་བཞུགས་པའི་ཐུན་མོང༌། ཐུན་མིན་ཐུགས་སྒྲུབ་སྐོར་བཞི། ཟབ་པ་སྐོར་བདུན་སོགས་ཀྱི་དབང་གཏེར་གཞུང༌། རྣམ་བཤད་ཟིན་བྲིས་དང་འཇམ་མགོན་རྣམ་གཉིས་གསུང་ཟིན་གང་ཡོད་དང་གཏེར་སྲས་སྤྲུལ་སྐུའི་མདུན་བཞུགས་གཏེར་ཆེན་མཆོག་གླིང་གི་བཀའ་རྩོམ་སྐོར་སོགས་པོད་གཉིས། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཞལ་གདམས་སྙིང་བྱང་གི་གུ་རུ་ཡིད་བཞིན་ནོར་བུ་བཅུ་གསུམ་གྱི་དབང་གསར་སྤེལ་མཛད། ཀཿཐོག་མི་ཕམ་མཆོག་སྤྲུལ་དང་རྒྱལ་རྩེ་ཁྲོ་དགའི་སྲས་བླ་གྲོ་ནོར་བུ་སོགས་ལ་སྒྲུབ་ཐབས་འདོད་བུམ་གྱི་དབང་ལུང་ཡོངས་རྫོགས་བཏོན། གཏེར་མཛོད་བཀའ་རྒྱ་པོད་གསུམ་གྱི་དབང་ལུང་བཏོན། རྨུགས་སངས་ཁ་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ་སོགས་ལ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་ལྔའི་ལུང་བཏོན། ཁམས་བྱེའི་སྐྱོར་དཔོན་གྱིས་གསོལ་བ་བཏབ་པ་བཞིན་ལམ་འབྲས་སྦས་དོན་གྱི་བཤད་ཁྲིད་བཀའ་དྲིན་དུ་ཐོབ། ཟབ་གཏེར་རྫོགས་ཆེན་སྡེ་གསུམ་འདི་གཏེར་ཆེན་ནས་ད་ལྟའི་བར་བཀའ་རྒྱ་དམ་པོས་ཆིག་བརྒྱུད་གནང་མཛད། ད་བརྒྱུད་པ་ལྔ་པ་མན་ཆད་བཀའ་ཅུང་ཟད་ཡངས་སྙམས་ཀྱང་ཁྱེད་རང་ནས་ཤེས་ཞེས་གསུངས། རྫོགས་ཆེན་སྡེ་གསུམ་གྱི་དབང་ལུང་སྐབས་ཀཿཐོག་མཁན་ཆེན་ནུས་ལྡན། གཏེར་སྟོན་དྲི་མེད་སྲས་འཇམ་མགོན་སྤྲུལ་སྐུ་པདྨ་ཐུགས་རྗེའི་དབང་ཕྱུག །གཏེར་སྲས་བདེ་ཆེན་རྣམ་རྒྱལ་གྱི་སྲས་དྲི་མེད་སྤྲུལ་སྐུ་སོགས་ཀྱང་ཕེབས་པས། སྤྲུལ་སྐུ་པདྨ་ཐུགས་རྗེའི་དབང་ཕྱུག་ལས་བཀའ་མ་དོང་སྤྲུགས་པདྨ་རྒྱ་ལྡན་གྱི་དབང་རྗེ་བླ་མས་གསན་པའང་ཞར་བྱུང་དུ་ཐོབ། གཏེར་ཆེན་དྲི་མེད་པདྨ་གླིང་པ་སྐུ་གཤེགས་ཏེ་ཟངས་མདོག་དཔལ་རིར་ཕེབས། རྗེ་བླ་མར་འདས་རྗེས་བླ་སྒྲུབ་ཁྱད་པར་ཅན་ཞིག་འདུག་པའི་དབང་ལུང་ཡང་བཀའ་དྲིན་བྱུང༌། མཁན་ནུས་ལྡན་པདྨ་ཤེལ་ཕུག་གི་མདུན་བཞུགས་པ་ལ། རྗེ་བླ་མ་རིན་པོ་ཆེས་ཕྱག་རྒྱ་པདྨ་ཅན་ལ་བརྟེན་ཏེ་རྡོ་རྗེའི་ཚེ་སྒྲུབ་ལམ་གྱི་རྟོགས་པ་སྤར་ཚུལ་ཐབས་ལམ་གྱི་ཟབ་གནད་སྐོར་གསུང་རྩོམ་བགྲོ་གླེང་མང་པོ་ཕྱག་བྲིས་ཕན་ཚུན་གནང་བར་མཛད། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཚོགས་འབུམ་ཕྲག་ལྷག་བསྒྲུབས། མཁན་ནུས་ལྡན་ནས་ཟབ་མོ་ཡང་ཏིག་གི་དབང་ཞིག་གསན་པའང་བཀའ་དྲིན་ཐོབ། མཁའ་འགྲོ་གསང་འདུས་ཀྱི་རྒྱུད་ལས་མདོས་ཆོག་གཙོས་གཏེར་ཁ་དགོས་གནད་ཆེན་པོ་དང་ལྡན་པ་རྣམས་ཕབ་པར་བཀའ་རྩོམ་ཚིགས་བཅད་བསྩལ་ཞིང༌། རྒྱ་དྲིལ་སྤུས་ལེགས་བཅས་གནང༌། ཁམས་བྱེའི་མཁན་པོ་ནས་ཞུས་པ་བཞིན་ལམ་འབྲས་སྦས་དོན་མ་ཞིབ་ཁྲིད་དུ་བཀའ་དྲིན་བསྩལ། འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེའི་སྐུ་ཚེ་མཐར་ཕྱིན་པ་དང་བསྟན་འགྲོའི་དཔལ་ཡོན་རྒྱས་ཤིང་མཐའ་དམག་ཞི་བའི་རྟེན་འབྲེལ་གྱིས་ལུང་ཟིན་ཌཱ་ཀིའི་རྒྱལ་མོ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་འཕྲུལ་ལ་དཀར་སྲས་མོ་ཚེ་རིང་ཆོས་སྒྲོན་ཕྱག་རྒྱར་བཞེས་པའི་བརྟན་བཞུགས་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་སྒོ་ནས་གུས་པས་ཕུལ་བའི་སྐལ་བཟང་བྱུང༌། རང་གཏེར་པདྨ་ཚེ་སྙིང་གི་རྩ་བ་གསུམ་གྱི་དབང་ཁྲིད་ཐམས་ཅད་ཕུལ། བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་སྟེང་དུ་གསེར་གྱི་རྒྱལ་མཚན་འཛུགས་པའི་ནང་གཞུག་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གནས་ཆེན་བྱིན་འབེབས་གདུགས་དཀར་གྱི་རྒྱལ་མཚན་འཛུགས་ཆོག་རྣམས་རེ་སྐོང་སྔགས་པ་བཀྲ་ཤིས་དཔལ་ལྡན་དང་གུས་པས་ཀྱང་ཞབས་ཏོག་ཞུས། བླ་མ་དགོངས་འདུས་ཀྱི་དབང་ཆེན་ཞིབ་རྒྱས་དང་སྡེ་དགེའི་བསྟན་སྲིད་ལ་ཕན་ཕྱིར་ཁྲོ་རི་ཟིལ་ཁྲོམ་གྱི་ལྷོ་ཕྱོགས་སུ་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་དུ་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བཅས་རྗེ་བཙུན་བླ་མ་རིན་པོ་ཆེ་དབུ་བཞུགས་ཀྱི་ཞབས་གྲས་སུ་གུས་ཀྱང་ཚུད་པའི་སྐལ་བཟང་བྱུང་བ་དང༌། སྒྲུབ་ཐབས་རྣམས་ཆོག་ཁྲིགས་བཀའ་དྲིན་བསྩལ། རྗེ་བླ་མས་པདྨ་ཚེ་སྙིང་གི་ཡང་ཟབ་རིག་འཛིན་ཚེ་སྒྲུབ་ལ་བསྙེན་འབྲེལ་གནང་བ་གཟིམས་ལམ་ལེགས་པོ་བྱུང་གསུངས། བྱ་རྒོད་གཉེར་པས་སྦྱིན་བདག་གིས་ཟིལ་ཁྲོམ་ཤར་ཕྱོགས་མ་ཎི་གད་མགོར་ཀློང་སྙིང་དཔལ་ཆེན་འདུས་པའི་སྨན་སྒྲུབ་སྒྲུབ་ཆེན་དང་འབྲེལ་བ་རང་དང་རྒྱལ་རོང་ནམ་སྤྲུལ། གཡག་ཟེ་བ་ཤུལ་བླ་སྤྲུལ་སོགས་འདུས་པ་བརྒྱ་སྐོར་ལྷག་དང་བཅས་པས་བསྒྲུབས། ལྷ་རི་ཕོ་བྲང་དུ་རང་གཏེར་གེ་སར་གྱི་རླུང་རྟ་སོགས་རྒྱས་སྒྲུབ་བྱས། རྒྱུད་སྡེ་བཞི་འབྲེལ་གྱི་སྒྲོལ་དབང་ཞུས་ནས་རྗེ་བླ་མའི་མདུན་ནས་བཏེགས་ཏེ། ཆོས་རྒྱལ་སྡེ་དགེ་དང་བྱ་རྒོད་ལྷན་རྒྱས་ཀྱིས་ཟིལ་ཁྲོམ་མདུན་དུ་རྩ་གསུམ་དྲིལ་སྒྲུབ་ཀྱི་གནས་ཆེན་བྱིན་འབེབས། གཞི་བདག་རྟེན་བཀོལ་བཅས་བསྒྲུབས། གཏེར་བུམ་དང་དཀྱིལ་འཁོར་སོགས་སྒྲུབ་པ་དང་རབ་གནས་འཇམ་མགོན་སྐུ་གོང་འོག་གི་མཆོད་ཆས་སོགས་རྗེ་འཇམ་མགོན་བླ་མས་བཀའ་དྲིན་དུ་བསྩལ། མཁར་མདོ་གཉེར་པ་འཆི་མེད་མགོན་པོས་སྦྱིན་བདག་གིས་ཟིལ་ཁྲོམ་ནུབ་ཕྱོགས་རྨ་རོང་གྲུ་གུ་དིལ་ལྟག་ཏུ་རྡོར་སེམས་མངོན་དགའི་སྒྲུབ་ཆེན་བཟང་མགོའི་གྲྭ་ཚང་ཉི་ཤུ་སྐོར་གྱིས་བསྒྲུབས། དེར་ཡང་གནས་ཆེན་བྱིན་འབེབས་དང་གཞི་བདག་རྟེན་བཀུལ་བསྒྲུབས་ནས་རང་ཡུལ་དུ་ཕྱིན། བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དུ་གསེར་ཟངས་ཀྱི་གུ་རུའི་སྐུ་མདའ་ཚད་ལ་གཟུངས་འབུལ་སྤྱི་དང༌། ཁྱད་པར་བླ་མ་ནོར་ལྷ་གཙོ་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་སྒྲུབ་རྫས་བཅས་བཅའ་སྒྲུབ་བྱས། རང་གནས་སུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང༌། བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་ལ་བསྟེན་པའི་སྟོད་ལས་བླ་མ་ཞི་བ་དང༌། སྨད་ལས་བདུད་གཤེད་ལ་བསྟེན་པའི་སྲུང་བཟློག་བསད་མནན་བཅས་རྒྱས་པར་བསྒྲུབས། ཟུར་མང་བདུད་རྩི་དིལ་དུ་ཕྱིན་ནས་མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུའི་ཚེ་སྒྲུབ་དང༌། ས་གཡང་ཉེས་སེལ་བུམ་གཏེར་མང་དུ་བསྒྲུབས། ཟུར་མང་གར་དབང་རིན་པོ་ཆེ། གཏེར་དྲུང་རྣམ་གཉིས། རྩི་ཀེའི་མཆོག་གླིང་སྤྲུལ་སྐུ། དྲུང་གོང་མའི་སློབ་མ་སྒྲུབ་བླ་མཁན་པོ་སོགས་མང་ཞིག་ལ་སངས་གླིང་བླ་མ་དགོངས་འདུས་ཀྱི་སྒྲུབ་དབང་ཆེན་པོ་དང༌། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། རོལ་རྡོར་རིན་པོ་ཆེའི་རི་ཁྲོད་ཁྲ་མོ་ནང་དུ་གཏེར་དྲུང་རྣམ་གཉིས་དང་སྒྲུབ་གྲྭ་ཁ་ཤས་ལ་མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་དབང་ལུང་ཕུལ། རོལ་རྡོར་མཆོག་སྤྲུལ་མདུན་ནས་གཏེར་ཆེན་རོལ་རྡོར་བཀའ་འབུམ་གྱི་ལུང་ཞུས། གཏེར་བྱོན་ཕྱག་རྡོར་གྱི་རྒྱུད་ལ་འགྲེལ་པ་བྲིས་ཏེ་ལུང་བཀླག །རྒྱམ་རྒྱལ་པདྨ་ཤེལ་རིའི་མདུན་གྱི་སྲིའུ་འོ་མཚོའི་མདུན་ཐུགས་སྒྲུབ་ཚེ་དམར་དང༌། རྒྱམ་མཚོ་ནག་ཁར་ཕྱིན་ཏེ་རྩ་གསུམ་སྤྱི་འདུས་ཀྱི་ཚོགས་བཏང༌། མཆོག་གླིང་གདན་ས་རྩི་ཀེ་ནོར་གླིང་གི་སྒྲུབ་སྡེ་འོད་གསལ་གླིང་ན་གཏེར་སྲས་སྤྲུལ་སྐུ་འགྱུར་མེད་ཚེ་དབང་བསྟན་འཕེལ་དྲུང་དུ་ཕྱིན། གཏེར་སྲས་ཚེ་དབང་གྲགས་པའི་གསུང་ཐུགས་སྒྲུབ་བླ་མ་ལོངས་སྐུ་ངན་སོང་དོང་སྤྲུགས་ཀྱི་སེམས་ཉིད་ངལ་གསོ། དོན་ཡོད་ཞགས་པ། པདྨ་གཙུག་ཏོར། རྡོ་རྗེ་སྙིང་པོའི་སྒོས་དབང་ཞུས། སྐུ་ཚབ་རིན་པོ་ཆེའི་མདུན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་བརྒྱ་བཏང༌། ཀརྨ་དགོན་དུ་ཕྱིན་ནས་ཐུབ་ཆེན། ཀརྨ་པའི་གཟིམ་ཆུང་དུ་ས་ར་ཧའི་ལོགས་བྲིས་ཀར་རབས་རིམ་བྱོན་ལ་གསུང་འབྱོན་པ་སོགས་རྟེན་གསུམ་ཁྱད་པར་ཅན་དུ་མ་ཞིབ་མཇལ་དང༌། ཀར་རབས་ལྷ་ཁང་དང་གསང་སྔགས་ཕོ་བྲང་རྣམས་སུ་མཆོད་འབུལ་ཞིབ་རྒྱས་ཞུས། སྤྲུལ་སྐུ་རིན་ཆེན་སྙིང་པོ་དང་མཇལ་ཞིང་མགོན་ཁང་ཆེན་པོར་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཐུགས་དམ་རྟེན་བདེ་མཆོག་ཡབ་ཡུམ་གྱི་སྐུ་ལི་མ་ཁྱད་འཕགས་དུས་བཟང་ལ་སྦྱོར་མཚམས་ནས་བྱང་སེམས་བབས་པ་དང༌། མགོན་པོ་དང་ལྷ་མོའི་སྐུ་ལི་མ་ཁྱད་འཕགས་མཇལ་བའི་སྐུ་པང་ལས་ཤོག་སེར་ཧྲིལ་མོ་ཆུང་ངུ་ཞིག་རྙེད་པ་གཉགས་ལུགས་ཕུར་པའི་ཁ་བྱང་དུ་འདུག །རང་ཡུལ་དུ་ཕྱིན་རི་ཁྲོད་ཅིག་ཏུ་མཚམས་ལ་བསྡད་ནས་ཐུན་གསེང་དུ་གཉགས་ཕུར་སྐོར་བྲིས། རྫོང་སར་དུ་ཕྱིན་ནས་འཇམ་མགོན་ཆོས་ཀྱི་སྤྱན་ལྡན་ལ་གཟིགས་འབུལ་ཞུས་པས་དབང་ལུང་ཆེད་དུ་གསན་ནས་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལ་རྡོ་རྗེ་ཕུར་པ་དབུ་དགུ་ཕྱག་བཅོ་བརྒྱད་ཡོད་པའི་ཟབ་གཏེར་གྱི་བཀའ་བབས་ཤིག་ཡོད་པ་དེའི་ཆ་ཤས་ཤིག་ཡིན་འདྲ་གསུངས། ལས་བྱང༌། རྒྱུན་ཁྱེར། གཏོར་ཟློག །དབང་རྣམས་ཆོག་ཁྲིགས་བཀའ་དྲིན་བསྩལ། རང་ཡུལ་དུ་ཕྱིན་ནས་མཚམས་ལ་བསྡད། བརྩམ་འཕྲོས།
[edit]

sku tshe stod kyi rnam thar zhal gsungs ma bzhugs/ srid zhi'i g.yang las skyob mdzad mkhyen brtse'i phyag_/sangs rgyas kun las rmad byung rigs brgya'i bdag_/skyabs gnas rgya mtsho'i spyi dpal bla ma rje/_/rab dwangs yid kyi chu mtshor 'bral med bsnyen/_/mtshan mchog me tog yid kyi do rar bkod tsam gyis/_/phan bde'i dri bsung shin tu mngar pos gdung sel zhing*/_/rnam grol sbrang rtsi'i dga' ston chen pos rtag skyong mdzad/_/rin chen rnam gsum dad brgya'i la thod mdzes pa'i tog_/bdag rgyud las nyon sra mkhregs brag ri'i ngog_/dam pa'i yon tan 'khri shing phra mo dag_/rab brtags bsnyad pa'i rnam thar sgro btags pa/_/gnong bzhin yi ge'i ris su bris nas thal/_/de yang 'phags pa'i sa la bzhugs pa'i bstan 'dzin gyi skyes bu bdag nyid chen po rnams ni kun tu bzang po'i spyod pa rgya mtsho lta bus sku gsung thugs yongs su mdzes pas gdams ngag rnam thar gyi sgo nas bstan te dad pa can gyi gdul bya dngos brgyud nas thar pa'i lam du 'dren nus pa yin kyang*/_bdag lta bu'i rgyud skyon gyi lud phung nyid kyis/_ri dbang lhun po'i che thang kyang nyams par byed/_dam pa'i yon tan ltar snang ba'i myu gu phra mo skyes kyang rang tshugs mi thub pas kha dog kyang ljang ser skam la khad du gyur/_dkor nag gi phag pas rtag tu tshang bcas pas las nyon gyi dri ngan gyis rdzi phyogs su khyab pa'i nongs pa rang blo rang la lkog tu ma gyur pas shes shing rnam thar bri ba la ngo gnong ba las spro ba gtan nas med kyang*/_deng gi dus kyi tha ma'i skabs 'dir rgyal bstan rin po che'i lung rtogs kyi dpal yon ni mun sros ltar 'thibs/_tshad mar gyur pa'i mkhas shing dngos grub brnyes pa'i snang byed 'jig rten gyi mig phal mo che dbyings su gzims/_bshad sgrub yang dag pa'i dga' ston ni nyin re bzhin 'grib pa'i steng*/_kha ba ri pa'i che btsan bzang gsum phal mo che mtha' mi'i log sbyor gyis rgyal bstan gyi snang ba med pa'i mtha' yi yul du rnga thog gi sran ma bzhin 'thor zhing rgyu ba'i gral mthar bdag kyang son pas/_'gran zla dang bral ba 'khor lo'i mgon po rnams kyi bka' drin gyis mang du thos pa'i mdzod kyis ma phongs pa ltar snang yang thos bsam rgyud la ma sbyar bas rang gshis ngan pa'i zhing sa ni tha reng du lus/_rang rgyud rdo rje slob dpon gyi de nyid bcu yi dri tsam mi bro bar chos ltar bcos pa'i bla ma'i gzugs brnyan gyi rgyal mtshan gyi rtser mkhyen brtse'i sprul sku'i mtshan gyi tog gis brjid pa'i dbang gis smin grol gyi bdud rtsi'i skyes/_zhu 'dod su byung la chos rnga sgrog pa la phan yon yod srid snyams phyogs dus kun tu bkyes pas/_bstan 'dzin gyi skyes bu mtshan don mthun zhing*/_rgyu mtshan mkhyen pa chos rjes 'brang ba dag gis kyang mtshan ldan bla mar gzigs te bcos min gyi dad gus kyis kho bo'i rnam thar 'bri dgos par bka' lung nan tan gyis bskul ba na/_sngar rje bla ma thams cad mkhyen gzigs 'jam pa'i rdo rje chos kyi blo gros rin po che la rje nyid kyi rnam thar mdzad par ched du gsol ba_3_lan du mar btab pa'i mthar zhal gsungs tshigs su bcad pa mdzad de da khyed rang gis kyang rnam thar zhig bris dang don zhig yod/_sngon 'jam mgon mkhyen brtse'i dbang po'i zhal slob rdo rje 'dzin pa mkhas dbang rdo rje rab brtan la khyed kyis 'jam mgon kong sprul rin po che dang*/_rgyal sras sems dpa' chen po dpal sprul rin po che gnyis la rnam thar zhig mdzad par gsol ba thob dang dgos pa chen po yod/_rjes ma kho bo'i rnam thar zhig kyang 'bri chog_/de bskul ba po khyed rang gis gyis dang dgos pa dang rten 'brel chen po yod ces bka' bstsal bskyangs bzhin 'jam mgon rin po che'i rnam thar bka' rtsom mdzad/_dpal sprul rin po che la gsol ba btab pa zhal gyis ma bzhes pas/_mkhyen brtse rin po che'i rnam thar rgyas pa zhal gsung mdzad rgyu ma byung ba red ces bka' 'phros su phebs pa'ang yid la dran pas/_'dzam gling chos kyi shing rta 'jig rten mig gcig gu Na sa mu dras/_rten dal 'byor skyon med thob/_mthun pa'i rkyen 'khor lo rnam pa bzhi'i ngang gis 'byor/_tshul gnas thos bsam sgom pa la ci nus su sbyar ba'i 'bras bu spong klog las gsum gyi 'khor lo mtshon byed grub pa las phyogs tsam brjod pa ni/_zhes gsungs pa ltar/_gcig tu rje btsun bla ma dmigs pa med pa'i thugs rje dang ldan pa rnams kyis brtse bas rjes su bzung ba'i bka' lung g.yas chung ras chod dang chud zos btang bar mi rigs shing*/_4ma 'ongs par nges don du 'gyur ba'i rten 'brel 'grigs par 'gyur bas rang spyod legs byas kyi cha ci yod bri ba la/_dang po lus rten 'di'i srid pa bzung ba'i yul ni/_ma hA b+ho Ta ste bod chen por grags pa'i sa yi cha la/_skor gsum/_ru bzhi/_khams gsum zhes ris su bcad pa ltar na smad khams/_mdo khams sgang drug tu grags pa ltar na rngu rdza ze mo'am zal mo sgang*/_gnam bskos stobs kyi 'khor los bsgyur ba jing gir gan gyis bod chol kha gsum du 'gro mgon chos 'phags rin po cher phul ba ltar na mdo stod mgo nag mi yi chol kha/_lha chen nor sbyin 'brog gnas jo bo sgyogs chen gdong ras legs par bdag gir bzung ba'i sa gzhi/_yul ljongs kyi mtha' gru ne'u gseng yangs par brdal ba la/_lung phran dag nas 'bab pa'i dag byed kyi bgrod pa du mas 'dab brgyad pad+ma'i lang tsho ltar bkra ba'i dbus su khang khyim du mas mdzes pa/_khor yug kun nas rmos legs zhing gi lo 'bras kyi spud pa'i mthar ri bo lhun stugs pa la nags tshal dang brag ri/_spang ri bkod legs pas yongs su bskor ba'i rtse mor dgun gyi rgyal mos srung ba'i dus su kha ba'i rdul gyi la thod dkar po bcings pas mu khyud ltar bskor ba/_mdo smad dal 'gro chen po bzhi yi ya gyal 'bri chu gser dang ldan pa'i chu klung nub nas shar du gzhol ba'i g.yas zur dar gyi lhab lhub brgya phrag brtsegs pa'i phyogs las rnam par rgyal ba'i rgyal mtshan bzhin brjid pa'i lhun po'i rtse mor brag ri nor bu me 'bar ba lta bu'i tog gis brgyan par gnas pa'i gzhi bdag yul skyong gnyan po 'bar lha rtse rgyal 'khor dang bcas pas bsten pa'i gsham nas rong khung dog por gser ldan rba rlabs 'bum phrag gi gar nam mkha'i dbyings su bsgyur bzhin shar lho nas lho nub tu gzhol ba'i g.yon zur/_de'u 'bur gyi rgyud ring po bkra shis gser nya 'khyug pa ltar 'ong ba'i mgul gyi phyogs/_nam mkha' dang g.yas g.yon gyi ri dang chu phran lam srang sogs kyi bkra shis rtags mchog brgyad kyi re khA gsal ba/_rong 'brog gi longs spyod kyi bgo skal phun sum tshogs pa dang*/_sman dang rtsi shing*/_rmos pa dang ma rmos pa'i 'bru dang 'bras bu'i rigs kyi dga' ston bzang po 'dzad med du 'jo ba'i sa yi thig le sga 'dan gnyis su 'bod pa'i 'dan yul te longs spyod ma tshang ba med pa'i dbyig gi gter dang ldan pas sam/_'bri chu gser ldan yul gyi dbus nas bgrod pas 'dan ma zhes grags la/_ru gnon gyi gtsug lag khang chen po tA re pad+mo ljongs kyi shar phyogs su dngos su bzhugs pa/_sangs rgyas gnyis pa brtul zhugs pad+ma rgyal po 'khor dang bcas pas zhabs kyis bcags pas mdo khams gnas chen nyer lnga'i bod chen po mdo khams la khams stod/_bar khams/_mdo smad de gsum po/_sa kha rgya che/_lung pa phu thag ring*/_mi sde'i rnam grangs mang*/_mi rigs dang skad rigs mi gcig_/cha lugs dang spyod yul mi 'dra ba'i sde shog tha dad/_la la thang ma ltar rgya che/_la la tshom bu ltar bkod legs/_gang yang dbyar kha'i me tog ltar sna tshogs su bkra ba'i tshul du yod pa las/_mdo khams yul gyi lte ba/_dgu gling sa yi mdud 'dzom/_sde dge byang chub sems dpa'i mnga' ris/_lho rong sde khang zhing chen gyi bdag po/_dpa' mdzangs ya rabs kyi rgyud las/_rgyal khrims kyi jus shes shing*/_spyod pa so zin pas gong rje'i mdun blon du 'os shing*/_sde rang thob kyi chus tshugs thub pa'i rdzong dpon nyi shu rtsa lnga/_byang 'brog sde shog chen bcu gnyis kyi bdag po/_gdung zhwa dkar can gyi bu rgyud/_mdzangs la blo brtan pa/_rje la snying nye zhing 'bangs la khrel gzhung che ba'i dpon khag sum cu so lnga/_\u0f88_skyes pa kho bo'i rus ni 'jam mgon mkhyen brtse'i dbang po'i gter lung du/_rigs ni smyos yin rus ni sga/_/zhes gsungs pa ltar/_gter klung dil mgo dang*/_a lo rong gi dil mgo_/'dan dil mgo gsum khyim so so yin kyang rus gcig par grags pa'i 'dan dil mgo_/pha ming bkra shis tshe ring grags/_mes po pha dam pa sde dge'i gnyer chen bkra shis tshe 'phel gyis ston pa'i skyes rabs dpag bsam 'khri shing gi thang ka bzhengs te grub pa dang skyes pas ming dpag bsam yang zer/_sde gnyer bkra shis tshe 'phel gyis bu 'di'i phur pa zhig yi dam dgos kyi/_mkhyen brtse rin po che'i zab gter snyan brgyud phur pa'i gnad tig gi dbang zhig zhu phyir song nas/_'jam mgon kong sprul rin po che la ched du gsol ba btab ste yod skabs thams cad mkhyen gzigs mkhyen brtse'i dbang po sku mtshams bcad rgyar bzhugs pa'i skabs yin kyang de nyin glo bur du shog gsungs pa phyin ma thag snyan brgyud phur pa'i gnad tig gi dbang lung khrid dang bcas pa rgyas par bstsal/_de rjes su khyed nas da phyin chad ri dwags ma gshor/_chos ldan gyi bus rigs ngan gyi las ka ma byed gsungs/_rgyal dbang karma pa mkha' khyab rdo rje las skyabs gsum 'dzin pa'i dge bsnyen gyi sdom pa zhus gsungs te phyir bslebs pa dang*/_'jam mgon kong sprul rin po che yis kyang kho bos ched du bsgrubs zin pas tshar gcig 'don gsungs te snyan brgyud phur pa'i gnad tig gi smin grol cha tshang lan gcig thob pa'i skal pa bzang por gyur te bsnyen 'brel kyang bzhag_/mi pham 'jam pa'i dbyangs las kyang bla phur dbyer med kyi khrid zhus te zin bris bcas bstsal nas gsol 'debs le'u bdun ma'i bskal pa me ltar 'bar ba'i gsol 'debs tshig rkang drug ma 'bum phrag bsags/_rgyal dbang mkha' khyab rdo rje las skyabs gsum 'dzin pa'i dge bsnyen zhus pa'i ming karma nor bu rig 'dzin tshe dbang zhes gnang ba dang*/_rgyal sras gzhan phan mtha' yas kyi dbon o rgyan bstan 'dzin nor bu sogs mkhas grub kun gyis thugs brtse chen pos bskyangs pa dang*/_kho rang gi ngag nas thugs rje chen po sdug bsngal rang grol gyi sgo nas yig drug dung phyur/_sgrol ma 'bum bton pa dang*/_lo rtag par sgrol ma 'bum du ma bsags pa dang*/_mchod me 'bum phrag kha shas phul ba dang*/_ban chen dgon dang sa dkar dgon du dbyar gnas kyi rten rtsa phul ba sogs chos srid gnyis ka'i yon tan mi dman pa dang*/_ma rgan yang 'jam mgon rnam gnyis/_mi pham 'jam pa'i dbyangs/_mkhan chen bkra shis 'od zer sogs mjal zhing dbang chos mang du thob/_bla ma las dbang zhus zin nas de yi bka' gang bstsal ma sgrub pa med cing*/_gshe skur zhu ma myong*/_dag snang dang gtong phod sogs rnam dkar gyis rgyud phyug pa ya rabs kyi grags pa thon pa'i khur blangs/_kho bo'i pha rgan la mi pham 'jam dpal dbyangs kyi bka' las/_phran ban rgan nad pa 'chi la khad la khang pa mi dgos kyang khyed kyi 'dug gnas/_rgyab ri der sgrub khang zhig rgyob dang*/_chos rgyal sde dge'i rgyal srid la phan/_phran sde dge'i mnga' ris las thag ring du ma 'gro zhes chos rgyal sde dge'i lha sras kyis gsungs zhes byung*/_phyi yi sa dpyad shar nas bltas na ri bo rus sbal gan rkyal gyi gzugs dbyibs shin tu gsal ba'i snying gar kun gzigs mi pham chos rje'i gzims spyil bkra shis dpal 'bar gling phra btab pa lta bu/_de dang mi ring bar shug pa'i sdong po chen po zhig skyes pa 'jam mgon bla mas byang chub ljon shing yin ces gsungs/_rus sbal mgo nub tu bstan pa la me ri/_g.yas phyogs su shing ri/_g.yon du lcags ri/_mjug mar chu ri'i sa yi dpyad mdzes pa/_shar phyogs yangs shing nyi zla 'char snga/_nub phyi ba/_nam mkhar 'khor lo rtse mang zhing yangs pa sogs sa dpyad bzang dgu thams cad tshang ba/_nang gi dpyad la/_byang phyogs shaM b+ha la'i bkod pa yongs su rdzogs pa dbus ri ka lA pa'i pho brang*/_de'i phyogs mtshams kyi thang thams cad chu yis pad+ma'i 'dab ma ltar bcad pa'i dbus su grong khyer gyi tshom bu bkod pa/_dgun dus kha ba dang ldan pa'i ris lcags ri ltar bskor ba der dang po'i sangs rgyas mi pham 'gyur med mi bskyod rdo rjes dpal dus kyi 'khor lo bsdus pa'i rgyud kyi 'grel chen rdo rje nyi ma'i snang ba'i thog ma'i chos kyi 'khor lo bskor zhing*/_ri zhol du dil mgo zhes pa'i khyim der rab byung bco lnga pa'i thun mong zhes pa lcags khyi nag zla'i dus chen nas dpal dus kyi 'khor lo'i rdo rje'i rgyud kyi 'grel chen gyi bshad khrid legs par grub pa'i gtang rag gi tshogs kyi 'khor lo grub pa'i zla ba gro bzhin 'grub pa'i sbyor ba dang ldan pa'i tshes 3la skyes par kun gzigs bla ma mi pham rin po ches phyag bris gnang 'dug_/ming bkra shis dpal 'byor zhes pa dang*/_skyes ma thag ma yi 'o ma ma 'thung gong 'jam dpal ril bu'i khu ba lce la zhog ces bka' bstsal/_de nas bzung dgongs pa rdzogs kyi bar 'jam dpal ril bu dang*/_chos sman nyin re bzhin 'thung rgyu yod pa bstsal zhing*/_skyes nas ring po ma lon par sku mdun du son pa na khrus glud tshe 'gugs bcas mdzad cing*/_rgya gar nas khye'u la btsas ston sprad srol yod pa de yin gsungs te bzang gos rgyas mdog kha gru/_bum pa bcud ldan bcas bstsal/_skra ring por skyes pa zhig yin pas pha rgan nas skra ring po 'dis mig la skyon byed kyi 'dug pas bcad na rung ngam zhus pas/_rgya nag gi khye'u thams cad 'phags pa 'jam dpal gyi dbu skra bzhin zur phud lnga bcings srol yod pas de ltar gyis/_skra ma bregs zhes gsungs/_grib rkyen lta bu'i zas cung zos pas brnang ba zhig yod pa/_rje nyid kyi bzhes lhag la a ra pa tsa gsungs nas zhal sngags gnang ste yang yang bstsal ba dang*/_zla ba re re bzhin spyan sngar phyin pas a ra pa tsa'i gzungs gsung bzhin zhal sngags gnang ba dang*/_sri'u gso ba'i thabs 'khor lo rje nyid kyi phyag bris dang*/_dpal ldan lha mo'i sngags ma yis bzla rgyu bstsal ba dang*/_byis pa'i kha sman blon po sum sbyor rang lo lnga drug steng sleb dus kyang btung rgyu yod pa gnang*/_sku gshegs khar thugs dam rten 'jam dpal ye shes sems dpa'i skus rdo rje gsum gyi byin rlabs ched du bstsal ba dang*/_ngos pha ma spun dang bcas pa byang chub snying po'i bar du rjes su 'dzin pa'i zhal bzhes dang smon lam gnang ba sogs tshad med pa'i bka' drin chen pos bzung ba'i mthus/_pha rgan ma grong ba'i sngon tsam du rmi lam la kho rang mun pa 'khrigs sa zhig tu mar 'gro grab byas pa/_sbug der 'jam mgon bla ma mi pham rin po che bzhugs 'dug pas der ma 'gro 'dir shog gsungs byung bas sku'i 'khris su phyin pa rmis zer ba dang*/_rang yang da lta chos 'chad nyan la blo mig phra mo thob pa de rje 'jam dbyangs bla ma'i bka' drin gyi snang ba yin pa'i nges shes rnyed pa ni rgyal sras zhi ba lhas/_gang gi drin gyis dge blo 'byung*/_'jam pa'i dbyangs la phyag 'tshal lo/_/gang gi drin gyis bdag dar ba/_/dge ba'i bshes la'ang bdag phyag 'tshal/_/zhes gsungs pa bzhin 'jam dpal dbyangs mi yi sha tshugs can skyes ma thag zhal mjal/_ched du ma bcol bar thugs rjes bzung ba ni kho bo'i rnam thar gyi snying po lta bu'o/__/skabs der 'jam mgon sa skya pa'i bstan pa'i shing rta chen po gsang chen rgyud sde rgya mtsho'i bka' yi bsdu ba po rdo rje 'chang 'jam dbyangs blo gter dbang po'i zhabs sor rang khyim du bkod pa dang*/_nga ma yi pang du bzung nas zhal mjal ba shin tu thugs dgyes tshul gyis rje nyid kyi rigs bdag thams cad mkhyen gzigs many+dzu'i zhabs kyi phyag mdud/_rje de'i phyag phreng*/_nyid kyi thugs dam gsung ba'i phyag phreng rdog gcig mgul dar nang mdzod srid du ring ba gcig bcas bstsal/_lag ris gzigs te rang gi pha la 'di mkhyen brtse rin po che'i sprul pa'i sku zhig yin pas khong la phul dgos zhes bka' nan snga phyi du mar nan tan gnang ba la brten/_pha rgan nas mi pham rin po cher bka' bslab zhus pas sprul sku'i ming btags khri bkod ma byas na legs/_khyod rang gi bu sngon ma de yang rgyal sras gzhan phan mtha' yas kyi dbon po o rgyan bstan 'dzin nor bu'i sprul skur mnga' gsol ched dkor mang po bsdus te skad grags mang po byas pas sprul sku'i tshe'i bar chad byas pa red/_rjes nas kho rang bsam mno 'khor dus gang mos pa de byed du bcug ces bka' bstsal bas btang snyoms su song*/_'jam dbyangs blo gter dbang pos phran dil mgo'i khyim du phebs pa'i snga nub nas brtsams zhag gsum ring kho bo'i bla ma mkhyen brtse'i dbang po de shin tu thugs dgyes nyams kyis yang yang mjal ba rmis pa'i mthar dil mgo tshang bu chung de nga rtsar khur byung ba rdzong sar mkhyen sprul rin po che chos kyi blo gros zhal snga nas mkhyen brtse'i sprul sku khyad 'phags shig phran la ngos 'dzin dgos gsungs pa de la thag bcad rgyu yin zhes rje nyid kyi drung yig dbon stod mkhan chen 'jam dbyangs mkhyen rab mtha' yas la bka' bstsal zhes rje bla ma 'jam pa'i dbyangs d+harma ma ti'i zhal las thos/_rang gi gcen sangs rgyas mnyan pa mchog sprul gyi yongs 'dzin 'jam mgon kong sprul rin po che'i dngos slob 'brong pa bla ma bstan 'dzin chos rgyal rang khyim der bzhugs bzhin pas chos rgyal rat+na gling pa'i tshe sgrub gsang ba 'dus pa'i sgrub mchod zhag bdun phrag gsungs nas don dbang zhig bdag cag pha ma bcas la bka' drin thob 'dug pa lus rten 'di'i dbang gi dang po yin pas dil mgo'i mi rigs gzhan las tshe ring tsam 'tsho ba 'di thog ma'i rten 'brel bzang po las byung ba min nam snyam/_chu byi sa ga zla ba'i tshes nyer dgu la kun gzigs mi pham 'jam pa'i dbyangs gzugs sku'i bkod pa bsdu skabs zhe chen rgyal tshab rin po che byon pa rang gi khyim du gdan 'dren zhus skabs rang gi pha rgan la khyod rang gi bu 'di nga la ster dgos/_zhe chen gyi bstan pa la phan thog pa zhig 'ong 'dug gsungs pas/_deng sang sprul sku phal cher dkor sdud kyi phyag sgo las mi 'dug_/de 'dra ma yin par thos bsam sgom pas bstan pa la zhabs tog 'byor nges yin na phul chog zhus/_pha rgan nas bu sprul sku yin pa'i rgyu mtshan gang lags zhus pas/_phran tshang khyim nang gi mchod khang der dge mang dbon po o rgyan bstan 'dzin nor bu'i bca' sgrub mdzad pa'i tshe ring ma'i sku gsob cig yod pa de mnal lam du tshe ring ma dngos su gyur nas bu 'di khyod kyi bdag po sprod dang khyod kyi bstan pa la phan thog pa zhig 'byung zhes zhus byung gsungs/_de skabs zhe chen grwa pa rgan pa kun gyis rab 'byams rin po che'i sprul sku yin skad kyang bsgrags/_rab 'byams rin po che bde chen rgyal po dgongs pa rdzogs pa'i zhag gsum steng*/_rgyal tshab rin po che ye shes sgyu ma'i skus rjes su bzung tshul gyi tshigs bcad zhig yod pa'i gsham der/_gcig gsum gnyis kyi dang po gyis/_zhes pa zhig 'dug pa rab 'byams rin po che la sprul sku gsum byon pa'i lcags khyi lo pa khyed rang red/_lcags phag dgung ldan gnyis pa de mgu log tu 'khrungs rgyu de red pas gdan sa la khrir bkod mnga' gsol ba gnyis pa de dgos pa red ces zhe chen kong sprul rin po ches bka' bstsal/_skyabs rje rab 'byams gong ma dang rgyal tshab rin po che'i dngos slob byang phyogs sgo me deng skya ka bcu kun bzang snyan grags rgya mtshos rab 'byams rin po che'i sprul sku gcig ngos 'dzin gnang ba mkhas btsun bzang po'i yon tan mnga' zhing 'og min o rgyan smin grol gling du grwa sar lo gsum bzhugs shing*/_sku tshe'i smad du zhe chen du phebs nas bzhugs pa zhig kyang byung*/_lo drug lon skabs byang rdza rgyal dgon 'jigs med rgyal ba'i myu gu'i mchog sprul kun bzang bde chen rdo rje'i drung du tshe dbang zhig zhus pa dbang bshad skabs rje nyid la dag snang zangs mdog dpal rir phebs nas srin rgyal rak+sha thod phreng rtsal dbu gsum phyag drug can zhig mjal tshul gsungs/_tshe dbang grub pa dang lo rjes mar dbus gtsang du gnas bskor 'gro rgyu yin pas bza' tshang thams cad la skyabs 'jug zhus pas/_bu chung rgya rdog pa 'di ni nged gnyis tshe rabs mang por mi 'bral bar skye ba blangs pas mi brjed/_nged gnyis skye ba 'di'i snga mar chu zhig gi 'gram du sbal pa zhig 'dug pa bzung*/_dpyid mu ge tshes dus sbal kha bye/_/ston 'bru drug tshes dus sbal kha rub/_/zer dar dus nged gnyis nas sbal pa kha rub 'dug pa thur ma zhig gis phyes pa dran sogs gsungs te/_gsol dkar sngo khra chung chung zhig mngar gsum gyis bkang nas gnang ste thugs brtse chen pos bskyangs/_dge mang dbon o rgyan bstan 'dzin nor bu la yang mtshams sprul rin po ches de ltar gsungs par grags/_dbus gtsang du gnas skor 'gro khar mkhas grub 'jam dbyangs grags pa'i mdun nas tshe dbang dang lam rim ye shes snying po'i lung bka' drin du thob/_kI lung dgon du rgyal sras sems dpa' chen po rdza mu ra 'jigs med pad+ma bde chen bzang po las bar do'i drug khrid/_rig 'dus dang sbrel ba'i rig pa rtsal dbang*/_ye shes bla ma'i smin khrid rnams pha rgan nas dbyar chos zhus song ba dang chabs cig chos sgo bka' dog po yod kyang phran sprul sku yin pa'i dag snang gi gzigs pas bka' drin thob/_rang lo bdun me 'brug la dbus gtsang gnas skor la 'ong ba'i lam khar byang stag lung du phyin nas ma sprul rin po che mjal kha gnang ba'i gral du phyin pas kho bo'i mgo la thal lcag sku shugs phyung ste lan gsum zhus/_phyir nang phran tshang skor gzims chung sbug mjal skabs pha rgan gyi mtshon srung gral khye yo rig 'dzin chen po las rab rtsal gyis rlung 'tshubs shig gi nang nas gter bzhes pa'i phur pa zhig yod pa phyag gis bsgril mthar bu 'di'i bsrung ba dgos 'dug gsungs te phran la gnang*/_pha la bu 'di khyim pa rab byung gang byed kyi yin gsungs pas khyim bzung mkhan yin zhus song bas/_bzhad mo chen po gnang ste 'dis khyim ga 'dra bzung ba blta a/_lo nyi shu nas thag chod 'ong gsungs/_phran la lha sa nas sib bu'i nad kyis ma shi tsam byung ba ma rin po che'i phyag gi thal lcag des tshe gegs bsal ba yin nam snyam/_gtsang paN chen chos kyi nyi ma dang*/_sa skya bdag chen phun tshogs pho brang pa 'dzam gling che rgu dbang sdud las tshe dbang dang*/_sgrol ma pho brang pa bdag chen phrin las rin chen rje btsun ma/_mtshur phu nas rgyal dbang bco lnga pa/_smin gling khri chen yab sras rnams dang zhal mjal thob/_mtshur phu'i dgu gtor yang mjal/_de skabs sib bu'i nad kyis 'chi la nye ba'i skabs/_mchog gling gter sras mchog sprul 'gyur med tshe dbang bstan 'phel gyis srog bslu lo grangs shig bslus gsungs/_thugs sgrub bar chad kun sel gyi tshogs brgya nyin kha shas gsungs/_mchog gling gter byon sku tshab rin po ches byin rlabs yang yang mdzad pas nad las grol/_pha ma spun sring dang mnyam du dbus gtsang lho gsum gyi gnas rten dang chos 'khor rnam gsum zhib mjal mchod 'bul bcas zhib rgyas byung yang lo chung ba'i stabs kyis byis pas lha khang mthong ba la dgos pa cher med snyam/_tshogs mchod smon lam chen po rnams kyang mjal/_ngor e waM chos sder phyin pas khang sar mkhan rin po ches phran khong la phul dgos zhabs drung du 'jog pa yin gsungs/_phyis su khams su phebs skabs kyang de bzhin gsungs pa pha rgan nas khyed kyis de ltar nan tan gsungs pa'i rgyu mtshan gang yin zhus song ba/_ngor gyi dge 'dun gyis ser phreng rgyas pa zhig mdzad 'dug pa'i mthar phru gu zhig gdan byung ba su yin na dgongs pas phyir nyin phran mdun du byung bas ser phreng gis bsu rgyu de red 'dug pas skyes chen dam pa'i sprul sku zhig yin nges snyam pa byung gsungs/_rang gi a khu dpal yul karma yang srid o rgyan mdo sngags chos kyi nyi ma rang gi khyim der phebs nas rgyun ring po bzhugs/_'di phyir phan pa'i dbang khrid zhabs brtan rgya cher gnang nas gdan sar phyir phebs skabs g.yab dar de rang gi khyim du lus song ba de tshur len mi dgos da dung ban rgan lan gcig sleb pa'i rten 'brel yin zhes mchod dpon rgyal rong grwa dge legs la gsungs pa sku gshegs pa'i phyi lor kho bo skyes pa kaHthog si tu paN+Di tas de ni dpal yul sku chen gyi sprul sku yin par phebs gsungs pas mchod dpon dge legs dbus gtsang du phebs skabs nga a ma'i pang du yod par kho rang gi 'khar gsil dang lhung bzed phul nas bzhag 'dug_/dge mang dbon o rgyan bstan 'dzin nor bu sku gshegs khar rang gi pha la zangs kyi mchod chas cha tshang zhig bzo dgos bka' phebs pa ltar bsgrubs nas phul zhing*/_sku chas skor slob ma so sor bgo bsha' byas te gnang skabs/_pha rgan la rgyal sras gzhan phan mtha' yas mgul phur/_phud kong bcas bstsal ba dang*/_a 'dzom 'brug pa rin po che sna tshogs rang grol gyis dge mang dbon bstan 'dzin nor bu'i sprul sku yin zhes dge mang mkhan yon tan rgya mtsho la phyag bris ched du bstsal/_'phags rnams dgyes pa'i thugs bskyed smon lam tshan/_/'phos na dam pa'i yon tan gsal dgos kyang*/_/bdag rgyud las nyon rdo yi gong bu 'di/_/khur du lci bas bshad kyang gdong pa skyengs/_/sa dkar dgon gyi 'dus sde la mi pham rin po che'i nye gnas bla ma 'od gsal rin po ches 'jam dpal mtshan brjod dang*/_mkhyen brtse rin po che'i sngon 'gro'i khrid dang*/_mnyan pa rin po che karma bshad sgrub bstan pa'i nyi mas jo lugs dus 'khor gyi dbang chen gnang ba rnams thob/_'di skor zhig tu mi pham 'jam pa'i dbyangs kyi nye gnas bla ma rin po che shes rab 'od gsal gyis skar 'dzin gnang ste sde dge rgan karma chos 'dzin zhes pas klog bslab pas dka' ngal med pa yig rigs dkar nag gnyis ka legs par shes/_pha rgan chos rgyal sde dge'i drung yig yin pas yi ge 'bri rgyu yang bslab brtson byas/_'jam mgon bla ma rnam gnyis kyi thugs sras mkhas grub 'jam dbyangs grags pa'i mdun/_gcen bshad sgrub dang lhan du rata gling phur pa'i dbang lung bka' drin thob/_sa lug rang lo dgu pa'i steng dbyar a 'dzom 'brug pa rin po che mjal/_phran la bar chad chen po 'dug pas skra bcad nas khong phyag dron po yin pas dge bsnyen zhig gnang*/_tshe dbang zhig dang bla bslu tshad ldan zhig dgos 'dug gsungs nas tshe sgrub bdud rtsi bum bcud kyi dbang mdzad/_tshe mda' 'di la tshad cig ston gsungs pa tshe pra brtags dgos gsungs te phran nas mda' tshad de phyag gis 'then nas gnang byung bas sor lnga thung du song*/_dgongs pa tshoms te mchod dpon sras 'gyur med rdo rje la bka' bkyon dang bcas te slar dgongs pas gzir te tshe 'gugs tshar gcig gsungs mda' 'then nas gnang ba sor lnga ring du song*/_bla lug la lta stangs mdzad pas rang bzhin gyis bskor bas kyang kha rang phyogs su legs par bskor song bas da rkyen chags chen po 'dug kyang dmu gab mi 'dug pas ma skyon tsam 'ong gsungs/_dge bsnyen zhig gnang skra phud bzhes ming o rgyan bskyabs zhes gnang ste gu ru rin po che la skyabs bcol ba yin gsungs/_pha rgan dang gcen bshad sgrub gnyis la klong chen snying thig gi sngon 'gro kun gzigs mkhyen brtse'i khrid bsdus dang sbyar ba'i smin khrid zhib rgyas su bstsal/_kho bo la 'jam mgon mkhyen brtse rin po che las klong snying gi smin grol yongs rdzogs gsan pa dang kun mkhyen yab sras kyi ye shes skus rjes su bzung bas nye brgyud thun mong ma yin pa yod tshul bka' 'phros su bstsal/_zhe chen du phyin nas rgyal tshab rdo rje 'chang gi gser zhal mjal/_lce btsun chen po bi ma la'i zab tig gi smin grol lung bcas gcen bshad sgrub la bstsal bar lhan cig bka' drin thob/_rje bla ma mi pham 'jam pa'i dbyangs kyi gdung rten thugs dam 'jam dpal ye shes sems dpa'i mdun smon lam zab rgyas dang*/_de'i sku las bab pa'i bdud rtsi ril bu bcas bstsal/_de nas ru dam rdzogs chen dgon gyi yang dben tshe ring ljongs su phyin nas mkhan chen byang chub sems dpa' chen po 'jigs med pad+ma blo gsal lam dkon mchog grags pa las/_gcen bshad sgrub bstan 'dzin gyis ring nas gsol ba btab pa bzhin snga 'gyur bka' ma sgyu 'phrul zhi khro'i dbang chen dang*/_rdzogs pa chen po klong chen snying thig gi rtsa pod gnyis kyi dbang thob/_rig 'dzin 'dus pa dbang rgyas pa rdo grub gsung*/_tshe dbang*/_yum bka'i tshe dbang*/_seng gdong*/_dpal chen/_khrag 'thung rigs bzhi/_zhi khro ngan song sbyong ba/_sdug bsngal rang grol la nyi grags kyi sangs rgyas stong dbang dang bcas pa/_yang gsang bla sgrub/_ye shes bla ma'i smin khrid rig pa'i rtsal dbang*/_ma mgon dang tshe ring ma'i srog gtad bcas zhib par bstsal/_phran la mkhan rin po ches thugs brtse chen pos nyin re bzhin kha mngar gyi skyes bstsal/_lung rnams rdzogs chen mkhan thub bstan snyan grags las zhus/_rgyal sras gzhan phan mtha' yas mchog sprul gzhan phan chos kyi snang ba'i mdun nas tshe mdo'i ljags lung thob/_mkhan rin po che gzhan dga' shrI seng bshad grwa'i mkhan por bzhugs pa dang mjal bas g.yang Ti'i bzhes dkar bcud ldan bstsal/_de skabs rang gi khyim la'ang byi ba mang po gcig gi mjug tu gcig mthud pa thag pa ltar sbrel nas 'ong ba sogs than ltas kha shas byung ba a 'dzom 'brug pa rin po che'i dbus lha bla'i dgongs brtags rtsub pa ltar/_dgun thog der dgong mo thab chen khar shing phye skam po'i me zhags 'phen stangs kyi rtsed mo'i rkyen byas/_mi mang las byed la ster rgyu'i rtsam thug tsha mo'i nang lhung ste brla g.yas pa thams cad chu bur gyis gang ba la zug mi bzad pas mnar ba la 'jam mgon rnam gnyis/_dpal sprul/_mi pham rin po che/_dbon bstan 'dzin nor bu rnams kyi dngos slob/_ma Ni dang a ra pa tsa dung phyur sogs bzlas brjod phul du phyin cing*/_mkhas btsun bzang po'i yon tan mchog tu mnga' zhing nad brgya sngags gcig gi rigs thams cad 'bum phrag kha shas gsungs pa'i bla ma rig 'dzin theg mchog srod la gdan drangs nas sngags chu thengs kha shas btab pas na zug gi dbal chag_/rje bla ma mi pham rin po che'i thugs zin rim gro ba bla ma rin po che chos dbyings 'od gsal nas snang srid 'khrugs pa yo bcos kyi mdos dang 'chi bslu mdzad/_dge mang dbon bstan 'dzin nor bu'i slob ma kun dga' dpal ldan gdan zhus te tshangs spyod dge bsnyen bstsal/_tshe sgrub zla ba gcig tu mdzad/_spyir rang nyid bsam 'go zin nas rab byung la dga' ba zhig yin pas pha rgan nas khyed rang sems la da res rkyen ngan 'di la zhabs brtan gang byas na phan bsam gyi 'dug_/khyod ma shi tsam byung na zhabs brtan gang dgos sgrub nges zer ba dang*/_grwa ba gyis gzan sham gyon na phan 'ong smras pas/_de bzhin bgyid par khas blangs/_sems dga' drags nas phran la chos gos zhig bskon/_mgo sngas 'dir DA dril zhig zhog_/sang nyin nam langs pa dang bla ma rin po che chos dbyings 'od gsal nas skra 'breg dgos zer ba ltar byas/_ma rgan nas do nub grongs ba min nam snyam pa'i dogs pa skyes nas ngus skad zer/_zla ba drug gi bar nyal sar lhung nas glo g.yon pa kho na sa la phab pas dpyi khag rmar song ba sogs byung*/_dge 'dun gyi sde so sor bsnyen bkur/_srog bslu khri phrag_/sku zhabs dge mang dang mkhan rin po che blo gsal rnams kyi mdun ched mngags kyi tshe sgrub/_khyad par gcen sangs rgyas mnyan pa rin po che lo gsum bcad rgyar bzhugs yod pas jo lugs sgrol dkar gyi ljags bsnyen phran la ched du mdzad pa'i mnal lam du nam mkha' shin tu dwangs par ri dwags sha ra b+ha zhig gnas/_mdun du 'od dkar po zhig gi nang me tog ut+pa la dkar po lo 'dab rgyas pa/_ri dwags kyi mjug ma'i phyogs su sprin dkar po'i g.yung drung g.yas bskor yod pa zhig gsal bar gzigs pa phyag gi ri mo tshon ldan bkod pa dang*/_bum chu/_tshe rdzas bcas gnang nas da res gcung tshe gegs las grol ba yod ces phyag bris bstsal/_nad las grol du nye ba dang mkhan gzhan dga' rin po che khyim du phebs pa dang mjal/_sprul sku'i snyun gzhi 'di rkyen ngan dge ba'i bskul ma zhes pa de red/_mdo mkhyen brtses rdo grub chen gyi gsang mtshan gsungs te nga bla ma de'i mdun du 'gro dgos/_bla ma de'i rtsar ma sleb na pha yul du 'gro gi yin zhes pha ma la gsungs pa red/_pha yul ni zangs mdog dpal rir gsungs pa red/_de bzhin sprul sku rab tu byung 'dug pa shin tu legs/_phran skye dgu don grub gling du ngor dpon slob blo gter dbang po'i bka' bzhin bshad gra btsugs par 'gro gi yod/_de phyogs su phebs na gzhung bshad thams cad ngas phul chog_/mdo mkhyen brtse ye shes rdo rje sku chung dus 'bri gung du bzhugs skabs bka' srung drang srong khyab 'jug chen po dngos su 'ongs nas dpe cha bslab dgos par zhus pa bzhin bstan 'dzin skyes bu zhig yin phan chad thos bsam rgya chen zhig nges par dgos yang yang gsungs pas nad las grol ba dang*/_kun gzigs mi pham rin po che'i gzim spyil bkra shis dpal 'bar gling du gcen bshad sgrub dang lhan du tshe sgrub gsang 'dus yang gsang gud sbas kyi mtshams bdun phrag lhag tsam bsdad/_de grol nas dge ba'i bshes gnyen gnyis pa gcen bshad sgrub bstan 'dzin dang lhan cig skye dgu don grub gling du phyin/_mkhas btsun bzang po'i yon tan mtshungs zla ma mchis pa gzhan phan chos kyi snang ba'i mdun du phyin/_thugs brtse tshad med pas rjes su bzung ste byang chub sems dpa'i spyod pa la 'jug pa'i gzhung bzang yid bzhin nor bu thos bsam byed pa'i skal bzang thob/_thog mar spyod 'jug dbu nas bslab dus ga 'dra shes kyi 'dug ltos zhes slob ma thengs gsum tsam btang*/_phyir nyin rgyugs phul bas shin tu mnyes tshor chen po mdzad/_dpal sprul rin po ches spyod 'jug gzigs dus nyin rer sho lo ka re re las mang po gzigs ma bra ba red pas ngas kyang nyin rer shog bu re re las mi gsung pa yin gsungs pa rang gis kyang nyin re gsungs pa de rtsa 'grel byas te bshad pa tshar brgya re dge rgan nas byed bcol ba/_nyin gung chu tshod gcig tsam du rtsed mo byed chog gi yod pa des yin nam sems sun pa sogs gtan nas ma byung*/_klog legs po yod pas mkhan rin po cher nyin re bzhin rgyugs 'bul zhu dgos kyang rgyugs mi 'phrod pa gcig kyang ma byung*/_lug lo'i sa ga zla ba'i tshes 15la yin snyam skye dgu'i bshad grwa'i jo bo'i mdun nas mkhan rin po che'i dbus dge 'dun lnga tshogs kyis dge tshul gyi sdom pa rang dang*/_grogs mched sga pa thar lam dgon gyi grwa chung byams pa rin chen zhes pa la gnang*/_rang la gos chen g.yung lag gi chos gos zhig gnang*/_ming 'jigs med rab gsal zla ba mkhyen rab bstan pa dar rgyas zhes bstsal/_shes rab che bas dpe cha shin tu mkhas pa 'ong nges zhes mkhan rin po ches dngos dang brgyud nas dril snyan par bsgrags mdzad kyang da lta dpyad dus tshig byang ba tsam las lo chung bas go ba legs po lon mi 'dug_/phran snga ma lus mes tshig pa yar sos kyang chu ser gyis za 'phrug rtag par ldang gi 'dug pas de la phan pa'i chu tshan kyang yod/_rgya ma rdo thi gangs dkar gu ru rin po che'i byin gyis brlabs pa'i gnas khyad par can red pas spyod 'jug mtha' de mdun rdzogs par byas na legs gsungs te gnas mdun du phebs nas mthar bton/_'di skabs shig ban chen 'brong pa bla ma tshe dbang rgyal mtshan phran la shin tu brtse bas khyod rang bla ma zhig byung na bsam pa'i re ba yod pas da rab tu byung ba legs po red 'dug gsungs nas lcags kyi rgya lhung chung ngu spus legs shig shub bcas ster byung bas dga' spro chen po skyes/_bla ma bstan 'dzin chos rgyal mdun bcar bas rgun 'brum shel dam gang gnang*/_da bla ma red 'dug gsungs/_dgun rang khyim du 'byor 'phral a ma la spyod 'jug le bzhi ma zhig shod gsungs pa ltar bton/_'dan sa dkar dgon sa skya'i zhu chen lo tsA tshul khrims rin chen gyi gdan sa bsam 'grub gling du gtan chags nas lo brgyad nas spyod 'jug bshad pa yin zhes bsgrag chog gsungs/_dpal spungs kyi grwa ba thugs nyams chung ba yon tan che ba karma tshul khrims zhes pa rang dang mnyam du dpe cha skyor dpon btang mdzad byung bas zhib khrid gnang song bas byang chub sems kyi phan yon bstan pa'i le'u mtshan dang don mthun pa los yin snyam pa'i nges shes skyes pa sogs sngar las go ba cung zad bzang du song*/_spyod 'jug sher le'u dka' gnad ces rgyas bshad lta bu'i rgyugs phul bas karma tshul khrims khyed nas sprul sku 'di la dpe cha legs par bslab 'dug pas nga la gser nor gyi the shed tsam phul ba las dga' zhes mnyes tshul mdzad/_de skabs zhig rang mchod khang du zangs mdog dpal ri'i zhing bkod cig yod pa de yang yang mjal bas dran sos ltar gyur nas rang gi rtsed grogs phru gu zhig la do dgong zangs mdog dpal rir 'gro gi yin byas/_nyal khar zhing khams yid la byas min ma dran kyang rmi lam du zangs mdog dpal ri red zer ba'i khang bzang zhig tu sleb/_gu ru dang mi pham rin po che lam tsam mjal/_mi pham gyi bzhugs khri'i 'og der khri gdan grum stong pa zhig 'dug pa der sdod gsungs pas bsdad ma thag khyed kyi yi dam 'di yin gsungs te gshin rje tshe bdag gi gser sku sor lnga tsam gnang ba rang gi mdun lcog steng bzhag pa zhig dran byung*/_de skabs dag yig dang sum rtags mi shes kyang spyod 'jug bltas nas gnas tshul yi ge btang dus brda ma dag pa med pa sogs byung 'dug ces gcen mnyan pa rin po ches gsungs/_sprel lor slar skye dgur phyin nas mkhan rin po ches dbu ma 'jug pa'i bshad khrid slob ma dge 'dun sum brgya lhag tsam la gnang ba dang mnyam du zhus/_rang gcig pus nyin re bzhin rgyugs phul/_slob ma mang po'i gral du rgyugs 'bul thengs gsum tsam phul bas mkhan chen mchog gis legs so dang*/_chos grogs gzhan rnams ha las pa'i tshul byung*/_de nyid dge rgan karma tshul khrims kyis rgyas 'grel gnang ba/_gcen bshad sgrub nas mchan btab pa legs po bton pa las rang stobs kyis rgyas 'brel nus pa dang go ba gting phyin pa gtan nas med/_gcen bshad sgrub kyis dpal sprul rin po che'i slob ma rnams kyis dang po gzhung rtsa ba 'bru mnan ste go ba len 'bru 'grel byed/_dpe cha las dang po rnams nas 'grel ba'i rgyas bshad bltas na go ba 'thor 'gro/_sa bcad blo la zin pas spyi don khong du chud par byas/_de nas 'grel pa bltas na slob gnyer go chod pa 'ong*/_deng sang sa bcad med pa'i mchan 'grel 'di mang drags go ba legs po 'ong mi 'dug pas dpe cha sbyang brtson snga ma bzhin gal che ba'i bslab ston gyis shin tu phan pa byung*/_dbu ma 'jug pa'i 'grel mchan phyag dpe gnyis gnang thabs pha rgan nas dpal spungs byams mgon si tu rin po che pad+ma dbang mchog mdun zhu yig phul bas phyag dpe spus dag cha gnyis gsol bstsal byung*/_rgya nag ma Ni thugs chen yi ge drug pa'i rdo phung mthong grol ri lta bu'i che legs zhig yod pa mkhan chen gzhan dga' rin po che phebs nas rang yang phyin cing mdo sde za ma tog gi bshad lung kyang thob/_bar lam zhig tu mkhan chen gzhan dga' rin po ches thub dbang gi sku rgya gar shar li/_dbon o rgyan bstan 'dzin nor bu'i phyag dpe rdzogs chen sems nyid ngal gso'i don khrid dang*/_klong chen snying thig gi bskyed rdzogs rdzogs chen gcod dang bcas pa'i khrid dpe dang*/_kun mkhyen bla ma'i gsung mgur skor dbon rin po che rang gi phyag bris mang tsam bcas bris pa pod gcig_/gzhung chen rnams kyi sa bcad bris ma pod gcig_/ngor shar chen mi 'gyur rgyal mtshan gyi phyag dril rdzong sar mkhyen brtse rin po ches khong la gnang ba yin zhes rgya dril spus legs/_ba so'i DA ru gser gyi sked dkris can bcas gsang rgya lta bus gnang*/_dgun phyogs sde dge khro zil khrom gyi mdun rgya bo phu zhes pa sde dge rgyal po'i sku mched thang rgyal gyi slob ma grub chen kun dga' rgyal mtshan gyi sgrub gnas su da ni mi tsher 'dir rang gcig pu mtshams la 'dug rgyu'i dam bca' yin kyang*/_sprul sku 'di la dpe cha ngas mthar ma bton na mi rungs pas zla ba dang po'i tshe dbon rin po che'i dus chen gyi steng bslebs par gyis gsungs/_dben gnas de ru mtshams khang zhig kyang bzos zhes pha rgan la bka' gnang*/_bka' bzhin dus tshes de steng rgya phu'i ri khrod du phyin pas rdzogs chen mkhan po dge legs rnam rgyal dang shrI sing+ha'i bshad grwa thams cad nas ser phreng gis bsus/_gzim chung du phyin pa dang mkhan rin po ches dgun phyogs der rtag par sgrub gnang ba'i sme brtsegs khrus chus lus thams cad bkrus nas byab khrus gnang*/_na bza' cha tshang gsar pa gnang*/_de nyin dpal chen 'dus pa'i tshogs 'khor shin tu rgyas pa gnang nas mkhan rin po che'i gong der sdod du bcug_/sku mdun du mtho dman mkhas btsun su byung yang nga'i bla ma'i sprul sku mjal du songs gsungs/_dge mang dbon rin po che'i dngos slob kun spang rnal 'byor chen po kun dga' dpal ldan nas li yi maN+Dal che legs lcags ri tog dang bcas pa bstsal nas/_spang ljongs shig tu sbra khyim la brten nas bsdad/_klong snying gi sngon 'gro kun bzang bla ma'i zhal lung gi bshad khrid gnang*/_sems bskyed kyi khrid la sleb pa dang don dam sems bskyed sems khrid 'debs pa'i phyag srol yod gsungs nas lus ngag yid gsum gtso gang che ltos gsungs pas sems gtso che 'dug zhus/_sems ci lta bu 'dug ltos shog gsungs pas/_sbra khyim dang thag nye bar brag skyibs 'og ne'u gseng nyams dga' ba zhig tu cung zad blta khul byas pas sems gsal stong zhig ngos zin snang shar bas de ltar zhus pa phyis rje bla ma gzhan dga' rin po che'i mched grogs bla ma rdzogs chen pa kun dga' dpal ldan la bka' mol gnang bas bla ma gnyis kas sngon sbyang yod pa'i skad cha red gsungs nas ngo mtshar ba'i bstod bsngags mdzad kyang*/_sngar dbu ma cung zad sbyangs pa'i go thos kyis sems gsal stong red snyam pa'i rnam rtog zhig shar ba zhus pa las kun gzhi'i rnam shes tsam yang myong bas ngos zin med 'dra snyam/_de skabs shig rang la g.yog po zhig yod pas de la rde'u dkar nag mang po khur shog zer nas/_bram ze sgra gcan 'dzin gyi rnam thar bzhin bslab dgos snyam pa sogs bag chags bzang po cung zad yod pa ltar byed/_dus rtag par rje bla ma'i mdun du phyin nas mngar gsum sogs bstsal zhing dgyes pa'i bka' mol yang yang gnang*/_res gzim chung gi mdun spang ljongs chung ngu zhig yod pa/_me tog gi ldum ra yod pa der bra ba dang byi'u sleb skabs rde'u chung ngu mkhan rin po che dang rang gnyis kas 'phen pa sogs sku rtsed kyang yud tsam gnang*/_dbon o rgyan bstan 'dzin nor bu rdzogs chen dgon par gling skor phebs pa dge rgan zhig gis grwa chung zhig la nyes dag mang po btang gi 'dug pa gzigs pas gzhan dga' rin po che khong zhabs gras su yod pas nga shi rjes phran gyi sprul sku yin zer byis pa zhig la ming btags/_dge rgan snying rje med pa zhig gis 'di ltar sdug bsngal btang gi yod red pa gsungs song bas sprul sku 'di ni btsan phyug mthon po'i gces phrug tu skyes kyang sku gshis rgod po mi 'dug_/gcen po khyed kyis legs par bzang bslabs pas blo bde/_ngas ni drag po byed nas gang yang zhu rung ba med gsungs/_mkhan rin po che gzhan dga' 'di sprel lo nas ri khrod du bzhugs nas su dang 'brel 'dris med par gcig pur bya btang mdzad pa yin zhes yang yang gsung zhing de bzhin dgongs pa yod kyang*/_phran rtsa ba'i bla ma'i sprul skur mtshan btags pa de'i bstan pa skyong ba zhig 'byung du re bas dpe cha bslabs mdzad pa dang*/_ma 'ongs pa'i sdod gnas sde spyi gtsang mda' khyung ram pas gnas der mtshams khang zhig gsar bskrun dang*/_mchod chas sogs dgon pa zhig ltar bsgrubs mdzad nas rje nyid kyi mched grogs bla ma rin po che kun dga' dpal ldan la ngas ri khrod 'dir mchod chas sogs mang po bsags pa yin/_sprul sku 'di dgung lo nyi shu'i steng yang na bla chen zhig mdzad kyi red pas de dus phan thog yongs/_yang na bya btang zhig mdzad kyi red pas de skabs su kho rang gi blos gtang 'gro 'ong zhes gsungs 'dug gsungs/_kun bzang bla ma'i zhal lung rdzogs nas/_dbu ma rtsa ba shes rab/_rtsod zlog_/stong nyid bdun cu/_rig pa drug cu/_zhib mo rnam 'thag_/dbu ma bzhi brgya pa bcas mthar chags su gsungs/_skyor dpon rme ba bsod nams mgon po zhes mkhas btsun zhig yod pa des mdzad/_tshes bcu nyer lnga'i tshogs gral du rtag par phyin/_gcen bshad sgrub bstan 'dzin nas khyod la bla ma rin po ches gnang ba'i na bza' rnams bla ma rtsa chen re la skyabs rten du phul na khyed rang tshe chos la bar chad med pa legs zhes nyin gcig tsam las rang gi lus la ma gyon par thams cad bla ma rnams la phul/_dben gnas de gangs khrod du song gshis brag ri gzengs mtho ba las babs pa'i chu sgra shin tu che ba dang*/_rtag par na bun 'khrigs pa las nyi ma 'char du med pa dang*/_dbyar phal cher kha char 'dres ma babs pas sa gzhi'i lcug phran thams cad zil pas khyab pa yin kyang sems skyo nas sun pa sogs gang yang ma byung*/_sga stod 'dzom nyag mchod rten bskor ba byed skabs khyim pa pho mo'i 'don rgyu yin gsungs rigs gsum mgon po/_gu ru rin po che/_sgrol ma/_rgya bod kyi paN grub rnams la bla ma rgyang 'bod glu 'dra ba zhig bla ma rin po che gzhan dgas mdzad 'dug pas de la dpe blangs nas 'brel chag ma chag ci yang med pa'i gsol 'debs shog bu kha gang tsam zhig bris pa dang*/_dben gnas der brag ngos 'jam la gna' phrug pho mo gar gyis rtse ba dang*/_skabs rer char drag tu btang bas brag bar rnams las chu rgyun sha ra ra babs skabs nyams mtshar snang gis yang yang bltas nas gnas 'di la bstod pa zhig rtsom dgos 'dug_/brag ri rnams gtsang ris kyi lha dang*/_chu rgyun bab pa rnams dar gyis bsnyen bkur stob pa 'dra zhes zer snyam kyang de skabs snyan ngag sbyang ma myong bas tshig bcad du bsdeb ma shes/_rang gi sring mo zhig rkyen dbang shor ba sogs kyi tshe gegs yod srid snyam ste dogs pa byed pa'i rkyen lta bus rmi lam du khro zil khrom gyi pho brang red zer ba'i lha khang zhig tu phyin/_nang der bla ma pad zhwa mnab pa zhig 'dug pas tshe dbang zhig gnang ba rmis pa gcen la smras pas kho rang blo bde ba lta bur gyur song*/_dgun rang khyim du 'ong skabs rdzab phor dngul shan zhig yod pa gzigs song bas khyod rang lo bco lnga ma lon bar gang 'dod gyis/_lo bco lnga lon nas gung tshigs gyis/_phor pa dngul shan/_phreng ba rgyan can sogs ma byed spyod lam thams cad 'dul ba bzhin mdzad dgos zhes rang dang dge rgan gnyis ka la bka' gnang ngo*/_/'brug chos rgyal o rgyan dbang phyug gi grwa bstan pa rin chen sogs bslab ldan lnga gzhan dga' rin po che'i mdun dpe cha sbyang phyir phebs pa dang mnyam du dpal sprul rin po che'i thog mtha' bar gsum dge bar nyid kyis mdzad pa'i 'grel pa'i steng khrid lung thob/_khyim du 'ong ba'i lam bar du rnam grol gling za lung ri khrod kun spangs chos rje bla ma dam chos rin chen dang*/_zur mang drung chen karma chos kyi nyin byed mjal/_nyid mdzad ge sar gyi tshe 'gugs thob/_dpe cha la bslab sbyang nyin mtshan med par rtsom dgos snyam pa yang yang dran zhing pha ma dang phran spun bcas khyim dang thag nye sa dkar bsam grub gling zhes par khang pa gsar bskrun yod pas steng shag gzim chung du rang dang gcen bshad sgrub bcas mi pham rin po ches mdzad pa'i rgyud lugs phur pa'i mtshams zla gcig tsam bsdad/_gtam rgyud la shin tu dga' bas rgan pa thams cad la gtam rgyud dri brtsad byed nges zhig yin pa rje btsun rin po che mi la ras pa'i rnam thar thos tshe a khu dang a ne la mthu rtags thon tshul thos dus mig bgrad/_am gtsigs bsdam pa dang*/_'jam mgon mi pham rin po che mngon spyod la thugs mnyes pa yang yang thos pa dang*/_rang khyim du lo star sa skya'i bla bskos kyis 'khon phur gyi gtor bzlog_/dgra dur phung gsum mnan pa bcas mdzad srol yod pa sogs kyi rkyen byas rang dang na mnyam gyi phru gu mang po bsdus nas rnga rol rkang gling bcas sa yi zor gtor chen po bcos nas ling+ga bsgral ba dang gtor ma mer bsreg pa sogs dang 'cham rgyag sogs dgong mo phal cher la byed pa zhig yin/_ban chen 'brong pa bla ma tshe dbang rgyal mtshan dang*/_gcen bshad sgrub gnyis rdo rje phur pa'i bstod pa mang po byas pa thos pas phur pa la dad cing dga' bas mtshams sdod skabs g.yog phrug cig bros shor ba dmigs pa gzhan ma shes kyang phur pa'i zhabs mnan du g.yog phrug de yang yang dmigs pas kho lam nor mig kha bas phyid pa sogs dka' ngal byung bas ngas mthu yin bsam rang mthong skyes pa byung*/_rang khyim nas lo star tshig bdun gsol 'debs 'bum re bsog pa'i gral du bsdad pa/_mchod khang der gu ru rin po che'i sku mda' tshad cig yod pa gu ru rin po cher mos gus yang yang byas pas zhal ras sngar las gzi byin che snyam pa dang mthar sku dngos min nam snyam pa byung*/_yun ring por ma lon par mi pham rin po che'i tshig bdun rnam bshad pad+ma dkar po bla ma rin po che 'od gsal nas shing par brkos pa mjal skabs par byang rgyal tshab rin po ches mdzad pa mjal bas 'di lta bu'i gsung snyan pa snyams nas yid 'phrog pa byung*/_mtshams grol ba dang byang rdza rgyud lcang ma ri khrod nas ba thur mkhan rin po che gdan drangs pa chibs rta mi bzhes pa lam bar nas kha char gyi sku ngal chen po dang bcas dgyes pas phebs pa las/_byams chos rgyan gnyis/_'byed gnyis/_rgyud bla ma bcas zhus/_gcen mnyan pa rin po ches mi pham paN+Di ta'i dbu ma rgyan gyi 'grel chen bshad khrid gsan/_de skabs gcen tsha ba dmar bshal gyis na shor ba mkhan rin po ches nyin re bzhin sme brtsegs kyi khrus glud gsungs pa de'i rkyen byas mdun du dkyil 'khor dang bum pa bzhag ste cho ga btang ba la dga' zhing mkhan rin po che la mchod pa sogs zhabs zhus bgyid zhor bum pa gzungs thag rdo rje sogs rgyu mtshan gang yin zhus pas bum pa sku/_gzungs thag gsungs/_rdo rje thugs te dkyil 'khor lha'i rdo rje gsum mtshon byed red ces gsungs/_sa dkar dgon pa der pha rgan gyis dbyar gnas kyi rten rtsa bzhag ste tshugs pa la mkhan rin po che dbyar gnas bzhugs song bas phran yang rang mos kyis dbyar khas len byas/_bkra shis gso sbyong skabs dpal sprul rin po che'i 'dul bstod bshad pa mdzad pa'ang thob/_dgun kha ri khrod chung ngu zhig tu gcen bshad sgrub dang lhan du 'jam mgon mi pham rin po che'i bla ma'i rnal 'byor dang*/_yang gsang bla sgrub thig le'i rgya can/_tshe gsang rnams bsnyen pa btang*/_de skabs zhig rdzogs chen mkhan rin po che bsod chos dbus gtsang nas gnas skor gyi phyir lam mjal bas phran la bar chad cig 'dug pa sel byed yin gsungs nas snying thig rtsa gsum dang*/_gcen bshad sgrub nas gsol ba btab pa bzhin mdo mkhyen brtse ye shes rdo rje'i zab gter 'dzin pa rang grol gyi dbang lung dang shel brag nas sgrub pa'i chos sman bcas gnang*/_spyir pha rgan rab byung kho na la dad cing bla sprul zhes pa nyal stan rgya chen po mi byed pa dang*/_glu sgrung sogs bag med kyi spyod pa byed mi rung*/_pha rgan dang*/_gcen rnam pa gnyis ka spyod pa 'dul ba bzhin gnang ba dge ba'i grogs su gyur pas rang yang tshul khrims gtsang ma la dad cing*/_chos gos gsum dang lhung bzed chu tshag spyi blugs rnams 'khris su bzhag_/so byang sngags kyi bsrung bya tshigs bcad rnams blor bzung zhing kha ton du bgyid pa zhig yin/_mig gis ltad mo lta bar sems mi dga' bar byed pa dang*/_de dag la bsam na pha rgan dang gcen rnams chos mthun gyi grogs mdzad pa bka' drin shin tu che bsam gyi 'dug_/de skabs cig gcen bla ma bshad sgrub kyi lhag pa'i lha dbyangs can ma yin pa thams cad gzigs pa mi pham rin po ches bka' bstsal te dam tshig gi rten du bzhengs pa'i dbyangs can dkar mo'i zhal thang mi pham rin po che'i rab gnas can zhig yod pa de sngas su bkram ste nyal bas nub gcig rmi lam du nam mkhar dbyangs can ma sku dngos lta bu zhig mtha' bskor du 'ja' tshon sna lnga kyi li li 'khor ba zhig gsal bar mjal ba rmis/_sos ka mi pham 'jam pa'i dbyangs la mnyes pa gsum gyi zhabs tog mthar son pa snang bzhi'i rtsal rdzogs kyi kun spangs rdzogs chen bla ma rin po che chos dbyings 'od gsal nas 'jam mgon mi pham rin po che'i mkhas 'jug gi bshad lung*/_sdom byang*/_sa bcad/_bstod tshogs/_bka' brgyad kyi sgrub thabs spyi bye brag_/zhal gdams skor/_rdzogs chen skor/_bka' brgyad rnam bshad sogs kyi lung bka' drin du thob/_gcen bshad sgrub nas kun gzigs mi pham rin po che'i bka' 'bum yongs rdzogs rje bla ma 'od gsal dang*/_zhe chen rgyal tshab gnyis las thob na gnad che tshul rtag par bslab ston byas pas rang yang de la 'dun nas song*/_lam bar 'dan rnam rgyal gling ri khrod du 'jam mgon chos kyi rgyal po rnam gnyis kyi thugs sras mkhas grub chen po dam chos 'od zer mjal nas snga 'gyur bka' ma gsan pa shin tu legs bcas bstod bsngags mdzad cing zhu dgos par nan gyis gsungs/_dge ba'i grogs dang mig ltos de shin tu gal che bar gsungs pa bzhin gcen bshad sgrub 'dis bdag dam pa'i skyes bu zhig 'byung ba'i nges shes kyis khyod rang mtshan ldan gyi bla ma khyad 'phags shig bsten nas bka' gter dbang lung gis rgyud phyug pa dang*/_thos bsam sgom pa'i yon tan gyis dam pa'i rnam thar bskyang*/_mkhas btsun bzang pos bstan pa 'dzin nus pa dgos tshul bslab ston rgyun mi 'chad pa dang*/_'jam dbyangs mkhyen brtse/_mi pham rin po che/_zhe chen rgyal tshab/_dge mang mkhan po yon tan rgya mtsho rnams kyi mdzad spyod bstan 'dzin skyes bu gzhan las khyad du 'phags tshul rtag par gsungs pa ltar/_da khyed rang zhe chen rgyal tshab de'i mdun nas rnying ma bka' gter gyi dbang khrid kyis rgyud phyug pa zhig dgos/_mdzad pa'i gtso bo 'jam mgon mi pham rin po che ltar sgrub pa snying por byed pa zhig gal che bas/_spyir 'jam mgon rnam gsum gyi slob ma mkhas btsun bzang grub khyad 'phags du ma bzhugs pa las/_zhe chen rgyal tshab rin po che 'di la mi pham 'jam pa'i dbyangs kyis thugs gtad thun min du gnang zhing dgongs pa rdzogs nya'i zhal chems su'ang phyag dpe thams cad khong la gnang nas dgongs gtad thun mong ma yin pa mdzad pa red pas 'di nyid la rtsa ba'i bla ma bsten dgos 'dug ces/_sku mdun bcar rgyu dus skabs gang 'os kyi zhu yig dang bcas zhe chen du bang mi zhig btang song ba/_skyabs mchog 'khor lo'i mgon po snyun tshab che bzhes dang*/_sku na yang cher smin pas dgon gyi bla brang du mi bzhugs par zhe chen rgyab ri bka' brgyad bde gshegs 'dus pa'i tshogs khang brag phug cig yod pa der sku mtshams la bzhugs nas bya bral kun spangs kyi tshul mdzad skabs bzhin 'dug pas/_gsung lan du rgan bu da lta ni nad kyis mnar bzhin 'chi ba bsgug nas bya ba thams cad blos btang ste bsdad yod pas rim gyis nad las grol ba sogs byung na dbang chos ci nus bgyid chog ces bka' bstsal pa bzhin/_shing byi rang lo bco lnga de'i dbyar phyogs gcen sangs rgyas mnyan pa rin po che/_yongs 'dzin bshad sgrub/_rang bcas zhe chen bstan gnyis dar rgyas gling du thun min rigs kyi bdag po mkhas grub kyi dbang phyug rgyal tshab rin po che 'gyur med pad+ma rnam rgyal gyi zhabs la gtug phyir zhe chen du phyin nas/_bar khrod pad+ma 'od gling skyabs rje'i gzim spyil 'chi med pad+ma bde ldan du bsdad/_rje bla ma yang dben bde mchog bkra shis dge 'phel du them spang gi bcad rgyar bzhugs pa/_zhabs grwa zhing skyong la mjal dar gnyis bskur mdzad de bshad sgrub sang nyin nas phebs na mjal chog_/mnyan sprul dang phran gnyis zhag gsum tsam rjes gza' skar legs pas mjal dgos gsungs zer/_phran rje'i zhal myur du mjal dgos snyam nas yod pas nyin kha shas de yun ring po lta bur mthong*/_gser zhal rin po che dang por mjal ba'i nyin mor thugs dgyes spros mnyan pa rin po cher gsan rgya che chung sogs chos mthun gyi bka' mol ring du gnang*/_ston 'khor lhan rgyas la gsol ja bzhes 'bras gnang skabs gsol dpon nas rin po che'i sgog par de gnang zhus song bas ngas rin po che'i sgrom bu de ang gsungs nas bzhad mo mdzad/_rje bla ma rin po che'i zhabs rim bgres pa kham mgo zhes pa bar khrod du bzhugs 'dug pas sngar rdo rje 'chang mkhyen brtse'i dbang pos rdo rje phur pa bka' gter thams cad kyi dbang rdzogs par gnang ste zhe chen du phebs skabs khyed rang slob dpon pra b+ha hasti dang*/_lang lab byang chub rdo rje'i sprul sku red pas gdan sar phebs pa dang phur pa'i bsnyen sgrub bzhugs/_rtags thams cad rdzogs pa dang sbyin bsreg gnongs gsungs pa 75ltar zhe chen ri khrod 'bar chung bla brang du sku mtshams bzhugs/_zhag brgya lon pa dang sbyin bsreg gnang*/_de skabs zhabs rjes bzhag pa red tshul gsungs pas dad gdung yid ches lhag par skyes/_phur pa spu gri'i dbang thob pas dga' spro chen po byung*/_de nas mi ring bar chos kyi rgyal po o rgyan gter bdag gling pa'i zab gter gsang chen rgyud sde rgya mtsho'i nying khu rdor sems thugs kyi sgrub pa'i smin dbang 'jam mgon blo gros mtha' yas kyi dbang chog bzhin zhib rgyas dang*/_nyin phyi ma nas rtsa khrid gsung*/_yan lag gi khrid rnams dang rtsa pod kyi lung bcas bstsal/_rjes nas rdor sems dbang zhur chos brgyud gcig pa'i slob ma gcig 'byor bas gsol ba btab pa ltar rgyal tshab bstan 'dzin chos rgyal gyis mdzad pa'i dbang chog steng nas bstsal/_dbang dpe'i lung yang thob/_dpe yang bshus/_rje nyid kyi thugs dam lhag pa'i lha mchog gu ru chos kyi dbang phyug gi zab gter phur pa yang gsang spu gri'i dbang 'jam mgon gu Na'i gsung ltar dang*/_de'i lta khrid/_rje nyid kyis mdzad pa'i phur pa'i rnam bshad rig 'dzin zhal lung gi khrid dang smin dbang gi mthar/_rje 'jam mgon rnam gnyis las smin grol yongs rdzogs mnos shing lhag pa'i lha 'dis sgo nas byin rlabs kyi mtshan ma cung zad thob pa ltar sogs gsungs/_de rjes mkhyen brtse rin po che'i zab gter snyan brgyud phur pa'i gnad tig gi dbang dang phur bzhi'i bshad khrid/_rje nyid kyis mdzad pa'i phur pa'i las byang kun bzang bde lam/_phur pa'i byin 'bebs/_phur pa'i tshe 'gugs/_g.yang 'gugs sogs ljags lung bka' drin thob/_gus pa'i yi dam 'di gnyis bsten na legs zhes gcen bshad sgrub la gsungs pa ltar rgyun khyer bton/_de nas snga 'gyur bstan pa'i srog snying sgyu 'phrul zhi ba dang khro bo'i dbang chen/_dong sprugs gnyis/_so lugs yang dag_/tshogs chen 'dus pa theg pa rim dgu'i dbang dang*/_dngos gzhi'i dbang chen mtha' brten dang bcas pa dang*/_bka' ma skor sgrub dkyil rnams kyi lung zhe chen kong sprul rin po che pad+ma dri med legs pa'i blo gros zhal snga nas zhus/_rdzogs pa chen po sems klong gnyis/_bi ma snying thig_/bla ma yang tig_/mkha' 'gro snying thig_/mkha' 'gro yang tig_/zab mo yang tig rnams kyi dbang dang*/_lung yongs rdzogs/_de skabs na tshod phra zhing blo gros ma smin pas dbang gi rgyu mtshan sogs gang yang shes pa med kyang*/_gcen bshad sgrub kyi ngag 'phro las sems ngo la mos pa chen po yod pas/_rje bla ma rin po ches dbang bzhi pa'i skabs dgongs pa la bzhugs te spyan gyis lta stangs dang*/_phyag gi sdigs mdzub kyis sems gang yin gsungs pa'i tshe/_chos nyid mngon sum du gzigs pa'i rnal 'byor chen po 'di lta bu yin snyam ste dad mos dang*/_rang yang mnyam bzhag byed shes tsam yod/_smin gling rje btsun rin po che mi 'gyur dpal sgron gyi bi ma snying thig ma bu gcig dril gyi khrid yig bde chen lam bzang dang*/_kun gzigs mkhyen brtse'i gsung bi ma snying thig sngon 'gro'i ngag 'don gyi lung*/_snying thig rtsa gsum sgrub thabs/_'dod 'jo bum bzang gi dbang lung yongs rdzogs/_smin gter bde gshegs kun 'dus kyi bum dbang*/_mchog dbang gong ma gsum/_khrid a ti zab don snying po/_khams byon mgon po tshogs bdag_/khyad par mnyam med dwags po lha rje'i dus chen gyi nyin rgya chen spyod brgyud/_zab mo dbu ma'i lugs kyi sems sdom gnyis bstsal/_rje bla ma sku na smin zhing bsnyun bab lji bas spros bcas cher mi mdzad kyang*/_de nyin sku la chos gos rnam gsum dang paN zhu/_'jam mgon mkhyen brtse'i dbu zhwa bcas bzhes nas thugs spro tshul mdzad/_gcen mnyan pa rin po ches de nyin gyis mtshon rje bla ma rin po cher dus skabs bzang por dkar mngar gyi bzhes spro yang yang phul zhing*/_rang re byang chub sems dpa' chen po 'di lta bu las byang chub sems sdom thob pa shin tu skal pa bzang po yin pas dad spro bskyed dgos tshul dang*/_de ring nas bzungs zhogs par byang sdom ma chag par len dgos pa'i bka' bslab rang la ched du gnang*/_zla ba lnga pa sprel zla'i tshes bcur zhe chen bstan gnyis dar rgyas gling du tshes bcu'i spros bcas sgrub mchod gar 'cham dang*/_rdzogs chen lnga pa rin po che der 'cham gzigs la phebs pa'ang mjal/_zhar byung rtsa rgyud gsang snying rtsa ba zhig blor bzung bas sngar sngags gzhung sbyang ma myong bas go ba ma rnyed pas blo la ma zin dka' ngal cung zad byung yang mthar tshig la byang bar yod/_dus tshod dmigs bsal ma nges kyang dus tshes gza' skar dge ba zhig gi snga char 'jam dpal bkra shis mchod chog bla slob lhan rgyas su gsungs pa sngon du 'gro bas/_snyigs dus theg mchog seng+ge'i sgra snyan sgrog pa la mi 'phrog pa'i mkhyen rab dang thugs rje'i mnga' bdag mi pham 'jam pa'i dbyangs kyi bka' 'bum sde dge lhun grub steng du par 'khod ldeb ring*/_ka)_kha)_ga)_ldeb 'bring*/_oM a ra pa tsa na d+hIH_rdzogs chen par bzhugs spyod 'jug sher 'grel ke ta ka_/tshad ma rnam 'grel/_gsang snying spyi don 'od gsal snying po/_brgyud 'debs/_yid bzhin mdzod kyi 'grel chen mi pham rin po ches dpyad zhus can/_le'u bco brgyad tshig 'grel/_grub mtha'/_sa bcad/_tshad ma rnam 'grel gyi 'grel chen/_la dkar par bzhugs pa'i thub chog_/rgyab chos pad+ma dkar po/_zhe chen par 'khod sman bla'i mdo chog_/kaHthog gi spar yang dag gsang 'grel/_rdzong gsar par 'khod bstod tshogs/_sgrub thabs/_zhal gdams/_zab khrid skor/_rdzogs rim skor/_rdzogs chen skor/_smon lam skor/_tshig bdun rnam bshad pad+ma dkar po/_rje bla ma rin po ches bka' bsdu gnang ba'i gnyug sems/_zur dpyad/_gzhung spyi'i dka' gnad bcas pa'i bshad lung*/_par ma 'khod pa rtog pa las gsungs pa'i lha mo 'od zer can ma dang*/_ku ru kul+le'i sgrub thabs khyad par can/_83_'byung bzhi'i gtor ma/_de'i lag len/_a ra pa tsa'i rten 'brel brtags pa'i re'u mig_/rdor sems zhi sbyin/_che mchog gi rgyas sreg_/rta mgrin dbang gi sreg blugs/_gshin rje'i drag po'i sbyin sreg_/rdo rje phur pa'i las thams cad pa'i sbyin sreg rnams kyi lung cha tshang*/_rdzogs chen gser zhun skor sogs yongs rdzogs kyi ljags lung bstsal ba'i thog mar rgyal tshab ma pham pa'i 'byed gnyis kyi 'grel pa'i ljags lung gi dbu btsugs gnang bas byis pa blo gros rtsal ma rdzogs pa bdag gis kyang mchod chog_/de la ngo mtshar ba'i dad spro skyes shing*/_gcen mnyan pa rin po ches kyang de 'phral dpe bshus gnang zhing*/_de'i rkyen gyis dpal mgon bla ma rin po che'i gsung skor rtsad gcod gnang bas bskal bzang sangs rgyas stong gi mchod chog_/sdom gsum gso sbyong dang*/_'jam dbyangs dkar po ma ti'i lugs dang*/_dbyangs can dkar mo'i sgrub thabs dang*/_bsnyen yig_/lo chen 'jam pa'i dbyangs blo gros mtha' yas kyi gsang gter gro lod gsang sgrub gdug pa kun 'dul gyi bsnyen yig rnams kyi lung bcas zhor chos su thob/_rkyen des bskul te dad pa'i nges shes khyad par can skyes nas rang gi bgyid sgo gal chen thams cad kyi sngon du bkra shis mchod chog 'ba' zhig gtong ba byung*/_de skabs mnyan pa rin po ches nang brtag rgyud gsum/_gzhung chung gnyis dang bcas pa'i rtsa ba dpal spungs bla ma mkhas dbang bkra 'phel las gsan pa'i lung kyang thob/_shog bu dri bzang gis sbags pa ldeb bcu tsam dang*/_phyag smyug gnyis/_lha reg bcas zhal gdams shig gnang bar zhus pas bslab ston gnad 'dus bstsal bas tshig don thams cad blo la chub par byas nas nyin re bzhin skyor nas de bzhin byed dgos snyam pa rang mos kyis dran par bzung*/_bka' chos grub nye dang pha rgan kyang rdza rgyud 'jigs med rgyal ba'i myu gu'i sku dmar gdung*/_lcang ma mkhan rin po che/_dge mang dgon/_kI lung dgon sogs mjal nas zhe chen du sleb/_khyab bdag bla ma rin po che'i gsung blo sbyong don bdun ma'i khrid yig chen po sbrang rtsi'i bum bzang dang*/_sgyu ma ngal gso'i don khrid bka' drin bstsal/_ru dam rdzogs chen du phyin nas mkhan chen blo gsal gyi sku gdung rin po che sbas pa'i ri la mchod 'bul/_skyabs mgon dge mang rin po che las tshe mdo'i chos 'brel dang*/_mnyan sprul rang bcas la sku gsung thugs rten gyi gnang skyes/_grub dbang rdzogs chen lnga pa bcas dgyes zhal mjal/_de nas dpal spungs thub bstan chos 'khor gling du phyin/_a lo dil mgo'i grwa shag tu bsdad/_khu bo dpal spungs bla ma bkra don nas shin tu byams brtses bskyangs/_gos gsar pa bskon/_dkar yol rnying pa shub dang bcas pa byin/_bslab sbyang gi skabs spro khang zhig yod pa de ru sdod du bcug nas/_'jam mgon bla ma'i dngos slob mkhyen rtogs yon tan dang ldan pa'i byang 'dren bgres pa bstan 'dzin rdo rje zhes gdan sa der bkar bstan spyi'i zhabs brtan gur drag ye shes rab 'bar gyi mtshams la bzhugs pa'i drung du phyin nas 'grel pa legs bshad snang ba dam pa la bsten nas sum rtags kyi bshad khrid zhib par bstsal/_khong la sum rtags khrid mkhan kun gzigs mkhyen brtse rin po che'i drung chen 'jam dbyangs legs pa'i blo gros sam tshe ring bkra shis yin gsungs/_dus gsum bya byed las gsum sogs la man ngag gi khrid tshul yin gsungs/_byams mgon rin po che'i drung yig brda dag la shin tu byang pa zhig yod pas des dri brtsad mang po byas byung bas lan ma 'phrod pa gcig gnyis las ma byung bas shes tshad chen po red 'dug zer nas dga' mgu yi rang byas song*/_mnyan pa rin po ches sngar gzigs zin kyang bskyar khrid gnang*/_dpe brjod phal cher legs par 'dug gsungs/_dag yig ngag sgron sa mtha'i rnam dbye bcas khrid/_de nas 'jam mgon chos 'byung gi rang mnyam gyi thugs sras mdo khams pa chos kyi nyi ma'i 'grel chen steng nas snyan ngag le'u gsum ka zhib khrid mdzad/_dge rgan rang gis sgrol dkar kho na la sbyar te don rgyan so lnga'i dper brjod dang ming gi mngon brjod dpe bcas g.yar nas rtsom rgyugs phul bas/_sngar nang don rig pa'i gzhung rnams phyogs tsam bltas pa des brjod byas phongs mi 'dug_/kun mkhyen 'jigs gling dang*/_mkhyen brtse'i dbang po'i gsung mgur bstod tshogs sogs lhag par blo ngor 'phrod che bas de rigs zhib mjal dang*/_'jigs med gling pa la bstod pa gsol 'debs gang bris myur du sems la 'char sla ba lta bur 'dug_/le'u bar par son pa nas dpe brjod bris pa la dge rgan nas shes rab che ba'i bsngags brjod tshigs bcad mang po gnang*/_spyir snyan ngag me long gis rtsom gyi sgo 'byed zin nas gang zag rang rang gi rtsom gshis de'i steng du 'gro ba las snyan ngag rgyan thog tu 'gro mi yong zhes gsungs/_zhe drung gi mtshams sbyor lnga pa sngon du 'gro bas sgra ka la pa dang sgra Tika cha tshang zhib khrid mdzad/_de ni mkhyen drung tshe ring bkra shis kyi slob ma dpal yul bla ma shes rab 'od zer zhes pa rdzong sar du bzhugs pa las gsan pa yin gsungs/_sprul sku sgra yi ri mo legs par mkhyen cing byang bar 'dug kyang deng sang sgra yi go ba shes pa shin tu dkon po red yang yang gsungs/_sgra yi go ba shes na sngon gyi lo tsA rnams dang*/_'jam mgon rnam gnyis lta bu red gsungs/_mnyan pa rin po ches sngar nas snyan ngag bslab sbyang mdzad pas gsung rtsom legs po yod pas rang dang lhan du slar yang bslab sbyang mdzad skabs des rtsom pa'i gnad sogs bka' bslab dang khong gi gsung rtsom la lad mo byas pas shin tu phan pa byung*/_mnyan pa rin po ches mi pham 'jam dpal dgyes pa la mkhas bya'i gnas bcu dang*/_so so yang dag pa'i rig pa bzhi'i sgo nas bod lugs kun bzang 'khor lo zhig rtsom mdzad pas/_bdag gis kyang spobs pa'i gter brgyad dang*/_so so yang dag rig pa bzhi'i sgo nas kun bzang 'khor lo zhig bris/_mnyan pa rin po ches bcos bsgyur dang bka' bslab mdzad nas rang gi dge rgan dang*/_'jam mgon rin po che rnam gnyis kyi thugs sras mkhas dbang bla ma bkra 'phel la gzigs 'bul zhus pas mnyan pa rin po che smos ci dgos kyang*/_sprul sku chung ba yang snyan ngag gi brjod pa phul du byung ba zhig 'byung bar nges zhes rtsom phud shog dril la dar gyis spud de gnang*/_mkhas dbang bla ma bkra 'phel dgongs pa rdzogs par/_mnyan pa rin po che phebs nas bla ma rin po che bkra 'phel nas phran gyi bla ma rnams dran gsos yin zhes nye gnas la bla ma'i mtshan rnams yig gzugs chen po bris te spyan gyis gzigs sar sbyar 'dug pa dgongs pa rdzogs zin dus mnyan pa rin po ches bsnams byung ba lce btsun snying thig gi bla brgyud red 'dug_/kun mkhyen 'jigs med gling pa la bstod pa zhig brtsoms pas de skabs kyi brtsams dpe thams cad las legs shos yin pa mkhan chen 'ga'i mdun phul bas shin tu legs pa'i phyag bris dang gzhan la'ang bstan te ngo bstod mang po mdzad pa thos/_sa ga zla ba'i nang rata gling thugs rje gsang 'dus kyi sgrub chen dbu bzhugs rgyal sras 'jam mgon mchog sprul phebs pas mjal zhing thugs gsang don dbang kyang bka' drin thob/_zla ba lnga pa'i nang dpal spungs tshes bcu chen po la sde dge lha sras/_dbus mda' bkras mthong*/_sde dge'i blon 'khor thams cad phebs skabs/_gangs ljongs bstan pa rgya mtsho'i mnga' bdag mkhyen brtse rin po che chos kyi blo gros dpal spungs su phebs te thog mar gser zhal mjal bas bcos min gyi dad gdung rang bzhin gyis skyes shing pha bu 'phrad pa ltar byung*/_ring min zhe chen rgyal tshab rin po che'i mdun gdams ngag mdzod kyi dbang lung gsan pheb pa'i zhal 'phros kyang bstsal/_dpal spungs byams mgon rin po che sku thog re la dil mgo tshang bla ma chos srid bstan chus kyi zhabs 'degs thegs nges re bar ma chad pa'i bzang srol yod pas shing byi gnam lo gsar tshes nas byams chen pad+ma dbang mchog gi gser zhal mjal nas sku mdun du nam phyin shing thog gi gsol ras rgyun mi 'chad pa dang*/_nyer mkho'i gos chen gyi mchil l+h+wam rgya tshems sogs bstsal zhing*/_khyad par rang dang gcen bshad sgrub bcas zhe chen du 'gro dgos pas rta drel bzhi/_g.yog gnyis ched btang mdzad nas lto chas sogs gang dgos rtag par bstsal bas bka' drin chen po byung*/_zhe chen ri khrod pad+ma 'od gling gi 'bar chung bla brang du stan chags/_khyab bdag 'khor lo'i mgon po'i gser zhal 'dren byed kyi bdud rtsir smin pa'i skal pa sbom por gyur/_gsar brtsams kun bzang 'khor lo dang mi pham rin po cher bstod pa zhig bris pa rnams spyan 'bebs zhus pas zhag shas zhib gzigs gnang nas nyin gcig da res khyed kyis gsan sbyang rgya cher gnang pa shin tu legs/_gsung rtsom rnams kyang legs par 'dug gsungs zhal 'dzum pa dang bcas bkra shis pa'i lha reg A yu She mgul du gnang bar/_gcen bshad sgrub bstan 'dzin nas rin po ches bstod bsngags mgul dar gnang ba las kyang brtsams chos rigs la bcos bsgyur bka' bslab gnang na bka' drin che zhes zhus song bas gsung rtsom rigs nges par legs/_snyan ngag legs par 'byung bar 'dug ces phebs/_sngar dge tshul zhus pa'i mkhan chen gzhan dga' rin po che brtan mkhas phan 'dogs kyi yon tan 'gran zla dang bral yang sdom rgyun stod 'dul yin pa'i dbang gis de skabs rje bla mas dge tshul mang du gnang skabs 'khel bas/_gcen bshad sgrub nas rgyu mtshan zhus pas bka' gnang ste zhe chen dgon stod mchog sprul/_rje nyid kyi sku tsha mkhan chen blo gros rab gsal/_gus pa bcas la mkhan po dang las slob sbrag ma rje btsun bla ma shAkya'i sras gcig mkhan chen 'gyur med pad+ma rnam rgyal dang*/_zhe chen kong sprul rin po che 'gyur med kun bzang blo gros gzhan phan mtha' yas/_zhe chen mkhan po 'gyur med blo ldan sogs lnga tshogs kyis gzim spyil bde mchog bkra shis rin po che dge 'phel nas dge tshul gyi dngos por bsgrubs/_mdo smad bstan pa'i mig gcig rgyal sras gzhan phan mtha' yas kyi thugs sras rdzogs chen mkhan chen pad+ma badz+ra ram pad+ma dam chos 'od zer las bdag gi mkhan pos gsan par gda'/_de'i zhogs par sku mdun du bcar bas rgyun par grib kyi bsnyun bab lci bar yod pas gri lcags kyi sor gdub cig phyag g.yon srin mdzub la bzhes nas yod pas de ring ban rgan yang 'dul ba bzhin dgos gsungs te gri lcags kyi gdu bu phyag las bton te mdun gyi nas bzed du bcug_/na bza' bzhes skabs gcen bshad sgrub nas khos dge tshul sngar zhus pa'i sdom pa yar phul dgos sam zhus pas theg pa che chung gi dgongs pa gnyis yod pas theg chen lugs su mdzad de gzhan phan don gnyis kyi thugs bskyed mdzad na sdom par yar 'bul mi dgos gsungs/_dgon stod mchog sprul la 'gyur med bshad sgrub rgyal mtshan/_mkhan blo gros rab gsal la 'gyur med thub bstan rgyal mtshan/_rang la 'gyur med bslab gsum rgyal mtshan zhes ming gnang*/_rje nyid kyis mdzad pa'i sngags spyi'i sngon 'gro kun mkhyen zhal lung rnam grol shing rta dang*/_nges don sa bcad dang bcas pa'i bshad lung yang bka' drin thob/_de nas ring por ma lon par kun gzigs mkhyen brtse'i mchog sprul rin po che phebs pa la zhe chen grwa tshang nas chibs bsu/_dgon sde'i 'khris su phebs skabs thog rol/_bar khrod pad+ma 'od gling kong sprul rin po che'i gzim shag tu spos sna rgya gling gis bsus te gsol ja bzhes 'bras mdzad nas rje bla ma rin po che'i gzim chung dang nye bar skyabs rje rab 'byams rin po che'i gzim shag tu bzhugs stan chag_/smin grol la ched du phebs pa'i dad 'dus thams cad la kun gzigs mkhyen brtse rin po che 'jam mgon chos kyi rgyal po nyi zla zung gis sgrub brgyud shing rta chen po brgyad kyi gdams ngag rin po che'i mdzod kyi che ba/_ched du bka' bsdu'i dgos ched/_khyab bdag 'khor lo'i mgon po mtshan ldan gyi bla ma mchog nyid la brgyud pa khungs btsun tshul/_chos gsan pa'i kun slong dang kun spyod sogs bslab ston zhib mor gnang*/_gza' skar dus tshes dmigs bsal ma nges kyang sna sel du rata gling phur pa'i gsang sgrub kyi bskang bzlog_/smin lugs dngos grub rol mtsho dbyangs rol rgyas pa nyin gnyis ma/_bsam lhun mchod chog_/sgrol chog sogs zhib rgyas su btang ba sngon du 'gro bas bka' chos dbu 'dzin mdzad nas dkar chag bkra shis grags pa'i rgyal mtshan gyi ljags lung dang*/_blo sbyong zhen pa bzhi bral sum khrid nas brtsam rdzogs chen sde gsum bar smin grol yongs rdzogs thob pa'i skal bzang byung bar rang yang rjes nas de rigs la thos bsam dang 'chad khul blang ba'i skabs gser chos yid bzhin nor bu 'di lta bu spyir bdag gi bla ma la mdo rgyud nas gsungs pa'i mtshan nyid tshang bar tshad mas grub cing*/_khyad par rdzogs pa chen po'i lta dgongs sgra ji bzhin du nyams 'og tu chud pa rdzogs pa'i sangs rgyas khyab bdag bla ma rin po che las dngos su nod pa'i skal bzang byung ba 'di 'dra mi lus thob pa'i don por 'dug snyam dad spro lhag par yang skyes shing*/_da lta de rigs 'chad khul byed pa'i skabs su yang bla ma rin po che yid yul du byas nas 'chad nyan don ldan du 'gyur ba'i gsol ba btab khul byed/_shangs pa bka' brgyud kyi mgon po snying zhugs/_gnod sbyin k+She tra pA la'i rjes gnang bcas 'jam mgon rnam gnyis mchog sprul nyi zla lta bu dang*/_dgon stod sprul sku sgrub bla kar sgrub sogs bdag cag rnams la gsang chos su bstsal zhing shangs pa'i bla mchod kyi tshogs 'khor skabs/_gsang bdag gu Na'i do ha mgur dbyangs su dgyes nyams kyis gsungs/_mkhyen brtse rin po ches rje bla mar phul ba'i spre'u'i thod pa dngul shan zhig yod pa bdag la gnang*/_sgrub bla kar sgrub kyi rang gi snying gar rtsa dbu ma'i nang ye shes mgon po sgom tshul zhus pas rje bla ma rin po ches brda don rtags kyi rtsa dbu ma'i go don rgyud kyi lung mang po bcas bzhad mo gnang bzhin rgyas par gsungs/_bka' chos grub nas rang gnas su phyin skabs/_gcen bshad sgrub kyis bshad pa byas na de ring rin po ches gsungs pa lta bu zhig dgos/_khyed kyang de 'dra bshad thub pa zhig 'ong ba'i re ba yod zer/_de dag gi bar mtshams su zhe chen kong sprul rin po ches khong gis sngar snyan ngag zhig zhus pa 'phro can du gyur pas da res le'u bar pa'i dpe khrid cig phran rtsar gsan dgos gsungs pa/_gcen bshad sgrub nas kho rang snyan ngag gi go don dka' gnad gang yang shes ma red pas kong sprul rin po che la snyan ngag phul 'os ma mchis pas ji ltar bgyid ces rgyal tshab rin po che la dgongs lan zhus pas bka' bzhin bshad khrid phul na legs gsungs pas snyan ngag le'u bar pa zhig gang shes zhus/_spyir gtor ma'i khyad par/_cho ga gtang tshul sogs thams cad la dri rtog zhib rtsad mang po byed dgos nges shig rang bzhin gyis gshis su yod pas de skabs kong sprul rin po che dang*/_rje bla ma rin po che'i las rdor sgrub brtson 'jam dbyangs blo gsal gnyis las gtor bzo/_cho ga phyag len sogs dngos dang brgyud las bka' drin bslab ston yang yang zhus/_rgyal phur 'grub sbyor zhig gi nyin zhe chen du bslab grwa zhig 'dzugs rgyu yin pas de'i rten 'brel dbu 'dzin yin gsungs te 'jam mgon mkhyen brtse chos kyi blo gros rin po ches gang blo ma'i 'grel pa mkhyen brtse rin po ches mdzad pa'i steng nas nyin kha shas rgyas bshad bstsal ba yang*/_'jam mgon mchog sprul rin po che pad+ma dri med legs pa'i blo gros/_dgon stod mchog sprul/_sku tsha mkhan chen blo gros rab gsal/_mkhan po 'phags rgang dbus gdams mdzod zhu mkhan thams cad nas gsan pas/_phyis mdo sngags rigs gnas nyams len can la 'gran bral gyi mkhas btsun bzang gsum ldan pa sha stag tu gyur/_'ba' gling dkar dbu mdzad cig gis gsol ba btab pa'i bka' drin gyis gter chen chos kyi rgyal po 'gyur med rdo rje'i bka' 'bum yongs rdzogs kyi lung dang*/_'jam mgon bstan gnyis gling pa'i zab gter rtsa gsum dgongs 'dus kyi don dbang yang kong sprul rin po che las thob/_tsha tsha dgon gyi sgrub bla bla ma kar sgrub nas zhus par brten 'jam pa'i rdo rje chos kyi blo gros rin po che las nye sras brgyad kyi rjes gnang dang*/_dad ldan gzhan zhig gis gsol ba btab pa las snying thig gi dpal chen 'dus pa dang*/_phur pa bdud dpung zil gnon gyi dbang*/_thog ma'i chos 'brel du thob/_rje bla ma rgyal tshab rin po che sku cung bstems pas de bar rtse le sna tshogs rang grol gyi bka' 'bum pod lnga/_phyag chen rgya gzhung pod gsum/_dgongs pa zang thal thor bu/_rdo rje gling pa'i hU~M skor snying thig pod gcig dang*/_rig 'dzin thugs tig gi gzhung pod thor bu bcas gsan pa'ang thob pa'i skal bzang byung*/_rje 'jam mgon mkhyen sprul rin po ches rang la thun mong ma yin pa'i thugs brtses bka' chos kyi skabs rang 'dug gnas thag ring bar yod pas char zhod che skabs rje nyid dang lhan du gsol chas gnang ba dang*/_mi pham rin po che'i bka' 'bum gyi lung chos 'brel du gsan pa dang*/_rgyud bzhi'i dka' mchan sogs kha shas phul/_khrid nos skabs phyag dpe lhan du mjal chog pa sogs bka' drin chen po'i nyin byed kyi skya rengs de nas shar ba yin/_spyir de skabs bka' chos gsan mdzad mkhan thams cad mkhas btsun yon tan can kho na yin pas rje bla ma rdo rje 'chang gi dbang sgrub kyi skabs sogs 'jam mgon mchog sprul rnam gnyis nas chos 'chad spel mdzad pa dang*/_slob ma gzhan gyis phyag 'bum bsag sbyang dang*/_phyag rdzogs nyams len mnyam bzhag gi bzhugs shing*/_mchog sprul rnam gnyis sogs nas gsung rtsom phan tshun phul mdzad pa dang*/_'chad rtsod rtsom pa sogs legs mdzad gnang ba'i skabs shig_/rje 'khor lo'i mgon pos/_'jam mgon rnam pa'i mdzad pa 'di dag la bltas na ma 'ongs par dpal na len+d+ra lta bu'i 'chad rtsod rtsom pa 'ong bar rten 'brel 'dug gsungs/_bar skabs cig phran rje bla ma chab bsil phebs lam du mjal bas phyag gis phran gyi lag pa nas bzung ste zhal 'dzum pa dang bcas sku rtsed lta bus/_me tog kha ma bye sbyor ltos/_gsungs nas phyag gis byug byug gnang ba de skabs byis pa yin kyang rje bla ma la yid ches kyi dad mos legs po yod pas phran da lta ni de 'dra'i bya spyod gang yang med pas/_ci gsungs pa yin nam snyam 'khu 'khrig dang bag tsha ba byung ba phyis las ngan a mye rgad por 'gyur ba ye shes kyis gzigs pa yin nam snyam/_spyir rje bla ma rin po ches zab dbang zhig gsungs pa'i skabs zhal ras gzi brjid che zhing*/_spyan lta stangs dang bcas ngo sprod kyi skabs sdigs mdzub bdag la gtad mdzad pa byung skabs/_rnam rtog la rang mos gus dman pas bla ma mi ru mthong ba ma gtogs/_o rgyan sangs rgyas gnyis pas rje 'bangs nyer lnga la dbang gsungs pa la slob dpon gyi lta dgongs la mtho dman mi 'dug snyam pa'i yid ches yang yang skyes/_gsol 'debs kyang bgyis/_gcen bshad sgrub nas mi pham 'jam pa'i dbyangs kyi rnam thar yang yang bshad pa dang*/_mnyan pa rin po che yang rang gi yongs 'dzin rnams la dad mos kyis che ba'i yon tan kho na gsungs pa thos pa'i rkyen gyis dge ba'i bshes gnyen thams cad la dad mos dang ci mdzad legs mthong dga' rab shes pa 'dra/_de skor zhig rje bla ma rin po che'i zhal gdams skor zhig mjal bas/_thams cad mkhyen gzigs mi pham rin po che la/_rje bla ma rin po ches sgrub brgyud shing rta chen po brgyad kyi mdo sngags zab rgyas chos kyi gnad don thugs la mchis pa rnams tshig bcad du mdzad pa phul zhing*/_mi pham rin po ches gsung lan tshigs bcad gcig slar gsungs pa mjal ba'i rkyen lta bu'i rtogs 'bul yin zer ba'i tshigs bcad bcu tsam zhig bris te gzigs phul bas dgyes bzhes byung kyang*/_phyis rang gis zhib tu dpyad dus rtogs pa lta ci sems don nyams myong gi tshig kyang red mi 'dug_/spyir rang nyid chen po'i rigs su skyes thog sprul sku'i ming yod pa dang 'dren mchog bla ma rnams kyis byams brtse kho na las mtshang 'don bka' bkyon sogs gtan nas gsung ma myong bas rang mthong gis phul khul 'dug pas bla ma rin po che thugs gting nas khrel med dam snyam nas rjes sor 'jigs snang gi skyi bung byed kyi 'dug_/tshigs bcad 'dir 'god par 'os kyang dpe brlags nas med pas nongs/_'jam mgon bla ma rin po ches rje bla mar byad 'grol gser lde'i bcings grol phul song bas rang yang bka' drin thob/_mi pham rin po che'i 'jam dpal dmar po longs spyod tshe 'phel/_sangs gling bdud 'dul gnyis 'dus dbang 'jam mgon mi pham gsung gi steng nas 'jam mgon d+harma ma ti'i mdun nas rje bla mas gsan pa thob pa'i skal bzang byung*/_de skor zhig la rje bla ma nyid kyis mdzad pa'i gtam tshogs skor par du brkos pa zhus dag dang dpe la lta rtogs gyis zhes gnang byung ba zhib mjal byas pas dben pa la bskul ba'i gtam nges 'byung gi rgyan zhes bya ba de mjal ba dang snang ba 'gyur te/_da 'jig rten tshe 'di'i bya ba blos btang ste dben gnas shig tu rje bla ma rin po che bzhugs pa bzhin bsdad nas rdzogs pa chen po'i rtogs pa klong du gyur pa zhig byed dgos snyam pa bzlog tu med pa'i rnam rtog cig skyes/_dad mos kyis yang yang mjal bas ri yi ngos rtswa mang po skya shur re skyes pa'i dben pa zhig tu 'dug pa yid ngor yang yang gsal ba sngon gyi bag chags 'dra yin srid snyam/_mgur thar thor 'brel yod med mang po yang bris/_mi pham rin po che'i bka' 'bum thor bu'i lung yang phul/_'jam mgon mkhyen brtse rin po che gling rje ge sar sku 'khrungs sa'i gnas skyid sos yag gi sum mdor gling dkar lha sras rgyal khrir mnga' gsol la phebs skyel zhus pa rje nyid kyi phyag bris sher phyin sdud pa'i brgyud rim zhig 'dug pa phran la gnang byung*/_mkhyen brtse rin po cher 'jam dpal bshes gnyen gyi nye brgyud dang ring brgyud kyi brgyud yig cig gnang ba'i bar seng du gza' skar sbyor byed dus tshes shis pa zhig gi nyi shar la/_'og min bla ma'i gzim spyil bde mchog bkra shis dge 'phel du shog gsungs pa ltar phyin pas/_gzim sgo nas kong sprul rin po che'i mdzod dar dang spos snas bsus/_nang du son pa dang bzhugs khri 'bol bzhi brtsegs steng stan dkar rdo rje g.yung drung ris can bzhag_/nyid mdzad sprul sku khrir bkod kyi cho ga bzhin sbyang khrus sngon du 'gro bas rang lugs smin gling gter chen zab chos 'chi med yang snying gi sgo nas brtan bzhugs mnga' gsol zhib rgyas mdzad mthar/_'bul yig rje bla ma rin po che'i zhal nas gsung skabs 'jam mgon mkhyen brtse rin po che'i sprul sku yin pa/_sngar nas pha rgan gyis rje nyid la phul ba yin lugs dang*/_'gyur med theg mchog bstan pa'i rgyal mtshan gyi ming dang*/_zhabs brtan tshigs bcad/_sku rten du 'jam mgon mi pham rin po ches rdzogs chen nags chung ri khrod nas/_mkhas 'jug gi bshad khrid gsan skabs bstsal ba'i thub dbang rgya gar shar li byin nom ldan pa/_gsung rten yid bzhin rin po che'i mdzod kyi rtsa ba mi pham rin po che'i phyag bris phyag mchan can/_thugs rten du mi pham rin po ches rgyun bzhes rgya dril byin ldan/_yon tan gyi rten du mi pham rin po che'i sku'i nyer spyad dngul gyi nas bzed shub ldan/_phrin las kyi rten mi pham rin po che'i thod pa'i phyag DAr rin po che dang stong skud kyi 'phan tshar can/_dbang mdog lcags gser gyi tham ka gru bzhi/_rta nor sogs dngos rdzas rgya cher bstsal/_don snying snga 'gyur bka' gter gyi mnga' bdag so zur gnubs gsum/_mnga' paN sku mched/_kun mkhyen yab sras/_smin gling mched zhal/_thub bstan yongs rdzogs kyi mnga' bdag 'jam mgon chos kyi rgyal po gnyis/_theg mchog shing rta mi pham rin po che rnams kyi chos rgyun 'dzin pa zhe chen bstan gnyis dar rgyas gling gi bstan pa'i bdag por mnga' gsol ba yin pas dam pa'i ngang tshul bcu gnyis kyis bshad sgrub las gsum gyis bstan 'gro'i don mdzad par gdams pa bzhin byung na rje nyid sku tshe gcig gi mdzad pa grub pa yin pas thugs dgongs rdzogs tshul/_bla ma dkon mchog rtsa gsum srung mas phrin las sgrub dgos tshul/_de la dkar phyogs lha mi kun gyis shis pa'i rgyal rnga brdung bzhin pas phyogs dus kun tu dge bar byas tshul rnams tshigs bcad du bsdebs nas 'dug_/de skabs khri de la bsdad bzhin pa'i rnam rtog la/_phran mkhyen brtse rin po che'i sprul skur mnga' gsol mdzad 'dug pas skye ba dran dgos red bsam pa dran pas/_brag ri phug pa can zhig gi mdun du ljon shing lcug phran mang po yal 'dab 'brel pa'i khong gseng nas nyi zla nam mkha' mthong ba zhig tu 'dug pa yid ngor gsal por shar bas su la yang ma smras kyang*/_tshe smad du bal yul yang le shod mjal dus de yin 'dug_/rgyu mtshan gang yin ma shes/_gcen bshad sgrub la da res khyim du song na rjes nas 'dir phebs nas phran gyi mtshams khang 'dir bzhugs dgos zhes gsungs/_phur pa'i sku mtshams shig bzhugs na legs zhes chos grogs gzhan zhig la gnang skabs dang 'brel bas slar yang dbang dang bsnyen yig gi steng nas zhal khrid bcas bka' drin bskyangs/_gcen bshad sgrub nas sems khrid cig zhu bar btang byung bas/_khrid zab rgyas shig gnang ba phyis mdzod bdun sogs rdzogs chen man ngag gang nas gsungs kyang rje gdod ma'i mgon po'i gsung des kun la khyab pa lta bu lhang nger dran par 'dug_/sems gsal stong zhig 'dug zhus pas/_de'i steng du klod la zhog gsungs/_mkhyen brtse rin po che yar phebs nas nyi ma gcig la zhal lag lhan du gnang nas rin po che khong gis ngor dpon slob blo gter dbang po la zhus pa dbon stod mkhan mkhyen rab drung yig tu yod pa la phran mkhyen brtse'i dbang po'i sprul sku yin pa'i thugs shes 'drong tshul bka' gnang tshul sogs lo rgyus zhib par gsungs nas/_da res skyabs rje rin po ches bka' yis dril bsgrags mdzad pa bzhin nyid nas kyang khyed sku mched phyin chad rdzong sar du phebs na mkhyen brtse'i bla brang rang du bzhugs chog_/ngos nyid nas kyang rnying ma rgyud 'bum gyi lung dang sgrub thabs kun btus kyi dbang lung 'bul ba'i dgongs pa yod ces sku gsung thugs rten rin chen gnyis pa'i maN+Dal dang*/_rgya dngul rdil tshad bcas gnang*/_rje bla ma rgyal tshab rin po che'i phyag bris gnyug sems kyi phyag dpe 'bral spang mdzad pa g.yar ba sogs bka' drin chen pos bskyangs/_sngar rgyal tshab rin po che'i gnang skyes rta nor sogs yar phul/_sprul sku kho rang gis tshul khrims gtsang zhing bstan la bya ba byed nus pa zhig byung na bdag po rje nyid las med cing bka' gang gsung bsgrub pa yin zhes gcen bshad sgrub nas zhus song*/_de nas dpal spungs su song*/_skyabs rje byams mgon rin po che sku gzugs ma bde ba'i rkyen gyis mnyan pa rin po che re zhig bzhugs/_phran spun la rdor dril gser rtse ma sogs gnang sbyin dang bcas te 'dam dkar dul mo chos rje'i mchog sprul dang lhan du rang yul du 'ong*/_'di skor zhig tu rang la lhag bsam dkar zhing drin che ba'i dge rgan dam chos zhes pa zhig yod pa la snyan brgyud phur pa'i dbang khrid cig 'don dgos zer ba la rgyal tshab bka' drin can las dbang ni thob pa yin cing*/_dbang gi phyag len sogs bslab mkhan su yang med/_snyan brgyud phur pa rgyun khyer dang*/_dbang dpe las med cing*/_tshogs gsog sogs sngon rjes yang dag zab tig las kha bskang dgos pa zhes pa ltar byas pas/_da lta dpyad dus chad lhag cher ma song ba lta bu 'dug_/sa bcad du gsal ba ltar phur bzhi'i bshad pa gang dran dran zhig ham pas byas/_zur mang drung rin po che chos kyi nyin byed kyang der phebs nas gter chen rdo rje gling pa'i chos skor mkhyen brtse rin po che'i nye brgyud rnams bla ma rin po che dam chos 'od zer las gsan cing*/_gsang bdag tA ra nA tha'i bka' 'bum 'jam mgon kong sprul rin po che'i lung brgyud gling dkar rje btsun ma 'jam dbyangs tshul khrims bzang mo las gsan te bzhugs pa'i drung du phyin te tshe 'gugs shig zhus pa nyid kyis mdzad pa'i ge sar tshe 'gugs cig chos 'brel du thob/_yar lam bla ma rin po che dam chos kyang zhal mjal zhus nas rje 'dis phran la mkhyen kong gi zab gter skor las bsnyen sgrub mdzad na bstan 'gro'i don chen 'ong zhes gcen bshad sgrub la nan tan gsungs/_rang gnas su song*/_de nas mi ring bar rdo rje phur pa yang gsang spu gri'i mtshams la bsdad/_sngar rje bla ma'i zhal khrid dang bsnyen yig_/phur pa'i rnam bshad/_mi pham rin po che'i rtsa gsum bsnyen yig rnams go bsdur byas shing*/_thun gyi skabs dmigs pa gsal ci thub byas/_thun mtshams su gcen bshad sgrub nas mchan 'grel 'di rnams mkhan slob gnyis ka la 'chad nyan stabs bde yang go ba gting phyin pa skye mi 'dug_/dpal sprul rin po che'i phyag bzhes bzhin rtsa ba'i gting nas tshig don gnyis ka byang chub par shes dgos pas byams chos sde lnga rtsa ba'i steng skyor sbyang gyis/_lhag par dpal sprul rin po che'i sher phyin spyi don dang 'bru 'grel rnams blta rtogs gyis zer/_dpal sprul rin po che dang dge mang dbon po'i dngos slob rdza rgyal dgon gyi bla ma sprel lo zhes sku tshe ril bor dben par bzhugs pa zhig yod pa de'i phyag dpe sher phyin gyi rtsa ba mchan can dang*/_spyi don 'bru 'grel sogs lta khul byas/_de'i dpyid sos skor byang phyogs lcang ma ri khrod nas mkhan chen rdo rje 'dzin pa thub bstan chos 'phel spyan drangs/_chibs mi bzhes pa zhabs thang gis skul ngal khyad du bsad de dgyes bzhin phebs mjal byung bas sher phyin mngon rtogs rgyan rtsa ba'i steng rgyugs 'bul byas/_bslab sbyang brtson pa legs po byas 'dug gsung ste thugs mnyes/_mkhyen gsum sbyor bzhi sogs la go ba nges shes 'drong ba med kyang tshig 'dzin pa la blo rno po yod pas 'bru 'grel gyi tshig thams cad rtsa ba la sbyor thub pa yod pas mkhan pos de la dgongs pa 'dra/_da res phran 'dir 'ong ba'i don go sprul sku 'di la phyogs bcu mun sel zhig zla ba drug tu slob dgos gsungs nas/_rang dang gcen bshad sgrub/_lcang ma mkhan po tshul lu gsum la chos rje dpal sprul rin po che'i phyag bzhes bzhin rgyud chog dang bcas te phyogs bcu mun sel spyi don rnams bzhag ste/_rtsa 'grel thams cad mkhan rin po che'i thugs thog nas zhag bcu ru gsungs/_zhi khro'i tshogs skong gi gtang rag rgyas pa gsungs/_gcen bshad sgrub pas slar dbu nas brtsam te nyin rer shog ldeb phyed gsum re zhib khrid kyi tshar gcig dang*/_yang nyi ma re la shog ldeb lnga re byas nas tshar gcig gsungs/_mkhan rin po che sku gsung thugs kyi mdzad pa thams cad chos bzhin mdzad/_'dul ba la shin tu zhib pa gsol tshigs skabs gsung mi 'byon pa dang*/_zhal 'don skabs ngag tshig bcad pa dang*/_sos dal du yud tsam re mi bzhugs par phyag dpe gzigs pa dang*/_phyag bris dang chos 'chad nyan kho na mdzad/_gsog 'jog gtan nas med par na bza' dang gsol chas ngan ngon re bsten ste mchod 'bul gnang ba dang*/_/'brel tshad don ldan sbyor nas/_dpal sprul rin po che'i rnam 'phrul du grub dbang rdzogs chen lnga pas gsungs kyang kun la dril bsgrags mi mdzad par mkhan po rang gis zhus pa red zer te don la gnas pa yod/_de skabs rang khyim sgo bshas dang*/_sems can bsad nyin gyi sha mi za ba dam bca' byas pas mkhan rin po che thugs mnyes pa ltar mdzad/_rgyud 'grel zhib rgyas kyis bshad pa nyin rer lan gsum re mdzad pa la nyan pas mkhan rin po che'i lung 'dren gsungs pa de ma thag blor mi zin kyang rtags brgyabs te bka' 'dri zhu dgos pa las gzhan tshig gcig ma lus pa zin te phyi nang rgyugs 'bul chog pa yod/_sgrub phrin la rgyas bsdus kyi sa bcad/_bdag mdun gyi rnam bzhag_/sems dpa' sum brtsegs kyi dgos pa/_bsnyen sgrub yan lag bzhi'i go don sogs rgyu mtshan zhib par go rtogs byung*/_gtan tshig bzhi dang bden pa dbyer med sogs zab rgyas rnams la thad ka thad ka'i go ba sngar las lhag_/dbang dang dam tshig gi rnam bzhag sogs mdo sngags kyi gzhung thos bsam byas pa thams cad las 'di smon rin chog pa lta bu rang gi blo tshod la byung*/_mkhan rin po che 'di bka' mol chos gtam las med pas nyin mtshan bar med sku mdun bcar te bka' bslab gnang bas phran gyi sgo gsum chos la bkod shes pa'i bka' drin chen po byung 'dug_/mkhan rin po che la zhal 'don chos dbyings mdzod rtsa ba spus legs bris pa zhig_/gcen bshad sgrub nas phul song ba de'i dran bskul gyis nyams len la mos pa chen po yod pas chos dbyings mdzod rtsa ba zhig lung zhus/_kun mkhyen gsung kha bton byas na phan yon che tshul mkhan rin po che'i zhal nas thos pas de phyin nyin re le'u re bton/_rdo rje phur pa'i bsnyen sgrub la'ang phan pa chen po byung*/_da rgyud 'di la mkhan rin po che bzhin thos bsam bsgom pa dpyis phyin pa zhig byed dgos bsam pa yang yang shar/_mkhan rin po ches kyang chos rje dpal sprul rin po che/_dge mang dgon du mkhan yon tan rgya mtsho'i grwa shag la dong sprugs kyi bsnyen pa lo gcig tu bzhugs ring*/_mkhan yon dgas mtshams g.yog mdzad de phyogs bcu mun sel zla ba drug_/gsang bdag dgongs rgyan dang zhal lung zla ba drug gsungs te rgyud kyi bshad rgyun ma chad pa gyis gsungs nas/_mkhan yon tan rgya mtshos phyogs bcu mun sel rgyud 'grel yongs rdzogs thugs la zin/_rgyud don thugs su chud pa gsang bdag zur mes dbon rnam gsum lta bu red/_rje de las phyogs bcu mun sel lta bu zhig khrid thob na dgongs rgyan/_zhal lung*/_dkon mchog 'grel gyi bshad tshul thams cad khong du chub pa 'ong*/_mkhan rin po che'i rgyud 'grel gang yin gcig gi steng bshad pa mdzad pa'i tshig slob ma mi res 'grel pa re bltas nas bsdad na yang rang rang gi 'grel pa de gsungs pa ltar yod pas shin tu ngo mtshar che ba yod/_dbon bstan 'dzin nor bu dang*/_yon tan rgya mtsho gnyis kas gsang rgyud 'chad nyan mdzad skabs bla slob spyan snyun pa sogs bar chad che tsam byung ba/_kun gzigs mi pham rin po che la zhus pas thog mar phyogs bcu mun sel bshad pa nyin bcu phyi nang gi mtshams bcad lta bu'i gsang tshul du mdzad/_de nas skyor sbyangs lta bus lo zla ga tshod 'chad nyan byas na'ang bar chad mi 'ong gsungs te mkhan yon tan rgya mtsho la phud kong zhig gnang*/_ngas chos srung la bka' bsgo bzhag gsungs pa ltar de phyin de ltar mdzad pas rgyud 'chad nyan la bar chad ma byung ba red/_mkhan yon tan rgya mtshos lo re bzhin gsang rgyud bshad pa lan re re sku tshe la rgyun ma chad pa red/_ngas kyang phyogs bcu mun sel tshig blo la bzung*/_lo re nyin bcu ma re ma chad pa byas/_da res bshad pa 'di bstan rgyun la phan na bsam pa yin pas de bzhin khyed nas dgos tshul bka' nan lan du ma gnang*/_rgyud kyi gsang ba zab mo 'di gsang sgrog sogs gang la'ang bag tsha bar 'dug kyang gnang ba zhu bzhin yod gsungs/_rgyud 'chad nyan rgyas pa grub pa nas/_da phyin chad rgyud 'di 'chad nyan bar ma chad par phyogs bcu mun sel blo la zin pa gyis zhes bka' nan tan bstsal/_de nas mkhan rin po che mkhar mgo 'jam dbyangs grags pa'i mdun nas rgyud brtag gnyis 'jam mgon 'grel chen steng bshad rgyun gsan nas byang rgyud du phebs/_dgun phyogs der dge mang mkhan chen yon tan rgya mtsho'i dngos slob rdzogs chen mkhan rig 'dzin 'od zer ram dkon mchog blo gros mtshams khang du gdan drangs nas/_kun gzigs mi pham 'jam pa'i dbyangs kyi legs bshad mkhas pa la 'jug pa'i sgo'i rtsa ba dang*/_sdom byang*/_sa bcad dang*/_yon tan rin po che'i mdzod/_lcang ma mkhan rin po che'i mchan 'grel steng nas zhib khrid gnang zhing*/_klong chen snying thig gi sngon 'gro kun bzang bla ma'i zhal lung gi zhib khrid zhus/_bka' 'phros su dpal sprul rin po che dang*/_'jam mgon mi pham rin po che'i bshad srol/_grub mtha'i dka' gnad sogs zhib par gsungs pas grub mtha'i shan 'byed la shin tu phan pa byung zhing*/_sngar sgyu 'phrul gyi bshad pa rgya che ba ci rigs go thos byung ba la/_'di man ngag gi bshad pas rdo rje theg pa'i dbang dang*/_dam tshig gi dbye bsdu/_bskyed rdzogs rdzogs chen gyi rnam bzhag lam tsam shes pas rig pa'i sgo 'byed pa ltar gyur song*/_phyis thams cad mkhyen gzigs 'jam dbyangs chos kyi blo gros la de tshul zhus pas/_kun mkhyen 'jam pa'i dbyangs nyid la'ang yon tan rin po che'i mdzod kyi gzhung 'di gsan bsam mdzad nas mkhyen rab kyi sgo 'byed du gyur pa nam langs pa'i steng du nyi ma shar ba ltar gyur song bas bstan bcos 'di byin rlabs shin tu che ba yin ces gsungs/_sgyu 'phrul gsang snying dang yon tan rin po che'i mdzod la 'chad nyan byas tshul 'khor lo'i mgon po rgyal tshab rin po cher tshigs bcad kyi zhu 'phrin phul bas/_bka' lan du dam pas bsngags 'os kyi gsan sbyangs rgya cher mdzad pa shin tu legs ces pa'i phyag bris dang*/_bod ris bkra shis rtags brgyad yod pa bcas bstsal pa gsung gi mtha' mar gyur/_spyir rang gi bla ma bsten pa thams cad lha chos kyi yon tan 'gran zla dang bral ba nyi zla ltar grags pa dang*/_mi chos thugs blos btang ba kho na yin pa'i bka' drin lta bu'i rang yang mi gzhi 'jig rten la mos pa chung ba'i steng*/_bla brang dang dgon pa'i mgo 'dzin gyi chos kyi bya bzhag sogs ma dgos pa pha ma bzang po'i bka' drin gyis bla ma tshad ldan dang thos bsam kho na chog pa'i mthun rkyen dang*/_yongs 'dzin gcen bshad sgrub kyi bka' bslab kyang*/_khyed rang chos kyi yon tan tshul gnas thos bsam sgom pa mthar phyin pa nga yi bla ma rnams ltar mdzod dang 'jig rten phyogs thams cad kyi 'gan ngas len chog pas lkug pa nang bzhin sdod zer ba'i bka' drin gyis lo gzhon pa'i skabs dkor yang za mi dgos/_chu tshod gcig tsam yang 'phrog brlag mi btang ba'i dam bcas thos bsam sgom par brtson pa bskyed pa byung*/_gcen yongs 'dzin nas nyi ma re bzhin/_snyan ngag gi bstod pa/_gsol 'debs/_'bel gtam/_mgur sogs 'di dang 'di bris dang yi ge 'bri ba dang rtsom pa gnyis ka la phan zhes rgyun par bskul te 'brel yod med sna tshogs dang*/_legs par mi dran pa'i skabs dpal sprul chos kyi dbang po sogs mkhas grub mang po'i gsung bstod tshogs zhal gdams sogs la lta rtogs kyis rgyun bsrings te bris pa dang*/_rtsom pa la phan thog mngon gyur du byung zhing*/_bris ni legs po shes ma song*/_des skor sa dkar bsam 'grub gling gi 'dus sde la/_bde chen zhing sgrub lo star chags yod pa'i tshogs dbur phyin nas bde chen zhing sgrub nyin gsum du bshad pas thams cad kyis ngo mtshar chen po 'dzin pa byung*/_snying thig 'od chog dpag med myur lam gyi dbang zhig kyang bton/_bla ma rig 'dzin theg mchog las/_dge tshul kA ri ka mi pham rin po che'i bshad pa dang*/_'jam dpal bstod sgrub kyi khrid rdo grub bstan pa'i nyi ma'i gsung yang thob/_phur bsnyen lo gcig grub nas sbyin bsreg bcas grub par byas/_me stag gi dpyid sos skor/_de'i dbyar phyogs sngar rigs gnas kyi slob dpon dpal spungs kyi byang 'dren sku bgres bstan 'dzin rdo rje sga ban chen phun tshogs dar rgyas gling du bka' brgyud mar lugs rgyud sde'i sgrub mchod/_tshes bcu/_dgu gtor chen po sogs rgyud sde rnams kyi phyag bzhes/_dbyangs rol sogs zhib dpyod la phebs pas der song*/_sngar gyi sbyang 'phro sgra dbyangs can gyi rab byed 'jam mgon kong sprul rin po che'i gsung gi bshad khrid/_nag rtsis skor chags med rin po che'i yig cha keg rtsis bal mo lding skor/_nad rtsis thang shing*/_gshin bzhi rtsis sogs rgya cher bslab sbyong byas/_nyin cig pha rgan gyis yi ge 'byor bar rigs kun khyab bdag me stag snron zla 5_tshes _18_la dgongs pa rdzogs tshul 'dug_/snying bton pa lta bu'i sems gdung ngang de nub gsol ka btang mthar da bla ma rin po che'i zhabs brtan gsol 'debs 'don yang ma 'grigs/_bzhag pa'ang blos ma thongs gsol 'debs su kha bsgyur te ngu bzhin bton/_blo ma bde ba'i ngang nas nyal/_gcen bshad sgrub nas sems gso lta bus bla ma dgongs pa rdzogs pa la phal pa ltar mya ngan ma byed/_thugs yid bsre dgos/_khyed rnams sprul pa'i sku red pas 'das rjes dgongs brgyud kyi byin rlabs 'pho 'ong zer/_phyir nang bslab sbyang gi phyir khang rgyab spang ljongs grib bsil yod pa zhig tu bsdad/_sems ngo lta khul byas pas rje bla ma dran nas sems sdug tshad med cig langs mchi ma dbang med du shor nas skyo glu 'di 'dra zhig kyang bris so/_!_kye ma kye hud mtshan ldan gyi bla ma/_/sangs rgyas dngos 'dras rjes su ni zin kyang*/_/gdams ngag sgro 'dogs ma chod pa'i dwa phrug_/g.yas med bor nas phebs pa 'di ci zhig_/zhal ras zla ba nya ba ltar dkar dang*/_'dzum pa'i spyan gyis brtse brtse bzhin gzigs dang*/_/las ngan chu bur mig gis ni mi mjal/_/pha med bu tsha tshugs thabs shig mi 'dug_/phra la snyan pa lhang lhang gi gsung snyan/_/zab rgyas chos kyi bdud rtsi dang chabs cig_/rna ba'i ut+pal dang ma'i zungs mi thos/_/bu yis 'o dod mi 'bod ni ka med/_/'jam mnyen phyag gis spyi bo nas byugs shing*/_/byin brlab bcud ldan bum pa dang bdud rtsi/_/dga' bas myong ba'i skal pa ni med snyam/_/yid skyo'i shugs ring mi 'don mkhan su yod/_/'od gsal dgongs rtsal sbar ba dang bcas te/_/hrig ger spyan gyis lta stangs dang bcas te/_/bdag la gzigs pa'i go skabs shig nam yong*/_/re ches mi 'bod ka med du byung song*/_/'og min pad+ma 'od gling gi ri ngogs/_/bde mchog bkra shis dge 'phel gyi gzim spyil/_/yid ngor gsal bas dga' spro zhig yod kyang*/_/de ring stong par bzhag pa de ci lags/_/mkhas btsun rtogs sgom bzang po yi khyu gcig_/pha ma gcig pa'i bu brgyud bzhin thugs mthun/_/chos bzhin spyod pa'i rig 'dzin gyi 'dus pa/_/mun rub bya bzhin phyogs kun tu phebs song*/_/dbang dang gdams ngag gcig bas kyang gcig mtshar/_/chos rje yab sras gang 'dod las yod cing*/_/g.yul ngor pham pa'i lcags ri yi sgo bzhin/_/de ring sgo 'phar gcod pa 'di phod dam/_/mdo sngags bstan gnyis dar rgyas kyi chos gling*/_/mkhan sprul dge 'dun bgres gzhon dang bcas kyis/_/bka' drin can zhes 'bod pa de lags kyang*/_/mi mngon dbyings phebs dus skabs de ci 'dra/_/rtse mthong pad+ma lha ri yi ngogs su/_/brag gi ke'u tshang ljon shing gi spyil bu/_/bag phebs gu yangs rnal 'byor de kun gyis/_/nyams rtogs bgro gleng su zhig la zhu dgos/_/khyim na gnas kyang dam tshig gi gser thag_/dad pa'i rin chen dog pa yis brgyan pa'i/_/khyim bdag pho mo skye 'chi dang bar dor/_/skyob pa'i ra mda' su zhig gi mdzad 'ong*/_/sngon chad rnga yab zangs mdog gi dpal ri/_/sa der 'phos pa min nam snyam dran kyang*/_/da ni rnam 'gyur yid ngo ru dran kyang*/_/skyo bas mchi ma char rgyun bzhin brul song*/_/rje khyed phyogs bcu'i zhing rnams kun bzhugs te/_/zag med bde bas ngal 'tsho zhig mdzad kyang*/_/rjes 'jug shul lus ye shes kyis gzigs la/_/byams brtse'i phyag yangs spyi bo ru zhog mdzod/_/ma dag zhing 'dir gnas pa yi slob mas/_/khyed ni rgyal ba sras bcas kyi dbus na/_/ji ltar bzhugs snyam bsam mno zhig btang bas/_/tshugs thabs mi 'dug drin chen gyi yab gcig_/khyed ni gdod ma'i nang dbyings su sim kyang*/_/rang bzhin shugs kyi thugs rje yi lcags kyu/_/'phel 'grib med pas da lta ru btab nas/_/mgon cig dgyes pa'i mdun sa der khrid mdzod/_/de nas bslab sbyang gi bar seng zhig la dbyar mthong lta bu'i rdza ri mthon po zhig gi rtser sleb song bas ngal te cung zad bsdad pas/_ched du sems la lta ba sogs ma byas kyang sngar gyi nyams myong la med pa'i stong gsal mtha' dbus med pa nam mkha' lta bu rang bzhin gyis shar 'dug nyams de ma yal bar bsdad/_byams mgon tA yi si tu pad+ma dbang chen ban chen dgon du phebs pa dbu zhwa dang*/_thugs dam kar lugs sgrol dkar gyi dbang sogs chos 'brel mang du thob/_slar rang gnas su slebs nas/_ston kha skor rang khyim du phyir 'ong nas dgun phyogs ri khrod cig tu chos dbang phur pa'i bsnyen pa zhig btang*/_phyogs bcu mun sel la dpe bltas cung zad byas/_sa dkar dgon gyi grwa bcu skor la spyod 'jug cig kyang zhib par bshad khul byas/_rang khyim dang ha cang mi ring ba zhig tu mtshams khang brag rtsa zhes pa'i brag ri mtho mdzes g.yas g.yon du shug pa mang po skyes pa/_dbus su brag phug spyod lam bzhi shong zhig yod pa de sems la bab pa zhig byung bas blta ru phyin/_dgun dus yin kyang lung pa de'i chu chung ngu zhig la 'khyags rom thams cad zhu nas chu dbyar dus ltar rgyas te byung bas yul mi kun gyis kyang phran der phyin pas yul lha dga' ba'i rtags mtshan du 'dug ces gleng ba byung*/_thog mar tho rangs nam ma langs gong mal du sngon 'gro zhig btang ste bsdad yod pa'i mdun du sman btsun tshe ring ma yin nam snyam pa mda' dar thog pa'i bud med cig yud tsam mig lam du gsal byung ba gnas de'i bdag po yin snyam dran/_spyir gnas der snga sor rgyal ba 'bri gung pa'i slob brgyud mang po zhig bzhugs shul yin 'dra/_gnas der skabs rer sdod pa'i dge slong zhig yod pas bsang zhig rtsoms zer ba de ltar bris/_spyir de skor kun mkhyen rig 'dzin 'jigs med gling pa'i rnam thar yang yang mjal bas sgrub pa mdzad pa'i rnam thar gsung mgur rnams dang*/_dpal sprul rin po che'i dben pa'i gtam lha yi rnga sgra/_/'dul bstod me tog gi skyed tshal/_dge mang dbon o rgyan bstan 'dzin nor bu'i tshul khrims bstod pa dang gsung mgur/_rje bla ma rdo rje 'chang gi dben pa'i gtam nges 'byung gi rgyan rnams mjal zhing*/_gcen bshad sgrub nas mi pham rin po che'i sku tshe smad du sgrub pa 'ba' zhig mdzad tshul rnams yang yang smras pa las/_phran dben pa zhig tu mi tshe la tshad btsugs pa'i sgrub pa zhig byed dgos kho na dran du phyin/_'jam mgon nyi zla zung dang mdo khams pa bstan pa'i nyi ma'i thugs sras mkhas btsun grub pa'i dbang phyug 'jam dbyangs grags pa'i mdun du song*/_rje de'i 'jam pa'i dbyangs blo gros mtha' yas las gsan pa'i kun mkhyen chos kyi rgyal po'i gsung mdzod chen bdun/_ngal gso skor gsum/_phyogs bcu mun sel/_sngags kyi spyi don rnams khrid lung zhus/_dkar chag zhe drung paN+Di tas mdzad pa bcas zhib rgyas su thob/_bla ma 'jam grags rin po ches zad pa zhes pa'i lo rdzogs shing*/_me yos gnam lo gsar tshes la/_da res mdzod bdun lung lnga pa yin pas de khyed sku mched nas gsan pa rten 'brel shin tu legs zhes bsngags brjod dang mgul dar gnang*/_nyer mkho'i dbang gis mkhyen brtse rin po cher gter chen sangs rgyas bla ma'i yang gter rtsa gsum dril sgrub kyi dbang lung dang*/_sgrub btus su bzhugs pa'i ku ru kul+le lha lnga'i rjes gnang yang zhus/_rje bla ma'i sku tsha ma rje btsun ye shes chos sgron las skar rtsis lnga bsdus cig bslab pa zhag bdun gyis tshang bar rdzogs kyang de rjes nan tan ma byas pas dpe cha sbyangs brtson kun las dman shos byung song*/_sku tsha rje btsun ma ye shes chos sgron la dge tshul kA ri ka zhig bshad/_'di nyid bzhugs pa'i ri khrod kyi mdun brag ri mthon po zhig yod pa la bya rgod kyi lding bskor byed pas/_ljon shing gi nags me tog gis bkra ba mthong nas dben pa kho na dran pas tshugs thabs med pa lta bu byung*/_de skor rang gi brag phug cig tu sgrub pa la sems brel ba langs nas yod/_re zhig 'gro ma grub pa'i rkyen gyis rang khyim gyi khang steng nas mtshan mo rje bla ma bi dza ya bzhugs pa'i phyogs su phyag 'tshal/_gsol ba btab ste sgrub pa la 'jug pa'i dam bca' yang yang byas nas de bzhin 'grub pa'i smon lam bcas glu 'di yang blang ngo*/_/gnas rtse mtho pad+ma shel ri yi ngogs su/_/lha bka' brgyad tshogs khang ke'u tshang nyams dga'/_/pha rigs kun khyab bdag pad+ma bi dza ya/_/zhal rgyas 'dzum can de yid yul la dran byung*/_/thugs yengs 'khrul bral kyang dben gnas der bzhugs nas/_/'khor dam ldan mkhas grub mchog sprul gyi tshogs rnams/_/tshe 'dir snang 'du 'dzi'i 'ching thag las 'grol nas/_/bag phebs te bzhugs pa'i gnas tshul de dran byung*/_/gnas nyams dga' rmos legs 'bru zhing gi dbus su/_/mtho brjid pa'i khang bzang bkod mdzes kyi nang na/_/bza' btung zhim sna dgu'i rol rtsed kyi ngang nas/_/gos 'jam legs 'byor kyang skyid sems shig ma skyes/_/mis ma bcos rang byung brag ri yi khang mdzes/_/shing ljon pa'i bsil yab mnyen lcug gis g.yob cing*/_/sprin na bun stod 'ching lang ling du g.yo ba'i/_/brag ke'u tshang can la pha khyim bzhin bzung snyam/_/yid mthun pa'i pha ma spun sring gis bskor zhing*/_/sems brtse ba'i 'dzum bcas bsnyen bkur la ngoms med/_/'phral nyer mkho'i bca' kha gang 'dod kun ster kyang*/_/bu nga yi yid la spro ba'i sems ma byung*/_/grogs ri dwags pho mo bye'u dang gcan gzan/_/'phral nyams dga' byams dang snying rje yi gsal 'debs/_/dus ji tsam 'grogs kyang chags sdang dang 'du 'dzi'i/_/sems re dogs med la bu chung nga smon shor/_/gser dngul dang nor phyugs rta glang gi so tshis/_/zhing rmos legs so nam rmo brko yi brel dos/_/phug bang mdzod khengs phyir rta g.yag dang mdzo drel/_tshong so nam rgyu la yid smon dang bral song*/_/'phral lto 'grang lhags skyob bsod snyoms gyis thob 'ong*/_/sha khrag dang chang sogs zhim zas la mi re/_/gnas rgyal khams nges med dge sbyor gyi chos gang*/_/'gro snyam pa'i sems la 'gyur ldog ni mi gda'/_/mkhar khang bu brtsegs pa'i gzim chung gi sbug na/_/gos dar zab rgyan khri rgyab yol gyi steng na/_/mi mang pos bsnyen bkur mjal kha dang phyag dbang*/_/brgya bshig ste stong 'gugs bla chen la mi re/_/brag spyod lam bzhi shong rang byung gi khang mdzes/_/phug snyan brgyud gdams pa'i pod chung dang lhung bzed/_/chos mthun pa'i rnam gsum thar pa yi rgyal mtshan/_/gos phyag dar khrod pa'i sbyang yon la smon shor/_/'phral log 'tsho'i khur lci chags sdang dang 'gran sems/_/phug chos 'gal dam nyams dkor 'dre ru skye byed/_/rkyen ngan pas nag chang dgyes byed du 'gyur ba'i/_/las mtha' ru log pa'i bsog 'jog la mi re/_/rgyud nges 'byung so nam bsog brun la bskul bas/_/g.yeng 'du 'dzi med pa'i ting 'dzin gyi pha mkhar/_/nyams rtogs pa'i nor la chog shes dang bral ba'i/_/rje mi la ras pa lta bu zhig sems lags/_/dus gsum gyi bsam mno chags sdang dang ngo srung*/_/sems g.yo rgyu'i rdza mkhan 'khor lo la yengs bzhin/_/gos snum bag chags pa'i bzang brdzu dang lhan cig_/mi'i mgo bo bskor ba'i thabs mkhas de bzhag nas/_/dgra 'khor ba 'di la phyi phyag zhig 'tshal nas/_/mi med pa'i lung stong ri dwags bzhin bzung nas/_/sprin na bun g.yo ba'i g.ya' gangs kyi brag phug_/nyams rtogs pa'i ltad mo lta snying la brod 'dug_/gnas rgyal khams nges med pha gzhis su byas nas/_/'phral gang byung des chog 'gro kun gyi gces phrug_/tshe 'di yi bya spyod rtsis med du 'dor nus/_/rje khyed rang lta bur byin gyis rang rlobs shig_/ces smras/_yang skabs shig pha ma dang spun zla nang mi la 'phrin 'di 'dra zhig bzhag nas ri khrod du song na bsams te bris pa/_kye ma kye hud snying sdug gi pha ma/_/spyir gyis dal 'byor lus rten 'di bskyed de/_/chung nas da bar byams sdug gi skyong bzhin/_/mtshan ldan bla ma'i zhabs drung la gtugs te/_/chos mthar thar lam sprod pa 'di drin che/_/bdag kyang mtshan ldan bla ma yi rnam thar/_/chos la thos bsam byas pa yi lag rjes/_/tshe 'di'i bya ba cam gyis rang bskyur te/_/mi med lung stong 'grim blo zhig skyes byung*/_/mtho mdzes khang par pha ma gnyis bzhugs mdzod/_/bu chung brag phug stong pa la dga' drags/_/'jam legs na bza' bka' drin ni che rung*/_/mkho med phying dkar na bza' la dga' 'dug_/rin thang che ba'i yo byad 'di bzhag nas/_/'khar bsil lhung bzed chos gos kyis chog 'dug_/phangs med 'dod dgu'i nor rdzas 'di bskyur nas/_/gdams ngag zab dgu'i be bum zhig bsog snyam/_/mdzes sdug me tog skyed tshal 'di bzhag nas/_/dben pa'i brag skyibs gcig pu ru chas 'gro/_/'khor g.yog mi dgos chags sdang gi nye 'khon/_/bya dang ri dwags grogs po dang 'grogs snyam/_/sngon zhig khyab bdag bla ma rje'i mdun nas/_/gsang ba snying thig dbang bskur gyi skabs su/_/tshe 'di'i bya bzhag cham gyis rang bzhag nas/_/chos bzhin spyod pa'i khas blang gi dam bca'/_/snying la rdo yi ri mo bzhin gsal bas/_/dben ri mi snyogs ka med du byung lags/_/yab mes gong ma'i rnam thar de dran nas/_/sgrub pa mi byed tshugs thabs kyang mi 'dug_/bdag cag tshe 'dir dga' mgu bcas 'grogs rgyu/_/'chi bdag bdud pos gson bral du gtang nges/_/re zhig bu chung ri sul du yib kyang*/_/dgyes zhal 'dzum dang bye bral du mi srid/_/bka' drin dran pa brjed med kyi ngang nas/_/nyams rtogs rgyal sa zin pa zhig byung na/_/drin lan gtang rag mi brjed pa 'bul nges/_/dus ngan snyigs ma chags sdang dang phrag dog_/me ltar 'bar bas dgon khog gi mgo 'dzin/_/byas kyang chos dang mthun pa zhig dka' bas/_/bse ru bzhin du gcig pu ru chas snyam/_/bstod pas mi dga' snyan grags kyi 'brug sgra/_/'phral 'phral brjod kyang stong 'ur las ci yod/_/'byor bas mi phyug tshong 'dus kyi zas nor/_/nam yal cha med sbrang rtsi bzhin brlag 'ong*/_/'dus kyang blo sems tshe gcig tu mi mthun/_/nam gzhug sbrang bu skye 'chi la nges med/_/skyid kyang mi zhen gtan bde yi 'dun ma/_/lha chos nyag gcig 'di bde dang phyi skyid/_/mi chos sgrub sgrub lus sems kyi ngal bas/_/dal 'byor thob pa stong log tu byed 'dra/_/brag phug rang shong pha khyim du bzung nas/_/bya btang rgyal po byar med du blo bde'i/_/'dun ma bla ma dkon mchog la gtad snyam/_/bu chung bsam don 'grub pa zhig zhu 'o/_/zhes bris nas gcen dge rgan la bstan pas khyed rang sgrub pa la mos pa chen po 'di 'dun ma legs po red/_tshe gcig sgrub pa byed pa zhig byung na nga yang bsam pa des rdzogs/_'on kyang da lta lo chung skabs kha pho ma sgrogs ma gtogs sgrub mthar ma 'khyol na de las ngo tsha ba med pas ring por mi thog par rang gnyis dben par 'gro chog_/thos bsam sgom gsum spel mar byed/_pha ma la yang sems mi bab pa yod ma red pas khyed ma 'gro zer mi 'ong zer bas blo bde bar byung*/_de nas ring po ma lon par me yos rang lo bco brgyad steng*/_rang dang gcen dge rgan/_sgrub g.yog gnyis dang bcas dben pa'i brag skyibs de ru 'dug rung bar byas te bsdad/_zhogs par rata gling tshe sgrub yang gsang gud sbas kyi bsnyen pa stong rtsa re dang*/_kun gzigs mi pham rin po che'i 'jam dpal smra seng gi sgrub thabs blo yi nyin byed steng bsnyen pa stong rtsa re btang nas thun thams cad kyi mgor rdzogs chen ston pa bcu gnyis kyi gsol 'debs mi pham rin po che'i gsungs dang*/_bla ma yang tig yid bzhin nor bu'i gsol 'debs dang phyag 'tshal res mos dang*/_thun gsham du kun mkhyen gsung smon tsam bton nas rdzogs pa chen po sems nyid ngal gso'i gnas gsum dge ba gsum gyi don khrid bzhin dmigs rkang re rer zhag bdun re sems 'dzin dang*/_thun mtshams su rgyud gsang ba snying po'i 'grel chen phyogs bcu mun sel shog ngos re blo 'dzin dang*/_sems nyid ngal gso rtsa 'grel dang*/_yon tan mdzod rtsa ba dang 'grel ba shing rta gnyis dang*/_nyi zla gnyis la thos bsam yang yang byas pa dang*/_blo ldog bzhi'i dmigs thun so so'i skabs yon tan mdzod rtsa ba le'u re re bklag cing don la bsam mno bskor bas de dag gcig grogs gcig byas nas chos yang dag la blo cung zad bkol thub pa byung*/_de'i tshe gnas de nyid la bstod pa'i glu 'di smras so/_/rje rdzogs pa'i sangs rgyas bi dza ya/_/snying rus pa'i gting nas gsol ba 'debs/_/bdag blo sna chos la bkol ba yis/_/tshe sgrub pa snyoms par byin gyis rlobs/_/gnas ngo mtshar rdo rje'i ke'u tshang*/_/brag thol skyes tsit+ta gnam slong 'dra/_/yid 'ong ba'i phug pa zung gis mtshan/_/mtshams rnams su rtswa shing phang phung tshogs/_/rgyan rin chen do shal bzhin du 'phyang*/_/rtse sa la'i ljon pa gdugs kyi tshul/_/g.yas g.yon nas rkang 'thung bsil yab g.yob/_/der byi'u chung snyan pa'i sgra skad sgrog_/mdun ljon shing yal ga lo 'dab rgyas/_/chab zil pa'i me tog mu tig 'dra/_/g.yas g.yon kun shug pa'i nags tshal rgyas/_/khong gcan gzan ngar shing spyang ki ngu*/_/mdun rtse mtho ri yi lcug phran na/_/bya ri dwags bag phebs skad snyan sgrog_/mdog mi gcig me tog mdangs mdzes bkra_/der bung ba 'phur zhing glu yang len/_/dbus spyod lam bzhi shong brag phug mdzes/_/dbyar bsil zhing dgun dus drod kyis 'phrod/_/brag rdo rje'i them skas mdzes par bkra_/shar nyi zla'i sgron me mdangs re gsal/_/nub rdza gangs mdzes pa'i lhun po brjid/_/mgul na bun 'khrigs pa'i dar dkar dpyangs/_/nyi zla ba'i zer gyi gzi byin gsal/_/bya byi'u 'phur lding g.yo zhing 'gyur/_/mdun chu gtsang lha yi yon chab stob/_/gnas chags med zhen bral skyid pa la/_/g.yeng 'du 'dzi med pas dga' ba la/_/chos mthun pa'i bsam gtan khang bu 'dir/_/bag phebs te gnas pas blo sems bde/_/sgo gsum gyi brtson pa mi lhod pas/_/chos rgyud la skyes par byin gyis rlobs/_/de'i tshe mtshan gnyid khug pa'i dus ma gtogs gung sangs kyi skabs bar seng yud tsam yang ma byas par dpe cha 'bri klog_/dmigs thun bzung ba/_phyag 'tshal bzlas brjod la brtson 'grus bskyed che bas/_gcen bshad sgrub nas skabs su gung seng phran bu gyis ma gtogs snying rlung sogs kyi rkyen 'byung srid ces yang yang gsungs shing*/_pha ma yang mtshams mtshams su 'ong ba la de tshul smras song bas/_pha rgan nas bu khyed rang spyir rab tu byung dgos zer/_lhag par sprul sku'i mtshan gsol/_dbang lung rgya cher zhus/_dpe cha dang nyams len la sbyangs brtson de tsam nus pa ni phran yang shi na blo bde/_'on kyang da dung bla ma nyams rtogs khyad par can dang 'phrad na sgro 'dogs gcod pa gnad che red zer/_de ltar brtson 'grus lhod med du byas kyang*/_rje btsun bla ma rdo rje 'chang gi bka' drin gyis bar chad gang yang ma byung*/_skyo sangs lta bur rje btsun mi la rin po che'i nyams mgur dang*/_kun mkhyen bla ma 'jigs bral gling pa'i rnam thar sgrub pa nan tan gyi skor rnams mjal bas de dag la dad spro lhag par skyes shing*/_kun mkhyen chen po 'jigs med gling pa dpal gyi rir sgrub pa la bzhugs skabs dam bca' bdun mdzad pa'i rjes su ci nus bslab/_bsam yas mchims phu ru bzhugs skabs og dkar gyis bya wang bsad pa dang*/_dad sbyin gyis sems can bsad pa'i nang khrol sha khrag g.yos te phul ba la snying rje 'khrungs tshul sogs kyis sems rgyud la nges 'byung*/_snying rje shugs chen po skyes/_nyin rer sha dus re las mi za ba'i dam bca' bzung*/_zhing gi lo tog sad kyis khyer ba dang*/_char zhod dkon skabs zhing pa rnams sems khral byed pa la'ang byang chub sems dpa' dbang thob pa zhig yin na sprin gyis nam mkha' khebs pa'i rdzu 'phrul bstan nas char 'bebs snyam pa'i 'dun pa yang yang skyes pa byung*/_nam tshod 'dzin pa'i khyim bya zhig dang*/_khyi rgan zhig yod pa gu ru rin po che la gsol ba yang yang btab pas gcan gzan gyi khar chud so btab kyang rmas te khrag mi 'ong ba dang*/_'dug gnas ri khrod kyi lung pa der 'brog pa rnams kyi phyugs dang ra lug sogs rdzi bos ma rnyed kyang gcan gzan gyis mi bsad pa byung*/_'jam dpal smra seng bzlas sgom rtag par byed kyi yod kyang 'di skor bzlas dmigs la yid rtses gcig tu gtod pas yin snyam/_mdo rgyud kyi zab gnad la go ba sngar las bzang ba dang*/_snyan ngag gi brjod pa'ang bzang du song ba byung*/_yang bsam mno zhig la da ste mi med lung stong zhig la rang gcig pu gnas/_zas gos kyi bde skyid la mi lta ba ri dwags rmas ma bzhin du 'gro/_rje btsun mi la ras pa'i rnam thar 'khyongs pa zhig byed dgos snyam pa'i 'dun pa bzlog tu med pa zhig skyes nas glur blangs pa ni/_rje sku gsum gyi yon tan mthar phyin kyang*/_/zhing ma dag 'gro ba sgrol ba'i phyir/_/dpal bya btang gi rgyal po'i tshul bstan pa/_/mgon pad+ma bi dza snying nas dran/_/rten dal 'byor mi lus rin po che/_/dgra 'chi bdag gi jag pas brlag snyam pa'i/_/sems bzod med gdung ba'i zug rngu des/_/ya nga ba byis phrug thang lhung 'dra/_/gnas ngan song g.yang sa gting ring zhing*/_/dus da lta'i mtho ris bde skyid 'di/_/dpe bar snang 'ja' bzhin 'jig la khad/_/sdig char sprin 'khrigs pas khebs la soms/_/skyid dga' ba'i pho brang brjid che yang*/_/'chi bdag gi 'jigs pa srung mi nus/_/zas zhim dgu'i bza' bca' ro bda' yang*/_/zangs zhun ma 'thung ba'i rgyu ru srid/_/gos 'jam sogs dkris pa'i gzugs gces kyang*/_/ro rul dri nam 'byung cha ma mchis/_/gzugs lang tsho'i nyams 'gyur yid dga' yang*/_/mig dpral bar bsdu dus phan pa bral/_/rgyan byi dor mdzes pa'i rgyu lags kyang*/_/khong gshin rje'i khro gnyer bslu mi thub/_/snyan grags pas rgyal khams kun khyab kyang*/_/rang bem rig bral dus des mi phan/_/kha grags dang stobs kyis kun 'jigs kyang*/_/rang gcig pur 'gro dus skyob mi nus/_che btsan po'i thob thang gnyan brjid kyang*/_/rkyen 'chi bdag khrims ra bzlog thabs bral/_/mi mang po'i 'du ba chags sdang rgyu/_/yul bar dor 'gro dus gcig pu yin/_/tshe 'di yi bya ba rgyang bsrings nas/_/rang gcig pu dben pa'i brag skyibs su/_/dpe ri dwags rmas ma bzhin bsdad nas/_/nang sems la ltad mo lta snying 'dod/_/pha grub thob gong ma thams cad kyang*/_/ri stong pa'i brag ri'i drung bzhugs te/_/nyams rtogs pa'i rgyal sa zin pa yi/_/rje mi la lta bu'i rnam thar dran/_/nga ltogs na ting 'dzin zas su za/_/lus grang na gtum mo gos su gyon/_/grogs bya dang ri dwags mnyam 'grogs nas/_/sprin na bun 'khrigs pa'i ri la 'gro/_/mis bzo bcos ma byas brag gi phug_/zhing so nam ma dgos lo ma'i zas/_/chu dwangs la bsil ba g.ya' ma'i chab/_/bya gong mo nged gnyis 'grogs snying 'dod/_/shing ljon bzang byas pa'i grib bsil du/_/sems ngal gso brten pas bag re phebs/_/rlung ser bu'i bsil yab khams re dwangs/_/mi gcig pu bya byed chos dang mthun/_/rdza rtse mtho nam mkha' mtha' rgya che/_/nang rig stong dgongs pa rtsal shugs skyed/_/steng nyi zla'i 'dzum zer snying la zug_/dbyings rig pa sgron drug sbubs su 'jug_/skabs res 'ga' sprin dang na bun ldang*/_/'brug glog dmar 'khyug pa'i gar stabs rtse/_/rlung 'ur 'ur sprin nag kho ro ro/_/dgra bar do'i sgra 'od zer gsum mtshon/_/spang ne 'u dwangs zhing dal gyis rgyu/_/grogs gna' phrug rtse zhing brag la 'dzegs/_/bya mthon mthing skad snyan 'phur rtsal sbyong*/_/rgod thang dkar dal gyis bskor la 'gro/_/ma mkha' 'gro'i 'du ba ma gtogs pa'i/_/mi sdig can rgyu 'grul nam yang med/_/mtsho kha zheng che ba sngo ltem me/_/nang rig pa cog bzhag bzhi mtshon brda/_/bya ngang pa phru gu khrid nas 'gro/_/ngag skad snyan sgrog cing gshog rtsal sbyong*/_/byams snying rje'i gsal 'debs ci yang byed/_/ngas pha gzhis lung pa stong pa ru/_/g.ya' gangs ri chab bsil la brten nas/_/nyams rtogs pa'i rgyal sa 'dzin du 'gro/_/da cis kyang dgos med kho thag chod/_/tshe 'dir snang bde sdug grangs med pa/_/sngar myong tshad chu yi ri mo 'dra/_/gting 'khor ba'i bag chags bsags pa las/_/phan yod med da lta'i lus la ltos/_/dus ma 'ongs re dogs so tshis kyis/_/las 'di 'dra bsags nas mi tshe zad/_/dgra 'chi bdag zhags pa thebs pa'i mod/_/dbugs har gyis 'gro dus phan nam soms/_/nga col chung byis pa yin na yang*/_/pha bla ma rgyal tshab chos kyi rjes/_/byin snying du phab pas nges 'byung skyes/_/tshe 'di snang bya spyod 'khrul par mthong*/_/blo nges 'byung skyes pa'i kun rtog de/_/bzod ma nus kha nas shor te bris/_/rgyud so skye'i kun rtog mi rtag kyang*/_/rkyen bar chad med par byin gyis rlobs/_/chos kun gyi rtsa ba nges 'byung 'di/_/rdo'i ri mo bzhin du brtan pa yis/_/rje bya bral nam mkha'i rnal 'byor pa/_/skyabs pad+ma bi dza lta bur smon/_/rdo rje 'chang mkhyen brtse'i dbang po'i gsung mgur mjal zhing*/_de'i rnam 'gyur lta bu'i mgur pod cig yod pa kun gzigs chos kyi blo gros rin po cher gzigs 'bul zhus pas/_kun mkhyen yab sras sogs bzhin du deng sang mgur zhig la bdud 'joms dang khyed gnyis 'gran zla bral ba 'dug gsungs/_/'di dag gi tshe spyir snga 'gyur gyi rig 'dzin phal mo che/_sgos 'jam mgon rnam gsum/_bdag gi rnam 'dren chen po rnams dben par sbas tshul kho nas bzhugs te thos bsam sgom gsum/_bstan 'gro'i don mdzad pa rnam thar gyi gtso bor 'dug pas de bzhin dgos 'dug snyam ste rang gi pha ma tsam las su la'ang ngo ma 'phrad/_'jig rten tshe 'di'i bya bzhag dang ngo srung sogs thams cad ring du bor/_skad cha gleng brjod tsam la yang don med pa gtan nas ma smras/_'tsho gos kyi dka' ngal ni gtan nas med pas mi tshe ril por 'di bzhin skyid la sos bder 'dug snyam pa byung*/_mkhan chen thub bstan chos 'phel gyi bka' bzhin gsang 'grel phyogs bcu mun sel blo 'dzin gyi 'bad brtson yang yang bgyis/_yang nags tshal nyams dga' zhing spang ljongs yod pa zhig tu bsam gtan gyi spyil bu la brten nas kyang lo shas bsdad/_yang skabs shig pha dam pa sangs rgyas kyi sgrub phug tu grags pa zhig la/_mnyan pa rin po che dang nga rang gnyis gnas 'brel phyin pas dkar phyogs kyi tshes bcu zla ba gro bzhin gyi 'grub sbyor zhig la 'phags ma'i snying thig gi tshogs gtong skabs/_mkhyen brtse rin po che'i gzigs pa lnga yi dag snang ltar he ru ka lnga la zab don dang sbyar ba'i gsol 'debs shig bris ma thag lung chung gi chu bo glo bur du rgyas pas dpyid sos kyi chu lta bur gyur pa byung*/_de skor dge mang mkhan chen theg mchog dang*/_mkhan sna tshogs phebs nas ri khrod du bzhugs nas klong snying khrid skor dang*/_gsang 'grel dgongs rgyan/_zhal lung*/_dkon mchog 'grel/_bar do drug khrid/_dge mang dbon o rgyan bstan 'dzin nor bu'i bka' 'bum/_rdor sems mngon dga'/_snying thig jo lugs sgrol dkar gyi dbang sogs zhus/_mkhan rin po che rnam gnyis kyi thun min thugs brtses pheb khar 'bral mi phod pa lta bur mdzad/_mkhan nyid kyi phyag bris yon tan mdzod kyi 'grel chen nyi zla'i 'od zer gyi phyag dpe bstsal/_de'i tshe rang khyim gyi g.yog po sogs kha shas kyis spyir mi dpon gyi sras pha ma phyug po'i gces phrug de snga skyid po kho na las ma byung ba 'di brag phug dang ri khrod 'di ltar bzhugs tshugs pa ngo mtshar che/_skyes bu dam pa gzhan dang ci 'dra zer mkhan byung*/_ri khrod sgrub pa po gzhan dag kyang dka' spyad dang snying rus byed skabs mi dpon phyug po'i gces phrug kyang ri khrod du 'di ltar bzhugs na bdag cag dka' spyad dang snying rus ci phyir mi nus bsam pas phan pa byung skad/_spyir skye ba snga ma ri la rtag par gnas pa'i rngon pa'am ri skyes lta bu gang gi lus blangs pa'i bag chags kyis yin na brag phug yid du 'ong ba'am/_nags tshal blta na sdug pa'i nang spyil bu sogs mthong ma thag sems bag dro 'ur re'i 'di 'dra zhig tu gcig pu khu sim mer bsdad na bsam pa rang bzhin gyis skye ba 'dug_/de skabs sa dkar dgon gyi dbyar gnas dge 'dun nyi shu skor la kye rdor mngon rtogs kyi khrid kyang byas/_mi tshe'i lhag ma ji yod dben par sgrub pa kho na byed/_nyams len gyi snying po rdzogs chen kho na dgos 'dug pas de'i myong khrid zhu ba'i phyir/_lcags rta lor rje dbon rin po che o rgyan bstan 'dzin nor bu'i dngos slob sku tshe ril por bya btang gis dben pa bsten te sems nyid ngal gso dang*/_bla ma yang tig gi nyams len 'ba' zhig la chig dril sgrub pa kho na mdzad pa'i bla ma rin po che kun dga' dpal ldan ri khrod du ched du gdan 'dren gyis rje nyid kyi sku tshe ril po'i nyams bzhes bla ma yang tig yid bzhin nor bu'i smin khrid zhib rgyas/_klong snying rtsa rlung gi 'khrul 'khor lag khrid bcas zhib par bstsal/_bla ma yang tig gi snyan brgyud chung ngu ye shes rang snang gi mthar gtsigs che ba bka' rgyas gdams pa'i skabs/_'phros don du kho bos rje dbon rin po che las bla ma yang tig gi dbang dang smin khrid zhus nas bla ma'i rim pa dngos grub rgya mtsho'i bla ma'i rnal 'byor dang*/_snyan brgyud chung ngu'i bla ma'i rnal 'byor bcas kyis nyin bzhin ma chags par nyams len byed par khas blangs nas/_yang tig yid bzhin nor bu'i glegs bam 'bral spang byas nas 'di kho na la blo gtad de mi tshe ril po da lta'i bar nyams su blangs nas nyams rtogs kyi gdengs skyes pa med kyang*/_gdams ngag 'dis bslu 'ong snyam pa rmi lam du yang ma dran yid ches phyir mi ldog pa yod/_bar skabs shig mun mtshams la bzhugs pa'i skabs bar do'i snang ba lta bu'i 'jigs snang shin tu che bar byung kyang chos dang bla ma la yid ches lhag par skyes/_rtsa dkar gyi nad cig byung ba rten 'brel lus kyi gegs sel nyams len rgyun ring du 'bad pas nad las grol/_phran gyi mi rigs la tshe ring por bsdad pa med kyang yi dam yid bzhin nor bu'i bsnyen sgrub lo re bzhin ma chag par nyams su blangs pas tshe mthar phyin pa byung zhing*/_sngar rje dbon rin po ches bla ma yang tig gi dbang khrid bdag cag la gnang ste rdzogs pas skabs/_dil mgo bus kun mkhyen chen po'i zhal thang zhig phul ba rten 'brel bzang gsungs nas kho bo la dad rten du bstsal/_da res khyed la zhib khrid du phul bas sgrub pa snying po byed dgos pa dang zhar byung dad ldan su byung la thun mong thun min gyi bka' khrid rtag par gsungs nas bstan 'gro'i don dgos tshul dang*/_sku tshe ril por dad rten du bcangs pa'i mdzod bdun/_ngal gso skor gsum gyi phyag dpe bcas thugs brtse chen pos bstsal bar mdzad de 'di la thos bsam sgom gsum rgyun mi chad par gnang dgos par gdams pa bzhin da lta'i bar thos bsam ci nus 'bad khul byas/_rje bla ma gnyis kas klong chen snying thig rtsa rlung 'di/_dar dus dar dus dar che bas/_/ras pa khra ris sa steng khyab/_/gud dus gud dus gud che bas/_/bla ma dpal dge ma gtogs pa/_/brgyud pa 'dzin mkhan gcig kyang med/_/ces sogs gsungs pa ltar rdo grub 'jigs med phrin las 'od zer gyis rog za dpal dge la gnang ba'i snying thig rtsa rlung gi khrid dpal sprul rin po ches ched du gsan nas gzim sbra'i gung shing la 'khrul 'khor mdzad pa'i dbu yi dreg pa chags pa tsam du sbyangs pa mdzad/_de las rje dbon o rgyan bstan 'dzin nor bu dang*/_a 'dzom 'brug pa rin po ches gsan nas/_rje dbon rin po che'i sku tshe der nyams bzhes ma chag par gnang ba las khong rnam pa gnyis kas gsan nas nyams bzhes gnang ba yin pas shin tu gal gnad che tshul bka' bslab yang yang gnang bar mdzad pas ri khrod du nyin re bzhin 'khrul 'khor la brtson pa rgyun ring du byas pas rlung sems las su rung ba'i lam rtags gang yang ma byung kyang*/_'khrul 'khor gyi lag khrid la goms pa brtan po byung*/_sku tshe ril por dben par rdzogs chen sgom pa'i bla ma rin po che kun dga' dpal ldan nas bu khyod ri khrod bsdad pa 'phro brlag red mi 'dug gsungs/_bar skabs bkra shis mchod chog dang*/_'jam dpal mchog sbyin rdo rje'i sgrub thabs bzhin tshogs kyi mchod pa 'bum phrag gsum tsam phul/_rang gnas kyi yul lha zo dor che khag rnams mtshon chu mig gnyan po rnams su sa bcud gso ba'i gter bum/_gsas mkhar bstod pa/_bsang ri khrus sogs byed bzhin skyo bsangs la phyin/_thun gseng du sangs rgyas mnyan pa rin po che/_mkhar mgo rab mdzes sprul sku sogs rang slob bcu skor la klong chen mdzod bdun/_ngal gso skor gsum bcas kyi lung dang*/_ban chen mkhan karma gu ru la yon tan mdzod bshad/_spyir rang gi mtshan ldan bla ma thams cad kyis khyed rang tshul gnas thos bsam sgom pa legs par gyis/_rjes nas bstan pa 'dzin skyong spel gsum gyis slob ma skyong dgos red/_da lta nas mos ldan rnams la dbang khrid gyis zhes yang yang gsungs pa ltar chos 'dod nyams chung kha shas la kun bzang bla ma'i zhal lung dang*/_ye shes bla ma'i khrid kyang kha shas bgyis pa dang*/_phyis su mdo sgyu sems gsum bka' dgongs sogs dbang lung che khag 'chad spel byas tshul 'jam mgon bla ma chos kyi blo gros rin po cher zhus pas kun mkhyen 'jigs med gling pa'i phrin las kyi mtha' bskyangs nas/_'og min sa la 'phos pa lta bu'i smin grol rgya cher bstsal ba ngo mtshar che ba'i snyan ngag gi tshigs bcad yang yang bstsal ba lo nar son bzhin rang rgyud ma dul ba'i chos 'chad pa'i gzugs brnyan rgyun chad med pas mang po zhig la mgo skor byed dgos byung ba la dgongs sam snyam/_khyab bdag bka' 'gyur karma 'od gsal lhun grub las 'ja' tshon pod drug_/mtshan sprul 'jam dpal nor bu las gsan pa'i lung dang*/_gnam chos pod bcu gsum/_chags med rin po che'i rnam thar/_sprul sku mi 'gyur rdo rje dang chags med rin po che'i skye brgyud rnam thar/_chags med rin po che'i ri chos de'i rgyab chos/_thugs rje chen po'i dmar khrid/_de'i sngon 'gro/_g.yu thog snying thig cha lag bco brgyad/_karma'i mkhan chen rin chen dar rgyas kyi yon dge'i gro lod kyi zin bris pod gcig_/pad+ma bka' thang*/_bka' thang sde lnga/_stag sham gter byon bka' thang*/_mtsho rgyal rnam thar rnams drung rin chen las gsan pa'i lung rnams bka' drin thob/_rang lo nyi shu'i skor dben par gnas pa'i skabs shig rmi lam du rgya mtsho chen po zhig gi bar snang du sprin dang na bun stug po 'khrigs pa'i klong du rang nyid sku mdog ser po sbrul gyi gdeng ka dang rin po che'i rgyan chas mang po can smad sbrul du 'khyil ba zhig byed de dga' spro'i ngang bar snang du 'gro bar rmis pa phyis 'jam mgon bla ma d+harma ma ti rin po che la zhus pas/_khyed rang klu nor rgyas kyi brdzus bu yin par 'dug ces phebs pas gsol mchod cig kyang mdzad par zhus pas bka' drin bstsal ba dang*/_rang gshis la dpyad na gnyid shin tu che ba dang*/_char chen po btang ste sprin dang na bun 'khrigs pa dang*/_sa brlan gsher che ba sngo ldum mang por skyes pa bsil lhang lhang byung dus khams ches dwangs shing*/_nyi zer tsha pos lus la reg pa/_char dkon te nam mkha' g.yer dus khams la mi 'phrod pa dang*/_dpung pa sogs la'ang 'brum bu chung ngu mang po brdol te sbal pa'i lpags pa lta bu rgyun du yod pa sogs la bsams na brlan gsher du skyes pa'i byol song gi rigs shig yin nges snyam pa 'phros su smos pa dang*/_lo nyi shu'i skor rdzogs pa chen po'i dgongs klong tshad la phebs pa zhig dgos snyam pa'i re ba snying la bcangs nas sgrub pa snying po byed khul byas kyang de ni kha pho tsam las da lta'i lo bdun cur sleb dus kyang zhi gnas kyi sems 'dzin brtan po zhig kyang ma thob 'dug_/mnyan pa rin po che las rje btsun mi la'i bla sgrub kyi dbang lung khrid bcas zhus/_lo nyer gsum chu spre sprel sprel zla'i tshes bcu'i dus chen dang 'brel bar bka' drin mnyam med rgyal tshab mchog gi sprul pa'i sku sku phreng bzhi pa/_srid zhi'i gdung sel thams cad mkhyen gzigs 'jam dbyangs chos kyi blo gros rin po ches sgrib med ye shes kyi gzigs pas 'khrul bral du ngos 'dzin gnang ste/_nang chen mdo waM mchod rten dkar chung gi nye phyogs su 'khrungs pa 'og min bla ma'i gdan sa bstan gnyis dar rgyas gling gi seng ge'i khrir mnga' gsol ba'i thog ma'i gser zhal mjal bar rkang 'gros kyis phyin/_rang dgon nas thog rol sogs bkur bzos rgya cher gnang*/_smra ba'i seng ge rab 'byams drug pa dang*/_'jam mgon mchog sprul pad+ma dri med legs pa'i blo gros/_so byang sngags gsum gyi sdom pa'i mched grogs dgon stod mchog sprul 'gyur med bstan pa'i rgyal mtshan/_'bar chung mchog sprul/_lo chen sprul sku rin po che/_rje dbon dge legs rgya mtshos gtsos bla grwa thams cad kyis pha bu 'phrad pa lta bu'i thugs brtses bskyangs/_kun mkhyen bla ma'i pur khang la tshogs mchod phul zhing gsol ba btab pas nam mkha' 'ja' sprin gyis khebs pa byung*/_mi pham 'jam pa'i dbyangs kyi thugs dam rten bzhugs pa'i 'jam dbyangs mdun tshogs mchod smon lam yang yang zhus/_spros bcas tshes bcu chen po'i tshogs gral du phyin cing*/_rab 'byams rin po che dang*/_kong sprul sogs kyis phebs bsu ring thung gsum/_rdzogs chen sogs bka' rnying gi dgon khag mang po'i chibs bsu/_gdan sar zhabs 'khod pa'i skabs ser 'phreng sogs rgyas spros gang che'i rigs bdag bla ma'i mchog sprul nyin byed gzhon nu'i dgyes zhal mig gi bdud rtsir thob cing*/_'gyur med seng+ge'i khri la rang lugs smin gter tshe sgrub 'chi med yang snying gis mnga' gsol brtan bzhugs kun mkhyen bla ma pad+ma bi dza'i gsung ltar mkhas grub gong ma'i phyag bzhes bzhin gnang*/_de skabs rgyas spros dga' ston dang rang dgon bla sprul rnams nas legs 'bul zhib rgyas su phul/_'jam mgon mchog sprul mkhas grub dbang po dang*/_rje btsun bla ma mnyes pa gsum gyis zhabs tog phul du phyin pa'i sgrub brtson bla ma 'jam dbyangs blo gsal gnyis nas rje thams cad mkhyen pa'i bka' 'bum sku dngos las ma thob pa yongs rdzogs kyi ljags lung thams cad dang*/_kong sprul rin po che las bka' brgyad bde 'dus kyi dbang chen/_rab 'byams rin po che kun bzang bstan pa'i nyi ma las/_thugs dam smin gter gshin rje dregs 'joms dang*/_mkhyen brtse'i zab gter skor gyi dbang lung yongs rdzogs zhus/_grub dbang rdzogs chen pa thub bstan chos kyi rdo rje las thugs dam kun mkhyen 'jigs med gling pa'i phur pa rgyud lugs kyi dbang chen dang*/_gshin rje'i sgrub phug tu snang bzhi mthar son gyi mkhan chen lha sgang pad+ma theg mchog blo ldan mjal zhing chos 'brel zhus/_zhe chen rab 'byams rin po ches dgyes ston du gdan zhus gling dkar chos rgyal dbang chen karma bstan 'dzin las lha rigs bde chen rol pa'i dag snang ge sar gyi srog gtad mi pham rin po che'i brgyud pa can zhus/_rang lugs kyi phyag len bla ma'i zhal khrid sogs la 'dri rtog nan tan byas/_ri khrod pad+ma 'od gling gi rab 'byams rin po che'i gzim spyil du phur pa spu gri'i bsnyen 'brel bsdus tsam btang*/_skabs der rab 'byams rin po ches phran la thun mong ma yin pa'i thugs brtse bcos min gyis rjes su bskyangs te/_deng skabs 'dir 'jam pa'i dbyangs mkhyen brtse rdo rje 'chang chos kyi blo gros ni sangs rgyas 'jig rten du byon pa lta bu sus kyang 'gran zla med/_de las gzhan du rdzogs chen/_dpal spungs/_sa skya sogs su 'jam mgon rnam gnyis kyi mchog sprul kun las mkhas btsun bzang grub kyi rnam thar zhe chen dgon gyi mkhyen kong sprul sku rnam gnyis las lhag pa med/_rgyal tshab rin po che'i sprul sku'i dbus bdag cag rnams dang chos sde 'di nyid/_lhag par rgyal tshab rin po che'i mchog sprul 'di gzhan mtshungs med pa'i skyes bu dam pa'i ngang tshul can zhig 'byung dgos pas/_bla ma gong ma'i thugs sras kyi gtso bo khyed gnyis nas bskyang dgos zhes bka' yang yang bstsal/_thugs dam nyams rtogs 'khrungs tshul sogs nang gi bka' 'phros zhib tu gnang*/_de skabs rab 'byams rin po che la snyan ngag le'u bar pa zhig gi bshad khrid dang*/_mi pham mchog sprul dang*/_mched grogs lo chen sprul sku la sum rtags legs bshad snang ba dam pa zhig kyang bshad khul byas/_rgyal tshab mchog sprul rin po che dang*/_mkhan blo gros rab gsal la ma ti'i 'jam dbyangs/_dam pa'i smra seng*/_dbyangs can dkar mo'i rjes gnang rnams phul/_rje bla ma'i mchog sprul yab gzhis su byon pa phebs skyel dang*/_rjes nas gdams ngag mdzod cig phul rgyu'i khas len zhus kyang rten 'brel 'phro can du song*/_de skabs rgya bod kyi 'khrugs zing zhig byung bas rang dgun phyogs rang gnas su phyin/_lam bar nas dpal spungs si tu rin po che dbus nas phyir phebs pa dang mjal/_chu sprel dgun phyogs smin drug zla ba la pha rgan de nyid dus kyi chos nyid du song*/_spun zla mnyan pa mchog sprul sku mched/_ma rgan sogs nas dge rtsa rgya chen po bsgrubs/_de skabs drung ram rgya sprul rin po che zhes mdo rgyud dang mthun pa'i dge ba'i bshes gnyen dang mjal bas/_mnyan pa rin po che dang lhan du dwags po rin po che'i thar rgyan dang*/_dus 'khor gyi khrid zhus/_bdag la thugs brtse chen pos yang yang bskyangs/_de skor rang yul 'brum nag gis tshab cher gyur pas chos rje mi pham rin po che'i gdung rten 'jam dpal dbyangs kyi sku yis 'brum bu bzhes pas yams nad de rgyun chad par gyur/_rang nyid sngar gnas kyi ri khrod du mtshams la zhugs/_sgo 'dag sbyar byas/_rdor sems bsnyen pa dbu tshugs pa'i nub/_mdzod cig la brda yig gis khengs pas phyag mtshan rdo rje rtse lnga che legs shig dril nas khyed 'jam dbyangs mkhyen brtse'i thugs kyi sprul pa yin pa'i brda yin zer ba zhig rmis/_lo rjes mar chu bya la pha rgan gyi dus dran rdor sems thugs kyi sgrub pa'i spros bcas sgrub chen zhig btsugs/_rang gnas kyi yul lha'i gtso bo 'bar lha rtse rgyal zhes pa'i ri rtser spro sangs la phyin/_ri khrus dang lha bsang rgyas pa btang*/_sa bcud gso zhing gzhi bdag rten mkhar gyi gter bum sbas te glu 'di yang smras so/_/ri mthon po gnam gyi ka ba yi/_/spor phyin pas shar gyi nam mkha'i 'og_/pha rdzogs pa'i sangs rgyas pad+ma'i mtshan/_/'khor mkhas grub tshom bu dang bcas pa/_/zhal dgyes 'dzum mul les smin grol gyi/_/chos bdud rtsi'i sbrang char 'bebs pa'i gnas/_/dpal bstan gnyis dar rgyas gling gi ri/_/gnas pad+ma 'od gling yid la dran/_/pha dran pas bu chung ci 'dra yang*/_/sems mya ngan byas pas ci la phan/_/thugs 'od gsal chos sku'i bla ma de/_/dus 'du 'bral med pa'i gdeng zhig yod/_/chos zab rgyas gsang ba'i pha phogs de/_/nyams blang na rgyal po'i dkor mdzod 'dra/_/las thos bsam sgom pas ma bul na/_/zab lam gyis bslu snyam yid la med/_/pha sgrub brgyud gong ma'i rnam thar bzhin/_/ngas mi tshe tshad du btsug pa yis/_/gnas dben pa'i brag skyibs brten pa yin/_/dgra chos brgyad rlung la bskur snying gda'/_/rje khyed thugs nges 'byung bsam tsa na/_/nga na so gzhon yang 'chi bas skrag_/khe grags pa sgrub 'dod mi 'dug pas/_/tshe phyi ma'i gtan chus zin par shog_/rje khyed kyi sgrub tshugs mjal ba'i tshe/_/ngas mi tshe mtshams la dril snying 'dod/_/rgyud sgrub sde brgyad dang yan lag bcas/_/bsnyen sgrub pas nyams len gcig tu dril/_/rje khyed kyis rtsa rlung thig le'i lam/_/brtson mdzad pa'i rnam thar thos tsa na/_/lam thabs grol gnyis su med pa yis/_/don lhan skyes dgongs pa rtogs na snyam/_/rje mchog gi dgongs nyams mjal tsa na/_/nga blo byas chos la yid ma ches/_/gshis rig stong rjen pa'i thig le ru/_/lta sgom spyod du ma ro gcig 'dod/_/rje khyed kyi zhal gdams bsam tsa na/_/mgon thub bstan bshad sgrub las gsum gyis/_/zhing 'jig rten kun tu spel ba la/_/stobs nus pa bral yang 'bad snying 'dod/_/yab bka' drin can gyis bcos min du/_/thugs brtse bas thun min dgongs pa gtad/_/dman dbugs dbyung mdzad pa'i drin lan ni/_/tshe gcig gi steng du mi gsob re/_/rje mchog gi yon tan bsam pa'i tshe/_/yid gting nas nges pa brtan po skyes/_/dus 'di nas byang chub ma thob bar/_/dus skad cig mi 'bral 'grogs nas kyang*/_/thugs nye ba'i sras su bdag gyur te/_/bu pha dang dgongs pa gcig 'dres shog_/phyi snang ba sgyu ma ltar rtogs nas/_/rkyen bzang ngan bde chen chos skur mnyam/_/nang sems kyi 'khrul rtog dbyings su dag_/don ye shes chen por nyams zhen bral/_/bar nyams snang gtad med chos dbyings klong*/_/blo bde yi rtog pa'i 'jur mdud zhig_/gshis 'od gsal nyi zla rgyun chad med/_/skyid sos bdes mi tshe skyel bar shog_/las gang byas bstan dang 'gro la sman/_/chos gnad du 'gro bas gzung 'dzin zhig_/dpal byang chub sems kyi dkyil 'khor rgyas/_/'brel tshad kun gdod ma'i gzhi klong du/_/skyel nus pa'i stobs bcu'i mthu thob shog_/'di skabs rang gi gcen bshad sgrub zhe chen dang rdzong gsar gnyis kar phyin nas mi pham 'jam pa'i dbyangs kyi gsung thor bu gang yod kyi phyag dpe thams cad g.yar zhus kyis mi pham 'jam pa'i dbyangs mya ngan las 'da' tshul bstan pa'i ri khrod bkra shis dpal 'bar gling du nye gnas bla ma rin po che shes rab 'od gsal mdun nas gshin rje tshe bdag gi bsnyen yig_/lhan thabs/_khro chu'i bsnyen yig_/'char kha'i mdos kyi lag len/_drag sngags rnam bshad/_rig rtsal chos sde/_rdzong gsar spar ma'i sgrub thabs skor gyi dpal ldan lha mo'i rten sgrub rgyas bsdus dang*/_gza' sgrub gyi man ngag_/g.yu sgron pra sgrub gsol bskang lung dang gdams gtad byin rlabs zhus/_de skabs phran yi ge zhig 'bri bzhin yod pa bla ma rin po ches zhal rtsed du dgongs gter babs pa min nam gsungs pa phyis kyi rten 'brel zhig min nam snyam/_mi pham rin po che'i gsung rnams dpe bshus dang*/_dbang gi chings zab pa bdun dang*/_drag sngags thor bu'i rtsom gzhi be bum gnyis dang*/_cho 'phrul gyi skor/_mi pham rin po che'i rnam thar bcas rang gis gsar bsgrigs zhus pa'i ma phyi kun gzigs 'jam mgon d+harma ma ti'i mdun spyan bstar zhus pa/_bstan bcos gsar rtsom la legs so'i dbugs dbyung gzangs bstod kyi tshigs bcad dang dar a she/_rdor dril bzang gos dbang mdog bcas dang*/_rdo rje 'chang mkhyen brtse'i dbang po'i gter sgrom shog ser dang bcas pa bstsal/_rang brag ri ches mthon po 'bar lha rtse rgyal zhes pa'i ri mgul brag phug cig tu bsdad yod pa der 'byor skabs 'ja' tshon shar ba sogs mtshan ltas legs pa byung*/_rkyen sel lta bur dpal chen 'dus pa'i bsnyen pa zla gcig ma dang*/_'jam mgon zab gter gro lod gsang sgrub kyang bsnyen/_sangs rgyas mnyan pa rin po ches brtag gnyis la rngog zhe sdang rdo rje'i 'grel pa rin chen rgyan 'dra'i bshad lung kyang gnas gsar bla ma bkra 'phel las gsan pa ltar thob/_shing khyi rang lo nyer lnga'i snga rjes su glang 'thab kyi nad lta bu kha dang sgo kun la rma byung bas tsha grang dug gi zug rngus phyi mar chas la khad du ma byung*/_de skabs 'jam mgon chos rje'i zab gter gsang bdag rdo rje be con gyi bsnyen bzlas la brtson pas phan pa myong grub tu byung*/_de la ched dmigs kyis yum bka' bde chen rgyal mo'i tshogs 'bum/_sun zlog brtan bzhugs/_kun gzigs 'jam mgon d+harma ma ti'i bka' lung ma mgon g.yul mdos rgyas sgrub sogs byas/_ri khrod nas rang gi bsam gtan khang bur phreng ba cha tshang zhig byi bas khyer ba dang*/_dpe cha rigs za ba sogs rtags mtshan ngan pa kha shas byung*/_mi pham rin po che'i rtogs pa las phyungs pa'i ku ru kul+le'i sgrub skor la bsnyen pa btang*/_sngar nas rang gi 'khrul rtog la tshe lam phyag rgya zhig dang 'phrad na tshe gegs bzlog cing ring du 'tsho snyam yod pa gzhi rten sngags par bsgyur/_mi pham rin po ches rig rtsal chos sde'i skor gyi 'jam dpal zhi sgrub kyi bsnyen pa zhib rgyas su btang*/_shing phag bod zla gsum par 'og min bla ma'i gdan sa rdzong sar bkra shis lha rtser 'gro ba'i skabs lam zhag rma rong gru gu dil mkhar zhol du bsdad pa'i rmi lam rkyen gyis sa ra ha'i bla sgrub cig bris/_rdzong sar du phyin pas rje bla ma rin po che'i drung du phyin pas sngar thugs brtses bskyangs bzhin rang khyim du slebs pa lta bu'i lhag par dgyes tshor chen po mdzad/_gzim chung gi sgor spos ring bsnams te phebs bsu dang*/_zhal mjal ma thag tu sku phyag mdzad/_stan mtho bar bzhag_/gsol ja/_bzhes 'bras gnang*/_mdang kun gzigs mkhyen brtse'i dbang po de sku gzi brjid che ba shin tu dgyes tshul can zhig mjal ba de ring khyed slebs pa'i rtags su 'dug gsungs/_rang gi rig ngor mkhyen brtse'i thugs kyi sprul pa zhig 'byung ba dran pa de khyed rang yin pa 'dug_/de skabs sngar nas gsol ba btab pa'i rin chen gter mdzod chen po'i chos skor gsung bzhed che yang mdo smad du mtha' dmag gi zing cha ha cang che bas re zhig bshol/_rwa lugs rdo rje 'jigs byed/_tshar lugs sgrol dkar/_mtsho skyes snying thig_/mkha' 'gro gsang 'dus rigs bzhi'i mkha' 'gro/_'phags ma'i snying thig sogs shin tu rgyas par gnang*/_'di rnams la khrid yig cig nges par dgos 'dug pas de khyed nas 'bri bar 'os zhes dar a she/_rdor dril/_rje gong ma'i phyag dpe bri gzhi shog ldeb spus dag brgya lhag_/snag bum/_smyug gu dang bcas gnang*/_byang gter thang lha'i srog gtad cig zhus pa bka' rgya ni gang yang min kyang rten 'brel gyi bab cig gis ngang la zhog gsungs/_dus 'gyur la phan phyir snying thig seng gdong gi gtor zlog_/bsang brngan dgos 'dod kun 'byung*/_ri khrus can bcas gzim chung steng dbu gur nang gnang bas phyi dro nas bod zla gnyis pa yin kyang 'bri chu shin tu rgyas pa dbyar dus ltar byung bas rje bla ma thugs dgyes tshul 'dug snyam pa byung*/_gdan sa rtse shod thams cad la rab gnas bcas rgyas pa gnang*/_khams bye'i bshad grwa'i thod der sa gnad kyi steng mnan pa sogs mdzad/_gzim chung gi rten thams cad lo rgyus bcas mjal kha zhib par gnang*/_klong chen snying thig yum bka'i nang sgrub kyi tshe dbang zhig 'bul dgos gsungs pa dang*/_tshig don mdzod kyi lung 'bul dgos gsungs pa'ang bka' bzhin phul/_rang gnas su thon khar 'jam mgon mkhyen brtse sku gshegs pa'i gzim sbug tu bzhugs pa'i gong ma'i thugs dam rten thub dbang rgya gar li ma che legs/_g.yag phyar sgrol ma'i gter gzhung mkhyen brtse'i phyag bris dngos/_rje'i phyag bsnams rdor dril/_gong ma'i khu bo rmog ston 'jigs bral chos dbyings rdo rje dang mkhyen brtse rin po che lhan rgyas kyi dbu zhwa stong nyid ldem zhu/_mkhyen brtse rin po che'i na bza' bub gcig sogs gnang sbyin rgya chen bstsal/_khyed la zab gter gyi bka' bab dus kyi rgud pa la phan nges yin na dge slong khrims ldan brgya las lhag nges pas g.yas chung du ma bor gsungs/_snyan brgyud phur pa'i gnad tig gi rnam bshad gsar bris spyan 'bebs zhus pas dgyes tshor dang bcas mkhyen brtse rin po che'i snyan brgyud skor lnga la 'di 'dra'i rnam bshad re 'bri dgos nges su snang*/_khyed nas mkhyen brtse rin po che'i gter chos skor la yig cha re mdzod dang smin gter sku mched kyi gsung bzhin lam cha tshang yod pa rgya cher 'ong sham 'dug gsungs/_klong chen snying thig gi khrag 'thung rigs bzhi'i sgos sgrub la dbang chog dang*/_yang gsang bla sgrub thig le'i rgya can la dbang gi mtshams sbyor re mdzad dgos/_deng sang chos lugs khag bzhi las rnying ma la bstan bcos rtsom nus pa skyes chen bzhi tsam 'dug pa ngo mtshar che gsungs/_'dan sa dkar dgon du 'jam mgon kong sprul rin po che'i gsung ngo mtshar dang dgos pa che ba thub dbang nye sras brgyad mchod pa'i cho ga'i sgrub mchod tshugs gsungs pa'ang tshugs/_dpal spungs su phyin nas si tu rin po che dang*/_mkhyen sprul rin po che yang mjal/_tshe 'gugs dang bka' bsgo thob/_de nas rang gnas su phyin te ri khrod du sngar bzhin gnas skabs zur mang drung bcu pa karma chos kyi nyin byed ched du phran rtsar phebs/_zhag gsum lhod bzhugs kyis mchog gling mi g.yo ba rigs bzhi'i dbang lung gnang*/_khyed rang sngags spyod byas pa dang zab gter gyi bka' bab yod nges dus kyi rgud pa la phan par nges/_mkhyen kong mchog gsum gyi rnam thar gcig tu bsdus pa zhig 'byung ba'i rten 'brel dang smon lam yin gsungs nas zhabs brtan tshigs bcad cig gnang*/_da dung rjes sor yang yang mjal 'ong zhing*/_zur lugs bde mchog mkha' 'gro snyan brgyud kyi dbang lung rjes sor nges par phul chog gsungs/_shes rab ma la yang bka' bslab dang rdzogs chen gyi khrid zab bsdus shig gnang*/_rgya sprul rin po che yang rang gi ri khrod du phebs nas tshe dbang zhus/_gu ru'i rgyal tshab tu mnga' gsol ba'i rten 'brel yin gsungs nas na bza' sku stod cig gnang skyes su bstsal/_de skor zhig tu mkhyen brtse rin po che'i yang gter rta mgrin gnam lcags me 'khor bsnyen 'brel byas/_de skabs gsol ba btab pa bzhin me glang lor zhal slob lha thog dkar legs kyi bla ma karma 'od gsal lhun grub ces mkhyen yon thugs bskyed khyad 'phags can ched btang gis rgyal bka' rin po che gsal dag snyan gsum dang ldan pa'i bklag lung dang*/_'jam mgon kong sprul rin po che'i rgya chen bka' mdzod/_bstan bcos chen po shes bya kun khyab kyi bshad lung bcas bka' drin rang dang a ma bcas la thob pa'i skal bzang byung*/_rang gis mkha' 'gro gsang ba kun 'dus kyi tshogs 'bum/_'byung lnga'i skong ba rgyas spros bcas phul/_lce btsun chen po bi ma la'i zab tig la khrid cig dgos gsungs pa'ang bris/_mi pham rin po che'i rig rtsal chos sde'i nA ga rak+sha bsnyen/_gtsang paN chen rin po che sga stod skye dgu don 'grub gling du phebs pa dang zhal mjal chos 'brel zhus/_rgyal dbang karma pa rang byung rig pa'i rdo rje ban chen dgon du phebs pa rnams la zhal mjal dang*/_dbu zhwa mthong grol sogs mjal/_mnyan sprul karma bshad sgrub bstan pa'i nyi ma las sman rgyud bzhi'i bshad khrid dang*/_dpal dus kyi 'khor lo'i 'grel chen mi pham rin po che'i gsung gi khrid lung kyang zhus/_khyab bdag bka' 'gyur ba las sman rigs lag ldum ngo sprad sogs zhib par zhus/_de skabs ban chen dgon gyi rgyab ri thugs rje chen po'i gnas yin pa'i 'khrul snang byung bas/_'dus sde'i bum sgrub kyi ril bu 'phel ba sogs legs ltas kyang byung*/_gnas yig dang bskor lam sogs ma byung*/_rgyam rgyal pad+ma shel ri'i gnas mkha' 'gro'i mtsho la tshogs 'khor dang brngan sogs phul/_rang gnas ri khrod du phyin/_rigs kyi myu gu bu mo zhig btsas pa ming mkhyen brtse rin po che chos kyi blo gros kyis 'chi med sgron dkar zhes bstsal/_rmug sangs mkhan kun bzang las bka' brgyad bde 'dus gter gzhung pod dgu'i lung zhus/_sa stag skor ban chen sgrub sde nang khong gi gzim chung nang*/_bla gro nor bu sprul sku karma 'gyur med tshul khrims dam chos dbang po las bka' brgyud sngags mdzod dbang lung khrid dang bcas pa/_rgyal dbang mkha' khyab rdo rje las brgyud pa dang*/_rgyal dbang bco lnga pa'i bka' 'bum yongs rdzogs kyi lung zhus/_sangs rgyas mnyan pa las kar lugs phag mo'i dbang snga rjes gnyis tsam thob pa khong nas mkhan chen bkra shis 'od zer/_rgyal dbang bco lnga pa/_si tu pad+ma dbang mchog bcas las gsan pa yin gsungs/_gcen bshad sgrub las nag rgyal phag gsum gyi gzhung pod rgyal dbang mkha' khyab rdo rje las thob pa'ang nod/_ban chen mkhan bzod pa mthar phyin las dpal sprul rin po che'i bka' 'bum yongs rdzogs dang*/_mkhan chen yon tan rgya mtsho'i yon tan mdzod 'grel nyi zla'i snang ba/_de'i spyi don thabs bzhi'i gdams pa bcas thob/_o rgyan gling pa'i zab gter bka' 'dus chos kyi rgya mtsho la bsnyen sgrub las sbyor rgyas bsdus lan du ma dang*/_bi ma'i bla sgrub byin rlabs snying po dang*/_'phags ma'i snying thig gi bsnyen sgrub rgyas bsdus du ma dang*/_gru gu yang dbang zab gter rta mgrin dregs pa kun sgrol rnams kyang bsnyen/_ri khrod du rang nyid kyi sgrib sbyong du rgyal bka' rin po che tshar gcig bklags pa gnyug mar gnas pa'i slob ma bcu skor gyis zhus/_mkhar mgo'i bla ma bzang gras kha shas la 'jam mgon rin po che'i rgya chen bka' mdzod kyang lung phul/_drung ram rgya sprul rin po che'i gdan sa ri khrod sngon mo gnam rdzong du phyin pa'i lam bar go stod 'od 'bar brag mdun zhag ma byas pa'i rmi lam rkyen gyis pha dam pa'i bla sgrub cig bris/_gnam rdzong du rgyun ring bsdad par drung ram rgya sprul rin po ches thugs brtse chen pos bskyangs shing gdams ngag rin po che'i mdzod dang*/_bka' brgyud sngags mdzod kyi dbang lung khrid bcas/_'jam mgon rgya chen bka' mdzod dang shes bya kun khyab rtsa 'grel/_phyag chen rgya gzhung pod gsum bcas phul/_zur mang bde mchog mkha' 'gro snyan brgyud drung bcu pa chos kyi nyin byed las gsan pa'i dbang yongs rdzogs bka' drin bstsal/_drung ram dgon du rata gling thugs rje gsang 'dus kyi sgrub chen gsar tshugs kyi tshogs dbur phyin/_gter ston phal cher sku tshe ring du ma bzhugs pas khyed tshe mthar phyin pa zhig dgos pa dang bstan 'gro la phan pa rgya cher 'byung nges gsungs nas tshe dbang dang ting nge 'dzin gyis byin rlabs yang yang mdzad/_rang la zab gter gyi bka' bab 'byung ba'i thugs bskyed smon lam dgongs gtad thun min yang yang gnang*/_rang dang thabs grogs ma la gos rgyan sogs zang zing gi gnang sbyin rgya cher bstsal/_rang gi bskyed ma dus kyi chos nyid du gyur pa dang*/_ring por ma yin par chos rje mi pham rin po che'i nye gnas bla ma rin po che yang dgongs pa rdzogs/_dil mgo'i khyim 'dzin sring mo'i bza' zla shi ba sogs sdug bsngal du ma thog tu babs pa la/_zhe chen rab 'byams rin po che gdan zhus kyis ma rgan la 'pho ba gnas lung rgyun ring du gnang*/_bla ma rin po che 'od gsal gyi sku gdung zhugs 'bul mdzad/_rgyal tshab mchog sprul yang phebs pa thog ma'i chos 'brel du smin gter tshe sgrub yang snying kun 'dus kyi tshe dbang zhus/_sangs rgyas mnyan sprul dang rang gnyis kas tshe dbang re phul dgos gsungs pa'ang phul/_dpal spungs si tu rin po che yang dben nas mjal byung*/_rang lo so gsum chu lug lor bu mo zhig skyes/_'jam mgon bla ma rin po ches ming bde chen dbang mo gnang*/_'jam mgon mi pham rin po che'i gzim spyil bkra shis dpal 'bar gling du mtshams la bsdad/_'jam dpal zhi ba rgyud sde bzhi dang 'brel ba'i dbang sgrub thabs yod pa zhig bris/_shing sprel dbo zla'i skor sangs rgyas mnyan pa dang lhan du dpal spungs su phyin/_byams mgon pad+ma dbang chen/_rgyal sras 'jam mgon mchog sprul/_gnas nang dpa' bo rin po che khams su phebs pa rnams zhal mjal/_rdzong sar du kun gzigs 'jam mgon chos kyi blo gros rin po che'i drung du phyin/_yang gter rtsa gsum dril sgrub kyi tshe dbang*/_sher phyin sdud pa mi pham rin po che'i 'grel pa'i steng gsung bshad/_paN chen bi ma la mi tra'i 'jam dpal mtshan brjod kyi 'grel pa/_sa lugs kye rdor/_'khon lugs kyi dbang chen/_gur mgon dbang chen/_nag pa zla ba'i tshes la bu lugs dus kyi 'khor lo'i dbang chen/_mi pham rin po che'i gsung dus 'khor sbyor drug gi khrid/_nA ro mkha' spyod tshar lugs thun mong ma yin pa'i byin rlabs dang 'brel ba dpal sde drug pa/_mkhyen brtse'i gsang lam bcas zab khrid kyi lung dang*/_mi pham rin po che'i gsung phyi rgyud rtsa chu mdo 'grel/_rje btsun grags pa rgyal mtshan gyi chu gtor brgya rtsa/_mkhyen brtse rin po che'i dag snang mi tra'i snying thig tshe dpag med dkar dmar dbang lung*/_mi pham rin po che'i rgyud lugs 'jam dpal gyi dbang chen/_sprel zla'i tshes bcu la dzaM nang pad+ma shel phug gi gnas mdun du rtsa gsum dril sgrub kyi tshogs 'bum/_khams bye'i bshad grwa thams cad dang lhan du gsung*/_skabs der rdo khyi spyang sogs mgo yi dbyibs yod pa zhig khur shog gsungs/_phran nas ji ltar rnyed pa zhig phul bas gnas 'dabs su mnan pa gyis gsungs/_skabs der mchog ldan la khyed rang gi dud sol ma'i gsol 'phrin yang yang thon ces gsungs pa gzigs snang zhig byung ba min nam snyam/_gnas rtse'i klong sems phug tu 'jam mgon zab gter gsang thig yab bka'i tshogs mchod/_de nas rtse bskor gyis sing ngu g.yu mtsho la mtsho 'bul/_rong me dkar mo stag tshang du rtsa gsum dril sgrub kyi tshogs 'khor/_der bzhugs sgrub sde rnams la gsang bdag tA ra nA tha dang*/_'jam mgon kong sprul rin po che rnam gnyis kyis ljags bsgrigs 'khon lugs phur pa'i dbang chen bstsal ba rje bla ma rin po che'i ljags bsnyen grub ma thag yin 'dug pas dad spro yid ches lhag par thob/_gus nas kyang sgrub sde rnams la mkha' 'gro gsang 'dus kyi rtsa dbang dang gtor dbang bskur du bcug_/rdzong sar rgyab ri brag dkar bkra shis dil du phebs bzhugs gnang nas gdan sar phebs/_khyung sprul pad+ma lags dang gus sogs la yid bzhin mdzod rtsa 'grel/_mi pham rin po che'i gsung rtsom skor bcas pa zhib khrid du thob/_rje bla ma rin po ches nyid la sngar nas rdzong sar gdan sa 'di gshin rje'i gnas shig yin pa'i gsal snang shar bas da res khyed kyi gnas yig cig bris gsungs/_lha rdzas kyi rten dang bcas bka' phebs pa bzhin gnas yig bris pa/_rje bla ma mchog dang phran mkhyen brtse'i thugs sprul tshad ma yin pa'i rgyu mtshan dang bcas rdzong sar gtsug lag khang gi sgo yi mdun gsham du bkram/_rje bla ma rin po che dang gus kyang zhabs 'bring du khrid nas gnas la rang byon dang sgrub phug sogs ngos 'dzin gnang*/_rdzong sar gtsug lag khang gi steng du rje bla mas sngar nas bsgrubs gnang gi gnas chen byin 'bebs kyi sgrub pa'i khang sgrom la slar kha gsos/_mkhyen brtse'i dbang po sku gong ma'i dbu zhwa bcas phran la gu ru'i sku chas gsol/_mkhyen brtse'i gter byon gu ru seng+ge sgra sgrogs kyi phyag mtshan gnam lcags rdo rje dang bcas bka' nan rab brjid 'don du bcug_/phyir nyin gus nas lha 'drer bka' shog ka rtsom zhig phul/_phran gyi dgongs gter du ming btags pa'i 'jam dpal snying thig bris pa'ang gza' skar dge ba zhig la lung phul gsungs pa ltar zhus pas/_de nub 'jam mgon mi pham rin po che gzim lam du mjal gsungs/_de skabs nang chen btsun mo g.yu sgron ma sras/_tsha ge grags pa mchog sprul sogs rdzong sar phebs pa mjal/_kun mkhyen 'jigs gling gi phur pa rgyud lugs kyi dbang dgos gsungs pa phul/_kun gzigs mkhyen brtse'i dag snang gzigs pa lnga ldan gyi sgrub thabs dbang*/_rdzogs rim dang bcas pa dang*/_dga' rab rdo rje'i bla sgrub kyi dbang dang*/_sa skya paN+Di ta'i bla ma'i rnal 'byor gyi gsang sgrub kyi dbang rnams kyang phul/_thams cad mkhyen gzigs mkhyen brtse'i la cha'i gter sgrom du shog ser shog dril zhig 'dug pa bdud rtsi sman gyi rdzong 'phrang zhes pa zhig phab ste bris/_de'i dbang gzim phug nas phul skabs rje bla ma rin po ches bi ma mi tra steng gi nam mkhar bzhugs pa'i gzigs snang byung gsungs/_'jam mgon mkhyen brtse'i dbang po la gtsang gi jo mo kha rag nas sman btsun rdo rje khyung btsun mas phul ba'i gnam lcags phur bu'i logs gsal ba'i gu ru drag po phur mjug can gyi sgrub thabs/_dbang las tshogs dang bcas pa dang*/_sgrol ma'i sku li ma zhig gi sku rgyab tu brda ris rje bla mas gzigs pa phyag gis bris te gnang ba las phab pa'i sgrol ma ljang gu phyi nang gsang sgrub/_kun mkhyen 'jigs med gling pa'i bla sgrub kyi dbang dang*/_rtsa gsum gcig dril rang byung pad+ma'i snying thig gi dbang khrid rnams rim par phul/_khyed rang dgongs gter phebs pa rnams tshig don gnyis ka deng sang 'gran zla bral zhes dbugs dbyung kyang mdzad/_dbang lung phul skabs re re bzhin gnang skyes rgyun mi chad par bstsal/_slar dzaM nang pad+ma shel phug tu phebs nas bka' 'dus chos kyi rgya mtsho'i sgrub chen sman sgrub dang 'brel ba sbyin bsreg gtor zlog rab gnas bcas/_rje bla ma rin po che/_kaHthog si tu mchog sprul dang*/_bdag cag sogs 'dus pa nyi shu skor nas gnang*/_dpal spungs byams mgon si tu rin po che/_dpal spungs dbon rgan sogs phebs nas dngos grub len pa dang*/_mar me'i smon lam lhan rgyas nas mdzad/_sman sgrub rgyud kyi klong du sba ba'ang gnang*/_'di skabs 'brig dkar bkra shis dil ltag du sa gter zhig yod pa'i kha byang rje bla mas phran la ched du bstsal kyang rang skal dman pas lag tu son pa ma byung*/_sngon mkhyen brtse rdo rje 'chang gis gter lung pad+ma shel ri gnas sgo 'byed skabs rgyal dbang karma pa theg mchog rdo rje dang*/_si tu pad+ma kun bzang sogs phebs pas thugs chen sems nyid ngal gso'i gter lung bzhin rten 'brel bzang po 'grigs pa red pas da res rten 'brel bzang gsungs/_shel phug 'dir bdun brgya nyer lnga'i lha tshogs rang byon du bzhugs pas lha khang gsar bskrun skabs/_gdung ma'i sgo bzhag sa tshun mkhyen brtse rang gi phyag rtags gnang ba las gang byung mi chog tshul dang*/_rten gtso gu ru'i sku tshab 'di nang mchog gling thugs sgrub bar chad kun sel gyi rtsa ba'i chos bdag bcu yi gtso bo mkhyen brtse rang gi sku skal gu ru'i gsang gos la mtsho rgyal gyi rak+tas bris pa'i sku tshab ye shes sems dpa' bzhugs pa sprel zla'i tshes bcu zhig la grub dgos pa lha mgar gyis dbu cung zad kyog pa rab gnas skabs mkhyen brtse rin po che'i dgongs pa gtad pas dbu drang por song pa'i rtags mtshan yin zhes/_gnas kyi che ba mang po gsungs/_rang la stan sngar las mtho bar bzhag ste gter chen du mnga' gsol mdzad/_maN+Dal sku gsung thugs rten gnang*/_rang gis 'jam mgon bla ma'i so byang sngags gsum gyi mtshan bkra yod pa'i zhabs brtan zhig gsol ba btab pa dgyes bzhin gnang*/_gter ston dri med sras sprul pad+ma thugs rje'i dbang phyug_/sku mched yon tan/_sde dge lha rigs kyi sras mo g.yu sgron nas sbyin bdag gis bka' brgyad bde gshegs 'dus pa'i tshogs sgrub sman sgrub dang 'brel ba kaHthog si tu mchog sprul/_smar khams rgyal sras sprul sku/_dgon chen mkhan bgres bsam gtan blo gros sprul sku dang*/_kaHthog pa'i rdor slob byang 'dren sogs dge 'dun 'dus pa rnams dang*/_rje dbon bla ma tshe dbang rdo rje sogs dpon slob kyis 'phags ma'i snying tig gi tshe sgrub/_rdzong sar dgon pa'i rdor 'dzin dpon slob kyis 'khon phur gyi rdo rje mtshams pa bcas dang*/_mtha' rten zhi rgyas kyi sbyin sreg bcas dang sman sgrub bdud rtsi'i 'gro don 'byung lngar bstim pa sogs rgyas par gnang ba'i tshogs gral du 'dug pa'i skal bzang byung*/_smin gling mkhan rin po che phebs nas rje'i mdun lce btsun snying thig gi zab khrid gsan nas rgyun ring du bzhugs pa phran rtsar ched du phebs te zab mo gter gyi brgyud pa yid ches khungs btsun zhig gi dbang lung thob re chen po sngar nas yod pa da res mkhyen brtse rin po ches deng sang gter ston zhig la khyed rang la thugs shes 'drongs pa yin gsungs pas rjes nas khyed rang gi gter chos skor zhu 'dod yod ces thugs gshin pa'i bka' 'phros nan tan gnang*/_de nas snga 'gyur bka' ma mdo sgyu sems gsum/_yang dag_/dong sprugs gnyis/_phur pa 'khon rog_/rong phur/_sman bla rnam bdun/_gdugs dkar/_rnam 'joms khro dkar nag_/mdo rgyud kyi legs ldan/_lha mo/_rnam sras sogs snga 'gyur kyi bka' ma so so'i gzhung chen yig rnying sgrub dkyil sogs dbang lung gi rgyun gang bzhugs zhib rgyas su bstsal te/_mgon po legs ldan dbang grub nas/_zhal 'phros su sngar rje mkhyen brtse'i dbang pos dpal yul rgya sprul mdo sngags bstan 'dzin la snga 'gyur bka' ma'i dbang lung zhib rgyas su gnang nas rgyud mgon legs ldan gyi gtor dbang gi dam bsgrag skabs/_mkhyen brtse rin po che'i zhal nas khro gtum mthing nag dpal chen po dngos lta bu'i gzi brjid mjal mi tshugs pa byung ba dang*/_bla brang sgo drung du glo bur bya rog gi skad sgrog pa'i rtags mtshan byung bas/_rgya sprul rin po ches bka' ma'i dbang lung 'chad spel rgya cher gnang ste bka' ma'i chos skor yongs rdzogs par du bkod/_bka' ma'i sgrub mchod tshugs pas bstan rgyun la phan pa rgya cher byung ba red/_da res legs ldan dbang gi skabs phran la'ang legs ldan dngos su yod pa'i mthong snang byung bas/_khyod rang gis bka' ma'i bstan rgyun la phan pa'i rten 'brel yin 'dra zhes gsungs/_klong chen snying thig rtsa pod gnyis/_yum ka'i nang sgrub sgrol ma/_grol thig skor bzhi'i rjes gnang*/_mkhyen brtse'i yang gter/_zhi khro ngan song sbyong ba'i/_rtsa gsum gcig dril gyi gter gzhung lung*/_rgyud lugs phur pa/_grol thig dbang chen/_jo lugs sgrol dkar/_rdor sems mngon dga' bcas cha tshang dang*/_rdo grub 'jigs med phrin las 'od zer gyi snying thig dbang gi mtshams sbyor rnams kyi lung dang*/_byang chub sems sdom/_yon tan rin po che'i mdzod kyi rtsa ba las dbu ma lugs kyi sems sdom/_las rab gling pa'i rten 'brel nyes sel rgyas 'bring bsdus gsum/_bi ma snying thig gi spros bcas/_spros med/_shin tu spros med/_rab tu spros med rnams kyi dbang bcas kaHthog si tu mchog sprul byams pa chos kyi nyi ma/_sangs rgyas mnyan sprul karma bshad sgrub bstan pa'i nyi ma/_khyung sprul pad+ma dbang chen sras pad+ma lags sogs la zhib rgyas su bstsal/_rje mkhyen brtse rin po che'i snying thig rtsa pod dgon chen gyi spar ma pod gnyis mkhyen brtse'i phyag tu sleb pa dang bka' srung drang srong chen pos glog zhags khyug khyug tu byung ba'i thugs dam phyag dpes snying thig gi po ti'i lung dbang yang dgyes bzhin bstsal/_sprel zla'i tshes bcur bla ma gsang 'dus btang mdzad nas de'i gtor dbang gnad kyi shog gcig kun gzigs mkhyen brtse'i gsung bzhin bka' drin thob/_chags med sangs rgyas sprul sku la/_bstan bcos shes bya kun khyab kyi rtsa ba mkhas dbang bla ma bkra 'phel las gsan pa'i bshad lung bstsal bas bka' drin thob/_kaHthog mkhan chen nus ldan dang*/_grwa lag phyag tsha bcas la bi ma snying thig gi gter gzhung dang*/_rje bdag nyid chen po'i lam rim chen po/_me nyag kun bzang bsod nams kyi slob ma a dpal las gsan pa'i lung bcas thob/_bla ma yang tig dpal sprul rin po che'i khrid rgyun gsan bzhes gsungs pa'ang phul/_zhabs brtan du rgyal po dkar po drug mdos rgyas bsdus gnyis/_mi pham rin po che'i mdos gzhung gi rgyal mdos rgyas pa bcas zhag bdun du bsgrubs/_dgun thog der rje bla ma sku mtshams la mkha' 'gro gsang 'dus rtsa ba/_rdo rje mkha' 'gro'i tshe sgrub/_pad+ma mkha' 'gro'i dbang sdud bcas ljags bsnyen btang*/_rang nyid kyang mkhyen brtse rin po che gdod ma'i gzhi dbyings la mngon par byang chub pa'i gzim phug tu bla ma'i rnal 'byor bton nas bsdad/_shing bya gnam lo gsar tshes kyi rje mkhyen brtse'i sku mchod la thugs sgrub bar chad kun sel gyi sgrub chen gnang nas rin chen gter mdzod chen po'i chos sgo 'byed par bka' gnang*/_zhe chen rab 'byams rin po che/_smar khams rgyal sras sprul sku/_khyung sras pad+ma lags/_rdzong sar mkhan po mkhyen rab seng ge sogs tshogs gral du bzhugs/_sgrub chen gyi bar der rgyal phur 'grub sbyor sogs gza' tshes shin tu dge ba zhig la thugs sgrub bla ma chos sku'i dbang zhig bstsal te/_gter mdzod kyi smin grol thog ma'i skar 'dzin mdzad/_sgrub chen grol dbang la thugs sgrub bar chad kun sel gyi dbang rgyas 'bring bsdus gsum bkra shis tshe dbang bcas zhib rgyas su bstsal/_gus la/_pad+ma gar dbang mdo sngags gling pa zhes pa'i ming gnang*/_sna sel du rab 'byams rin po che dbu bzhugs dang*/_zhe chen 'dus pas gsol ka dngos grub rol mtsho dbyangs dang bcas nyin gnyis la chos skyong so so'i sbyar spos bzlas pa sogs rgyas pa gnang*/_bar der kaHthog mchog sprul rnams kyis dbang gsan dgos stabs rje bla ma kaHthog tu phebs nas gter mdzod gsung bar gsol ba btab nub/_'jam mgon bla ma chab gsang du phebs pas zhabs brdab nas cung snyun pas/_sngar dpal yul rgyal sprul mdo sngags bstan 'dzin gyis snga 'gyur bka' ma'i dbang chos yongs rdzogs gsan te sgrub mchod lo bstar tshugs bzhed kyis rje mkhyen brtse'i dbang po gdan 'dren zhus pa/_dpal yul du phebs bzhed gnang ste phebs na slar 'dir phebs mi thub pa red kyang*/_gzim chung dbang khang du zhabs la tsher ma zhig zug ste bsnyun pas dpal mgon zhal gyis bshol btab pa red/_gdan sa 'dir bzhugs stan chags pa red/_khar seng dngos grub rol mtsho'i skabs mgon chen sde dgu'i zhal thang bkram pa la legs ldan spyan 'dren skabs dngos su thim pa'i snang ba zhig byung bas da gdan sa 'dir stan chags nas gnang ba yin gsung ste phebs ma gnang*/_de nas kaHthog si tu/_rmog tsha/_rje dbon/_yon dge mi 'gyur sprul sku/_rdor brag sprul sku/_zhe chen rab 'byams/_dbon sprul/_'bar chung sprul sku/_dpe war sprul sku/_rdzong sar sgang sna sprul sku/_sga stod ngag dbang legs pa'i sku tsha mkhan po/_brag yab mkhan blo gros sogs sdom brtson sde snod 'dzin pa brgya dang bcu skor lhag rjes su 'dzin par mdzad/_spyi deng sang rin chen gter mdzod chen mo'i chos 'khor khams dbus rgya gar thams cad da lta'i bar rgyun mi chad par snang ba/_sangs rgyas gnyis pa 'jam mgon rnam gnyis kyi bka' drin las rnying ma bka' gter gyi smin grol bshad rgyun grub mtha' chen po bzhi las nyi zla ltar bshad rin chog pa'i ngo mtshar 'dug kyang*/_tshogs slob kyi phyag rgyun lta bu'i rje bla ma mtsho skyes dgyes pa'i zhal skyin 'dis ni sku gong ma'i phyag bzhes khar seng gi nyi ma de ring shar ba lta bu'i dbang khrid lung gi rgyun tshang ba/_rje nyid kyi yab rje rig 'dzin 'gyur med tshe dbang rgya mtsho zhes lo chen bai ro'i rnam 'phrul sprul pa'i gter ston kun gyi rgyal po mkhyen kong gnyis kyi zab gter gyi chos bdag lung zin/_thugs sras kun gyi thu bo/_bka' 'dus chos kyi rgya mtsho'i bla dpe gter dngos dang*/_rtsa gsum sgyu 'phrul drwa ba'i shog ser dngos su gzigs pa/_snga 'gyur bstan pa'i chu mgo smin grol gling du grwa sar rgyun ring bzhugs nas khri chen sangs rgyas kun dga' dang*/_rje btsun bde chen chos sgron sogs las rang lugs gter chen sku mched kyi bka' gter gdams pa'i smin grol dang phyag bzhes bslabs shing*/_rtsa ba gsum gyi bsnyen sgrub nyams bzhes kyi rtags rdzogs pa/_'jam mgon bstan gnyis gling pa'i zab gter 'phro skyong bar ched du bka' bstsal ba des dbang khrid lung cha tshang*/_dpal yul karma yang srid o rgyan mdo sngags chos kyi nyi ma las gsan pa rtsa ba'i brgyud pa dang*/_mkhyen kong gi zab gter phal cher rje nyid kyis gsan pa dang*/_smin gling gter chen gyi gter chos yongs rdzogs 'jam dbyangs mkhyen brtse'i dbang po las yab rjes gsan pa'i brgyud pa dang*/_byang gter yongs rdzogs mkhyen brtse rin po che'i nye brgyud zhe chen rgyal tshab rin po che las gsan pa dang*/_sgrub thabs snying po skor lnga dang*/_grub thob thugs tig chos bdag kaHthog si tu paN+Di ta las gsan pa'i mtshon brgyud pa khungs btsun las lan gsum bzhi gsan pa/_dbang rdzas phal cher gter byon sha stag sogs dang*/_thugs lcogs byung na bdag 'jug kyang mdzad pa dang*/_dbang re re la rje nyid kyis dbang rdzas thengs re'i dbang slob ma kun la ma gnang ba med pa dang*/_skye bdun ril bu/_bdud rtsi sman dbang sogs dam rdzas/_rje rin po che sku gong mas tshul bzhin bsgrubs gnang kho na sogs khyad par gyi che ba du ma dang ldan pa dang*/_grub thob bka' brgyad kyi rgyud la ljags bshad dang*/_bde 'dus zhi ba'i rtsa rgyud/_khro bo sgrub pa bka' brgyad kyi rgyud thams cad mkhyen brtse rin po cher nye brgyud bzhugs pa'i bshad pa kun 'dus yin gsungs/_zab khrid 'chi med mtsho skyes snying thig gi rdzogs rim gter gzhung dang*/_'phags ma'i snying thig gi dbang rgyas 'bring bsdus gsum gyi gter gzhung*/_mkhyen brtse'i yang gter drang srong lok+t+ri zhi drag sogs mkhyen brtse'i khrid rgyun gzhan la med pa du ma dang*/_bod zla drug pa'i tshes bcu la khra tshang pa'i yig cha'i steng nas bla ma gsang 'dus dbang chen/_thugs rje chen po sems nyid ngal gso'i chig brgyud nyag bla thub bstan rgyal mtshan gyis rje mkhyen brtse'i dbang po dngos las gsan pa chu bo gcig 'dres su 'gyur gsungs nas rgyal dbang lnga pa'i dag snang rgya can gyi sems nyid ngal gso/_'das rjes pad+ma'i myu gu sku gsum rig 'dus kyi dbang chen mkhyen brtse rin po che sku dngos las kaHthog si tu chos kyi rgya mtshos gsan pa dang*/_'jam mgon kong sprul rin po che'i zab gter rtsa gsum dgongs 'dus gter gzhung yongs rdzogs dang*/_gsang thig yab bka' dang*/_yum bka'i gter gzhung yongs rdzogs dbang khrid sogs yab rje la zab gter gyi 'phro bskyang dgos pa bai ro'i sprul par thugs rgyud gcig pa'i zhal bzhes sogs dgongs gtad thun min bcas bstsal ba'i brgyud pa dang*/_bka' srung sngags srung ma'i srog dbang gter sras pad+ma thugs rje'i dbang phyug las gsan pa dang*/_'jam mgon gter kha gu ru dang bai ro'i rnam thar mkhas dbang bla ma bkra 'phel las gsan pa/_gru gu yang dbang gi gter ma rta mgrin dregs pa kun sgrol gyi rgyud kaHthog si tu rin po che las gsan pa/_mdo mgon legs ldan ljang sngon drag po'i bka' gtad gtsang shod pa'i yig cha ltar pad phrin chog bsgrigs dang*/_kaHdam pa bde gshegs nas chos rje kaHthog pa'i bstan srung dpal ldan lha mo'i gsol phrin si tu rin po ches gsar bsgrigs kyi rjes gnang bka' rgya can/_de skabs rje bla ma d+harma ma ti'i gsung 'phros su spyir rig 'dzin gong ma'i gsung rgyun du khrid rnams sgra don 'dres 'dzin gyis go don 'phrod pa dang*/_lung sgra spyi thos pas rung ba dang*/_khrid bla mas 'bog zin pa'i rjes slob mas dmigs thun re bzung thub na don brgyud 'gro zhes gsungs pas rdzogs rim gal che ba phal cher dmigs thun re yang bgyid khul byas/_dbang gi gtad rgya gdams gtad phal cher gus la dmigs su dgongs pa gtad pa'i skal bzang yang byung*/_de skabs smin gling mkhan chen ngag dbang mkhyen brtse nor bu phebs pa/_yang gter mkha' 'gro gsang 'dus kyi dbang rgyas bsdus/_rigs bzhi mkha' 'gro'i dbang khrid bcas gsan/_slob ma byings la tshe sgrub yang snying kun 'dus kyi tshe dbang bstsal/_gzim chung du nyang gter mgon po phyag bzhi pa dang*/_tshe mgon dkar po'i tshe dbang*/_yang snying kun 'dus gter gzhung steng nas khrid bcas gsan pa rang yang thob/_mkhan rin po ches khyed rang gi gter chos zab shos sems la gang bab cig gi dbang 'brel zhig phul dgos gsungs pa rje bla ma rin po cher zhus pas mkhyen brtse rdo rje 'chang sku gong ma'i bka' gter smin grol rgya mtsho'i chos 'khor rgyun mi chad pa bskor ba'i gzim chung dbang khang du phul dang dgos pa chen po yod gsungs pas 'jam dpal snying thig theg pa rim dgu'i dbang dang*/_yum bka' dbyangs can rigs lnga'i dbang bcas kun gzigs 'jam dbyangs chos kyi blo gros rin po che dang*/_mkhan chen mkhyen brtse nor bu/_zhe chen rab 'byams 'gyur med kun gzigs bstan pa'i nyi ma/_rje dbon bla ma tshe dbang rdo rje/_kaHthog si tu byams pa chos kyi nyi ma/_rmog tsha sprul sku/_kaHthog dbon sprul/_zhe chen dbon sprul/_rgyal tshab bka' drin can gyi mchod dpon sgrub brtson bla ma 'jam dbyangs blo gsal/_mched grogs bla ma mchog ldan sogs la gter gzhung steng nas phul/_phyir nyin smin gling mkhan chen la rgyun khyer steng nas khrid phul dgos gsungs te gsan/_sprel zla'i tshes bcu la bla ma gsang 'dus kyi tshogs 'khor smin lugs kyi phyag bzhes dbyangs rol bsgral 'cham sogs rab 'byams rin po che'i dbus zhe chen bla grwa gtso bor byas te gnang*/_rab 'byams rin po ches mchod pa dang tshogs rdzas rgyas pa phyag 'gyed bcas phul mdzad/_spyir sprel zla snga phyi 'di la bla ma gsang 'dus kyi tshogs 'khor rgyas pa re mkhyen brtse rin po ches btang bar mdzad 'dug_/de skabs gu ru rin po che'i zhal gzigs re yod pa 'dra gsungs/_smin grol thams cad rdzogs skabs smin gter rdor sems thugs kyi sgrub pa'i sgrub chen/_myong grol ril sgrub dang bcas pa/_zhe chen dbon sprul gsum pas dbu mdzad kyis zhe chen gyi phyag bzhes ltar gnang*/_sgrub chen gyi bar mtshams lam rim ye shes snying po rje bla ma rin po ches dka' 'grel gyis bshad khrid bstsal/_mkhyen kong gi phyag bzhes sgrub chen skabs tshogs bshad rgyas pa gnang srol yod gsungs/_mthar brtan bzhugs bcas rgyas par phul/_dad 'dus mchog phal thams cad la mchog gter gsang thig rdor sems kyi dbang dang*/_myong grol ril bu kun la khyab par bstsal/_de skabs bla brang thog khar bya rgod cig bab pa'i rkyen sel du/_g.yag phyar sgrol mdos rgyas pa dang*/_mkha' 'gro gsang ba kun 'dus kyi mkha' 'gro'i sun zlog dang brtan bzhugs phul/_'dus pa nyung ngu zhig la gter mdzod bka' rgya pod gsum gyi dbang lung rje bla ma rin po ches rgyal tshab rdo rje 'chang las gsan pa'i dbang khrid lung bcas dang*/_zur mang bdud rtsi dil nas gter chen rol pa'i rdo rje'i mchog sprul gtsos bdag cag rnams la rje bla ma mkhyen brtse'i dgongs gter rtsa gsum 'od gsal snying thig gi dbang khrid lung bcas zhib rgyas su bstsal/_'di rnams la dbang chog bsgrigs dang*/_khrid yig cig bris/_phur pa phab 'phro bzhag pa de bsnyen sngags kI la ya 'bru dgu pa dang sgrub sngags 'bru bcu bzhi pa yod pa zhig sngar 'od gsal snying thig phur pa la bsnyen 'brel zhig bzhag skabs rig ngor gsal yang de skabs 'bri rgyu ma byung bas khyed nas bris zhes bka' bstsal/_gcen bshad sgrub dang thabs grogs lha mo ma bu slebs pa la 'phags snying bdag 'jug gi don dbang dang*/_mkha' 'gro gsang 'dus pad+ma mkha' 'gro'i dbang khrid sogs bstsal/_khams bye'i gtsug lag che ru btang ste mkhyen brtse gong ma'i thugs bzhed bzhin byams chen zhig bzhengs dgos pas de yi 'og tu dgra dur phung gsum gyi mnan pa tshad ldan zhig gyis gsungs/_tshe sgrub gsang 'dus nyin kha shas bton te don dbang zhig phul/_kun gzigs mkhyen brtse rin po che'i 'phags pa thogs med kyi nye brgyud byams chos sde lnga'i rtsa ba dang*/_grub chen lU hi pa'i nye brgyud bde mchog rtsa rgyud kyi bshad pa'ang bka' drin bstsal/_rol rdor mchog sprul las mtsho brag gi gter chos rtsa ba yan lag thams cad kyi dbang lung khrid dang bcas pa ched du gsan pas bdag la'ang bka' drin thob/_dbang chos yongs rdzogs grub rjes rol rdor rin po ches rje bla ma dang rang la sku gsung thugs rten gnang ba dang sbrag rje bla ma rin po cher phyag rdor rgyud la rnam bshad cig dang*/_gus la zhal gdams ye shes snying po'i 'grel pa rgyas bsdus 'tshams pa zhig brtsam rgyu dang*/_mtsho brag gi gter chos 'dzin spel mdzad dgos gsungs/_khyed rang gdan sa bdud rtsi dil du 'ong nas mdo sgyu sems gsum gyi dbang sngar drung rin po che nas zhu gnang mdzad pa'i dgongs pa lus song bas khyed kyis de rigs bsgrub par 'os zhes gsungs/_chog sgrig kha shas kyang gnang bar mdzad/_smin gling gi phab rgyun yod pa'i dug khrag bum thang ma zhig bsgrub dgos gsungs pa ltar zhus/_snying thig gi dpal chen/_khrag 'thung rigs bzhi'i sgos sgrub kyi dbang*/_dgon chen du par gang bzhugs kyi mi pham rin po che'i bka' 'bum thams cad kyi lung yang phul/_gling dkar sngags gter pad+ma bzhad pa'i zab gter tshe yum tsaN+Da li'i gdams skor gyi dbang lung yang bka' drin thob/_gus kyang chos bdag cig yin pa gter ston gyis gsungs pa khyed la dbang 'phrod pa yin gsungs/_rang re zhig rang yul log rtsis la kun mkhyen bla mas thugs shin tu 'phreng tshul gyis spyan chab kyang bsil bas rang yang sems shin tu 'phreng ba byung*/_tshe tshad cig zhus pa rtsa gsum spyi bye brag tshe sgrub 'dra min gyi bsnyen pa/_rtsa gsum gyi tshogs 'bum sogs bsgrub bya mang tsam dang*/_tshe gegs kha shas dang*/_khyad par zhe dgu la shin tu rtsub/_de las brgal na lo bdun bcu don gsum bar la 'tsho zhes gsung rtsom tshigs bcad du bstsal/_zhal 'phros la phyi nang gsang ba'i rten 'brel ma 'phyug pa byung na brgyad cu yang thub srid/_spyir rje btsun bla ma mkhyen brtse'i dbang pos tshe dkyil brgya dang brgyad rtags thon gnang bas rje nyid sku tshe ring du bzhugs dgos pa 'dra yang bdun cu brgal tsam las ma bzhugs/_de rjes mkhyen brtse'i sprul sku zhig sku tshe ring du nges par bzhugs 'ong gsungs/_rje nyid kyi thugs dam rten 'jam mgon chos rje sa skya paN+Di ta'i sku shin tu spus dag_/gsung rten gter mdzod du nyer mkho'i skor dang*/_mkhyen brtse'i zab gter gnad che'i skor bcas pod nyi shu tsam/_thugs rten kaHdam pa bde gshegs kyi phyag dril ngo ma yin gsungs pa'i rdo rje dril bu theg chen/_mkhyen brtse rin po che'i rta mgrin dregs pa kun grol gyi sgrub rten dz+hi k+ShiM gyi phur pa rta dbu can byin ldan/_rje nyid kyi sku tshe ril po'i phyag DAr rgyan ldan/_rje nyid kyi gter mdzod skabs rtag par bzhes pa'i rig 'dzin spyi zhu/_sku 'dam sogs na bza' cha tshang*/_rten sgam du gang bzhugs kyi ris med dam rdzas dang*/_shog ser rgya dpe sogs shin tu 'gang che/_myong grol bdud rtsi chos sman phon che sogs 'bul tho dang*/_bkra shis zhabs brtan bcas bstsal/_rje gong ma'i phyag bsnams li yi maN+Dal che legs la rin chen sna tshogs pa'i tshom bu bcas/_kun gzigs mkhyen brtse'i zab gter sgrub thabs snying po skor lnga la dbang dang*/_las byang*/_khrid yig bcas dang*/_gzhan mkhyen brtse'i gter kha la zhabs tog phul 'os gang yod kyi yig cha gsar spel dang*/_khyed rang gi gter kha dgos pa chen po dang 'brel ba rnams ras su ma bor bar phab dgos zhes bka' bstsal/_lo rjes mar phebs shog nga yang khyed lta bu ma byas na yun ring i 'tsho mi shes gsungs/_thabs grogs la mkhyen brtse rin po che'i gter byon gzi mig gsum pa gnang nas nyams chag bsag ma 'ong gsungs/_rang gi gcen dang bu mo gnyis sogs thams cad la gnang byin rgya cher bstsal te 'og min bla ma'i gdan sa nas thon/_lam bar Ar+Ya tA re'i gnas rnams kyang mjal/_sde dge lhun grub steng gi rgyal khab tu phyin nas sa skyong dbang mo chen mo/_lha sras thub bstan gtsos bstan pa spyi rim snyan brgyud ma mo'i mdos sogs bsgrubs/_lam zhor rma rong gru gu dil ltag gi chu tshan yang bsten/_'dan yul paN chen smr-i ti dz+nyA na'i gdung rten dang*/_tshes bcu'i gar 'cham mjal zhing sga ban chen phun tshogs dar rgyas gling gi sgrub sde gsang sngags rig pa'i pho brang du bsdad/_gtsug lag khang gsar bzhengs kyi don du nyes sel/_sa bdag_/klu bum/_gter kha gsar rnying gi bkra shis gter bum sogs mang po bca' sgrub bgyis/_bka' nan rab brjid dang*/_gzhi bdag dang lha mo'i rten mkhar/_rak+sha thod phreng gis sri 'dul sogs bgyis/_mnyan sprul rin po che'i gtsug lag gsar bzhengs kyi zhabs brtan du zab bdun phur pa'i stod las smad las zung 'brel gyi sgrub chen bla gro nor bu sprul sku dpon slob bzhi bcu skor nas rgyas par bsgrubs/_me khyi lo'i dbyar stod skor zur mang rnam rgyal rtse'i rtogs ldan gter sras rig 'dzin tshe dbang nor bu dang*/_karma'i mkhan chen rat+na/_drung pa rin po che chos kyi nyin byed rnams kyi dngos slob karma tshe brtan las jo nang rje btsun gsang bdag sgrol ba'i mgon po kun dga' snying po'i bka' 'bum gyi lung zhus/_ban chen mkhan bzod pa mthar phyin las dpal sprul rin po che 'jigs med chos kyi dbang po'i bka' 'bum yongs rdzogs dang*/_mkhan chen yon tan rgya mtsho'i yon tan rin po che'i mdzod kyi 'grel chen nyi zla'i snang ba mkhan chen nyid las gsan pa thob/_ston dgun mtshams zur mang bkra shis bdud rtsi dil du song*/_gter chen rol rdor mchog sprul/_drung rin po che karma chos kyi rgya mtsho/_zur mang rnam rgyal rtse nas gar dbang mchog sprul rin po che/_bla gro nor bu mchog sprul/_rdo dgon nas mkhan chen mkhyen rab/_bdud rtsi dil gyi mkhan po/_rdor slob gtsos dge 'dun phal cher la snga 'gyur bka' ma sgyu 'phrul zhi khro/_tshogs chen 'dus pa theg pa rim dgu/_sems klong dang*/_man ngag sde rgyud bcu bdun gyi dbang lung rdzogs par phul/_gar dbang rin po che'i thugs bzhed 'khon lugs phur pa 'jam mgon kong sprul rin po che'i yig cha ltar stod las dang smad las bsgral dbang bcas dang*/_rol rdor mchog sprul karma dri med 'od zer gyis zur lugs bde mchog mkha' 'gro snyan brgyud kyi dbang yan lag gi dbang zhib rgyas bcas dang*/_kar lugs kun rig gi dbang bcas thob/_drung pa'i gdan sa mkhar rgan ma'i steng du thugs sgrub bar chad kun sel gyi gnas chen byin 'bebs bca' sgrub dang*/_bka' nan rab brjid bcas zhib rgyas dgos gsungs pa'ang sgrub/_gter chen mchog gling mkhyen brtse rin po che rnam gnyis kyis sde dge lhun grub steng nas thugs sgrub rnam gnyis chig dril gyi sgrub chen skabs kyi thugs dam rten thugs sgrub bar chad kun sel gyi zhal thang yang mjal kha zhus/_war phug rdo rje khyung rdzong drung pa gong ma'i sgrub sder song nas drung sprul sku la byang gter rgyal po'i mnga' dbang phul/_rol rdor rin po che'i sgrub sde khra mo nang du song nas nyang gi khros nag dang*/_mkha' 'gro gsang 'dus gnyis kyi sgrub mchod lo bstar tshugs dgos pas de'i dbang khrid lung bcas dgos gsungs pa ltar rol rdor rin po che dang*/_drung sprul/_der bzhugs sgrub pa rnams la mkha' 'gro gnyis ka'i dbang khrid lung bcas phul/_de nas bla bro dgon brgyud mdo khams gnas chen nyer lnga'i zhi mdzad rdo rje rigs kyi gnas chen rgyam rgyal pad+ma shel ri rdo thi gangs dkar gyi mdun sri'u 'o ma'i mtsho khar song*/_gzhi bdag rten gsol dang thugs sgrub bla ma chos sku tshe dpag med pa'i tshogs mchod nyin kha shas btang*/_gnas yig kyang bris/_gnas bskor mi mang pos mtsho mdog dkar sngon la rlung gis bskyed pa'i rba rlabs kyi rkyen lta bu'i mtsho la zhi dkyil sgo rdzogs can gyi ri mo bkra ba mthong ba sogs dge mtshan yang byung*/_rgyam mtsho nag kyang mjal nas tshogs mchod phul/_de nas phyin gter chen mchog gling gi gdan sa rtsi ke nor bu spun gsum gyi mdun smin grol nor bu gling gi sgrub sde 'od gsal gling du phyin/_gter sras mchog sprul rin po che 'gyur med tshe dbang bstan 'phel mjal/_mchog gter zab bdun sgyu 'phrul lcags byang ma zhi ba/_khro bo dong sprugs bcas kyi dbang lung zhib rgyas dang*/_thugs sgrub bla ma longs sku'i mi 'khrugs pa/_rnam snang*/_shAka thub/_sman bla bzhi'i sgos sgrub kyi dbang lung gter sras tshe dbang grags pa'i chog bsgrigs ltar dang*/_bla ma chos sku'i dbang*/_'jam mgon rdo rje 'chang gu Na dngos las gsan pa yin gsungs pas de'i dbang bcas zhus/_smin grol nor bu'i gling du phyin mchog gling yang srid mjal/_'chi med 'phags ma'i yang zab tshe'i byin rlabs phul/_gter chen mchog gling gi sku chas dang*/_dbang chas gu ru'i sku tshab sogs zhib mjal byung*/_gter chen sku gdung rin po che'i spyan sngar thugs sgrub bar chad kun sel gyi tshogs mchod bcas mchod 'bul le'u bdun ma/_bar chad lam sel gyi gsol 'debs zhib rgyas su phul/_gter rdzas skor gter chen dgongs pa rdzogs rjes kun gzigs mkhyen brtse'i dbang pos sras sras mo yum rnams la bgo bsha' mdzad pa las sras mo dkon mchog dpal sgron sku skal red gsung pa'i bka' brgyad yum bka'i shog ser ldeb gcig dngul gyi sbu gu zhig nang 'dug pa de la gang yod khyed nas phab dgos gsungs te rat+na shrI tA re'i sku mjug dkar sangs shig bcas gnang bas/_bka' brgyad dpal dgu'i yum bka' phyogs bsdus phyi nang gsang sgrub yod pa dang*/_bka' srung dur khrod ma mo bcas bris te spyan 'bebs zhus/_gter sras rin po ches mkhyen brtse'i mchog sprul gcig kyang zhal mjal ma thub pas da res khyed dang zhib mjal gyis blo bde ba byung gsungs nas dgyes rtser mdzad/_'jam mgon bla ma rin po che chos kyi blo gros mdun gter sras tshe dbang nor bu'i thugs dam rten thugs sgrub bar chad kun sel gyi zhal thang dbus bris spus legs phul nas/_rigs 'dus pad+ma'i myu gu'i rdzogs rim bar do drug gtan la 'bebs bskul zhus gsungs/_se ra dgon pa skyid 'dus sde dang*/_zhe chen dgon lag gshong nag dgon du phyin cing sprul sku a tshang sras yum bcas la tshe dbang phul/_de nas drung ram dgon du gcen bshad sgrub/_thabs grogs ma bu rnams slebs pa'i rtsar song*/_rgyal sprul rin po che zhal mjal zhib rgyas su zhus/_lho rgyud nas dgon stod gru brgal te dbon stod bshad grwar mkhan po mkhyen rab dgyes mjal dang*/_sde dge lhun grub steng du phyin/_si tu rin po che pad+ma dbang mchog dang*/_dpal yul karma yang srid/_rdzogs chen kong sprul/_'bri gter 'od gsal rdo rje rnams dang*/_sde dge sras btsun blon po rnams mjal/_si tu rin po che'i mdun nas chos gling dag snang grub thob tshe sgrub kyi dbang brgya dang brgyad/_sde dge ma sras dang chabs cig thob/_slar shrI na len+d+ra gnyis pa rdzong sar bkra shis lha rtser phyin nas 'jam mgon bla ma'i dgyes zhal mjal ba'i skal bzang thob/_rje bla ma rin po che'i gcung gter sras sprul sku 'chi med rin po che las gser pa gter rgan gyi tshe sgrub dang*/_rta mgrin gyi dbang thob/_thugs brtse chen pos rjes su bskyangs/_mkha' 'gro gsang ba kun 'dus kyi rgyud dang*/_mdos chen bka' srung rnams shog ser las phab/_sngar nas gsol ba btab pa'i rje bla ma rang gi rnam thar zhal gsung ma bka' brtsams gnang*/_khyed rang gi rnam thar zhig dang gter 'byung zhig nges par 'bri bar 'os pa'i bka' nan bstsal/_gter chen mchog gling chos skor gter mdzod du mi bzhugs pa'i thun mong*/_thun min thugs sgrub skor bzhi/_zab pa skor bdun sogs kyi dbang gter gzhung*/_rnam bshad zin bris dang 'jam mgon rnam gnyis gsung zin gang yod dang gter sras sprul sku'i mdun bzhugs gter chen mchog gling gi bka' rtsom skor sogs pod gnyis/_thugs sgrub yid bzhin nor bu'i zhal gdams snying byang gi gu ru yid bzhin nor bu bcu gsum gyi dbang gsar spel mdzad/_kaHthog mi pham mchog sprul dang rgyal rtse khro dga'i sras bla gro nor bu sogs la sgrub thabs 'dod bum gyi dbang lung yongs rdzogs bton/_gter mdzod bka' rgya pod gsum gyi dbang lung bton/_rmugs sangs kha legs sprul sku pad+ma kun bzang rang grol sogs la rtse le sna tshogs rang grol gyi bka' 'bum pod lnga'i lung bton/_khams bye'i skyor dpon gyis gsol ba btab pa bzhin lam 'bras sbas don gyi bshad khrid bka' drin du thob/_zab gter rdzogs chen sde gsum 'di gter chen nas da lta'i bar bka' rgya dam pos chig brgyud gnang mdzad/_da brgyud pa lnga pa man chad bka' cung zad yangs snyams kyang khyed rang nas shes zhes gsungs/_rdzogs chen sde gsum gyi dbang lung skabs kaHthog mkhan chen nus ldan/_gter ston dri med sras 'jam mgon sprul sku pad+ma thugs rje'i dbang phyug_/gter sras bde chen rnam rgyal gyi sras dri med sprul sku sogs kyang phebs pas/_sprul sku pad+ma thugs rje'i dbang phyug las bka' ma dong sprugs pad+ma rgya ldan gyi dbang rje bla mas gsan pa'ang zhar byung du thob/_gter chen dri med pad+ma gling pa sku gshegs te zangs mdog dpal rir phebs/_rje bla mar 'das rjes bla sgrub khyad par can zhig 'dug pa'i dbang lung yang bka' drin byung*/_mkhan nus ldan pad+ma shel phug gi mdun bzhugs pa la/_rje bla ma rin po ches phyag rgya pad+ma can la brten te rdo rje'i tshe sgrub lam gyi rtogs pa spar tshul thabs lam gyi zab gnad skor gsung rtsom bgro gleng mang po phyag bris phan tshun gnang bar mdzad/_mkha' 'gro gsang ba kun 'dus kyi tshogs 'bum phrag lhag bsgrubs/_mkhan nus ldan nas zab mo yang tig gi dbang zhig gsan pa'ang bka' drin thob/_mkha' 'gro gsang 'dus kyi rgyud las mdos chog gtsos gter kha dgos gnad chen po dang ldan pa rnams phab par bka' rtsom tshigs bcad bstsal zhing*/_rgya dril spus legs bcas gnang*/_khams bye'i mkhan po nas zhus pa bzhin lam 'bras sbas don ma zhib khrid du bka' drin bstsal/_'jam mgon pad+ma ye shes rdo rje'i sku tshe mthar phyin pa dang bstan 'gro'i dpal yon rgyas shing mtha' dmag zhi ba'i rten 'brel gyis lung zin DA ki'i rgyal mo shel dkar rdo rje mtsho'i rnam 'phrul la dkar sras mo tshe ring chos sgron phyag rgyar bzhes pa'i brtan bzhugs yum bka' bde chen rgyal mo'i sgo nas gus pas phul ba'i skal bzang byung*/_rang gter pad+ma tshe snying gi rtsa ba gsum gyi dbang khrid thams cad phul/_bkra shis 'chi med grub pa'i dga' tshal gyi steng du gser gyi rgyal mtshan 'dzugs pa'i nang gzhug thugs sgrub bar chad kun sel gyi gnas chen byin 'bebs gdugs dkar gyi rgyal mtshan 'dzugs chog rnams re skong sngags pa bkra shis dpal ldan dang gus pas kyang zhabs tog zhus/_bla ma dgongs 'dus kyi dbang chen zhib rgyas dang sde dge'i bstan srid la phan phyir khro ri zil khrom gyi lho phyogs su bkra shis lha rtse'i gzim spyil du snyan brgyud yang dag zab tig gi sgo nas bdud rtsi sman gyi sgrub pa bcas rje btsun bla ma rin po che dbu bzhugs kyi zhabs gras su gus kyang tshud pa'i skal bzang byung ba dang*/_sgrub thabs rnams chog khrigs bka' drin bstsal/_rje bla mas pad+ma tshe snying gi yang zab rig 'dzin tshe sgrub la bsnyen 'brel gnang ba gzims lam legs po byung gsungs/_bya rgod gnyer pas sbyin bdag gis zil khrom shar phyogs ma Ni gad mgor klong snying dpal chen 'dus pa'i sman sgrub sgrub chen dang 'brel ba rang dang rgyal rong nam sprul/_g.yag ze ba shul bla sprul sogs 'dus pa brgya skor lhag dang bcas pas bsgrubs/_lha ri pho brang du rang gter ge sar gyi rlung rta sogs rgyas sgrub byas/_rgyud sde bzhi 'brel gyi sgrol dbang zhus nas rje bla ma'i mdun nas btegs te/_chos rgyal sde dge dang bya rgod lhan rgyas kyis zil khrom mdun du rtsa gsum dril sgrub kyi gnas chen byin 'bebs/_gzhi bdag rten bkol bcas bsgrubs/_gter bum dang dkyil 'khor sogs sgrub pa dang rab gnas 'jam mgon sku gong 'og gi mchod chas sogs rje 'jam mgon bla mas bka' drin du bstsal/_mkhar mdo gnyer pa 'chi med mgon pos sbyin bdag gis zil khrom nub phyogs rma rong gru gu dil ltag tu rdor sems mngon dga'i sgrub chen bzang mgo'i grwa tshang nyi shu skor gyis bsgrubs/_der yang gnas chen byin 'bebs dang gzhi bdag rten bkul bsgrubs nas rang yul du phyin/_ban chen phun tshogs dar rgyas gling du gser zangs kyi gu ru'i sku mda' tshad la gzungs 'bul spyi dang*/_khyad par bla ma nor lha gtso 'khor yongs rdzogs kyi dkyil 'khor dang sgrub rdzas bcas bca' sgrub byas/_rang gnas su bla ma'i thugs sgrub bar chad kun sel dang*/_bla ma nor lha skyes mchog tshul bzang la bsten pa'i stod las bla ma zhi ba dang*/_smad las bdud gshed la bsten pa'i srung bzlog bsad mnan bcas rgyas par bsgrubs/_zur mang bdud rtsi dil du phyin nas mchog gling thugs sgrub bar chad kun sel gyi bla ma chos sku'i tshe sgrub dang*/_sa g.yang nyes sel bum gter mang du bsgrubs/_zur mang gar dbang rin po che/_gter drung rnam gnyis/_rtsi ke'i mchog gling sprul sku/_drung gong ma'i slob ma sgrub bla mkhan po sogs mang zhig la sangs gling bla ma dgongs 'dus kyi sgrub dbang chen po dang*/_'jam mgon mkhyen brtse rin po che'i bka' 'bum yongs rdzogs kyi lung*/_rol rdor rin po che'i ri khrod khra mo nang du gter drung rnam gnyis dang sgrub grwa kha shas la mchog gling rdzogs chen sde gsum gyi dbang lung phul/_rol rdor mchog sprul mdun nas gter chen rol rdor bka' 'bum gyi lung zhus/_gter byon phyag rdor gyi rgyud la 'grel pa bris te lung bklag_/rgyam rgyal pad+ma shel ri'i mdun gyi sri'u 'o mtsho'i mdun thugs sgrub tshe dmar dang*/_rgyam mtsho nag khar phyin te rtsa gsum spyi 'dus kyi tshogs btang*/_mchog gling gdan sa rtsi ke nor gling gi sgrub sde 'od gsal gling na gter sras sprul sku 'gyur med tshe dbang bstan 'phel drung du phyin/_gter sras tshe dbang grags pa'i gsung thugs sgrub bla ma longs sku ngan song dong sprugs kyi sems nyid ngal gso/_don yod zhags pa/_pad+ma gtsug tor/_rdo rje snying po'i sgos dbang zhus/_sku tshab rin po che'i mdun thugs sgrub bar chad kun sel gyi tshogs brgya btang*/_karma dgon du phyin nas thub chen/_karma pa'i gzim chung du sa ra ha'i logs bris kar rabs rim byon la gsung 'byon pa sogs rten gsum khyad par can du ma zhib mjal dang*/_kar rabs lha khang dang gsang sngags pho brang rnams su mchod 'bul zhib rgyas zhus/_sprul sku rin chen snying po dang mjal zhing mgon khang chen por rgyal dbang chos grags rgya mtsho'i thugs dam rten bde mchog yab yum gyi sku li ma khyad 'phags dus bzang la sbyor mtshams nas byang sems babs pa dang*/_mgon po dang lha mo'i sku li ma khyad 'phags mjal ba'i sku pang las shog ser hril mo chung ngu zhig rnyed pa gnyags lugs phur pa'i kha byang du 'dug_/rang yul du phyin ri khrod cig tu mtshams la bsdad nas thun gseng du gnyags phur skor bris/_rdzong sar du phyin nas 'jam mgon chos kyi spyan ldan la gzigs 'bul zhus pas dbang lung ched du gsan nas kun gzigs mkhyen brtse'i dbang po la rdo rje phur pa dbu dgu phyag bco brgyad yod pa'i zab gter gyi bka' babs shig yod pa de'i cha shas shig yin 'dra gsungs/_las byang*/_rgyun khyer/_gtor zlog_/dbang rnams chog khrigs bka' drin bstsal/_rang yul du phyin nas mtshams la bsdad/_brtsam 'phros/

Footnotes

Other Information