DKR-KABUM-11-DA-006

From Khyentse Lineage - A Tsadra Foundation Project
Revision as of 12:10, 1 December 2022 by Mort (talk | contribs)

DKR-KABUM-11-DA-006

དབང་དྲག་པདྨའི་བཀའ་སྡོད་རྫིང་བཙན་རྡོ་རྗེ་དགྲ་འདུལ་གྱི་མངའ་གསོལ་ལྷ་དབང་གཡུལ་ལས་རྒྱལ་བའི་དབྱངས་སྙན།
Wylie title dbang drag pad+ma'i bka' sdod rdzing btsan rdo rje dgra 'dul gyi mnga' gsol lha dbang g.yul las rgyal ba'i dbyangs snyan DKR-KABUM-11-DA-006.pdf
Location dil mgo mkhyen brtse bka' 'bum
Volume 11, Text 6, Pages 30-34 (Folios 1a to 5a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dbang drag pad+ma'i bka' sdod rdzing btsan rdo rje dgra 'dul gyi mnga' gsol lha dbang g.yul las rgyal ba'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 30-34. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity btsan
Colophon

།ཅེས་པའང་དམ་པའི་ཡོན་ཏན་བདུད་རྩིས་ཕྱུག་ཅིང་ཐུགས་རྩེའི་གཡར་དམ་མི་ལྷོད་པའི་ཨ་གྲོ་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ལམ། མཐུ་སྟོབས་རྣམ་རྒྱལ་གྱིས་རིན་པོ་ཆེའི་རྟེན་བཅས་རིང་ནས་གསུང་གིས་བསྐུལ་བ་རྗེས་སུ་དྲན་པས་ནུབ་ཕྱོགས་པ་རི་སི་གྲོང་ཁྱེར་དུ་ལྷོད་པར་གནས་པའི་འཁྱམས་པོ་མི་རྒན་མངྒ་ལའི་མིང་གིས་བྲིས་ཤིང་སྨོན་པས་མཆོག་སྤྲུལ་རྒྱལ་བའི་མྱུ་གུའི་བསྟན་འགྲོའི་དཔལ་ཡོན་སྤེལ་བའི་ཕྲིན་ལས་ཀྱིས་གསོས་སྨན་དུ་གྱུར་ཅིག །སུ་ཤྲཱི་ཡེ་བྷ་ཝནྟུ། དགེའོ།། །།

/ces pa'ang dam pa'i yon tan bdud rtsis phyug cing thugs rtse'i g.yar dam mi lhod pa'i a gro mchog sprul karma sgrub brgyud nges don bstan 'phel lam/_mthu stobs rnam rgyal gyis rin po che'i rten bcas ring nas gsung gis bskul ba rjes su dran pas nub phyogs pa ri si grong khyer du lhod par gnas pa'i 'khyams po mi rgan mang+ga la'i ming gis bris shing smon pas mchog sprul rgyal ba'i myu gu'i bstan 'gro'i dpal yon spel ba'i phrin las kyis gsos sman du gyur cig__/su shrI ye b+ha wan+tu/_dge'o//_//

[edit]
༄༅། །དབང་དྲག་པདྨའི་བཀའ་སྡོད་རྫིང་བཙན་རྡོ་རྗེ་དགྲ་འདུལ་གྱི་མངའ་གསོལ་ལྷ་དབང་གཡུལ་ལས་རྒྱལ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།

༄༅། །མང་མང་རྒྱལ་ཀུན་མཁྱེན་བརྩེའི་མཁའ་དབྱིངས་སུ། །མྱུར་མྱུར་ཕྲིན་ལས་གློག་ཕྲེང་གཡོས་བ་ལས། །སྙན་སྙན་ཕན་བདེའི་སྙེ་མའི་གཉེན་གྱི་ཆར། །ཡང་ཡང་འབེབས་པས་བརྗོད་དོན་ལྕི་བར་མཛོད། །ཀ་དག་བྱ་རྩོལ་བྲལ་བའི་ཆོས་ཀྱི་དབྱིངས། །འཕོ་འགྱུར་མཚན་རྟོག་འདུ་བྱེད་མ་མཆིས་ཀྱང༌། །ཀུན་ཁྱབ་ཐུགས་རྗེའི་འཆར་ཀའི་ཉིན་བྱེད་ཀྱིས། །མཁའ་ཁྱབ་འགྲོ་འདུལ་ཕྲིན་ལས་རྒྱུན་མི་ཆད། །ཐབས་མཁས་ཆར་ལྡན་སྤྲིན་གྱི་ཕྲེང་བ་ལས། །ཕན་བདེའི་བདུད་རྩིའི་སིམ་ཆར་མི་ཟད་པས། །རྗེས་འཛིན་གདུལ་དཀའི་འགྲོ་སྒྲོལ་བྱེད་ལས་ཅན། །ཚར་གཅོད་གནམ་ལྕགས་མདའ་རྣོན་འབིགས་པའི་ཡུལ། །རང་རྒྱུད་དུག་ལྔའི་ཁོལ་པོར་འཕྱན་ཆེས་པས། །དཀར་མིན་ལས་ཀྱི་རླུང་དམར་བར་མེད་དུ། །ལྡང་བས་གསོད་གཅོད་མི་སྲུན་སྲིན་པོ་ལྟར། །ལག་ན་མཚོན་རྣོན་ཐོགས་པས་རི་སྐྱེས་བཅོམ། །ཉམས་ཆུང་སྲོག་གི་འཇིགས་པས་མ་བཟོད་པར། །གཏིང་ཟབ་ཆུ་སྐྱེས་དབུས་ཀྱི་རྭ་བཅུའི་རོ། །ཤ་ཟན་རྔམས་པས་སྐམ་སར་བཏོན་འདོད་ཀྱི། །ཁྲོ་ཆགས་རྔམ་ཀྱང་སྟོབས་ཀྱིས་མ་ལྕོགས་བཞིན། །ལིང་པ་མིང་སྲིང་ཕྱི་མའི་ལྟད་མོར་ཆས། །བག་ཆགས་རླུང་དམར་གཞན་དབང་རྣམ་ཤེས་དེ། །ཡིད་ལུས་འཁྲུལ་པའི་ཟུག་རྔུས་གདུང་བཞིན་མུན། །རྟག་འཕྱན་གཞན་གནོད་མཚོན་ཆ་ཐོགས་བཞིན་དུ། །འཇིག་རྟེན་ཀུན་ན་རྒྱུ་བའི་བཙན་རྒོད་དེ། །ཐུགས་རྗེ་མྱུར་མགྱོགས་ལྕགས་ཀྱུས་གཟུང་ཡུལ་གྱུར། །གདུལ་བྱའི་རྒྱུད་ཀྱི་གཉེན་པོའི་ཕྲིན་ལས་ཀྱང༌། །དབང་དྲག་བསྐལ་མེ་འབར་བས་སྤ་བཀོང་ནས། །མཐར་ཐུག་ཞི་བསིལ་བདུད་རྩིའི་སིམ་སྟེར་ཕྱིར། །ལས་སྐལ་མཐུན་པས་བཀའ་ཡི་སྲུང་མར་བཀོལ། །སྔོན་གོམས་ལས་མཐའ་ལོག་པའི་ཞུགས་ཕུང་ཀྱང༌། །རྒྱལ་སྲས་སྤྱོད་པའི་འབབ་སྟེགས་ལ་བསྒྱུར་ནས། །ས་བཅུའི་དབང་ཕྱུག་རྒྱལ་བ་རྨོག་ལྕོག་ནས། །བསྟན་མཆོག་རྒྱལ་ཐབས་མེལ་ཚེས་སྐྱོང་བར་གདམས། །རྟེན་འབྱུང་སྒྱུ་མ་སྟོང་ཉིད་དབྱིངས་བཤིག་ཚེ། །འཁྲུལ་བས་སྒྲོ་བཏགས་མིང་ཡང་མེད་པས་ན། །དབང་ཆེན་པདྨའི་ཕྲིན་ལས་དགའ་ཚལ་དུ། །འཇུག་པའི་ལེགས་བྱས་ཤིང་རྟར་ངལ་མེད་འཛེགས། །ཆོས་ཀུན་དག་ཅིང་མཉམ་ཉིད་ར་བ་ལས། །མ་འདས་ཕྱིར་ན་ཞི་མཛད་ཐུགས་རྗེའི་གཏེར། །དབང་ཆེན་རྟ་མཆོག་རོལ་བའི་བཀའ་ཡི་འབངས། །བཙན་རྒྱལ་ཡམ་ཤུད་སྲོག་གི་ཤན་པར་གྲགས། །འཁོར་ལོའི་དབང་ཕྱུག་གར་དབང་བཞད་པ་ཡི། །ཕྲིན་ལས་ཉམས་དགའི་ཚལ་ན་རྩེན་གྱུར་པས། །དོན་གཉིས་བདེ་དགའི་གླིང་བུ་བསྒྱུར་བཞིན་དུ། །རྒྱལ་སྲས་སྤྱོད་པས་བྲེལ་ཁྱོད་མངའ་གསོལ་ལོ། །གསང་བ་རྨད་བྱུང་པདྨ་རྒྱལ་པོའི་བཀའ། །གསང་དོན་རྒྱུད་ལུང་མན་ངག་མཐའ་ཀླས་པའི། །དཔལ་ལ་དད་པས་སྤྱོད་པའི་རྣལ་འབྱོར་གྱིས། །རྒྱབ་དཔུང་སྲུང་མར་སྦྲན་ཕྱིར་མངའ་གསོལ་ལོ། །ས་བཅུའི་དབང་ཕྱུག་རིན་ཆེན་དོ་ཤལ་གྱིས། །ས་གསུམ་སྐྱེ་དགུའི་སྐལ་བཟང་མགུལ་རྒྱན་དུ། །ས་ཆེན་འཕགས་པས་བསྟར་བའི་སྒྲུབ་བརྒྱུད་སྲོལ། །དཔལ་ལྡན་ཤངས་པའི་བཀའ་སྲུང་མངའ་གསོལ་ལོ། །ངོ་བོ་གཞན་ཕན་ཕྲིན་ལས་ལྟེ་བ་ཟླུམ། །རྣམ་པ་བྱང་སེམས་ཕྲིན་ལས་རྩིབས་སྟོང་གིས། །འགྲོ་རྒྱུད་གླིང་བཞིར་ཐར་བའི་རྒྱལ་ཁབ་ཏུ། །འདྲེན་པའི་ཁ་ལོ་པ་རུ་མངའ་གསོལ་ལོ། །ཚངས་ཆེན་ཞིང་གི་དཔལ་གྱི་རིན་ཐང་ཡང༌། །ཆུང་ངུར་བགྱི་བའི་རྒྱལ་བསྟན་ཤངས་པ་ཆེའི། །བཤད་སྒྲུབ་ལས་ཀྱི་འདོད་དགུའི་ཆར་རྒྱུན་གྱིས། །དབུགས་འབྱིན་ནོར་བུའི་རྒྱལ་པོར་མངའ་གསོལ་ལོ། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ལས་བྱུང་ཞིང༌། །ཉམས་རྟོགས་དྲོད་རྟགས་རླབས་ཕྲེང་ཆིལ་ཆིལ་གཡོ། །གྲུབ་མཆོག་ལག་ལྡན་བསྒྱིངས་བས་བསྙེན་པའི་ཚལ། །རྒྱས་མཛད་དབྱར་གྱི་ཕོ་ཉར་མངའ་གསོལ་ལོ། །འགྲོ་རྒྱུད་འཕགས་ལམ་ལུས་སྟོབས་ཆེར་རྒྱས་ཕྱིར། །སྙིང་རྗེའི་ནུ་ཞོ་གསར་པ་ཟབ་གསང་བཅུད། །བདུད་རྩིའི་དགའ་སྟོན་སྦྱིན་ལ་མི་ངལ་བའི། །ཕྲིན་ལས་མ་མ་སྡུག་གུར་མངའ་གསོལ་ལོ། །རྣམ་དཀར་སྣང་བ་ཕྲ་ཞིང་ལས་ཉོན་གྱི། །དཔུང་ལ་རྒོལ་བའི་དཔུང་པར་ཆེས་དཔའ་བའི། །དམ་ཆོས་མཚོན་དང་སྒྱུ་རྩལ་ངོམས་པ་ལ། །སྟོབས་ལྡན་དམག་དཔོན་རིན་ཆེན་མངའ་གསོལ་ལོ། །ལུང་སྟོང་དབེན་པར་དཀའ་ཐུབ་དབྱར་སྐྱེས་ཚལ། །རྒྱུ་བས་སྒྲུབ་པའི་སྲོག་འཛིན་སྤོང་བ་པར། །ངོ་མཚར་ཡོན་ཏན་འདོད་དགུ་འཛད་མེད་ཀྱི། །སྐྱེས་སྟེར་ཁྱིམ་བདག་མཛངས་པར་མངའ་གསོལ་ལོ། །དབང་བཞིའི་གླིང་ཉུལ་བསྐྱེད་རྫོགས་རྐང་པ་བཞིས། །རྡོ་རྗེའི་ལམ་གྱི་ཁྱོན་ཀུན་ངལ་མེད་པར། །ཉུལ་ནས་ཟུང་འཇུག་རྒྱལ་ཐབས་ལ་སྦྱོར་བའི། །དཔུང་གྲོགས་རྟ་མཆོག་རྩལ་ལྡན་མངའ་གསོལ་ལོ། །ཟག་མེད་ཡོན་ཏན་འབྱོར་པས་ཕྱུག་པའི་ཁབ། །ནམ་ཡང་རྒུད་བྲལ་རྒྱལ་ཀུན་དབྱིངས་ཆེན་པོར། །ངལ་མེད་སྦྱོར་བའི་མྱུར་ལམ་ཕོ་ཉ་མོ། །གྲོགས་སུ་སྦྱིན་པའི་མེས་པོར་མངའ་གསོལ་ལོ། །ཆོས་དབྱིངས་རང་བྱུང་ཁྱབ་བརྡལ་ཡངས་པའི་མཁར། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཕུལ། །དབང་ཆེན་གསུང་གི་རྡོ་རྗེ་པདྨའི་གདུང༌། །མེལ་ཚེས་སྐྱོང་བའི་ཁྱིམ་བདག་མངའ་གསོལ་ལོ། །མཐར་ཐུག་ཞི་བ་ཆོས་སྐུའི་དབྱིངས་མནལ་ཡང༌། །རྣམ་འགྱུར་དབང་དང་དྲག་ཤུལ་རོལ་བའི་གར། །སྡིག་ཅན་སྙིང་ལ་བཟོད་དཀའི་རྩེ་དགའ་ཅན། །དབང་པོའི་མཚོན་ལས་རྣོ་ཁྱོད་མངའ་གསོལ་ལོ། །དགྱེས་འཛུམ་ཟླ་བའི་བདུད་རྩིའི་རེག་པ་ལས། །མི་མཐུན་ཉེས་བརྒྱའི་རྙོགས་མ་དཔྱིས་འབྱིན་ཏེ། །དགེ་ལེགས་ཀུ་མུད་ན་ཚོད་དར་བབ་པས། །ཕན་བདེའི་བསུང་ཞིམ་མངར་ཕྱིར་མངའ་གསོལ་ལོ། །ཚེ་བསོད་དཔལ་ཡོན་ཡོངས་འདུས་ལྷ་ཡི་ཤིང༌། །འདོད་དགུའི་མེ་འབྲས་རྒྱས་པའི་གྲིབ་བསིལ་གྱིས། །རྒུད་པའི་གདུང་སེལ་ཕན་བདེའི་དགའ་སྟོན་ཟས། །ནམ་ཡང་ཟད་མེད་འཕེལ་ཕྱིར་མངའ་གསོལ་ལོ། །ཆེ་རྒུའི་ཡིད་ཀྱི་བྷྲཿམ་རའི་འཕུར་ལྡིང༌། །དབང་བྱེད་པདྨའི་ཟིལ་མངར་ལ་ཆགས་པས། །མཆོག་བཟང་བདུད་རྩིའི་སིམ་དང་མཐུན་པའི་རྐྱེན། །རྟག་སྤེལ་ཡིད་ཀྱི་ཆོམས་རྐུན་མངའ་གསོལ་ལོ། །སྡེ་སྣོད་གསུམ་གྱི་རི་གླིང་བཀོད་པ་བཀྲ། །བསླབ་པ་གསུམ་གྱི་རིན་ཆེན་ལྷུན་པོ་བརྗིད། །འཁོར་ལོ་གསུམ་གྱི་ཟླ་ཉི་རྒྱུ་སྐར་ཕྲེང༌། །མི་ཉམས་ཕྱོགས་མཐར་སྤེལ་མཁས་མངའ་གསོལ་ལོ། །སྡུག་བསྔལ་གསུམ་གྱི་ཟུག་རྔུས་མནར་བའི་འགྲོ། །ཐེག་མཆོག་གསུམ་གྱི་སྨན་གྱིས་དབུགས་ཕྱུང་སྟེ། །སྐྱེས་བུ་གསུམ་གྱི་ལམ་ལྔའི་ལང་ཚོ་ཡིས། །སྒོ་གསུམ་དབུགས་འབྱིན་གྲོགས་སུ་མངའ་གསོལ་ལོ། །སྐྱེམས་ཕུད་བཟའ་བཅའ་གཏོར་མ་ལྷུན་པོར་སྤུངས། །མཐུན་རྫས་སྤྱན་གཟིགས་ལྷ་དབང་འདུན་ས་ལྟར། །དངོས་དང་ཏིང་འཛིན་ཆོ་འཕྲུལ་མཐའ་ཡས་བཅས། །མྱུར་མགྱོགས་ཕྲིན་ལས་སྤེལ་ཕྱིར་མངའ་གསོལ་ལོ། །གཞན་དོན་ཤིང་རྟར་འཛེགས་པའི་རྒྱལ་བའི་སྲས། །ལྷག་བསམ་ཡིད་ཀྱི་འཇུག་པ་རྒྱ་ཆེ་ཡང༌། །ནུས་སྟོབས་ལག་ལེན་ཕྲ་བའི་རྣལ་འབྱོར་ཟོལ། །སྟོབས་ནུས་དཔུང་གྲོགས་མཛད་ཕྱིར་མངའ་གསོལ་ལོ། །མཁས་བཙུན་བཟང་པོའི་མཚར་སྡུག་ན་ཚོད་བཀྲ། །འཆད་རྩོད་རྩོམ་པའི་མགྲིན་མིག་མཁའ་ལ་བཏེགས། །དོན་གཉིས་ཟློས་གར་ཐུབ་བསྟན་ཚལ་རྒྱུ་བའི། །ངོ་མཚར་དབྱར་རྔས་བསྐུལ་ཕྱིར་མངའ་གསོལ་ལོ། །སྙིགས་མའི་མུན་སེལ་དམ་ཆོས་གློག་ཞགས་ཀྱིས། །འགྲོ་ཀུན་ཡིད་ཀྱི་དགའ་སྟོན་སྦྱིན་པའི་ཕྱིར། །རྩེ་གཅིག་དད་མོས་གདུང་བས་ཁྱེད་བསྐུལ་ན། །མ་གཡེལ་ཐུགས་རྗེས་སྐྱོང་ཕྱིར་མངའ་གསོལ་ན། །སྔོན་བྱོན་གོང་མའི་རྡོ་རྗེའི་བཀའ་ལུང་ཚིག །མ་བསྙེལ་ཡིད་ཆེས་དགའ་བས་དབུགས་དབྱུང་ལ། །བསྟན་སྲུང་མཚན་སྙན་དོན་གྱིས་ལྕི་བ་ཡི། །དགེ་མཚན་ཕྱོགས་མཐར་ཁྱབ་པའི་དཔལ་སྩོལ་ཅིག །ཅེས་པའང་དམ་པའི་ཡོན་ཏན་བདུད་རྩིས་ཕྱུག་ཅིང་ཐུགས་རྩེའི་གཡར་དམ་མི་ལྷོད་པའི་ཨ་གྲོ་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ལམ། མཐུ་སྟོབས་རྣམ་རྒྱལ་གྱིས་རིན་པོ་ཆེའི་རྟེན་བཅས་རིང་ནས་གསུང་གིས་བསྐུལ་བ་རྗེས་སུ་དྲན་པས་ནུབ་ཕྱོགས་པ་རི་སི་གྲོང་ཁྱེར་དུ་ལྷོད་པར་གནས་པའི་འཁྱམས་པོ་མི་རྒན་མངྒ་ལའི་མིང་གིས་བྲིས་ཤིང་སྨོན་པས་མཆོག་སྤྲུལ་རྒྱལ་བའི་མྱུ་གུའི་བསྟན་འགྲོའི་དཔལ་ཡོན་སྤེལ་བའི་ཕྲིན་ལས་ཀྱིས་གསོས་སྨན་དུ་གྱུར་ཅིག །སུ་ཤྲཱི་ཡེ་བྷ་ཝནྟུ། དགེའོ།། །།

Footnotes

Other Information