ཞལ་གསུངས་རྣམ་ཐར་མདོར་བསྡུས་གཞན་བསྐུལ་ངོར་གནང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-002
Wylie title zhal gsungs rnam thar mdor bsdus gzhan bskul ngor gnang ba DKR-KABUM-23-A-002.pdf
Location dil mgo mkhyen brtse bka' 'bum
Volume 23, Text 2, Pages 195-206 (Folios 1a to 6b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Zhal gsungs rnam thar mdor bsdus gzhan bskul ngor gnang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 195-206. Delhi: Shechen Publications, 1994.
Genre Biographies - Hagiography - rnam thar
[edit]
༄༅། །ཞལ་གསུངས་རྣམ་ཐར་མདོར་བསྡུས་གཞན་བསྐུལ་ངོར་གནང་བ་བཞུགས།

༄༅། །ཁོ་བོ་སྐྱེས་པའི་ཡུལ་ནི་བོད་ཆེན་པོ་ཡི་ལྗོངས་མདོ་སྨད་ཆུ་བཞི་སྒང་དྲུག་ལས་ལྷོ་ཟླ་ཟལ་མོའི་སྒང༌། གསེར་གྱི་དཔལ་དང་ལྡན་པའམ་ཆུ་བོ་གསེར་ལྡན་གྱི་འགྲམ་ཡིན་པས་ལྡན་མ། འབྲོག་གནས་མཆེད་ལྔའི་ནང་གསེས་ཇོ་བོ་སྒྱོགས་ཆེན་གདོང་རས་སྲུང་བ། འཕགས་ཡུལ་གྱི་པཎ་ཆེན་གྲུབ་པའི་དབང་པོ་ཤྲཱི་སྨྲྀ་ཏི་ཛྙཱ་ནས་ཞབས་ཀྱིས་བཅགས་ཤིང༌། ཆོས་མངོན་པ་སོགས་འཆད་ཉན་མཛད་དེ་ཐ་མའི་མཛད་པ་བསྟན་པའི་སྐུ་གདུང་རིན་པོ་ཆེ་ད་ལྟའི་བར་བཞུགས། མཐའ་འདུལ་གྱི་གཙུག་ལག་ཁང་གླང་ཐང་སྒྲོལ་མ་བཞུགས་པའི་གནས། ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ཕེབས་སྐབས་ཡར་མར་གཉིས་ཀར་ཕེབས། ངོར་ཆེན་རྡོ་རྗེ་འཆང་གི་དངོས་སློབ་མངའ་རིས་ཚུལ་ཁྲིམས་འོད་ཟེར་གྱིས་རབ་སྲམ་དགོན་པ་བཏབ། རས་རལ་དགོན་སོགས་འབྲི་གུང༌། རྗེ་རིན་པོ་ཆེའི་སློབ་མ་དགོན་ཐོག་བླ་མ་སྟོང་དཔོན་རསྨི་དྷྭ་ཛས་བཏབ་པའི་ལྡེང་དགོན་སོགས་དགེ་ལུགས། ཀརྨ་པ་ཆོས་གྲགས་རྒྱ་མཚེས་བཏབ་པའི་མེ་ལོང་དགོན་སོགས་བཀའ་བརྒྱུད་ཀྱི་དགོན་པ་རྣམས་ཡོད་ཅིང༌། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན། སངས་རྒྱས་མཉན་པ་གྲུབ་ཆེན། མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་བཅུ་ཕྲག་ལྷག་ཙམ་འཁྲུངས་པའི་གནས་སུ་ལྷ་རིགས་སྨྱོས་ཀྱི་གདུང་བརྒྱུད་དུ་གྲགས་པའི་སྦྱིན་བདག་སྡེ་དགེའི་གཉེར་ཆེན་དིལ་མགོ་ཞེས་པའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་ཐུན་མོང་ཞེས་པ་ལྕགས་ཁྱི་ལོར་ནག་ཟླའི་ཚེས་ ༡༥་ ནས་འཇམ་པའི་དབྱངས་དངོས་མི་ཕམ་རིན་པོ་ཆེས་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའིབསྡུས་རྒྱུད་ཀྱི་འགྲེལ་ཆེན་གྱི་བཤད་ཁྲིད་མཛད་པའི་དགའ་སྟོན་གྱི་ཚོགས་འཁོར་ཟླ་བ་བཞི་པའི་ཚེས་སུམ་ཅུ་ལ་མཛད་པའི་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ཉིན་སྐྱེས། མ་ཡི་འོ་མ་ཁར་མ་མིད་པའི་སྔ་ལོག་ཏུ་ལྕེ་ལ་ཧྲཱི་དྷཱིས་གདབ་པ་དང༌། འཇམ་དབྱངས་དང་དབྱངས་ཅན་རིལ་བུ་རྣམས་བསྩལ། སྐྱེས་ནས་ཟླ་བ་གཅིག་ཙམ་གྱི་ཚེ་འཇམ་དགོན་མི་ཕམ་རིན་པོ་ཆེའི་གསེར་ཞལ་མཇལ་ཞིང་རྣམ་སྨེའི་བྱབས་ཁྲུས། གླུད། ཚེ་འགུགས་བཅས་མཛད་ཅིང༌། མིང་བཀྲ་ཤིས་དཔལ་འབྱོར་དུ་བསྩལ། དེ་ནས་ཆུ་བྱི་ས་ག་ཟླ་བའི་ཚེས་ ༢༩ ལ་སྐུ་གཤེགས་ཀྱི་བར་འཇམ་དཔལ་རིལ་བུ་བདུད་རྩི་ཆོས་སྨན་མ་ཆད་པར་བསྩལ། བྱིན་རླབས་དང་བཀའ་བསྒོ་སོགས་དུས་དང་དུས་སུ་བསྩལ་ཞིང་ཁྱད་པར་སྐུ་མྱ་ངན་ལས་འདའ་ཁར་ཐུགས་དམ་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཡིས་རྡོ་རྗེ་གསུམ་གྱི་བྱིན་རླབས་བསྩལ། རང་དང་ཕ་མ་སྤུན་སྲིང་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་སྨོན་ལམ་གྱིས་རྗེས་སུ་འཛིན་པའི་ཞལ་བཞེས་བསྩལ་བའི་བཀའ་དྲིན་བསམ་ལས་འདས། དེ་ནས་རིམ་གྱིས་འབྲི་ཀློག་བསླབ་ཅིང༌། ལོ་གྲངས་བཅུའི་སྟེང་ཞུགས་ཀྱིས་ལུས་འཚིག་སྟེ་ཟླ་བ་དྲུག་ཙམ་དུ་ནད་ཀྱིས་མནར་བས་རྐྱེན་དབང་དགེ་བའི་བསྐུལ་མར་གྱུར་སྟེ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས་དགེ་ཚུལ་གྱི་སྡོམ་པ་ནོད། མིང་འགྱུར་མེད་བསླབ་གསུམ་རྒྱན་མཚན་དང༌། དབུ་མ་ལུགས་དང༌། རྒྱ་ཆེན་སྤྱོད་བརྒྱུད་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ། མིང་རྒྱལ་སྲས་ཆོས་ཀྱི་མྱུ་གུ །སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ། ཚོགས་ཆེན་འདུས་པ། དོང་སྤྲུགས། ཡང་དག་སོགས་དང༌། གཏེར་མ་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ཡོངས་རྫོགས། སྨིན་གླིང་རྡོར་སེམས། ཉང་གཏེར་བཀའ་བརྒྱད་བདེ་འདུས་དོན་དབང་པདྨ་ཤེལ་ཕུག །གུ་རུ་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི། རཏ་གླིང་ཚེ་སྒྲུབ་གསང་འདུས། སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་བཅས། འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ངག་རིན་པོ་ཆེའི་མཛོད་བཅས་དང༌། དེའི་རྗེས་འཕྲེར་ཕྲན་བུ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་ཀྱི་སྤྲུལ་པར་དབུག་དབྱུངས། མིང་འགྱུར་མེད་ཐེག་མཆོག་བསྟེན་པའི་རྒྱལ་མཚན་དུ་གནང༌། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བློ་གསལ་ལས་ཀློང་ཆེན་སྙིང་ཐིགས་རྩ་པོད་གཉིས་ཀྱི་དབང་ལུང་ཁྲིད་བཅས་ཐོབ། རང་གྲོལ་སྐོར་གསུམ་གྱི་ཁྲིད་ལུང་ཡང་ནོད། རྫ་མུ་ར་པདྨ་བདེ་ཆེན་བཟང་པོ་ལས་དཀར་གླིང་ཞི་ཁྲོའི་རྫོགས་རིམ་བར་དོ་དྲུག་ཁྲིད་ཐོབ། ཨ་འཛོམ་འབྲུག་པ་རིན་པོ་ཆེ་སྣ་ཚོགས་རང་གྲོལ་ལས་སྙིང་ཐིག་སྔོན་འགྲོའི་ཟབ་ཁྲིད་ཀྱང་ནོད། དཔལ་སྤུང་དབུ་མཛད་བསྟན་འཛིན་རྡོ་རྗེ་ལས་སུམ་རྟགས། དག་ཡིག །སྙན་ངག་ལེའུ་གསུམ། སྒྲ་ཀ་ལ་པ། དབྱངས་ཅན་སྒྲ་མདོ་བཅས་བསླབ། མཁན་གཞན་དགའ་རིན་པོ་ཆེ་ལས་སྤྱོད་འཇུག །དབུ་མ་འཇུག་པ། དབུ་མ་རྩ་ཤེས། རིག་ཚོགས་ལྔ། བཞི་བརྒྱ་པ་རྣམས་དང༌། ལྕང་མ་མཁན་ཐུབ་བསྟན་ཆོས་འཕེལ་ལས་བྱམས་ཆོས་སྡེ་ལྔ། ཁྱད་པར་སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་ཞིབ་ཁྲིད་ཟླ་བ་དྲུག་གི་བར་ཚར་གསུམ། དགེ་མང་མཁན་ཐེག་མཆོག་ལས་གསང་དག་ཞལ་ལུང༌། དགོངས་རྒྱན། རབ་འབྱམས་ཨོ་རྒྱན་ཆོས་གྲགས་ཀྱི་ཟུར་རྒྱན། རོང་ཟོམ་ལོ་ཙཱའི་དཀོན་མཆོག་འགྲེལ། མཁན་རིག་འཛིན་འོད་ཟེར་ལས་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ། གཅེན་སངས་རྒྱས་མཉན་པ་ལས་སྡོམ་གསུམ་རྣམ་ངེས་མཁན་གུ་ཎའི་མཆན་འགྲེལ། མངོན་པ་མཛོད་ལི་ཐང་ཀརྨ་ངེས་དོན་གྱི་འགྲེལ་བའི་བཤད་ལུང་བཅས་ཐོབ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལས་སྔ་འགྱུར་བཀའ་མ་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་བཅས། རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ལུང་ཁྲིད་བཅས། སྒྲུབ་ཐབས་རིན་པོ་ཆེ་ཀུན་བཏུས་ཀྱི་དབང་ལུང་ཁྲིད་བཅས། ས་སྐྱའི་ལམ་འབྲས་སློབ་བཤད་ཀྱི་དབང་ཁྲིད་ཡོངས་རྫོགས། ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཆེན། ཞྭ་ལུ་ལུགས་དང་ཇོ་ལུགས་ཀྱི་དུས་འཁོར་དབང་ཆེན་གཉིས། དགྱེས་པ་རྡོ་རྗེའི་བརྟགས་གཉིས་རྔོག་ལུགས་ཀྱི་འགྲེལ་པ་རྔོག་ཞེ་སྡང་རྡོ་རྗེའི་འགྲེལ་པ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བརྟགས་གཉིས་ཀྱི་རྒྱས་འགྲེལ་ཉི་མའི་འོད་ཟེར། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་སྤྱི་དོན་དང༌། འགྲེལ་པ། ས་ལུགས་ཀྱི་སྤྱི་ལྗོན་བརྟགས་གསུམ་གྱི་འགྲེལ་པ། སྤྱི་དོན་བཅས་ཞིབ་རྒྱས། ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་ཀུན་ཁྱབ་ཀྱི་རྩ་བའི་བཤད་ཁྲིད། སྙིང་ཐིག་ཡ་བཞི་ཆ་ཚང་བ། ཀློང་སྙིང་པོད་གཉིས་ཀྱི་དབང་ལུང་ཁྲིད། བླ་མ་དགོངས་འདུས་དབང་ཆེན་དང༌། བཀའ་བརྒྱད་བདེ་འདུས་དབང་ཆེན། གཏེར་ཆེན་མཆོག་གླིང་གི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་བཅས། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་ལྔའི་ལུང༌། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་པོའི་བཤད་ཁྲིད། དགེ་བའི་བཤེས་གཉེན་ཀརྨ་ལྷུན་གྲུབ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས་ཀྱི་ལུང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་ཡོངས་རྫོགས་ཀྱི་ལུང༌། འཇའ་ཚོན་པོད་དྲུག་གི་ལུང༌། གནམ་ཆོས་པོད་ ༡༣ སྤྱི་ལུགས་སྟག་ཤམ་གཏེར་བྱོན་གུ་རུ་རིན་པོ་ཆེ་དང༌། མཚོ་རྒྱལ་རྣམ་ཐར་གྱི་ལུང༌། ཟུར་མང་གཏེར་སྟོན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་ལྔ་པ་ལས་གཏེར་ཆེན་རོལ་རྡོར་གྱི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང༌། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་ཆེན་ཐམས་ཅད། ཟུར་མང་རྟོགས་ལྡན་ཚེ་བརྟན་ལས་ཇོ་ནང་རྗེ་བཙུན་གྱི་བཀའ་འབུམ་ཡོངས་རྫོགས། བླ་བྲོ་ནོར་བུ་སྤྲུལ་སྐུ་ལས་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཡོངས་རྫོགས། བན་ཆེན་མཁན་པོ་བཟོད་པ་རབ་བརྟན་ལས་དཔལ་སྤྲུལ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་དང༌། དགེ་མང་མཁན་ཡོན་ཏན་རྒྱ་མཚོས་མཛད་པའི་ཡོན་ཏན་མཛོད་ཀྱི་འགྲེལ་ཆེན་པོད་གཉིས་སོགས་དང༌། རྒྱལ་དབང་ཀརྨ་པའི་སྤྱན་སྔ་ནས་བཀའ་བརྒྱུད་སྔགས་མཛོད་པོད་གསུམ་དང༌། གདམས་ངག་མཛོད་ཀྱི་དབང་ལུང་བཅས་དང༌། ཞེ་ཆེན་མཁན་པོ་བསྟན་འཛིན་དར་རྒྱས་ལས་ཀུན་མཁྱེན་འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུ །ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་བཀའ་འབུམ་པོད་བཅུ་གསུམ། སྨིན་གླིང་ལོ་ཆེན་རིན་པོ་ཆེའི་སྡོམ་གསུམ་རྣམ་ངེས་འགྲེལ་པ་དཔག་བསམ་སྙེ་མའི་བཤད་ཁྲིད། ཞེ་ཆེན་འཇམ་དབྱངས་བློ་གསལ་ལས་རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་པོད་བཅུ་གསུམ་གྱི་ལུང༌། དྲུང་རྣམ་རྒྱལ་རིན་པོ་ཆེ་ལས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་ཁྲིད་ལུང་བཅས། དྭགས་པོའི་ཐར་རྒྱན་གྱི་ཁྲིད་ལུང༌། རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་ལས་འཇིགས་མེད་བསྟན་པའི་ཉི་མའི་བཀའ་འབུམ་ལུང་ཡོངས་རྫོགས། ཞར་མགོ་འཇམ་དབྱངས་གྲགས་པ་ལས་ཀློང་ཆེན་མཛོད་བདུན། ངལ་བསོ་སྐོར་གསུམ་གྱི་ལུང༌། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལས་དགོངས་གཏེར་ཕུར་པའི་དབང་ལུང་སོགས་གཏེར་གསར་དུ་མ་དང༌། མདོ་སྨད་པིས་མདོ་མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན་ལས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་ཆེན་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང༌། དྲིལ་བུ་ལུགས་ཀྱི་བདེ་མཆོག་དབང་ཆེན། རྗེ་རིན་པོ་ཆེའི་འགྲེལ་པ་སྦས་དོན་ཀུན་གསལ་གྱི་ཁྲིད་ལུང་གིས་མཚོན་རིས་མེད་པའི་སྐྱེས་ཆེན་དམ་པ་བདུན་བཅུ་ལྷག་ལས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་བཀའ་དྲིན་ཐོབ། འབྲུག་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེ་ལས་རྡོ་རྗེ་གླིང་པའི་ཆོས་སྐོར་གྱི་དབང་ལུང་ཐོབ་པས། རང་ལོ་བཅོ་བརྒྱད་སྐོར་ནས་དབེན་པའི་གནས་སུ་སྒྲུབ་པ་ལོ་གྲངས་བཅུ་གཉིས་ལས་མི་ཉུང་བར་བྱས་ཏེ་བཀའ་དགོངས་ཕུར་གསུམ། སྨིན་གླིང་གཏེར་ཆོས་ཕལ་ཆེར། ཀློང་ཆེན་སྙིང་ཐིག་རྩ་གསུམ་སྤྱི་བྱེ་བྲག །མཁྱེན་བརྩེ་རིན་པོ་ཆེ་དང༌། མཆོག་གླིང་ཆོས་སྐོར་གནད་གལ་གང་ཟབ། མི་ཕམ་རིན་པོ་ཆེའི་འཇམ་དཔལ་ཞི་དྲག་སོགས་ཀྱི་བསྒོམ་བཟླས་ལ་ཅི་ནུས་སུ་འབད་པ་དང༌། གཤིན་གསོན་གྱི་དཀོར་རྫས་ཆུད་མི་གསོན་པའི་ཆེད། སྨིན་གཏེར་རྡོར་སེམས། རྡོར་སེམས་མངོན་དགའ། གཏེར་ཆེན་མཆོག་གླིང་གི་སྔགས་གསོ། བཀའ་བརྒྱད་བདེ་འདུས། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། ཟབ་བདུན་ཕུར་པ། ཀློང་ཆེན་སྙིང་ཐིག་གི་དཔལ་ཆེན་འདུས་པ་སོགས་ཀྱི་སྒྲུབ་ཆེན་ལན་དུ་མ་ཚོགས་པ་དང༌། མཆོད་མེ་འབུམ་ཕྲག་ཁ་ཤས་སོགས་བསག་སྦྱོང་ཅི་རིགས་དང༌། རིན་ཆེན་གཏེར་མཛོད་ལན་གསུམ། གདམས་ངག་རིན་པོ་ཆེའི་མཛོད་ལན་གསུམ། བཀའ་བརྒྱུད་སྔགས་མཛོད་ལན་གཅིག །རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལན་གཅིག །ཀོང་སྤྲུལ་རིན་པོ་ཆེའི་བཀའ་འབུམ་དང་མི་ཕམ་རིན་པོ་ཆེའི་བཀའ་འབུམ་གཉིས་ལན་གཉིས་རེ། དཔལ་སྤྲུལ་བཀའ་འབུམ་ལན་གཅིག །སྙིང་ཐིག་ཡ་བཞི་དང༌། ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་ལན་གྲངས་བཅུ་ལྷག་ཙམ། སྒྲུབ་ཐབས་ཀུན་བཏུས་ཚར་གཅིག་སོགས་འཆད་ཁུལ་བགྱིས་པ་སྟེ་ད་ལྟ་རང་ལོ་དྲུག་བཅུ་རྩ་བཞི་མ་སླེབ་བར་གྱི་ལེགས་བྱས་ཀྱི་ཕྱོགས་རགས་རིམ་བྲིས་ཏེ་ཕུལ་བ་ལགས།

Footnotes

Other Information